Nitartha Digital Library
Tibetan
 
previousཤོག་ལྷེབ་ ༦༠༡ ནས་ ༧༢༧ བར།no next

ཤོག་ལྷེབ་ ༦༠༡ ནས་ ༧༢༧ བར།


JLAZ003_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

འཆད། །ཅེས་རྐང་པ་གཉིས་གཉིས་ཀྱིས་སྦོམ་པོའི་ལྟུང་བ་རེ་རེ་སྟོན་པ་ནི་གཞུང་འདི་ཉིད་ཀྱིས་བཀྲལ་ནས་བཤད་པས་གོ་སླ་ལ། ཚད་མ་རྒྱན་ལས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་པས་དེ་གཞུང་གང་གིས་སྟོན་ན། བླ་མའི་ཞབས་ཀྱི་པདྨོ་ལ། །ཀུན་ནས་དད་པའི་ཕྱག་བཙལ་ཏེ། །སྦོམ་པོ་ལྟུང་བ་རྣམ་པ་བརྒྱད། །རྒྱུད་ལས་གསུངས་པ་བྲི་བར་བྱ། །ཤེས་རབ་སྟོབས་ཀྱིས་ལེན་པ་དང༌། །དེ་ཡི་བདུད་རྩི་སྟོབས་ཀྱིས་ལེན། །སྣོད་མིན་ལ་ནི་མི་གསང་དང༌། །ཚོགས་ཀྱི་ནང་དུ་རྩོད་པ་དང༌། །དད་ལྡན་ལ་གཞན་ཆོས་སྟོན་དང༌། །ཉན་ཐོས་ནང་དུ་ཞག་བདུན་གནས། །རྫུན་གྱིས་རྣལ་འབྱོར་ང་རྒྱལ་བྱེད། །དད་པ་མེད་ལ་ཆོས་སྟོན་པ། །འདི་རྣམས་སྦོམ་པོའི་ལྟུང་བར་བཤད། །རྩ་ལྟུང་སྦོམ་པའི་རིམ་པ་དག །ཆོ་ག་ཡིས་ནི་ཤེས་བྱ་ཞིང༌། །ཉེས་པར་གྱུར་ན་བཤགས་པར་བྱ། །རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་པ་སྟེ། དེ་བས་ན། ཀླུ་སྒྲུབ་ཀྱིས་བསྡུས་དེ་བཞིན་དཔའ་བོ་


JLAZ003_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ལཀྵྨི་ཀཱ་རས་དེ་ལས་དོན་གཞན་པ། །བསྙེན་པ་དག་པར་མ་བྱས་དབང་བསྐུར་དང༌། །རབ་གནས་སྦྱིན་སྲེག་སློབ་མ་བསྡུ་བར་རིངས། །ཚོགས་འཁོར་ལས་གཞན་ཕྱི་དྲོའི་ཁ་ཟས་སོགས། །སོ་བྱང་བཅས་པ་དགོས་མེད་འདའ་བ་ཡིས། །བདག་ཉིད་སུན་འབྱིན་དངོས་གྲུབ་འཕྲོག་པའི་རྒྱུར། །གསུངས་པའི་སྦོམ་པོ་རྣམས་ལའང་བརྟག་པར་བྱ། །དེ་ལ་སྤྱིར་སྦོམ་པོའི་ལྟུང་བ་དེ་ཙམ་གྱིས་ཟད་པ་མ་ཡིན་ཀྱང་སྦོམ་པོའི་སྡེ་ཚན་དུ་གཏོགས་པའི་ཁ་ན་མ་ཐོ་བའི་སྒོ་ཆེ་བ་རྣམ་པ་བརྒྱད་བསྟན་པ་དང་མཐུན་པར་དཔའ་བོའི་ཞབས་ཀྱིས་ཀྱང༌། རྣལ་འབྱོར་གང་ཞིག་རིག་མ་ནི། །དམ་ཚིག་མེད་ལའང་སྟོབས་ཀྱིས་སྤྱོད། །དེ་ལ་འཕྱ་བར་བྱེད་པ་ཡང༌། །དེ་ཡི་ལྟུང་བ་དང་པོར་གསུངས། །རྒྱུད་ལས་མ་གསུངས་རིམ་ཉིད་ཀྱིས། །གང་ཞིག་བདུད་རྩི་བསྟེན་པ་ཡང༌། །ཞེས་པ་ལ་སོགས་ཆ་མཐུན་པ་དང༌། དེ་བཞིན་རྡོ་རྗེ་སྙིང་པོའི་རྒྱན་ལས། དམ་ཚིག་མི་ལྡན་རིག་མར་བསྟེན། །ཚོགས་ཀྱི་འཁོལ་ལོར་རྩོད་པ་བྱེད། །གསང་བའི་ཆོས་ནི་སྟོན་པ་དང༌། །དད་ལྡན་རྣམས་ལ་གཞན་དུ་སྟོན། །ཉན་ཐོས་ནང་དུ་ཡུན་རིང་གནས། །སྣོད་མི་རུང་ལ་གསང་བ་བསྟན། །ཁ་ན་མ་ཐོ་སྦོམ་


JLAZ003_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏེ། །སྔགས་པ་དེ་ཡི་དམ་སྡོམ་ཟད། །ཟད་པས་འགྲུབ་པར་ཡོངས་མི་འགྱུར། །ཞེས་བསྡུ་བའི་སྒཽ་ནས་སྦོམ་པོ་དྲུག་ཏུ་བཞག་པ་དང༌། ཡང་དེ་དང་དོན་མཐུན་པའི་སྟེང་དུ། བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང༌། །སྡོམ་པ་གཉིས་ཀྱི་བཅས་པ་ལ། །དགོས་པ་མེད་པར་འདའ་བ་དང༌། །ཞེས་གཉིས་པོ་བསྣན་ནས་སྦོམ་པོ་བརྒྱད་དུ་བཤད་ལ། དེའང་གྲངས་དུས་མཚན་མའི་བསྙེན་པ་གང་རུང་ལ་བརྟེན་ནས་ལྷའི་རྣལ་འབྱོར་དག་པར་མ་བྱས་པར་དབང་བསྐུར་དང་རབ་གནས་སྦྱིན་སྲེག་ལ་སོགས་དཀྱིལ་འཁོར་གྱི་བྱ་བ་ལ་ཞུགས་ནས་སློབ་མ་བསྡུ་བ་དང༌། སོ་བྱང་གི་སྡོམ་པ་གཉིས་དང་ལྡན་པ་ཡིན་ན་དབང་བསྐུར་ཙམ་པོ་བ་ཐོབ་པ་ཉིད་ནས་སྔགས་ཀྱི་བརྟུལ་ཞུགས་སྒྲ་ཇི་བཞིན་པར་འཇུག་ཅིང༌། དེའང་བཟའ་བཏུང་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ནས་ལྷའི་རྣལ་འབྱོར་དང་ལྡན་པས་བཟའ་བའི་དམ་ཚིག་ལ་སྤྱོད་པའི་ཚོགས་འཁོར་ལ་དང་བ་སྟོན་པ་ཙམ་མ་ཡིན་པར་བསླབ་པ་འོག་མ་གཉིས་ཀྱི་ལྟུང་བྱེད་བསྐྱེད་པའི་གནས་སྐབས་ལ་ཅང་མི་སེམས་པས་བཅས་པའི་མཚམས་ལས་


JLAZ003_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་མེད་དུ་འདའ་བར་བྱེད་པ་རྣམས་ནི། བདག་ཉིད་ཀྱི་བསླབ་པ་སུན་འབྱིན་ཞིང༌། སྔགས་ལ་མོས་པས་སྤྱད་ནས་ཡོན་ཏན་གོང་འཕེལ་དུ་སོང་བ་ལས་དངོས་གྲུབ་ཐོབ་པའི་ཆ་ལ་སྒྲིབ་པ་ཡིན་པས་ལཀྵྨི་ཀཱ་རས་དམ་ཚིག་ཀུན་ལས་བཏུས་པའི་འགྲེལ་པར་བསྟན་པ་དག་ལའང་བརྟག་པར་བྱ་ཞིང་སྤྱོད་པ་དུས་ཚོད་དང་འབྲེལ་བ་ཁོ་ན་གཙོ་བོར་གཟུང་བར་བྱའོ། །དེ་ལྟར་སློབ་དཔོན་དཔའ་བོའི་ལུགས་ཀྱི་རྩ་ལྟུང་བཅུ་བཞི་པ་རྗེས་འབྲང་དང་བཅས་པ་ནི་བླ་མེད་སྤྱི་ལ་ཁྱབ་ཆེ་ཞིང་ཡོངས་སུ་གྲགས་པ་གཙོ་བོར་སྨོས་ནས་གཞན་ཡང་གྲངས་ངེས་དེ་ལྟ་བུའི་མཐའ་མི་འགོག་པའི་ཚུལ། འདི་ལྟར་རྣལ་འབྱོར་བླ་མེད་ཐུན་མོང་གི ། རྩ་ལྟུང་བཅུ་བཞིར་བྷ་ཝི་ལྷས་བསྡུས་པ། །ཀུན་ལ་ཁྱབ་ཅིང་ཡོངས་སུ་གྲགས་པ་སྟེ། །གཞན་དུ་རྒྱུད་སྡེ་བཞི་པོའི་རང་ལུགས་ཀྱི། །བཅུ་བཞིའི་གྲངས་ངེས་དུས་ཀྱི་འཁོར་ལོ་དང༌། །སྤྱི་རྒྱུད་མངོན་བྱང་སོགས་ལས་གསལ་པོར་གསུངས། །དེ་ལ་དུས་ཀྱི་འཁོར་ལོའི་ལུགས་ཀྱི་བཅུ་བཞི་ནི་རྩ་ལྟུང་ཡིན་ཏེ། དབང་ལེ་ལས། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡི་བཀའ་ལ་འགོངས་པས་ལྟུང་བ་གཞན་དུ་འགྱུར་ཏེ་ངེས་པར་


JLAZ003_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་སྨོད་པའོ་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང༌། །སྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བའི་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མའོ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །ཞེས་རྒྱུན་ཆགས་སུ་བཤད་པའི་དོན་དཔལ་ལྡན་ཞེས་པའི་རྐང་པ་དང་པོས་རྩ་ལྟུང་དང་པོ་སོར་བཞག་པའོ། །རྐང་པ་གཉིས་པའི་དེའི་བཀའ་ལ་འགོངས་པ་ཞེས་པ་ནས་འགྱུར་ཏེ་ཞེས་པའི་བར་གྱིས་བླ་མའི་བཀའ་ལ་འགོངས་པའི་རྩ་ལྟུང་གཉིས་པ་བསྟན་ཏོ། །ངེས་པར་ཞེས་པ་ནས་གསུམ་པའོ་ཞེས་པས་སྤུན་ལ་ཁྲོས་པ་བསྟན་ཏོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་ཞེས་དངོས་བསྟན་དང༌། དེའི་འཕྲོ་བྱང་ཆུབ་ཅེས་པ་ནས་མདའ་རུ་འགྱུར་བའི་བར་གྱིས་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་སེམས་


JLAZ003_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པ་ལྔ་པ་བསྟན། དྲུག་པ་ཞེས་པའི་རྐང་པ་གཅིག་པོ་ཕྱེད་དུ་བཅད་པའི་དྲུག་པ་དངོས་བསྟན་དང༌། རི་བོའི་སྒྲས་བདུན་པ་ཡང་བཤད་དོ། །ཕུང་པོ་ཞེས་པའི་རྐང་པ་གཅིག་པོ་མཚམས་སུ་བཅད་པས་ཀླུ་སྟེ་བརྒྱད་པ་དང་འཕྲོས་རྣམས་ཀྱིས་རྩ་ལྟུང་དགུ་པ་བསྟན་ཏོ། །སྒྱུའི་བྱམས་པ་དང་ནི་ཞེས་པས། ཁ་ནས་ཚིག་ལེགས་པར་འདོན་ཅིང་ཞེ་ལ་གདུག་པར་འཛིན་པའི་སེམས་གྱ་གྱུ་བ་ཅན་གྱི་རྩ་ལྟུང་བཅུ་པ་བསྲུང་ཚུལ་འཆོལ་བ་ཁ་ཞེ་གོ་ལྡོག་པའི་དོན་དུ་བཤད་དེ། འདི་ནི་སེམས་ཀྱི་བྱམས་པ་མི་གཏོང་ལ་ལུས་ངག་གི་དེ་ལས་ལྡོག་པ་ཡིན་པས་སོ། །དེའི་འཕྲོ་མིང་སོགས་བྲལ་བ་ནས་དྲག་པོའི་སྒྲས་རྩ་ལྟུང་བཅུ་གཅིག་པ་བསྟན། དག་པའི་ཞེས་པ་ནས་ཉི་མའོ་ཞེས་པའི་བར་གྱིས་བཅུ་གཉིས་པ་བསྟན་ཏོ། །དམ་ཚིག་ཅེས་པ་ནས་གཞན་ཞེས་པའི་བར་གྱིས་བཅུ་གསུམ་པ་བསྟན་ཏོ། །བུད་མེད་ཅེས་པའི་རྐང་པ་ཐམས་ཅད་རྩ་ལྟུང་ཕྱི་མ་གང་ཡིན་པ་མ་ནུའི་མིང་གི་མངོན་བརྗོད་ཀྱིས་བསྡུས་པའོ། །འདི་ལྟར་དུས་འཁོར་གྱི་རྩ་ལྟུང་བཅུ་བཞི་པོ་དང༌། གོང་དུ་བཤད་པ་གཉིས་རྩ་ལྟུང་དང་པོ་ལ་སོགས་པ་འགའ་དང་འགའ་ལས་ཕལ་ཆེར་དོན་མི་གཅིག་པ་མེད་ཀྱིས་ཚིག་ཟུར་ལ་ཕྲ་བའི་


JLAZ003_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པས་དཔྱད་ན་མཐུན་པ་དང་མི་མཐུན་པ་གཉིས་ཀར་བསྒྲུབ་ཤེས་པས་འདིར་ནི་ལོགས་སུ་མ་བཀྲལ་ལོ། །དེ་བཞིན་དུ་རྒྱུད་སྡེ་འོག་མ་གསུམ་ལ་ཡང་གྲངས་ངེས་བཅུ་བཞི་པ་ཅན་དུ་དུས་འཁོར་འགྲེལ་ཆེན་ལས་གསུངས་པ་ལྟར་ཡིན་ཡང་ཐམས་ཅད་རྩ་ལྟུང་དུ་བསྡུར་རུང་མི་རུང་གཉིས་སུ་དཔྱད་དུ་ཡོད་དེ། འདི་ལྟར་བྱ་རྒྱུད་ལ་མཚོན་ན་གསང་བ་སྤྱི་རྒྱུད་ལས། དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །གསང་སྔགས་རིག་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཐེག་པ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང༌། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་ཀུན་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་གཞག །ཐེག་ཆེན་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་སྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་


JLAZ003_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང༌། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་པ་སྟེ། དེའི་མི་མཐུན་ཕྱོགས་རྣམས་དམ་ཚིག་ལས་འདས་པ་ཡིན་ན། བླ་མེད་ཀྱི་རྩ་ལྟུང་དང་པོ་དང༌། གསུམ་པ་དང༌། བཞི་པ་དང༌། ལྔ་པ་དང༌། བདུན་པ་དང༌། བཅུ་གསུམ་པ་རྣམས་ལ་དངོས་དང་ལ་ལ་ཤུགས་ཀྱིས་བསྟན་ལ། ཁྱད་པར། གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །ཞེས་པས་རྩ་ལྟུང་ཐམས་ཅད་ཤུགས་ལ་ཡོད་པར་གྲུབ་བོ། །དེ་བཞིན་དུ་སྤྱོད་རྒྱུད་ལས་གསུངས་པའི་བཅུ་བཞི་ནི། མངོན་བྱང་ལས། བཅུ་པོ་འདི་དག་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱོད་པའི་བསླབ་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་གཞི་ཞེས་བྱའོ། །ཞེས་མི་དགེ་བཅུ་སྤོང་གི་ཁྲིམས་དང༌། དེའི་སྟེང་དུ་སྔར་དྲངས་པ་ལྟར་རྩ་བའི་ལྟུང་བ་བཞི་ནི་སྲོག་གི་ཕྱིར་ཡང་ཡོངས་སུ་ཉམས་པར་མི་བྱའོ། །ཞེས་རྩ་ལྟུང་དངོས་བསྟན་བཞི་གསུངས་པའི་ཕྱིར་རོ། །རྣལ་འབྱོར་རྒྱུད་ལས་ནི་དེ་ཉིད་སྣང་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་


JLAZ003_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་པ་ལ་སོགས་པས་རིགས་ལྔའི་སྡོམ་བཟུང་བསྟན་པ་ལས་དེ་བཞིན་གཤེགས་པའི་རིགས་ཀྱི་ཚུལ་ཁྲིམས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་མི་གཏོང་བ་སྟེ་གསུམ། རྡོ་རྗེ་རིགས་ལ་རྡོར་དྲིལ་ཕྱག་རྒྱ། སློབ་དཔོན་གཟུང་བ་སྟེ་བཞི། རིན་པོ་ཆེའི་རིགས་ལ་ཆོས་དང་ཟང་ཟིང་མི་འཇིགས་བྱམས་པ་སྦྱིན་པ་སྟེ་བཞི། པདྨའི་རིགས་ལ་དམ་པའི་ཆོས་མ་ལུས་པ་འཛིན་པ་སྟེ་གཅིག ལས་ཀྱི་རིགས་ལ་སྡོམ་པ་དེ་རྣམས་མི་གཏོང་བ་དང༌། མཆོད་པའི་ལས་ལ་བརྩོན་པ་སྟེ་གཉིས་རྣམས་བསྡོམས་པས་བཅུ་བཞིའོ། །དེ་རྣམས་ལས་དཀོན་མཆོག་གསུམ་གཏོང་བས་མཚོན་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་ནི་ཕལ་ཆེར་ལ་འབྱུང་ཉེ་སྟེ། བླ་མེད་ཀྱི་རྩ་ལྟུང་གཉིས་པའི་ངོ་བོ་སྡོམ་པ་གསུམ་གང་རུང་གི་བཅས་པ་ལས་འདས་པ་ཞིག་དགོས་པའི་ཕྱིར་ན་འདིའི་དམ་ཚིག་ནི་སྔགས་ཀྱི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཁྱད་པར་རྡོ་རྗེའི་རིགས་ཀྱི་དམ་ཚིག་ནི་བླ་མེད་ཀྱི་རྩ་ལྟུང་བཅུ་གསུམ་པ་དང་ཐུན་མོང་ཡིན་ལ། དེ་བཞིན་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་བུད་མེད་ཀྱི་གཟུགས་འཛིན་པ་ལ་སྨད་པའི་རྩ་ལྟུང་ཡང་བླ་མེད་ཀྱི་བཅུ་བཞི་པ་དང་ཐུན་མོང་


JLAZ003_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་པའི་ཕྱིར་རོ། །དེ་བས་ན་དུས་འཁོར་འགྲེལ་ཆེན་གྱི་རྗེས་སུ་འབྲངས་ནས་རྒྱུད་སྡེ་བཞི་ག་རྩ་ལྟུང་བཅུ་བཞི་པ་ཅན་དང་གྲངས་ངེས་མཚུངས་པར་འབྲེལ་ཞིང་ཕལ་ཆེར་ངོ་བོ་མཚུངས་པར་འདོད་པ་རྣམས་ཀྱང་བསྲུང་བྱའི་དམ་ཚིག་གི་དབྱིངས་ལ་གཞལ་བར་ནུས་པའི་བློ་ཅན་ཡིན་ཏེ། འདི་ལྟར་དམ་ཚིག་ཏུ་གདགས་པའི་ངེས་ཚིག་ནི་སྐབས་སྦྱོར་བདུན་པ་ལས། དམ་པ་ནི་སངས་རྒྱས་ཏེ་དེའི་ཞལ་ནས་གསུངས་པའི་ཚིག་ཡིན་པས་དམ་ཆོས་རྣམས་སྒྲོག་པའི་ཕྲིན་ལས་སོ། །ཞེས་པ་ལྟར་ཡིན་ལ། དེའི་རང་བཞིན་ལ་ནན་ཏན་དུ་ལྡན་པའི་སེམས་ཀྱིས་དམ་བཅའ་བ་ལ་ནི་སྡོམ་པའི་སྒྲས་བཏགས་པའི་ཚུལ་སྙིང་པོའི་རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང༌། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་པ་ལྟར་རོ། །དེ་ལྟ་ནའང་བླ་མེད་ཀྱི་རྩ་ལྟུང་བཅུ་བཞི་པོ་ནི་རྒྱུད་སྡེ་གོང་འོག་ཐམས་ཅད་ནས་རྩ་ལྟུང་འབའ་ཞིག་པ་ཅན་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་པས་ན། དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་བ་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཞེས་སོ། །དེ་ལྟ་བུའི་དམ་ཚིག་རྣམས་བསྲུང་བ་ལ་ནན་ཏན་འབད་དགོས་པར་གདམས་པ་ནི། རྣལ་འབྱོར་ལྡན་པ་


JLAZ003_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

འཆིའམ་སྲོག་གཏོང་སླ། །རྟག་ཏུ་དམ་ཚིག་བསྲུང་བར་མ་བྱས་ན། །སྔགས་ལ་སྤྱོད་པའི་སྐྱེས་བུ་ངན་སོང་དང༌། །སངས་རྒྱས་གཉིས་ལས་འགྲོ་ས་གསུམ་པ་མེད། །དེ་སྐད་དུ་སྡོམ་འབྱུང་ལས། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབ་ཀྱང་སླ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་སོ། །དེ་ལྟར་འབད་པ་ཆེན་པོས་དམ་ཚིག་བསྲུང་བ་རྣམས་ནི་ཚེ་འདིར་བརྩོན་པ་ཞན་ནས་མ་གྲུབ་ཀྱང༌། ཕྱི་མའམ་བཅུ་དྲུག་ཚུན་ཆད་ལ་ངེས་པར་འགྲུབ་སྟེ་དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ལ་འགྲུབ། །ཅེས་སོ། །དེ་ལྟར་མ་གྲུབ་ན་སྔགས་ལ་འཕྲ་ཡང་དེ་བཞིན་གཤེགས་པའི་བཀའ་ལས་གཞན་དུ་འདའ་བའི་ལྟུང་བ་དང་ལྷན་ཅིག་ཅན་དུ་གདོན་མི་ཟ་བས་དེ་ལ་སྔགས་ཀྱི་དངོས་གྲུབ་མེད་ཅིང༌། དེས་མཆོད་པ་ཕུལ་ཡང་ལྷ་རྣམས་ཀྱིས་བཞེས་པར་མི་འགྱུར་བའི་ཚུལ་ཟླ་གསང་ཐིག་ལེ་ལས། སྔགས་ཀྱི་དངོས་གྲུབ་དོན་འདོད་པས། །དམ་ཚིག་བསྲུང་ལ་བརྩོན་པར་བྱ། །གཞན་དུ་བྱས་ན་སྔགས་མཁན་གྱིས། །སྔགས་ལ་སོགས་པའི་དོན་མི་འགྲུབ། །ལྷ་རྣམས་ཀྱང་ནི་དམ་ཚིག་གི །གསོལ་ཡང་བཞེས་སུ་མི་གནང་སྟེ། །འཇིག་


JLAZ003_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འདི་རུ་སྡུག་བསྔལ་ཆེ། །འཇིག་རྟེན་ཕ་རོལ་དམྱལ་བ་རྣམས། །དམ་ཚིག་སྤྱོད་ལས་འདས་པ་ཡི། །རྨོངས་པའི་བདག་ཉིད་དེ་འཐོབ་བོ། །ཞེས་དང༌། བགྲོད་ལམ་གོང་འོག་གཉིས་ལས་མེད་པའི་ཚུལ་ཡང་གསང་བའི་མཛོད་ལས། གང་ལ་བསྒོ་བ་དང་ལྡན་ཞིང༌། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་གྲུབ། །སྐྱེ་བ་གཞན་དུ་དངོས་གྲུབ་འཐོབ། །རེ་ཞིག་དམ་ཚིག་ཉམས་པ་ལས། །དངོས་གྲུབ་ཐོབ་པ་ལྟ་ཞོག་གིས། །མི་ཡི་སྐྱེ་བའང་རྙེད་པར་དཀའ། །ཞེས་སོ། །དེ་ཕྱིར་ལྟུང་ན་བདག་ཉིད་སུན་ཕྱུང་ནས། །ཕྱིར་བཅོས་ཐབས་ལ་དེ་མ་ཐག་ཏུ་འབད། །ཁྱད་པར་རྩ་ལྟུང་དང་པོ་ཤིན་ཏུ་ལྕི། །བླ་མར་བསྙེན་བཀུར་འཁོར་གསུམ་ཡོངས་དག་འབུལ། །དབང་བསྐུར་བསྐྱར་ནས་སྡོམ་པ་སོར་གཞུག་ཅིང༌། །ཉེ་བར་མི་གནས་བདག་འཇུག་ལན་མང་བླང༌། །དེ་ལ་སྤྱིར་ཉེས་ལྟུང་དང་ཐུན་ཚོད་གཅིག་ཀྱང་མི་འགྲོགས་པ་ལ་བསླབ་ཅིང༌། དེ་ལྟར་འབད་ཀྱང་རྡོ་རྗེ་ཐེག་པའི་རྩ་ལྟུང་ནི་རྣམ་གྲངས་མང་ལ་བདག་ཅག་གི་གཉེན་པོ་ནི་ཉུང་ཟད་དང་བཅས་པས་ཉེས་ལྟུང་གི་མགོ་བརྩམ་པ་ཙམ་ནས་བདག་ཉིད་ཀྱི་བསམ་སྦྱོར་མ་ཡིན་པ་ལ་སུན་གདོན་ཅིང་དྲན་ཤེས་ཀྱི་གཉེན་པོའི་སྒོ་ནས་ཕྱིར་བཅོས་པ་ལ་འབད་པའི་


JLAZ003_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། ས་ཧོ་རའི་དགེ་སློང་རྣལ་འབྱོར་སྤྱོད་པས། ང་ལ་སོ་སོ་ཐར་པའི་ཉེས་པས་གཏན་ནས་མ་གོས། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཉེས་པ་ཅོ་ལེ་བ་ཙམ་གྱིས་གོས། གསང་བ་སྔགས་ཀྱི་སྡོམ་པ་ལ་ཉེས་པ་ཅ་རེ་ཉ་རེ་བརྒྱབ་སྟེ་བཤགས་སྡོམ་མེད་པར་ཉེས་ལྟུང་དང་ཞག་གཅིག་ཀྱང་འགྲོགས་མ་མྱོང་ཞེས་གསུངས་པ་ལྟར་ཉམས་སུ་བླང༌། ཁྱད་པར་རྩ་ལྟུང་དང་པོ་ནི་ཤིན་ཏུ་ལྕི་བའི་ཚུལ། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། བླ་མ་ལ་ནི་སྨོད་པ་དང༌། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །ཆུ་དེ་སྐྲ་ཡིས་གཏོར་གྱུར་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང༌། །རྡོ་རྗེའི་དམྱལ་བར་གྲགས་པ་ཡིན། །ཞེས་པས་དེ་ལྟ་བུའི་ཉེས་དམིགས་ལས་འདའ་བའི་དབང་ད་ལྟ་རང་ལ་ཡོད་པས་ཅི་ནུས་པའི་བསྙེན་བཀུར་སྒོ་ཐ་དད་པ་དང༌། འཁོར་གསུམ་ཡོངས་དག་ཕུལ་ནས་ཐུགས་ཟིན་པར་བྱ་ཞིང་དབང་བསྐུར་བ་བསྐྱར་ནས་མ་ནོད་ན་སྡོམ་པ་སོར་མི་ཆུད་པའི་ཚུལ། དུས་ཀྱི་འཁོར་ལོ་ལས། རྩ་བའི་ལྟུང་བ་བྱུང་ན་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་གཞུག་བྱ་སྟེ། ཞེས་སོ། །གལ་ཏེ་བླ་མ་མི་བཞུགས་པའམ་ལམ་འཕྲང་འཚེ་བས་བཀག་པ་ལྟ་བུས་མི་ནུས་ན་བདག་


JLAZ003_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ལན་གྲངས་མང་དུ་བཏུད་ནས་རྨི་ལམ་དུ་བླ་མ་མཉེས་པའི་རྟགས་མཐོང་ཚུན་ཆད་ཀྱིས་སོར་ཆུད་པར་འགྱུར་ཏེ། ཕྲེང་བ་ལས། གལ་ཏེ་བླ་མ་དམ་པ་ཤིན་ཏུ་རིང་བ་དང་ལམ་བགྲོད་དཀའ་བ་ལ་སོགས་པའི་ཉེ་བར་འཚེ་བས་བགྲོད་པར་མི་ནུས་པའི་ཕྱོགས་ན་སྟེ་གཞན་དུ་མ་ཡིན་ནོ། །ཞེས་པས་བསྟན་ཏོ། །དེ་ལྟར་ཡང་སྙིང་ཐག་པ་ནས་འགྱོད་སེམས་དྲག་པོ་དང་བཅས་ཤིང་ཕྱིན་ཆད་ལྟུང་བས་མ་གོས་པར་བྱ་སྙམ་པ་ལས་ལོག་ནས་ཉེས་ལྟུང་བྱུང་ཡང་དབང་དང་བདག་འཇུག་གིས་སོར་ཆུད་པས་སླའོ་སྙམ་དུ་སེམས་པ་ནི་ཤིན་ཏུ་གཏི་མུག་དང་ལྡན་པ་སྟེ། དཱ་རི་ཀ་པས། དེ་ཡང་ཕྱིས་མི་བྱེད་པའི་དམ་འཆའ་བ་རྣམས་ལ་ཡིན་གྱིས། ཕྱིས་སྡོམ་པའི་བསམ་པ་མེད་པ་རྣམས་ལ་ནི་མ་ཡིན་ཏེ། འདི་ལྟར་སྐྱེས་བུ་འགའ་ཞིག་དུག་གིས་ཟིན་ནས་སྨན་པ་འགས་དེ་བཟློག་པའི་ཕྱིར་སྨན་གྱི་བཏུང་བ་བླུད་ནས་སྔར་བཞིན་དུ་དུག་ཟ་བ་དང་མཚུངས་སོ། །ཞེས་པ་ནི་ཉེས་ལྟུང་སྦྱོང་བའི་ཆ་ཐམས་ཅད་ལའང་ཤེས་དགོས་པ་ཡིན་ནོ། །དེའང་ཐོག་མ་ནས་རྩ་ལྟུང་གིས་མ་གོས་པ་དང༌། བཅོས་ནས་སོར་ཆུད་པ་གཉིས་ཀྱང་ཁྱད་པར་ཆེ་བའི་ཚུལ། ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཉན་ཐོས་ཀྱི་


JLAZ003_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཅན་ལ་རྩ་བའི་ལྟུང་བ་བྱུང་ན་ཕུང་པོ་དེ་ཉིད་ཀྱིས་མྱ་ངན་ལས་འདའ་བའི་སྐལ་པ་མེད་དོ། །ཞེས་ཚེ་དེ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་མི་ནུས་པ་དང༌། དེ་བཞིན་དུ་བྱང་ས་ལས། བྱང་སེམས་ཀྱི་རྩ་ལྟུང་བྱུང་ན་ཚེ་དེ་ལ་ས་དང་པོ་ཐོབ་མི་སྲིད་པར་གསུངས་པ་དང་རྣམ་གཞག་མཚུངས་པས་ན་ཐེག་པ་ཆེན་པོའི་ལམ་གཉིས་ས་ཆོད་ཆེ་ལ་འབྲས་བུ་ཐོབ་པ་ཉུང་བའམ་རྒྱུ་མཚན་དེས་ཡིན་པ་རིག་པར་བྱའོ། །ཚུལ་དེ་ལྟ་བུའི་རྩ་བའི་ལྟུང་བ་རྣམས་བཅོས་ནས་དེ་བཞིན་དུ་གཞན་ཞེས་པའི་སྒྲས་སྦོམ་པོ་གཙོ་བོར་གྱུར་པའི་ཉེས་ལྟུང་རྣམས་ཕྱིར་འཆོས་པའི་ཚུལ། བླ་མ་མེད་ན་སྔགས་ཀྱི་སྡོམ་ལྡན་མདུན། །ཕྱག་དང་སྤྱོད་ལམ་དུལ་བས་རང་གི་མིང༌། །སྨོས་ནས་རྡོ་རྗེ་ཐེག་པའི་འདུལ་བ་དང༌། །འགལ་བའི་ནོངས་པ་འདི་དང་འདི་བྱུང་བས། །འཆབ་ན་བདག་ཉིད་བདེ་བར་གནས་མི་འགྱུར། །འཆབ་མེད་ལེགས་པར་གསོལ་ནས་བཤགས་ཡུལ་གྱིས། །ཉེས་པར་མཐོང་ངམ་རང་གིས་མཐོང་ལགས་བརྗོད། །ཡུལ་གྱིས་ཕྱིན་ཆད་བསྡམ་པར་བྱེད་དམ་དྲི། །ཆོས་བཞིན་འདུལ་བ་བཞིན་དུ་སྤྱི་བོས་ནོད། །ཅེས་པ་ལན་གསུམ་རྗེས་ལ་ཐབས་ལེགས་བྱ། །ཞེས་སྨོས་ནས་དེའི་


JLAZ003_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ནི་སྙིང་པོ་རྒྱན་ལས། ལྟུང་སོགས་ཉེས་པའི་རིམ་པ་ལས། །དང་པོར་བདག་སེམས་སུན་ཕྱུང་སྟེ། །ཡུལ་མདུན་སྙན་གསན་ཕབ་ནས་ཀྱང༌། །གསུམ་བླང་གསུམ་འགལ་བཤགས་པ་དང༌། །ཞེས་བཤགས་ཡུལ་བླ་མ་ཡོད་ན་རབ། དེ་ལྟར་མེད་ན་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་སྔགས་ཀྱི་སྡོམ་པ་ལ་རྩ་ལྟུང་མེད་པ་ཞིག་གི་མདུན་དུ་ཕྱིར་འཆོས་པའི་ཚུལ། བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་སྦོམ་པོའི་འགྲེལ་པ་ལས། དེ་ལ་ཕྱིར་བཅོས་པ་ནི་འབྱོར་བར་གྱུར་ན་ཚོགས་ལ་དཔའ་བོའི་སྟོན་མོ་བྱས་ནས་དེ་དག་གི་མདུན་དུ་དངོས་པོ་བརྗོད་པ་སྔོན་དུ་སོང་བ་ཅན་གྱིས་བཤགས་པ་དང་རྗེས་སུ་བཟུང་བར་གསོལ་བ་གདབ་པ་བྱས་ནས་ཡུལ་དེ་དག་གིས་ཀྱང་ཁྱོར་བའི་ཆུ་ལ་ཡི་གེ་བརྒྱ་པ་ལན་བདུན་བཟླས་པ་སྦྱིན་པར་བྱའོ། །ཞེས་སོ། །དེའི་ཚུལ་འདིར་ཁྲིགས་སུ་སྨོས་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། རིག་པ་འཛིན་པ་ཆེན་པོ་བདག་ལ་དགོངས་སུ་གསོལ། གསང་མིང་སྨོས་ནས། བདག་ཆེ་གེ་མོ་ཞེས་བྱ་བ་མ་རིག་པ་དང་ཉོན་མོངས་པའི་དབང་དུ་གྱུར་པས་རིག་པ་འཛིན་པའི་སྡེ་སྣོད་ཆེན་པོའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལས་རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་


JLAZ003_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ནོངས་པ་བླ་མ་སྨོད་པ་ལ་སོགས་པའི་རྩ་བའི་ལྟུང་བ་བཅུ་བཞི་དང༌། ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད་ལས་འདི་དང་འདི་ཞེས་བྱ་བ་བྱུང་བས་ཞེས་སམ། ཕས་ཕམ་པ་གང་ཞིག་དང་ཁ་ན་མ་ཐོ་བའི་མཐུས་བཅོམ་པ་དེ་དག་རྒྱལ་བ་སྲས་དང་བཅས་པ་རྣམས་དང་རིག་པ་འཛིན་པ་ཆེན་པོའི་སྤྱན་སྔར་ཤིན་ཏུ་འགྱོད་པས་ཟིལ་གྱིས་ནོན་པའི་སེམས་ཀྱིས་ལྷག་མ་མེད་པར་མཐོང་ཞིང་འཆགས་ཏེ་མི་འཆབ་བོ། །མི་སྦེད་དོ། །ཕྱིན་ཆད་ཀྱང་སྡོམ་མོ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས་བདག་གི་ཉེས་ལྟུང་ཚངས་པར་བསྩལ་ན་ནི་བདག་བདེ་བ་ལ་རེག་པར་འགྱུར་གྱིས། གལ་ཏེ་མ་བསྩལ་ན་ནི་བདག་མགོན་མེད་པ། སྐྱོབ་པ་མེད་པ། མིག་མེད་པ། རྟེན་མེད་པ། གཙོ་བོ་མེད་པ། འདྲེན་པ་མེད་པ། ལམ་གོལ་དམན་པ་ཅན་དུ་སོང་ནས་མྱ་ངན་ལས་འདས་པ་ཆེན་པོ་ལས་རྒྱབ་ཀྱིས་ཕྱོགས་ཤིང༌། ངན་འགྲོའི་གཡང་ས་ལ་ཕྱོགས་པར་འགྱུར་རོ། །ཞེས་ལན་གསུམ་བརྗོད་པའི་མཐར་བཤགས་ཡུལ་གྱིས། ཁྱོད་ཀྱིས་ཉེས་ལྟུང་འདི་རྣམས་ཚུལ་བཞིན་དུ་མཐོང་ངམ། འགྱོད་སེམས་སྐྱེས་སམ། ཕྱིན་ཆད་བསྡམ་མམ། ཞེས་དྲིས་པ་ལ། ཤིན་ཏུ་མཐོང་ངོ༌། །འགྱོད་དོ། །ཕྱིན་ཆད་བསྡམ་མོ། །ཆོས་བཞིན་


JLAZ003_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྡོ་རྗེ་ཐེག་པའི་འདུལ་བ་བཞིན་དུ་སྤྱི་བོས་ནོད་པར་བགྱིའོ། །ཞེས་ལན་གསུམ་གྱི་མཐར། བཤགས་ཡུལ་གྱིས་ཐབས་ཡིན་ནོ། །བཤགས་མཁན་གྱིས་ལེགས་སོ། །ཞེས་བརྗོད་ནས་ཕྱིར་བཅོས་པར་བྱ་སྟེ། དེ་ལྟར་མ་བགྱིས་པའི་ཉེས་པ་ནི། སྙིང་པོ་རྒྱན་ལས། རྟག་ཏུ་བག་མེད་པར་གནས་དང༌། །ཉེས་པ་ཆུང་ངུ་ཕྲ་མོ་ཡང༌། །སྦྲུལ་གྱི་མཆེ་བས་བཏབ་བཞིན་དུ། །ལུས་ངག་སེམས་ནི་ཉམས་པར་བྱེད། །ཅེས་སོ། །རྒྱུ་མཚན་དེ་ལ་དམིགས་ནས། གལ་ཏེ་ཕྱིར་བཅོས་འགྱངས་ན་ཞག་རེ་བཞིན། །གོང་འཕེལ་འགྲོ་འགྱུར་དེ་ཡི་གཉེན་པོ་རུ། །སྟོབས་བཞི་ཚང་བའི་ཡིག་བརྒྱས་རྟག་ཏུ་བཤགས། །བཅུ་བཞིའི་བསྔོ་བགྲང་བརྗོད་པའི་བཤགས་ཚིག་གདོན། །ཞེས་འདོམས་པ་སྟེ། དེ་ལ་ཡི་གེ་བརྒྱ་པ་གདོན་ཚུལ་ནི། སྦོམ་པོའི་འགྲེལ་པ་ལས། དེའི་མེའི་སར་མིང་སྤེལ་བར་བྱའོ། །ཞེས་པས་སརྦ་སི་མེ་ཆེ་གེ་མོ་པྲ་ཡཙྪ་ཞེས་གདོན་པའི་དོན་ཏོ། །དེས་ནི་ལྟུང་བ་འཕེལ་བའི་རྒྱུན་ཆད་པར་འགྱུར་ཏེ་སྙིང་པོ་རྒྱན་ལས། རྡོ་རྗེ་སེམས་དཔའ་ལ་དམིགས་ཏེ། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་གཅིག་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་པས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་


JLAZ003_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྦྱང་བར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་སོ། །དེ་བཞིན་དུ་རྩ་ལྟུང་དང་སྦོམ་པོའི་རྣམ་གྲངས་ལ་སོགས་ཤེས་ཤིང་འགྱོད་པའི་སེམས་དྲག་པོས་གཟིར་ན་རྩ་ལྟུང་བཅུ་བཞི་པ་བསྔོ་བགྲང་ཅན་གྱིས་བཤགས་པས་ཀྱང་འདག་སྟེ། སྦོམ་པོའམ་ཆེན་པོ་ལ་སོགས་པའི་ཡན་ལག་གི་རྣམ་གྲངས་རྣམས་བདེ་གཤེགས་བཀའ་འདས་ཀྱི་ཁོངས་སུ་འདུ་བར་རུང་བའི་ཕྱིར་དང༌། ལྟུང་བའི་རྣམ་གྲངས་རྣམས་སྡེ་ཚན་གཅིག་ཏུ་བསྡུས་པའི་ཆོ་ག་ལ་སེམས་གཏད་ནས་བཤགས་པ་ཡིན་པའི་ཕྱིར་ན་དཔའ་བོའི་ཞབས་ཀྱིས། གལ་ཏེ་བྱུང་ན་ཆོ་ག་བཞིན། །བཤགས་ན་དམྱལ་བར་མི་འགྲོའོ། །ཞེས་སོ། །ཁྱད་པར་མདོ་སྒྱུ་སེམས་གསུམ་རིང་ལུགས་ནི། །སྤྱི་མདོར་སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་སྤྱད་བྱ་ཡིད་འོང་མི་འདོར་དང༌། །ཤེས་བྱ་བསྒྲུབ་པའི་དབྱེ་བས་ཉི་ཤུ་བརྒྱད། །དེ་སྐད་དུ་སྤྱི་མདོ་ལས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་སྤྱད་དང་ཡིད་འོང་དང༌། །མི་འདོར་ཤེས་བྱ་བསྒྲུབ་པ་དང༌། །ཞེས་ཉི་ཤུ་རྩ་བརྒྱད་ཀྱི་གྲངས་ངེས་ཅན་དུ་བསྡུ་བ་ལས། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་བསྡུ་བའི་ལུགས་


JLAZ003_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་བསྲུང་བའི་ཡུལ་ནི་ལྷ་དང་བླ་མ་གཉིས་སུ་མེད་པ་ཉིད་གཙོ་བོར་གྱུར་པ་ཡིན་ལ། དེ་ལ་ཡུལ་གྱི་དབྱེ་བ་ནི་གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང༌། །ཉམས་ཆགས་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་གི་སློབ་དཔོན་རྣམས། །ཞེས་པའི་སློབ་དཔོན་རྣམ་པ་དྲུག་ལས་ཆོས་ཀྱི་བཀའ་དྲིན་ཐོབ་པའི་ཆ་ནས་བཀུར་ཚུལ་གྱི་ཁྱད་པར་ནི་དེ་ཉིད་ལས། ཡུལ་ལ་དབང་བའི་རྒྱལ་པོ་དང༌། །ཁུ་བོ་ཕ་དང་མ་དང་མིག །སྙིང་བས་ལྷག་པའི་ཚུལ་བལྟས་ཏེ། །ཞེས་པས་མན་ངག་གི་སྒོ་ནས་རང་སེམས་ཆོས་སྐུར་ངོ་སྤྲོད་ཅིང༌། གང་ལ་གསོལ་བ་བཏབ་པ་ལས་དངོས་གྲུབ་ཐོབ་པ་ནི་སངས་རྒྱས་ལས་ལྷག་པར་བལྟ་བ་ཡིན་ནོ། །དེ་ལ་འདི་ལྟར་ཕན་འདོགས་པ་དང་གནོད་པ་སྤང་བའི་གཞིའི་གཙོ་བོ་ལུས་ཡིན་པས་སྐུའི་དམ་ཚིག་ཏུ་བླ་མ་དང་ལྷ་ལ་གུས་པར་བལྟ་ཞིང་མཆེད་དང་ལྕམ་དྲལ་གྱིས་མཚོན་པའི་འགྲོ་བ་ཐམས་ཅད་བླ་མའི་སྐུའི་གདུལ་བྱ་ཡིན་པས་གནོད་པ་སྤང༌། རྣམ་པར་སྨིན་པའི་ལུས་ཀྱི་སྣང་ཞེན་བསྐྱེད་རིམ་གྱིས་སྦྱོང༌། དགེ་བའི་ཆོས་དང་མི་དགེ་བའི་རྣམ་འགྱུར་ངག་ལ་བརྟེན་ནས་བསྐྱེད་པས་གསུང་གི་དམ་ཚིག་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད། ངག་གི་ཉེས་པ་


JLAZ003_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བའི་ཕྱིར་བླ་མས་ཅི་གསུང་བསྒྲུབ་པ་དང༌། མཆེད་ལྕམ་གྱི་ངག་མི་གཅོག་པ་དང༌། འཁོར་བ་བསྐྱེད་པའི་རྒྱུའི་གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པས་ཐུགས་ཀྱི་དམ་ཚིག་ཏུ་ཡིད་ཀྱི་ཉེས་པ་སྤང་ཞིང་གསང་བ་གཞན་ལ་མི་སྤེལ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་ཅིང་བླ་མ་དང་ཐུགས་ཡིད་བསྲེ། ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་སྤྱོད་པའོ། །དེ་སྐད་དུ་མཉམ་སྦྱོར་ལས། བསྒྲུབ་པའི་དམ་ཚིག་ཆེན་པོ་ནི། །ལྷ་དང་བླ་མ་མི་སྤོང་ཞིང༌། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཅེས་དང༌། གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང༌། །སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ། །བྱས་མཐོང་ཐོས་པ་ཐམས་ཅད་ཀྱང༌། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །དྲན་དང་ཤེས་བཞིན་སྔོན་བཏང་ལ། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་སྔགས་པར་ཅི་ཡིས་ཆུད། །ཅེས་སོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་དམ་ཚིག་རེ་རེ་ལའང་གསུམ་གསུམ་དུ་འགྱུར་ཏེ། འདི་ལྟར་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་བཀུར་བ་ལ་མཚོན་ན་ལུས་ཀྱི་རྣམ་འགྱུར་གྱིས་བཀུར། ངག་གིས་བསྟོད། ཡིད་ཀྱིས་


JLAZ003_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པར་བྱའོ། །ངག་གི་སྒོ་ལ་མཚོན་ན་ཕན་པའི་ཚིག་སྨྲ་བ་དང༌། ཁ་ཏོན་དང་བཟླས་བརྗོད་ཟབ་མོ་བྱེད་པ་དང༌། སྲོག་རྩོལ་གོམས་པར་བྱེད་པའོ། །ཡིད་ཀྱི་སྒོ་ལ་མཚོན་ན་སྨོན་འཇུག་གཉིས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་བསྒྲུབ་པའོ། །ཡན་ལག་གི་དམ་ཚིག་ལྔ་ཚན་ལྔ་ནི་འོག་ཏུ་བཤད་པར་བྱའོ། །སྒྱུ་འཕྲུལ་རྩ་བའི་དམ་ཚིག་རྣམ་ལྔ་དང༌། །ཡན་ལག་བཅུར་བཤད་རྩ་བའི་ཕྱོགས་ལ་ནི། །རྡོ་རྗེ་སློབ་དཔོན་མི་སྤོང་བཀུར་བསྟིས་བསྙེན། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ་དང༌། །ཡང་དག་ལམ་དུ་ཞུགས་ལ་བྱམས་པར་བྱེད། །གསང་བའི་དོན་རྣམས་གཞན་མི་བསྒྲག་པའོ། །དེ་ལ་རྩ་བའི་དམ་ཚིག་ནི་རྩ་རྒྱུད་ལས། བླ་མེད་མི་སྤོང་བླ་མ་བཀུར། །སྔགས་དང་ཕྱ་རྒྱ་རྒྱུན་མི་གཅོད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་སོ། །དེ་ལ་བླ་མེད་མི་སྤོང་བ་ནི་ཡི་དམ་གྱི་ལྷ་བསྒོམ་པ་ཉིད་ལ་འདུས་ཏེ། འདི་ལྟར་ཐེག་པ་ཆེན་པོ་སྤྱིའི་ལུགས་ཀྱི་བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང༌། དཀོན་མཆོག་ལ་བསྙེན་བཀུར་མི་འདོར་བ་དང༌། སྔགས་ཕྱི་པ་ལས་དེའི་


JLAZ003_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་རང་གི་ལྷག་པའི་ལྷ་མཆོད་ཅིང་བསྒོམ་པར་བསྟན་པ་དེ་དག་ཀྱང་འདིར་འཁོར་བའི་འདྲ་འབག་སྦྱོང་ཞིང་རྒྱལ་བའི་རྣམ་པ་དང་མཐུན་པའི་ཕྱག་རྒྱ་རྟགས་ཀྱི་ལྷ་སྐུ་བསྒོམ་པ་ལ་འདུས་ཏེ། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །ལྷ་དང་བླ་མ་དེ་བཞིན་ཏེ། །ཞེས་སོ། །དེ་ལ་འདུ་ཚུལ་ནི་རྣམ་པ་ཐ་དད་པ་གསུམ་དུ་བསྟན་པའི་དཀོན་མཆོག་ཀྱང་ཚུལ་གཅིག་ཏུ་བསྟན་པའི་བྱང་ཆུབ་ཀྱི་སེམས་སུ་འདུ་བ་ཡིན་ཏེ། འདི་ལྟར་སངས་རྒྱས་དང་དགེ་འདུན་ནི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་ལ། ཆོས་ནི་དེའི་ཆོས་ཉིད་ཡིན་པས་ཡེ་ཤེས་དང་ཆོས་ཉིད་ནི་ཀུན་རྫོབ་ཙམ་དུ་ཆོས་ཅན་བདག་ཉིད་གཅིག་པ་དང༌། དོན་དམ་པར་སྤྲོས་པ་ཉེ་བར་ཞི་བའི་བྱང་ཆུབ་ཀྱི་སེམས་ཡིན་པས་དེའི་རྟགས་ཀྱི་ཕྱག་རྒྱ་ལྷ་སྐུ་ཡིན་པ་ནི་དཀོན་མཆོག་འགྲེལ་ལས། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །དེ་སྩོལ་བླ་མ་དེ་རྒྱ་ལྷག་པའི་ལྷ། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ལྷ་བསྒོམ་པ་དེ་མཉེས་པར་བྱ་བའི་ཐབས་སུ་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ་འབྱུང་ཞིང༌། དེའི་ཡན་ལག་ཏུ་དམ་ཚིག་རྣམས་ཀྱང་འབྱུང་བས་བླ་མེད་མི་སྤོང་བ་དེ་ཉིད་དུ་གྲུབ་བོ། །བླ་མ་བཀུར་བ་ནི་ཕྱོགས་བཅུ་དུས་གསུམ་


JLAZ003_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོས་ནི་རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་གྲངས་སུ་ཡང་ཉེ་བར་མི་འགྲོའོ། །ཞེས་ཞིང་དག་པ་རྣམས་ཀྱི་སངས་རྒྱས་ནི་རྡོ་རྗེ་སློབ་དཔོན་ཡིན་པར་གསུངས། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ་ནི་ཟླ་གསང་ཐིག་ལེ་ལས། བདག་གི་དེ་ཉིད་མཉམ་གཞག་དང༌། །དེ་བཞིན་ལྷ་ཡི་དེ་ཉིད་དང༌། །སྔགས་དང་ཕྱག་རྒྱའི་དེ་ཉིད་ནི། །དེ་ཡི་དཀྱིལ་འཁོར་མཆོག་ཏུ་འགྱུར། །ཞེས་པས་དེ་ཁོ་ན་ཉིད་ཀྱིས་བསྡུས་པའི་ཡན་ལག་ཅན་གྱི་བཟླས་བརྗོད་ལ་ཕྱག་རྒྱ་ཡང་ཚང་བར་ཤེས་པར་བྱའོ། །དེ་ལྟར་ཡང༌། གསང་སྔགས་སྤྱི་དང་མཐུན་པའི་དབང་དུ་བྱས་ན་གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་པ་སྟེ་ཡོངས་ལ་གྲགས་པ་བཞིན་ནོ། །ཡང་དག་ལམ་ཞུགས་ལ་བྱམས་པ་ནི། སྤྱིར་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་དང༌། ཁྱད་པར་དམ་ཚིག་དང་ལྡན་པའི་མཆེད་ལ་བྱམས་པར་བྱེད་པ་སྟེ། རྔམ་གློག་ལས། རྡོ་རྗེ་སྤུན་ལ་གདུང་སེམས་དང༌། །ཡང་དག་ལམ་དུ་ཞུགས་པ་ལ། །རྔན་དང་བཅས་པའི་སེམས་ཙམ་ཡང༌། །རྟག་ཏུ་སྤང་བར་བྱ་བ་ཡིན། །བརྩེ་ཞིང་གདུང་བའི་ཤུགས་


JLAZ003_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་ལ། །གཅིག་ལ་གཅིག་ནི་མིག་བཞིན་བལྟ། །མདོར་ན་སྲོག་ལའང་མི་ཆགས་པར། །སྤུན་དང་མིང་སྲིང་དགོས་པ་སྒྲུབ། །ཅིའི་ཕྱིར་རྡོ་རྗེའི་སྤུན་རྣམས་ནི། །འདི་ནས་བྱང་ཆུབ་བར་དག་ཏུ། །མི་འབྲལ་འགྲོགས་པའི་གྲོགས་མཆོག་སྟེ། །མེ་མར་འོད་དང་སྡོང་བུ་འདྲ། །ཞེས་དང༌། དཔལ་ཕྲེང་གི་མདོ་ལས་ཀྱང༌། བྱང་ཆུབ་སེམས་བརྟན་ཐེག་ཆེན་ཞུགས་ལ་བྱམས། །ཞེས་སོ། །གསང་དོན་མི་སྨྲ་བ་ནི། ཕྲ་རྒྱས་ལས། དམ་ཉམས་དམ་ལས་ལོག་པ་དང༌། །དམ་མེད་དཀྱིལ་འཁོར་མ་མཐོང་དང༌། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་པས་གསང་བའི་ཡུལ་བསྟན་ལ། ཇི་ལྟར་གསང་བའི་དངོས་པོ་ནི་བཅུ་སྟེ། སྤྱི་དང་བར་གསང་བཞི་བཞི་དང༌། །འོས་དང་གཉེར་གཏད་རྣམ་པ་བཅུ། །ཞེས་པ་ལས་སྤྱིར་གསང་བཞི་ནི། རྩ་ལྟུང་བདུན་པའི་མཚན་ཉིད་དེ། ལྟ་བ་ཟབ་མོ་བློ་དམན་དང་ཐེ་ཚོམ་ཅན་ལ་གསང་བ་དང༌། སྤྱོད་པ་བརླང་པོ་གསར་དུ་ཞུགས་པ་དང་ལོག་ལྟ་ཅན་ལ་གསང་བ་དང༌། ཡི་དམ་གྱི་ལྷའི་མཚན་སྔགས་དང༌། དེ་གྲུབ་པའི་རྟགས་མཚན་གཞན་ལ་གསང་བ་སྟེ། དེ་ཡང་མ་འདྲེས་པ་ལ་བསྟན་ན་བདུན་པར་འགྱུར་ཞིང༌།


JLAZ003_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་ལའང་གྱ་ཚོམ་དུ་བསྟན་ན་དངོས་གྲུབ་ཉམས་པས་སྤྱི་ནས་གསང་བར་བྱ་བ་སྟེ་གསལ་བཀྲ་ལས། ལྟ་བ་སྤྱོད་པ་བརླང་པོ་དང༌། །ལྷ་ཡི་མིང་དང་གྲུབ་རྟགས་རྣམས། །སྤྱིར་གསང་རྣམ་པ་བཞི་ཡིན་ནོ། །ཞེས་སོ། །བར་གསང་ནི། གང་དུ་བསྒྲུབ་པའི་གནས་དང༌། འདུ་བའི་དུས་དང༌། བསྒྲུབ་པའི་གྲོགས་དང༌། རྫས་ལ་སོགས་པ་ཚོགས་བསྒྲུབ་བམ་གསང་བའི་སྤྱོད་པ་ལ་ཞུགས་པ་དེ་སྲིད་དུ་གསང་སྟེ། བསྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསངས་ལ་བསྒྲུབ་པར་བྱ། །ཞེས་སོ། །གསང་བར་འོས་པ་ནི། སྔགས་ཀྱི་སྤྱོད་པ་ཁྱད་པར་བ་དང༌། དམ་ཚིག་གི་རྫས་འདུ་བར་ཞུགས་པའི་སྤྱོད་ལམ་མི་མཐུན་པའི་ཆ་ཐམས་ཅད་དོ། །གཉེར་དུ་གཏོད་པ་ནི། བླ་མ་དང་མཆེད་ཀྱིས་ཀྱང་རུང་སྟེ་འདི་ནི་གཞན་ལ་བརྗོད་པར་མི་བྱའོ་ཞེས་གསང་བར་གདམས་པ་ལས་མི་འདའ་བ་སྟེ། ཤཱནྟ་ཏནྟྲ་ལས། གཞན་ཡང་སློབ་དཔོན་མཆེད་ལྕམ་གྱིས། །གསང་བར་བསྒྲགས་ནས་གནས་སྐབས་སུ། །དེ་ལྟར་འོས་པ་ཤིན་ཏུ་གསང༌། །ཞེས་སོ། །དེ་ལྟ་བུའི་རྩ་བའི་དམ་ཚིག་ལྔ་ལས། ལྷ་མི་སྤང་བ་དང༌། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ་ནི་ཡོན་ཏན་ཁྱད་


JLAZ003_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་གྱི་བསྒྲུབ་པའི་དམ་ཚིག་ཡིན་ལ། གཞན་གསུམ་པོ་ནི་དེའི་གྲོགས་སུ་འགྱུར་བའི་ཕྱིར་བསྲུང་བའི་དམ་ཚིག་ཡིན་ཏེ། བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་སོ། །ཡན་ལག་དམ་ཚིག་སྡེ་ཚན་གཉིས་སུ་བསྡུ། །དང་པོའི་ཕྱོགས་ནི་ཉོན་མོངས་ལྔ་མི་སྤོང༌། །རང་བཞིན་ཤེས་པའི་ཉོན་མོངས་དེ་བཞིན་ཉིད། །ཐབས་ཀྱིས་ཟིན་པ་རྨ་བྱས་དུག་ཟོས་འདྲ། །ཡེ་ནས་རིགས་ལྔར་ཤེས་པས་ཡེ་ཤེས་འགྱུར། །དེ་སྐད་དུ་རྩ་རྒྱུད་ལས། གཏི་མུག་ཆགས་སྡང་ཞེ་སྡང་དང༌། །ང་རྒྱལ་ཕྲག་དོག་མི་སྤོང་ངོ༌། །ཞེས་པ་ལས་རྒྱུ་གང་གི་མི་སྤོང་ཞེ་ན། རང་བཞིན་ཡོངས་ཤེས་ཀྱིས་མི་སྤོང་བ་དང༌། ཐབས་ཀྱིས་ཟིན་པས་མི་སྤོང་བ་སྟེ། དང་པོ་ནི། ཉོན་མོངས་པའི་རང་བཞིན་ངོ་བོ་ཉིད་མེད་པར་རྟོགས་ན་རྣམ་པར་གྲོལ་བ་ཡིན་པའི་ཚུལ་ངེས་པ་དོན་གྱི་མདོ་སྡེ་ལས་ཀྱང༌། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་སྤངས་པས་རྣམ་པར་གྲོལ་བ་མ་ཡིན་ནམ་སྨས་པ། གང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་སྤངས་པས་རྣམ་པར་གྲོལ་བའོ་ཞེས་བསྟན་པ་ནི་ང་རྒྱལ་བ་རྣམས་ལ་སྟེ། གང་ང་མེད་པ་རྣམས་ཀྱི་དོན་ནི་འདོད་ཆགས་དང་


JLAZ003_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་དང་གཏི་མུག་གི་རང་བཞིན་ཉིད་རྣམ་པར་གྲོལ་བའོ། །ཞེས་དང༌། པདྨ་ནི་དགུན་དུ་འཁྱག་ལས་མི་སྐྱེ་ཡི། ཆུ་དང་འདམ་ལས་སྐྱེའོ། །དེ་བཞིན་དུ་བླ་ན་མེད་པ་གང་དག་རྫོགས་པའི་བྱང་ཆུབ་ནི། ཉན་ཐོས་ཉོན་མོངས་པ་སྤངས་ཤིང་འདུས་མ་བྱས་མཐོང་བ་རྣམས་ལ་མི་སྐྱེ་ཡི། འཇིག་ཚོགས་ལ་བལྟ་བ་རི་རབ་ལྟ་བུ་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བས། དེའི་ཕྱིར་ཉོན་མོངས་པ་ནི་དེ་བཞིན་གཤེགས་པའི་གདུང་ངོ༌། །ཞེས་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་སོ། །ཁྱད་པར་སྔགས་ཀྱི་སྡེ་སྣོད་ལས་ནི། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་བདེན་པས་ཉོན་མོངས་པའང་རང་རྒྱུད་ཀྱི་དངོས་པོ་ཅན་དུ་མི་འཆར་པས་རང་བཞིན་གྱིས་རྣམ་པར་དག་པས་སྤང་དུ་མེད་པ་དང༌། ཉོན་མོངས་པ་ལྔ་པོ་ཉིད་རིགས་ལྔའི་སངས་རྒྱས་ཀྱི་རིགས་དང་རང་བཞིན་དང་ཕྲིན་ལས་ཡིན་པས་ཉོན་མོངས་པ་སྤངས་ནས་བསྒྲུབ་ཏུ་མེད་པའི་ཚུལ་ཡང་ཡང་བཤད་ཟིན་ཏོ། །གཉིས་པ་ནི། འདི་ལྟར་འདོད་ཆགས་ལ་མཚོན་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཞེན་ཅིང་ལྷག་པར་ཆགས་པའི་མཚན་ཉིད་ཅན་དུ་གནས་ཀྱང༌། དེ་ལ་མ་བརྟེན་ན་སྦྱིན་པ་བཏང་བས་བསོད་


JLAZ003_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཀྱི་ཚོགས་སུ་འདུ་བྱེད་པ་དང༌། དེ་བཞིན་དུ་ཚུལ་ཁྲིམས་དང་བཟོད་པས་ཀྱང་ཚོགས་ཆེན་པོ་བསྐྲུན་དུ་མེད་དེ་ཐེག་པ་ཆེན་པོའི་སྡེ་སྣོད་ལས། འདོད་ཆགས་མེད་ན་འཇིག་ཚོགས་ལ་བལྟ་བ་མི་འབྱུང་ངོ༌། །བདག་དང་བདག་གིར་བལྟ་བ་མེད་ན་སྙིང་སྟོབས་མི་འབྱུང་སྟེ། དེ་བས་ན་འཇིག་ཚོགས་ལ་བལྟ་བ་རི་རབ་ལྟ་བུ་ཡོད་པ་རྣམས་ལ་སྙིང་སྟོབས་རི་རབ་ལྟ་བུ་སྐྱེ་བར་འགྱུར་ཏེ། སྙིང་སྟོབས་རི་རབ་ལྟ་བུ་བསྐྱེད་པའི་གང་ཟག་རྣམས་ཀྱིས་ནམ་མཁའི་དབྱིངས་ཀྱིས་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་བདག་གཅིག་པུས་གྲོལ་ཞིང་ཐར་བར་བྱའོ། །དབུགས་དབྱུང་བར་བྱའོ། །ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །ཞེས་སེམས་བསྐྱེད་ནུས་པར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་སྲིད་པ་ཐམས་ཅད་དུ་སྨོན་ལམ་གྱིས་ལུས་གྲུབ་པར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ན་ཉོན་མོངས་པའི་རླན་གྱིས་མ་བརླན་ན། སྲིད་པའི་མྱུ་གུ་མངོན་དུ་འགྲུབ་པའི་ཐབས་མེད་པས་དེ་བས་ན་འདི་སྤང་བར་མི་བྱ་སྟེ། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཀྱིས་ཉོན་མོངས་པ་རྣམས་ནི། ཕ་མ་དང་དགེ་བའི་བཤེས་གཉེན་ལྟ་བུར་བལྟ་བར་བྱ་བ་ཡིན་ནོ། །ཞེས་དང༌། དེ་ལ་


JLAZ003_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་ཕྱིན་དྲུག་གི་སྤྱོད་པ་ལ་འཇུག་ཚུལ་ཡང༌། གང་ལ་ཡོངས་སུ་བཏང་དགའ་བ། །དེ་ནི་མཆོག་ཏུ་བཤད་པ་ཡིན། །ཞེས་པ་ནས། ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུག་བཟོད་པ་ཡོངས་སུ་རྫོགས། །ཞེས་པས་མཚོན་ནོ། །ཁྱད་པར་སྔགས་ཀྱི་རང་ལམ་དུ་ནི། འདི་ལྟར་གཟུངས་ཀྱི་བདག་ཉིད་ཅན་ལ་མ་བརྟེན་ན་ཡེ་ཤེས་དང་དངོས་གྲུབ་ཀྱི་བྱེད་པར་མི་འགྱུར་བས་མཚོན། ཞེ་སྡང་ལ་སོགས་པ་གཞན་རྣམས་ཀྱང་ཡོན་ཏན་འགྲུབ་པའི་ཆོས་ཀྱི་རྐྱེན་དུ་གནས་པ་ཡང་ཡིན་ལ། ཐབས་དང་བྲལ་བ་རྣམས་ལ་ཉེས་སྐྱོན་གྱི་ཆོས་ཀྱི་རྐྱེན་དུ་ཡང་གནས་པ་ཡང་ཡིན་པ་ལས། འདིར་ནི་ཐབས་དང་ཤེས་རབ་གཉིས་ཀས་ཟིན་པས་རྨ་བྱས་འཛིན་པ་ལ་བྱ་བ་བཞིན་དུ། ཉོན་མོངས་པའི་རང་བཞིན་ཡེ་ཤེས་སུ་གྲོལ་བར་འགྱུར་བའི་ཚུལ་རྒྱུད་ལས། སྔགས་ཀྱིས་ཡོངས་སུ་ཟིན་པའི་ནད། །ཀུན་ལ་གནོད་པར་བྱེད་མི་ནུས། །དེ་བཞིན་ཐབས་ཀྱིས་ཟིན་པ་ཡིས། །དུག་གསུམ་སྡུག་བསྔལ་གནོད་མི་འགྱུར། །ཞེས་སོ། །དེ་བས་ན་གཏི་མུག་ནི་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སྟེ། ཆོས་ཀྱི་དབྱིངས་ཀྱི་ངང་དུ་ཤེས་རབ་ཉིད་གྲུབ་པ་མེད་པས་རིག་པ་མེད་པར་རོ་གཅིག་པའི་ཕྱིར་རོ། །ཞེ་སྡང་ནི་མི་འཁྲུགས་པའི་དམ་ཚིག་སྟེ།


JLAZ003_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་ཅན་འདུལ་བའི་བདག་ཉིད་དོ། །ང་རྒྱལ་ནི་རིན་ཆེན་འབྱུང་ལྡན་གྱི་དམ་ཚིག་སྟེ། ཆོས་ཉིད་མཉམ་པ་ཉིད་ལ་སྲན་འཛུགས་པའི་བདག་ཉིད་དོ། །འདོད་ཆགས་ནི་སྣང་བ་མཐའ་ཡས་ཀྱི་དམ་ཚིག་སྟེ། ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་བདག་ཉིད་དོ། །ཕྲག་དོག་ནི་གདོན་མི་ཟ་བར་གྲུབ་པའི་དམ་ཚིག་སྟེ། ཆོས་མཉམ་པ་ཉིད་དུ་རྟོགས་ཤིང་དངོས་པོར་ཞེན་པ་བལྟ་བ་ལ་ཆེར་ཞེན་པ་རྣམས་གདུལ་བའི་བདག་ཉིད་དོ། །གཉིས་པའི་ཕྱོགས་ནི་བདུད་རྩི་ཆེན་པོ་ལྔ། །བླང་བྱར་ངེས་པས་ཆོས་ཉིད་རོལ་པར་བླང༌། །རིགས་ལྔའི་རང་བཞིན་ཉིད་དུ་ཤེས་པས་བླང༌། །དངོས་གྲུབ་བསྒྲུབ་པའི་དམ་རྫས་ཡིན་པས་བླང༌། །མཁའ་འགྲོ་འདུ་ཞིང་དངོས་གྲུབ་ཉེ་བས་བླང༌། །སངས་རྒྱས་ཀུན་གྱི་བརྟུལ་ཞུགས་ཡིན་པས་བླང༌། །དེ་སྐད་དུ་རྩ་རྒྱུད་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་བཅུད་མི་དོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་མཆོག །ཡེ་ནས་དག་མཉམ་རྟོགས་པར་སྤྱད། །ཅེས་དང༌། བདུད་རྩི་འབྱུང་བའི་རྒྱུད་བམ་པོ་བརྒྱད་པ་ལས་ཀྱང༌། ཀླུ་དང་བྲམ་ཟེ་གཙང་མ་ཟ། །དེ་ཡང་གྲོལ་བར་ངས་མ་བཤད། །ཁྱི་དང་ཕག་པ་མི་གཙང་ཟ། །དེ་ཡང་གྲོལ་བར་ངས་མ་བཤད། །རྣལ་འབྱོར་


JLAZ003_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལྡན་རྣམས་ཀྱིས་ནི། །ཆོས་སྐུ་གཅིག་ལ་ཐ་དད་པའི། །རིགས་ལྔའི་རང་བཞིན་འདི་བསྟན་ཏོ། །ཞེས་པ་ནས་སོ་སོའི་རང་བཞིན་བསྟན་པའི་མཐར། གཙང་དང་མི་གཙང་རྟོག་པ་ཡིན། །མཁས་པས་དབུས་ལའང་གནས་མི་བྱ། །ཞེས་པ་ལ་སོགས་པས་བསྟན་པ་བཞིན་མཉམ་གཞག་གི་དོན་དག་མཉམ་ཆེན་པོར་རྟོགས་པ་དང་རྗེས་ཐོབ་ཀྱི་རོལ་པར་རིགས་ལྔའི་རང་བཞིན་དུ་ཤེས་ནས་དམ་ཚིག་ཆེན་པོའི་རྫས་སུ་བླང་དོར་མེད་པར་སྤྱོད་པའོ། །ཆ་ཤས་དབྱེ་བ་ཉིས་བརྒྱའི་གྲངས་ངེས་ནི། །ཉི་ཤུར་བསྡུ་བ་ཀུན་གཟིགས་རོང་པའི་ལུགས། །དེ་སྐད་དུ་རྩ་རྒྱུད་ལས། རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཞེས་པས་རྩ་བ་གཅིག་ལའང་སུམ་ཅུ་རྩ་གཉིས་སུ་ཕྱེ་བས་བརྒྱ་དང་དྲུག་ཅུར་འགྱུར་ལ། ཡན་ལག་གཅིག་ཉིད་ལའང་ཉི་ཤུར་ཕྱེ་བས་ཉིས་བརྒྱར་འགྱུར་ཏེ་བསྡོམས་ན་སུམ་བརྒྱ་དྲུག་ཅུའོ། །འདི་ལྟར་ཡན་ལག་གི་དམ་ཚིག་ཉིས་བརྒྱ་པོ་ཉི་ཤུར་བསྡུ་བའི་ཚུལ་དཀོན་མཆོག་འགྲེལ་ལས། ཡན་ལག་གི་དམ་ཚིག་ནི། ཡན་ལག་ཉི་ཤུར་དབྱེ་བར་བྱ་སྟེ། གཅིག་ལ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡན་ལག་རྣམ་པ་ལྔ། སྐུ་གསུང་ཐུགས་ཀྱི་དངོས་གཞི་གསུམ་ཡང་དེ་ཉིད་དུ་ཞིག་སྟེ་ཡན་ལག་གི་གཞི་


JLAZ003_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

མེད། རྩ་བ་ཐབས་དང་ཤེས་རབ་གཉིས་ཀྱང་ཐབས་ཤེས་རབ་དང་ལྡན། ཤེས་རབ་ཐབས་དང་ལྡན་པས་རྩ་བ་གཉིས་པོ་ཞིག་སྟེ་ཡན་ལག་བཞིར་འགྱུར་བས། དེ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཆ་ཤས་སུ་འགྱུར་བས་རྩ་བའི་འཕྲོ་གཞི་མེད་དེ། ཡན་ལག་དང་ཆ་ཤས་ཉི་ཤུ་ཉི་ཤུར་འགྱུར་རོ། །ཞེས་སོ། །སེམས་ཀྱི་ཕྱོགས་ལ་མེད་དང་གཅིག་པུ་དང༌། །ཕྱལ་བ་དང་ནི་ལྷུན་གྲུབ་ཅེས་གྲགས་པ། །བསྲུང་མཚམས་བྲལ་ལ་འདའ་བྱ་མི་དམིགས་པའི། །ངོ་བོའི་བཞུགས་ཚུལ་དམ་ཚིག་ཆིངས་ཀྱིས་བཅིངས། །ཡེ་ནས་ཉམས་མེད་རྡོ་རྗེ་རྒྱལ་པོའི་ལུགས། །དེ་ལ་རང་བཞིན་རྫོགས་པ་ཆེན་པོ་ནི་འཕགས་པའི་ལམ་ཡིན་པས་ངོ་བོའི་བཞུགས་ཚུལ་ལ་རྟོགས་པ་ལྟ་བའི་དམ་ཚིག་ཆེན་པོ་བཞིའི་ཆིངས་ཀྱིས་བཅིངས་ནས་གནས་ལུགས་ཀྱི་གཤིས་དེ་ལས་གཞན་དུ་མི་གཡོ་བའི་དོན་དུ་བསྟན་པ་སྟེ་རིན་པོ་ཆེ་སྤུངས་པ་ལས། དེ་དུས་བསྲུང་བའི་མཚམས་འདས་པའི། །དམ་ཚིག་ལྷུན་གྲུབ་ཆེན་པོ་དང༌། །མེད་དང་གཅིག་པུ་ཕྱལ་བ་ཡིས། །དེ་ཡི་གྲོགས་སུ་དེ་འགྱུར་རོ། །ཞེས་སོ། །དེ་ལ་དང་པོ་ནི་ངོ་བོ་ཀ་ནས་དག་པ་སྤྲོས་བྲལ་རང་བྱུང་ཆེན་པོའི་དམ་ཚིག་ནི་བསྲུང་མཚམས་མེད་པའི་ཆོས་ཉིད་ལས་མི་གཡོ་བ་


JLAZ003_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བྱར་མེད་ལྷུན་རྫོགས་ཀྱི་ཡེ་ཤེས་ཆེན་པོའི་ངོ་བོར་གནས་པ་སྟེ། ཐིག་ལེ་ཀུན་གསལ་ལས། རང་རིག་ཡེ་ཤེས་ཆེན་པོ་ལ། །བསྲུང་དང་སྲུང་བྱེད་གཉིས་མེད་པས། །ཉམས་དང་མ་ཉམས་གཉིས་སུ་མེད། །ཐེག་བརྒྱད་བཅོས་མའི་ཚིག་གི་གྲངས། །ང་མི་བསྲུང་བས་མེད་ཅེས་བྱ། །ཞེས་སོ། །དེ་ཡང་འདི་ལྟར་ཕུང་པོ་ལྔ་ཡུལ་མེད་དུ་རྟོགས་པའི་ངང་དང་རང་བཞིན་གྱི་བདག་ཉིད་གང་ཡིན་པ་ལ་ཚོགས་བརྒྱད་ཀྱི་འཆིང་བས་དཀྲིགས་ནས། འདའ་ཉམས་ཀྱི་རྣམ་པར་རིག་པ་ཅན་དུ་བལྟ་བ་ནི་སྣང་བཏགས་དང་ཤེས་བྱའི་ཆོས་ལས་མ་འདས་པའི་ཕྱིར་རོ། །དེ་སྐད་དུ་སྤྱི་མདོ་ལས། བསྲུང་བྱ་སྲུང་བྱེད་མེད་པ་ནི། །ཆོས་ཉིད་དམ་པའི་དམ་ཚིག་ཡིན། །ཞེས་སོ། །དེ་ལ་རྒྱུ་མཚན་མེད་དོ་སྙམ་ན་རྟོགས་པའི་དུས་ན་བླང་དོར་མེད་པའི་དོན་ཏེ་རྫོགས་པའི་སངས་རྒྱས་དང་རྟོགས་པ་མཉམ་པ་ས་ར་ཧས། ཀྱེ་མ་གནས་ལུགས་རྟོགས་ནས་དམན་པ་ཉིད་བྱེད་ན། །རྒྱལ་པོ་ཁྲི་ལས་བབས་ནས་ཕྱག་དར་བྱེད་པ་བཞིན། །ཟད་མི་ཤེས་པའི་བདེ་བ་ཆེན་པོ་ཉིད་སྤངས་ནས། །འཁོར་བའི་བདེ་ལ་རེག་པ་ཉིད་ཀྱིས་འཆིང༌། །ཞེས་སོ། །གཉིས་པ་ནི། དེ་ལྟར་ཕྱི་ནང་ཡུལ་མེད་དུ་རྟོགས་པའི་ངང་ནས་སྒོ་ལྔ་རང་ཡན་གྱི་རིག་པ་ལ་སྙམ་


JLAZ003_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་བློ་ཞེན་མི་འཇུག་པར་ཆོས་ཅན་ཐམས་ཅད་ཆོས་ཉིད་ཡངས་པར་ལ་བཟླ་བ་ལ་ནི་ཕྱལ་བ་ཞེས་བྱ་སྟེ། ཀུན་བྱེད་ལས། དངོས་པོ་མི་སྤྱོད་ཡེ་ཤེས་མ་འགགས་པ། །དེ་ལ་ཕྱལ་བ་ཞེས་སུ་བཏགས་པ་ཡིན། །ཞེས་དང༌། ཀུན་གསལ་ལས། འོག་མའི་དམ་ཚིག་ལས་གྲོལ་ཞིང༌། །རང་གི་སྒོ་གསུམ་ཡངས་པས་ན། །ཕྱལ་པ་ཞེས་སུ་གཏགས་པ་ཡིན། །ཞེས་དང༌། སྔ་མའི་གཞུང་ལས། སེམས་ཀྱི་གླང་པོ་ཡན་དུ་ཆུག །དེ་ནི་རང་ཉིད་ལ་དྲིས་ཤིག །ཅེས་སོ། །གསུམ་པ་ནི། དེ་ལྟར་ངོ་བོ་ཉིད་མེད་པའི་ཆོས་ཉིད་ཀ་དག་གི་གདངས་ལ་མཁྱེན་ཆ་དང་ཡོན་ཏན་གྱི་ཚོགས་རང་བཞིན་ལྷུན་གྲུབ་ཏུ་གནས་པ་ཆོས་ཅན་སྣང་བ་བཞིའི་ཉམས་ལེན་དང་མི་འབྲལ་བ་ནི་ལྷུན་གྱིས་གྲུབ་པའི་དམ་ཚིག་སྟེ་ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་ཀུན། །ཡིད་ཆོས་བྱང་ཆུབ་སེམས་སུ་རྫོགས་པའི་ཕྱིར། །ལྷུན་གྱིས་གྲུབ་པ་ཞེས་སུ་ང་ཡིས་བཤད། །ཅེས་དང༌། ཀུན་གསལ་ལས། རང་རིག་ཡེ་ཤེས་གཅིག་པུ་ལ། །བྱ་རྩོལ་མེད་པར་ཡོངས་བསྲུངས་པས། །ལྷུན་གྲུབ་ཅེས་སུ་བཏགས་པ་ཡིན། །ཅེས་སོ། །བཞི་པ་ནི། འདི་ལྟར་དམ་ཚིག་དང༌།


JLAZ003_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་མ་ཡིན་པ་དང༌། སྡོམ་པ་དང་སྡོམ་པ་མ་ཡིན་པ་དང༌། དངོས་པོ་དང་དངོས་པོ་མེད་པ་དང༌། སྐྱེ་བ་དང༌། འགག་པ་དང༌། བདག་གིས་ནི་རྟོགས་སོ། །གཞན་ནི་འཁྲུལ་ལོ་ཟེར་ནས་བློ་དང་སྙམ་བྱེད་གཉིས་ཀྱིས་གཞལ་བའི་འདོད་དགའི་ལྟ་བ་དགག་བཞག་གི་རྗེས་སུ་འབྲང་བ་དང༌། ཕོ་ཚོད་ཀྱི་རྟོགས་པ་ཐམས་ཅད་བློས་མི་མཚོན་པ་ཆོས་ཉིད་གཅིག་ཏུ་གནས་གྱུར། བལྟས་པས་མ་མཐོང་བས་རང་བཞིན་གཅིག་ཏུ་གནས་གྱུར། ཚིག་གིས་མི་མཚོན་པའི་ཡེ་ཤེས་གཅིག་ཏུ་གནས་གྱུར་པས་གཅིག་པུ་ཞེས་བྱ་སྟེ། ཀུན་གསལ་ལས། བསྲུང་དུ་མེད་པའི་དམ་ཚིག་ལས། །འདའ་མི་སྲིད་པའི་བསྲུང་ཐབས་ནི། །རང་རིག་ཡེ་ཤེས་གཅིག་པུ་བས། །གཅིག་པུ་ཞེས་སུ་བཏགས་པ་ཡིན། །ཞེས་དང༌། ཀུན་བྱེད་ལས། སེམས་སུ་ཀུན་གཅིག་གཅིག་པུར་བསྟན་པ་ཡིན། །ཞེས་སོ། །ཆོས་ཉིད་ལ་གཅིག་དང་དུ་མའི་སྒྲ་མི་འཇུག་གོ་སྙམ་ན་མིང་ལ་བརྟེན་ནས་དོན་ལ་འཇུག་པའི་གནས་སྐབས་ན་ཤིན་ཏུའང་རུང་བས་ན་མདའ་བསྣུན་གྱིས་ཀྱང༌། གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །གཉུག་མའི་ཡིད་ལ་སྐྱོན་གྱིས་བྱིས་པ་བསླུས། །སྐྱེ་བོ་མ་ལུས་ལྷག་པར་སུན་འབྱིན་ཞིང༌། །ང་རྒྱལ་


JLAZ003_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་གྱིས་དེ་ཉིད་མཚོན་མི་ནུས། །འཇིག་རྟེན་མ་ལུས་བསམ་གཏན་གྱིས་རྨོངས་འགྱུར། །གཉུག་མའི་རང་བཞིན་སུས་ཀྱང་མཚོན་དུ་མེད། །བླུན་པོ་རྣམས་ཀྱིས་རང་གི་བློ་ལ་དཔྱད་བྱས་ན། །སྐད་ཅིག་གྲོལ་བ་དེ་ལ་ཆོས་ཀྱི་སྐུ་ཞེས་བྱ། །གྲོལ་བ་དེ་ལས་གཞན་པའི་བདེ་ཆེན་ས་ཡོད་ཅེས། །བྱིས་པ་རྣམས་ཀྱིས་སྨྲས་ཀྱང་སྨིག་རྒྱུའི་ཆུ་དང་མཚུངས། །ཐ་མི་དད་པའི་ཡེ་ཤེས་ཁོ་ན་མཆོག་གཅིག་པུ། །ཞེས་སོ། །དེའི་ཕྱིར་བསྲུང་མཚམས་དང་བྲལ་བའི་ཆོས་ཉིད་རྟོགས་པ་ལ་ནི་ཡེ་ནས་ཉམས་པ་མེད་པ་རྡོ་རྗེ་རྒྱལ་པོའི་ལུགས་ཞེས་བྱ་སྟེ་དེའི་ཤེས་རྒྱུད་ལ་བསོད་ནམས་མ་ཡིན་པ་འདུ་མི་བྱེད་པའི་ཕྱིར་དང༌། འདའ་བར་བྱ་བའི་དམིགས་པ་མེད་པས་ངོ་བོ་ཉིད་ཀྱི་བཞུགས་ཚུལ་གང་ཡིན་པ་དམ་ཚིག་གི་ཆིངས་ཀྱིས་བཅིངས་པ་ཙམ་ལས་འོག་མ་ཁྱད་དུ་གསོད་པའི་ཚིག་ཏུ་འཁྲུལ་པར་མི་བྱ་སྟེ། ཡི་གེ་མེད་པ་ལས། དེ་དུས་བསྲུང་མཚམས་ལས་འདས་པའི། །མེད་དང་གཅིག་པུ་ཕྱལ་པ་ཡི། །དེ་ཡི་གྲོགས་སུ་དེ་འགྱུར་རོ། །ཞེས་བཤད་དོ། །ཚུལ་དེའི་ཕྱིར་སློབ་དཔོན་སངས་རྒྱས་གཉིས་པས། རྒྱལ་པོ་ཆེན་པོ་ངའི་གསང་སྔགས་འདི་ལྟ་བ་ཆོས་ཀྱི་སྐུ་དང་བསྟུན་ལ། སྤྱོད་པ་བྱང་


JLAZ003_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་ཕྱོགས་དང་བསྟུན་ནས་ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བ་མཛོད། ཤོར་ན་དགེ་མེད་སྡིག་མེད་དུ་སོང་ནས་ཕྱིས་གསོར་མི་རུང༌། སྤྱོད་པའི་རྗེས་སུ་ལྟ་བ་འབྲངས་ན་དངོས་པོ་མཚན་མས་བཅིངས་ནས་གྲོལ་བར་མི་འགྱུར། ངའི་སྔགས་སེམས་ཕྱོགས་འདི་ལྟ་བ་ཤས་ཆེ། མ་འོངས་པ་ན་ཚིག་གི་གདེངས་ནི་ཤེས་ཏེ་ལྟ་བའི་གདེངས་མ་རྙེད་པ་མང་པོ་ཞིག་ངན་སོང་དུ་འགྲོ། ཞེས་གསུངས་སོ། །དེ་ལྟ་བས་ན། ལམ་ཞུགས་རྣམས་ཀྱི་རང་རྒྱུད་དག་བྱའི་ཕྱིར། །ཉམས་ན་ཕྱིར་བཅོས་རིན་ཆེན་བུམ་པ་བཟང༌། །དམ་ཚིག་རྣམ་པར་བཀོད་པའི་གྲུབ་མཐའ་ནི། །རྩ་བའི་བླ་མའི་སྐུ་གསུང་ཐུགས་གསུམ་ལ། །ཕྱི་ནང་གསང་བའི་དམ་ཚིག་གསུམ་ཚན་གསུམ། །སྲོག་གཅོད་མི་ཚངས་སྤྱོད་དང་བརྐུ་བ་སྤང༌། །ཕ་མ་སྤུན་སྲིང་རང་ལུས་ཆོས་གང་སྨོད། །བླ་མའི་གྲིབ་འགོང་ཡུམ་གཙེ་སྤུན་སྲིང་བརྡེག །གསུང་གི་གསུམ་ལ་རྫུན་ཕྲ་ཚིག་རྩུབ་སྤང༌། །ཆོས་སྨྲ་དོན་སེམས་གནས་ལུགས་སྒོམ་མི་སྐུར། །བླ་མའི་ཡུམ་དང་སྤུན་སྲིང་ཚིག་མི་བརྙས། །ཐུགས་ཀྱི་གསུམ་ལ་ཡིད་ཀྱི་རྣམ་གསུམ་དང༌། །སྤྱོད་དང་བསྒོམ་དང་ལྟ་བ་ལོག་པ་སྤང༌། །བླ་མ་ལྷ་མཆེད་བལྟ་བསྒོམ་ཐུན་ཀུན་སེམས། །དེ་ལ་ལམ་ཞུགས་རྣམས་ནི་འབྲས་བུ་ལ་


JLAZ003_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་མ་ཡིན་པས་གཤིས་ཀྱི་བཞུགས་ཚུལ་དམ་ཚིག་གི་ཆིངས་ཆེན་པོས་བཅིངས་པའི་ཚིག་ཐམས་ཅད་ལ་འཁྲུལ་དུ་མི་གཞུག་པར་རང་རྒྱུད་དག་པའི་ཐབས་ལ་འབད་དགོས་ཏེ་དམ་ཚིག་མཆོག་གི་རྒྱུད་ལས། དམ་ཞེས་བྱ་བ་བཅིངས་པ་སྟེ། །རྡོ་རྗེ་འདའ་ཀ་གཏན་གྱི་གཉེར། །ཞེས་དང༌། ངེས་ཚིག་ཀྱང་ས་མ་ཡ་ཞེས་པའི་སྒྲ་དོན་དམ་དུ་བསྲུངས་ན་མི་དགེ་བ་འཚིག་པས་དམ་ཚིག་དང༌། སྐུ་གསུང་ཐུགས་ལ་སོགས་པའི་དམ་རྒྱ་མྱུར་བ་གང་ཞིག་ལས་ཉམས་ན་དམྱལ་མེས་འཚིག་པ་སྟེ། དམ་ཚིག་རྣམ་བཀོད་ལས། ས་ཞེས་བྱ་བ་བསྐྱེད་པ་ལ། །མ་ཞེས་བྱ་བ་མ་ཉམས་ན། །དངོས་གྲུབ་ཐམས་ཅད་སྟེར་བ་ཉིད། །ཡ་ཞེས་ཉམས་ན་ཡལ་བར་འགྱུར། །དམ་ཞེས་བྱ་བ་བཅིངས་པ་སྟེ། །དེ་ཉིད་གྲོལ་ན་ཉམས་པ་ཉིད། །ཚིག་ཅེས་བྱ་བ་དེ་འདས་ན། །མེ་ཡིས་སྡུག་བསྔལ་མྱོང་བའོ། །ཞེས་དང༌། འཇམ་དཔལ་བཤད་རྒྱུད་ལས། དབང་རྣམས་འཛིན་པའི་རྟེན་དག་ནི། །དམ་ཚིག་ཡིན་ཏེ་ཉམས་ན་ཡལ། །དཔེར་ན་གྱང་དང་རི་མོ་བཞིན། །ཞེས་སོ། །དབྱེ་བའི་དབང་དུ་བྱས་ན་རང་ཤར་ལས། འབུམ་སྡེར་གསུངས་པའི་དམ་ཚིག་རྣམས། །མདོར་བསྟན་ལེགས་པར་ཡིད་ལ་


JLAZ003_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང༌། །དེ་ཡང་མདོ་བསྟན་འདི་ལྟ་སྟེ། །རྟོགས་བྱེད་ལྟ་བའི་དམ་ཚིག་དང༌། །སྤྱོད་པ་རྒྱུན་གྱི་དམ་ཚིག་དང༌། །བསྒྲུབ་པ་སྤྱི་ཡི་དམ་ཚིག་དང༌། །ཐུན་མོང་སྤྱི་ཡི་དམ་ཚིག་དང༌། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༌། །ཡན་ལག་གྲངས་ཀྱི་དམ་ཚིག་དང༌། །གལ་མདོ་ངེས་པའི་དམ་ཚིག་གོ །ཞེས་སོ། །དེ་དག་ཀྱང་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གསུམ་དུ་འདུ་བ་ལས། དང་པོ་སྤྱིའི་དམ་ཚིག་ནི་སོ་བྱང་དང་རྒྱུད་སྡེ་ཕྱི་པས་བསྡུས་པ་གང་ཡིན་པ་སྟེ། ཤཱནྟ་ཏནྟྲ་ལས། སོ་སོ་ཐར་དང་བྱང་ཆུབ་སེམས། །བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས། །བསྲུང་བར་བྱ་བ་གང་གསུངས་པ། །ཐུན་མོང་སྤྱི་ཡི་དམ་ཚིག་ཡིན། །ཞེས་སོ། །གཉིས་པ་ནི་སྔགས་སྤྱི་ལ་ཁྱབ་པའི་དམ་ཚིག་ཡིན་པས་འདིར་འཆད་པར་བྱ་བ་སྟེ། སྤྱི་མདོ་ལས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་སྤྱད་དང་ཡིད་འོང་དང༌། །མི་འདོར་ཤེས་བྱ་བསྒྲུབ་པ་དང༌། །ཞེས་ཉི་ཤུ་རྩ་བརྒྱད་དུ་གྲངས་ངེས་པའི་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལའང་ཕྱི་ནང་གསང་གསུམ་དང༌། རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བས་ཉི་ཤུ་རྩ་བདུན་ཏེ། དམ་ཚིག་རྣམ་བཀོད་ལས། སྐུ་དང་གསུང་དང་ཐུགས་དག་ལས། །རེ་རེ་ལའང་དགུ་དགུ་སྟེ། །འཇུག་དང་ལས་ཀྱི་རྣམ་


JLAZ003_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤེས། །ཞེས་སོ། །རང་བཞིན་རྒྱས་པར་ཕྱེ་ན་དམ་ཚིག་རིན་པོ་ཆེ་རྣམ་པར་བཀོད་པའི་རྒྱུད་ལས། སྐུ་ཡི་ཕྱི་ཡི་དམ་ཚིག་ལ། །རྣམ་པ་གསུམ་དུ་བརྟག་བྱ་སྟེ། །མ་བྱིན་བླངས་པས་ཕྱི་ཡི་ཡང༌། །སྐུ་ཡི་དམ་ཚིག་ཉམས་པར་འགྱུར། །དེ་ཡི་རྟགས་སུ་ཡན་ལག་ནད། །མི་བཟད་སྣ་ཚོགས་ལུས་ལ་འབྱུང༌། །མི་ཚངས་སྤྱད་པ་ནད་ཡིན་ཏེ། །རྟགས་སུ་དབང་པོའི་ནད་རྣམས་སོ། །སྲོག་གཅོད་པ་ནི་གསང་བ་སྟེ། །དེ་ཡི་རྟགས་སུ་དོན་སྣོད་ནད། །རྣལ་འབྱོར་པ་ཡིས་མྱོང་བའོ། །ཞེས་དང༌། བསྐང་བའི་ཆོ་ག་དང་བསྐང་ཚུལ་ནི་དམ་ཚིག་མཆོག་གི་རྒྱུད་ལས། རྟགས་དང་སྦྱར་བའི་རྣལ་འབྱོར་པས། །ཕྱི་ཡི་ཕྱི་ལ་ལྡེར་སོ་དང༌། །རི་མོའི་ལས་ནི་ལན་བདུན་བགྱིས། །དེ་ཡིས་སྡིག་ལས་རྣམ་པར་གྲོལ། །ཕྱི་ཡི་ནང་ལ་ལུགས་སྐུ་བདུན། །རབ་ཏུ་གནས་པས་རྩོལ་བས་བཞེངས། །བླ་མ་མཆོག་ལ་དབུལ་བར་བྱ། །ཕྱི་ཡི་གསང་བའི་རྟགས་བྱུང་ན། །རྡོ་རྗེ་དང་ནི་དྲིལ་བུ་ཉིད། །དགུའམ་བཅུ་གཅིག་བླ་མ་ལའོ། །དེས་ནི་ནད་ལས་གྲོལ་བ་དང༌། །འདོད་པ་ཕུན་སུམ་ཚོགས་པ་དང༌། །དགེ་དང་ཞི་བའི་ལས་འགྲུབ་དང༌། །འགྲོ་བ་རྣམས་ནི་བྱམས་པར་འགྱུར། །ཞེས་སོ། །སྐུའི་ནང་ལ་


JLAZ003_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཕྱི་ནང་གསང་བ་གསུམ་ནི་ཁང་བུ་བརྩེགས་པ་ལས། ནང་གི་ཕྱི་ནི་སྤུན་དང་ཡང༌། །གང་གིས་ཕ་དང་མ་ཉིད་དང༌། །རང་གི་ལུས་ལ་མི་སྨད་དོ། །ནང་གི་ནང་ཉིད་སྤྱིར་ན་ཡང༌། །ཐེག་པ་ཆེ་ཆུང་ཆོས་རྣམས་ལ། །འཇུག་པར་འདོད་དང་ཞུགས་པ་དང༌། །ཞུགས་ཏེ་གཟུགས་བརྙན་འཛིན་པའི་ལུས། །སྨད་ཅིང་མཐོ་བཙམས་རྒྱན་སྨད་ན། །སངས་རྒྱས་སྐུ་ནི་བརྒྱ་ཕྲག་བསླུས། །ནང་གི་གསང་བར་རང་གི་ལུས། །ལྷ་ཡི་དཀྱིལ་འཁོར་ཡིན་པའི་ཕྱིར། །སྨན་དང་ཟས་ལ་དུག་འདྲེས་ཟོས། །གལ་ཏེ་མཚོན་གྱིས་བཏབ་ན་ཡང༌། །ཟག་པའི་ལམ་མེད་ལུས་བརྒྱ་བླངས། །དེ་འོག་ཚ་བའི་དམྱལ་བ་མྱོང༌། །ཞེས་སོ། །སྐུའི་གསང་བའི་ཕྱི་ནང་གསང་བ་གསུམ་ཡང་དེ་ཉིད་ལས། སྐུ་ཡི་གསང་བ་ཕྱི་ལ་ཡང༌། །རྡོ་རྗེ་སྤུན་ནམ་སྲིང་མོ་ཡི། །ལུས་ཀྱི་རྒྱན་ལ་དཔྱས་པ་དང༌། །མཐོ་བཙམས་ལག་གིས་བརྡེག་པའི་ཚུལ། །གལ་ཏེ་གཞན་ལ་བྱེད་བཅུག་ན། །འདི་ཡང་མནར་མེད་རྒྱུད་འཕེལ་འགྱུར། །ནང་གི་ཤིན་ཏུ་འདྲེས་པའི་མཆེད། །ཀུ་རེ་རྩེད་མོའི་ཚུལ་ཙམ་དུའང༌། །བརྡེག་གམ་བརྡེག་པར་བཙམས་པའམ། །རྨི་ལམ་ན་ཡང་ཡུམ་ལ་གཙེས། །དེ་མ་ཐག་ཏུ་མ་བཤགས་ན། །འདི་ཡང་སྔར་དང་སྡིག་མཉམ་མོ། །གསང་བའི་གསང་བ་བླ་མ་ཡི། །


JLAZ003_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་གྲིབ་མ་མི་འགོང་ལ། །བླ་མའི་སྤྱན་ལམ་དག་ཏུ་ཡང༌། །མཚོན་ཆ་གཟུང་བར་མི་བྱའོ། །རྐང་ལག་བརྐྱང་དང་ཉལ་མི་བྱ། །སྐྱིལ་ཀྲུང་འདུག་དང་རྒྱབ་མི་བསྟན། །ལྷྭམ་དང་སྟན་དང་བཞོན་པ་དང༌། །གདུགས་སོགས་སྒེག་པའི་རྒྱན་རྣམས་སྤང༌། །བླ་མའི་གཟིམས་ཁང་དག་ལ་ཡང༌། །ལག་པས་མཚོན་ནམ་རྡོ་དག་གིས། །བཙམ་པར་བྱ་བ་མ་ཡིན་ནོ། །དེ་དག་ལས་ནི་འབུམ་འགྱུར་དུ། །བླ་མའི་གནས་ཁང་བཤིག་པ་དང༌། །སྐུ་ལ་བཙམས་ཤིང་བསྡིགས་བྱས་པ། །འདི་ཡི་སྡིག་པ་ཕ་མཐའ་ཡས། །གལ་ཏེ་བླ་མ་བག་མེད་པས། །མ་སྤྱད་སྟོངས་ནའང་ཕ་མཐའ་ཡས། །མཆེད་སྤུན་སྐུ་ལ་བརྙས་བྱས་ན། །འདི་ཡི་རྣམ་སྨིན་བརྗོད་མི་ནུས། །ཞེས་སོ། །གསུང་གི་དམ་ཚིག་ལའང་ཕྱིའི་ཕྱི་རྫུན་སྤོང་བ་ནི་འཁོར་ལོ་བརྩེགས་པ་ལས། སྔགས་ཀྱི་མོས་པ་སྤྱོད་པ་ཡིས། །འགྲོ་བ་ཕལ་པ་དག་ལ་ཡང༌། །བརྫུན་པའི་ཚིག་ནི་རང་འདོད་ཀྱིས། །སྨྲ་ལ་རྟག་ཏུ་དགའ་བ་ལ། །སྔགས་བཟླས་ནུས་པ་མི་འབྱུང་ཞིང༌། །གཞན་ལ་སྨྲ་བའང་བཙུན་པ་མིན། །རང་གི་ངག་ཉིད་ཉམས་པ་ཡིས། །འགྲོ་བ་གཞན་གྱི་ལྕེ་འབབ་འགྱུར། །མ་འོངས་དུས་ན་སྨེ་ཤའི་ལུས། །བདག་གི་ཕྱོགས་སུ་མྱོང་བར་འགྱུར། །དེ་འོག་ངན་སོང་


JLAZ003_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཡང༌། །རྣམ་པ་སྣ་ཚོགས་མྱོང་བར་འགྱུར། །ཞེས་སོ། །གསུང་གི་ཕྱིའི་ནང་གི་དམ་ཚིག་ཏུ་ཕྲ་མ་མི་སྨྲ་སྟེ། དེ་ཉིད་ལས། སྔགས་ལ་ཞུགས་པའི་གང་ཟག་གང༌། །གཞན་གཉིས་དབྱེ་འཇུག་ཕྲ་མ་སྨྲ། །ཆོས་སྨྲས་འཁོར་རྣམས་མི་འདུ་དང༌། །ཅི་བྱས་ལོག་པར་འགྱུར་བ་དང༌། །མ་སྤྱད་པར་ཡང་དགྲར་འགྱུར་དང༌། །ལུས་ལ་མཚོན་གྱིས་འདེབས་པ་དང༌། །ཤི་འཕོས་ནས་ནི་སྡེར་ཅན་ལུས། །དེ་ནས་ངན་སོང་རིམ་གྱིས་མྱོང༌། །ཞེས་སོ། །ཕྱིའི་གསང་བ་གཞན་གྱི་ཞེ་གཅོད་པ་སྤོང་བ་སྟེ། དེ་ཉིད་ལས། རྟག་ཏུ་ཞེ་གཅོད་ཚིག་སྨྲ་བ། །སྔ་མའི་ལས་དང་ཕྱི་མའི་རྟགས། །འགྲོ་བ་བྱམས་བྲལ་བཤེས་ཀྱང་སྡང༌། །ཆོས་ཀྱི་ཚིག་ཀྱང་འཆོལ་བར་འགྱུར། །ཤི་འཕོས་རབ་ཏུ་གྲགས་པའི་ལུས། །དེ་ནས་ངན་སོང་གསུམ་དུ་འཁོར། །ཞེས་སོ། །གསུང་གི་ནང་གི་གསུམ་ནི། ཆོས་སྨྲ་བ་ཕྱི། བསྒྲུབ་པ་ནང༌། བསྒོམ་པ་གསང་བ་སྟེ། དམ་ཚིག་རྣམ་བཀོད་ལས། སྔགས་པ་སྡོམ་ལ་གནས་པ་ཡིས། །ཆོས་སྨྲ་རྣམས་དང་ཆོས་བསྒྲུབ་དང༌། །ཆོས་ནི་སྒོམ་པའི་གང་ཟག་ལ། །སྨྲེ་ཞིང་སྐུར་པ་བཏབ་པ་དང༌། །གཤེ་ཞིང་སྨད་པའི་ཚིག་སྨྲ་ན། །གཞན་གྱི་མོས་པ་ཉམས་


JLAZ003_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། །རང་གི་བདོག་པ་ཉམས་པ་དང༌། །རང་གི་ཆོས་རྣམས་བརྗེད་ངས་ཏེ། །ཡིད་དཔྱོད་འདྲ་མིན་འཆོལ་བར་འགྱུར། །ཞེས་སོ། །གསང་བའི་གསུམ་ནི། ཕྱི་རྡོ་རྗེའི་སྤུན་སྲིང་ལ་སྨད་པ། ནང་བླ་མའི་ཕྱག་རྒྱ་དང་ཉེ་འཁོར། །གསང་བ་བླ་མ་ལ་སྨོད་པ་ནི། བཀོད་པ་ཆེན་པོ་ལས། བླ་མ་དང་ནི་ཉེ་བའི་འཁོར། །རྡོ་རྗེ་སྤུན་དང་སྲིང་མོ་ལ། །ངན་སྨྲས་ཚིག་གི་ཟུར་ཙམ་ཡང༌། །བརྡའམ་དངོས་པོར་བརྗོད་མི་བྱ། །གལ་ཏེ་རྨི་ལམ་དག་ཏུ་ཡང༌། །བྱུང་ན་ཡིད་ཀྱིས་བཤགས་པར་བྱ། །དངོས་དང་ཞེ་ཡིས་བྱས་པ་དང༌། །གལ་ཏེ་དྲན་པས་མ་ཟིན་པར། །ཐལ་བར་གྱུར་ཀྱང་མ་བཤགས་ན། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་སོ། །དེ་བཞིན་དུ་ཐུགས་ཀྱི་དམ་ཚིག་ལའང་ཕྱི་ནང་གསང་གསུམ་ལ་གསུམ་ཚན་རེས་དབྱེ་བ་ལས། དང་པོ་ཕྱིའི་ཕྱི་ནི་སྙིང་པོའི་རྣམ་པར་ལེན་པའི་རྒྱུད་ལས། གང་དག་སྔགས་པ་རྡོ་རྗེ་འཛིན། །སེམས་ཅན་གཞན་ནམ་རང་ཡང་རུང༌། །གནོད་པར་བྱ་བའི་སེམས་འཆང་ན། །འདི་ནི་ཤུ་བ་ཅན་གྱི་ལུས། །གྲང་བའི་རེག་པར་ལྡན་པ་ཡི། །ལུས་ནི་སྟོང་ཕྲག་ལྔ་བླངས་ནས། །གྲང་བའི་དམྱལ་བར་ངེས་པར་འགྱུར། །མཆོག་ཏུ་སྔགས་ལ་ཞུགས་


JLAZ003_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །གནོད་པར་བྱ་བའི་སེམས་བྱས་ན། །གོང་མའི་སྡུག་བསྔལ་མྱོང་བར་འགྱུར། །ཞེས་སོ། །ཕྱིའི་ནང་དུ་བླ་མ་དང་མཆེད་ལྕམ་ལ་གནོད་སེམས་སྤང་བ་སྟེ། གནམ་ལྕགས་འབར་བའི་རྒྱུད་ལས། གལ་ཏེ་སེམས་ཅན་ཕལ་པ་ལ། །ཡུལ་གྱུར་གནོད་པའི་སེམས་སྐྱེས་ན། །འགྲོ་བ་ཐུན་མོང་ལུས་ཅན་ནི། །བརྒྱ་ཕྲག་གསུམ་གྱི་སྲོག་བཅད་པས། །འདི་ཡི་སྡིག་པ་ཆ་དང་མཉམ། །གལ་ཏེ་བསྟན་པའི་རྟགས་འཛིན་པའི། །གཟུགས་ཅན་རྣམས་ལ་ལོག་འགྱུར་རོ། །སྔགས་ལ་ཞུགས་པ་ཕྲག་འགྱུར་རོ། །རྡོ་རྗེའི་སྤུན་སྲིང་བདུན་ཕྲག་གོ །བརྒྱུད་པའི་བླ་མ་བརྒྱ་ཕྲག་གོ །རྩ་བའི་བླ་མ་དེ་ཡི་བརྒྱ། །སྔགས་ཀྱི་སྒོར་ཞུགས་དབང་ཐོབ་པས། །མཆོག་ཏུ་རྣམ་སྨིན་དེ་ལྟར་རོ། །ཞེས་སོ། །ཕྱིའི་གསང་བ་རང་གཞན་གྱི་གྲུབ་མཐའ་ལ་ལོག་ལྟ་སྐྱེས་པ་སྤང་བ་སྟེ། བཀོད་པ་ཆེན་པོ་ལས། རང་ངམ་གཞན་གྱི་གྲུབ་པ་ཡི། །ཆོས་ལ་སྨོད་པ་ལོག་པའི་ལམ། །རྩ་བའི་དམ་ཚིག་ལས་འདས་ནས། །ས་སྤྱོད་མེ་ཡི་སྡུག་བསྔལ་ལ། །ཡུན་རིང་བར་དུ་གནས་པའོ། །རང་གི་གྲུབ་མཐར་ལོག་ལྟ་སྐྱེས། །དམྱལ་བ་ཉིད་ལས་ཐར་སྐབས་མེད། །ཅེས་སོ། །ཐུགས་ཀྱི་ནང་གི་ཕྱི་སྤྱོད་པ་དང༌། ནང་བསྒོམ་པ་དང༌། གསང་བ་ལྟ་བ་ལོག་པ་སྤང་བ་སྟེ། ཁང་བུ་


JLAZ003_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པ་ལས། ལྟ་དང་བསྒོམ་དང་སྤྱོད་པ་ལོག །འདི་ནི་ལམ་ལོག་ཆེན་པོ་སྟེ། །སེམས་ཅན་ཀུན་གྱི་སྡུག་བསྔལ་གང༌། །འདི་ཡི་སེམས་ལ་སྨིན་པར་ངེས། །ཞེས་སོ། །གསང་བའི་གསུམ་གྱི་ཕྱི་ལྟ་སྒོམ་སྤྱོད་པ། ནང་ཡི་དམ་གྱི་ལྷ། གསང་བ་བླ་མ་དང་མཆེད་ལྕམ་ཉིན་ཞག་ཏུ་ཡིད་ལ་མ་བྱས་པ་སྟེ། པདྨ་ཀློང་ཡངས་ལས། སུ་ཡི་ཡིད་ཀྱི་ལས་འཁྱལ་ཏེ། །ཡིད་ལ་བྱ་བའི་ཆོས་རྣམས་ལ། །ཡིད་ལ་མ་བྱས་ཉམས་པ་དང༌། །འདས་དང་ཞིག་པའི་ལས་ཀྱི་མཐའ། །མནར་མེད་སྡུག་བསྔལ་མྱོང་བའོ། །ཞེས་པ་དང༌། ལྷན་ཅིག་སྐྱེས་པ་ཉེ་བར་ལེན་པའི་རྒྱུད་ལས། དངོས་གྲུབ་མཆོག་ནི་འདོད་པ་ཡིས། །ཡི་དམ་སྤང་བར་མི་བྱ་ཞིང༌། །བླ་མ་སྤངས་ན་དངོས་གྲུབ་བརླག །གཞན་དུ་བསྒྲུབས་ཀྱང་མི་རྙེད་དོ། །དེ་ཕྱིར་ཆོས་ཕྱིར་ཁས་བླངས་དང༌། །བླ་མའི་མདུན་དུ་དམ་བཅས་པ། །ཡིད་ལ་བསམས་པའི་དགེ་བའི་ལས། །དེ་ཉིད་སྤངས་ན་དངོས་གྲུབ་ཉམས། །ཞེས་སོ། །དེ་དག་ཀྱང་མདོར་བསྡུ་ན་ད་རེས་འཁོར་བ་ལས་བསྒྲལ་བའི་ལམ་མཁན་བླ་མའི་སྐུ་གསུང་ཐུགས་དང་འགལ་བར་མི་སྤྱོད་པའི་དོན་དུ་འདུས་པའི་ཚུལ་མ་ཕམ་མགོན་པོ་དགའ་རབ་རྡོ་རྗེས། བླ་མ་མཆོག་གིས་བཀའ་


JLAZ003_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བསྩལ་པ། །གལ་ཏེ་ཉེས་པའི་སྐྱོན་རིག་ཀྱང༌། །ཇི་སྐད་སྨྲ་བ་དེ་བཞིན་བྱ། །དེ་བཞིན་བླ་མའི་བྱ་བ་ལ། །ལུས་ཀྱི་སྡུག་བསྔལ་མཆོག་གྱུར་ཀྱང༌། །རང་གི་ནུས་པས་འབད་དེ་བྱ། །བླ་མའི་ཐུགས་ནི་སྐད་ཅིག་ཀྱང༌། །དཀྲུག་པར་བྱ་བ་མ་ཡིན་ནོ། །བླ་མའི་ཟས་དང་ནོར་རྣམས་ལ། །རང་གི་སྲོག་བས་ཕངས་པ་བཞིན། །རྣལ་འབྱོར་པས་ནི་རྟག་ཏུ་བྱ། །གལ་ཏེ་བླ་མའི་ཞིང་ཁམས་སུ། །ཆོས་བཤད་དབང་བསྐུར་རབ་གནས་དང༌། །བསམ་གཏན་བསྒོམ་པར་བྱ་བ་རྣམས། །རྗེས་མ་གནང་བར་མི་བྱའོ། །མདོར་ན་ལུས་དང་ངག་ཡིད་ཀྱིས། །བྱ་བའི་རྣམ་པ་གང་བྱེད་ཀྱང༌། །བླ་མར་མ་ཞུས་མ་གནང་བར། །ཅུང་ཟད་ཙམ་ཡང་མི་བྱའོ། །གཞན་ཡང་དགེ་བའི་ལས་གང་ཡང༌། །བླ་མ་ལ་ཞུས་བརྩམས་པར་བྱ། །རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུ། །བླ་མ་མཆོག་དང་འབྲལ་མི་བྱ། །དུས་གསུམ་ཟས་ནི་ནམ་ཟ་ཡང༌། །སུམ་ཆར་བཅད་པའི་ཕུད་རྣམས་ཀྱིས། །བླ་མ་མཆོག་ལ་དབུལ་བར་བྱ། །ནོར་དང་དཀོན་པའི་རིན་པོ་ཆེས། །བླ་མ་རྡོ་རྗེ་འཛིན་པ་ལ། །འདོད་པ་མེད་ཀྱང་ཕྱོགས་སུ་དབུལ། །ཅི་དང་ཅི་ཡི་ཕུད་རྣམས་ཀྱིས། །བླ་མ་མཆོག་ལ་བསྔོས་ཏེ་དབུལ། །མདོར་ན་བདག་གི་བསམ་པ་


JLAZ003_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །རྣམ་པར་དག་པ་ཟོལ་མེད་པར། །བླ་མའི་ཕྱོགས་སུ་དམིགས་པར་བྱ། །ལེགས་པའི་ཡོན་ཏན་ཐམས་ཅད་འགྲུབ། །ཅེས་སོ། །དེ་ལྟར་རྩ་བ་ཉི་ཤུ་རྩ་བདུན་པོ་ནི་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་ཏུ་བཞག་ལ། ཐབས་ཀྱིས་ཟིན་པའི་ཆ་ནས་གཞན་དོན་དུ་འགྱུར་མི་འགྱུར་ལ་དམིགས་ནས་གནང་བཀག་གཉིས་སུ་སྤྱོད་པ་ཡན་ལག་གི་དམ་ཚིག་སྟོན་པའི་ཚུལ། ཐབས་ཀྱི་དབང་འགྱུར་ཡན་ལག་ཉི་ཤུ་ལྔ། །ཏན་གན་མ་བྱིན་ལེན་རྫུན་ཀྱལ་བའི་ཚིག །སྤྱད་བྱ་ལྔ་ནི་གནང་བཀག་ཤེས་པས་སྤྱོད། །དེ་སྐད་དུ་གསལ་བཀྲ་ལས། སྤྱད་པ་ལྔ་དང་མི་སྤོང་ལྔ། །དང་དུ་བླང་དང་བསྒྲུབ་དེ་བཞིན། །ཤེས་བྱ་ལྔ་རྣམས་མཐུན་མིན་བཤད། །ཅེས་ལྔ་ཚན་ལྔར་བཤད་པ་རྣམས་ནི་འདི་ལྟར་གསང་སྔགས་བླ་ན་མེད་པའི་ཆོས་ཐམས་ཅད་གདོད་མ་ཉིད་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ཆེན་པོར་སངས་མ་རྒྱས་པ་འགའ་ཡང་མེད་པས་འཁོར་འདས་ཐམས་ཅད་ལ་ཀུན་ཏུ་བཟང་པོའི་ཕྱག་རྒྱས་བཏབ་པར་ངེས་པ་རྣམས་ཀྱི་དམ་ཚིག་ཡིན་ཏེ། དེ་ལྟར་རྟོགས་ན་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང་ཁམས་


JLAZ003_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཉམ་པར་སྦྱོར་བས་བདག་ཉིད་ལ་ཉེས་པ་མི་བསྐྱེད་ཅིང༌། གཞན་ལའང་ཕན་པ་ཆེན་པོ་དང་བཅས་པའི་སྤང་གཉེན་གཉིས་སུ་མེད་པའི་དམ་ཚིག་ལ་སྒྲ་ཇི་བཞིན་པར་སྤྱོད་དུ་དབང་ཞིང་དེས་ལས་དང་ལས་ཀྱི་འབྲས་བུ་རྣམ་པར་དཀར་བ་དང་རྣམ་པར་གནག་པ་གཉིས་ཀ་བསྐྱེད་པར་མི་བྱེད་པའི་ཕྱིར་རོ། །དེ་ལྟར་མ་རྟོགས་པའི་བར་དུ་ནི་དབུ་མར་ལས་རླུང་གསོད་པ་སོགས་འོག་ཏུ་འཆད་པའི་སྦས་དོན་ལ་དྲན་པ་ཉེ་བར་བཞག་པ་ཁོ་ན་ཡིན་ནོ། །དེ་ལ་དང་པོར་སྤྱད་པར་བྱ་བ་ལྔ་ནི་རྒྱུད་ལས། སྦྱོར་སྒྲོལ་མ་བྱིན་ལེན་པ་དང༌། །རྫུན་དང་ངག་བླང་བརྗོད་པ་རྣམས། །ཐབས་མཆོག་ངེས་པར་ཟིན་པ་ཡིས། །གནས་སྐབས་དག་ཏུ་ཤེས་པར་བྱ། །ཞེས་པ་དང་མཐུན་པར་འདུས་པ་ལས་ཀྱང༌། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོང༌། །བུད་མེད་དག་ཀྱང་བསྟེན་པར་བྱ། །རྡོ་རྗེའི་ལམ་ནི་འདི་དག་གིས། །སེམས་ཅན་ཐམས་ཅད་གྲོལ་བར་འགྱུར། །ཞེས་སོ། །གཉིས་པ་མི་སྤོང་བ་ལྔ་ནི། འདོད་ཆགས་ཞེ་སྡང་གཏི་མུག་ཉོན་མོངས་ལྔ། །མི་སྤོང་ལྔ་ནི་རང་རྒྱུད་པ་དང་དབྲལ། །དེ་སྐད་དུ་གསལ་བཀྲ་ལས།


JLAZ003_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་དུག་ལྔ་ལོག་དུག་ལྔ། །ཞེས་པས་འཁོར་འདས་མཉམ་པ་ཉིད་དུ་རྟོགས་ནས་འབྱེད་པ་མེད་པ་ནི་གཏི་མུག་དང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེས་ཆགས་པས་འདོད་ཆགས་དང༌། ལོག་པར་རྟོག་པ་སྒྲོལ་བའི་ཞེ་སྡང་དང༌། མཉམ་ཉིད་རྟོགས་པའི་ལྟ་བ་སྲོ་མ་ཤི་བའི་ང་རྒྱལ་དང༌། གཉིས་སུ་འཛིན་པའི་ལྟ་སྤྱོད་ཆོས་ཉིད་ཀྱི་ཀློང་དུ་མི་ཆུད་པའི་ཕྲག་དོག་སྟེ་ལྔ་པོ་སྤངས་ན་དོན་དང་ཉེ་བ་མ་ཡིན་པས་ཡང་དག་པའི་དུག་ལྔ་ཞེས་བྱ་སྟེ་སྦས་དོན་ཡིན་ནོ། །དེ་སྐད་དུ་རྒྱས་པ་ལས། རྣམ་རྟོག་ཉིད་ན་རང་བྱུང་ཡེ་ཤེས་ཏེ། །རྣམ་རྟོག་མ་བསྐྱོད་ཡེ་ཤེས་བརྗོད་དུ་མེད། །ཅེས་སོ། །ལོག་པའི་དུག་ལྔ་ནི། སྤྱིའི་མཚན་ཉིད་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། དབང་མེད་པ་དང༌། སྟོང་པ་ཡིན་ལ། རང་གི་མཚན་ཉིད། ཕྱི་རྫས་དང་ནང་སེམས་ཅན་ལ་ཞེན་ཅིང་སྲེད་པ་འདོད་ཆགས། ཀུན་ནས་མནར་སེམས་པ་ཞེ་སྡང༌། ཀུན་ཏུ་རྨོངས་པ་གཏི་མུག ཁོང་ཁེངས་ཤིང་མཉེན་ལྕུག་དང་མི་ལྡན་པ་ང་རྒྱལ། གཞན་འབྱོར་ཕུན་ཚོགས་ཕྲག་ཏུ་མི་ཤོང་བ་ཕྲག་དོག་སྟེ། འདི་དག་སྤངས་ན་ཤེས་བྱའི་གཤིས་ལ་ཉོན་མོངས་པ་རང་རྒྱུད་དུ་མི་ལྡན་པའི་ཀླུང་ལས་ལྡོག་ནས་ཉན་རང་གི་ལམ་དུ་གོལ་


JLAZ003_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ། །དེ་བས་ན་ཐབས་ཞགས་ལས། གཏི་མུག་ཞེ་སྡང་ང་རྒྱལ་དང༌། །འདོད་ཆགས་ཕྲག་དོག་ཆེན་པོ་ནི། བསྲུང་བ་མེད་པའི་སྡོམ་པ་ཅན། །དེ་ནི་དམ་ཚིག་རྡོ་རྗེ་ཡིན། །ཞེས་དང༌། དེའི་འགྲེལ་པར་སངས་རྒྱས་གཉིས་པ་པདྨའི་ཞབས་ཀྱིས། གཏི་མུག་ནི་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སྟེ། ཅིའི་ཕྱིར་ན། མ་རིག་པ་སྤང་དུ་མེད། རིག་པ་བསྒྲུབ་ཏུ་མེད། ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟ་མོད་ཀྱིས་ད་ལྟའི་གནས་སྐབས་ན་རྨོངས་ཆེན་རྣམས་ནི་གསང་སྔགས་ཀྱི་རང་བཞིན་ལ་གྱ་ཚོམ་དུ་འཇུག མོས་གུས་དང་སེམས་བསྐྱེད། ཐབས་དང་ཤེས་རབ་དང་ཏིང་ངེ་འཛིན་དང་བྲལ་བས་དེ་དག་ལ་ནི་ཐར་པ་མེད་ལ། རྟོག་གེ་ལྟར་སྣང་གི་སྔགས་ལ་ཞུགས་ནས་རྒྱུ་འབྲས་དག་གྲོལ་དུ་འཛིན་པ་རྣམས་ནི་ཧ་ཅང་རྣམ་རིག་གི་དབང་དུ་གྱུར་ཅིང་ཞེན་པའི་སེམས་ཀྱིས་རང་རྒྱུད་དམ་ལ་བཞག་པ་འབའ་ཞིག་པས་རྣལ་མའི་ལམ་ལ་འགྲོ་བ་ཤིན་ཏུ་ཉུང་བ་སྟེ། ཅིའི་ཕྱིར་ཞེ་ན། དཔེར་ན་རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པའི་རང་ལྡོག་མ་ཉམས་པ་ལམ་དུ་འདོད་པ་ཡོད་དེ། དེ་ལྟར་ན་དྲན་པ་རང་རྒྱུད་པ་དང་ལྡན་པའི་ཕ་གསད་ཀྱི་བུ་ཡང་ལས་ཀྱིས་གོས་པར་མི་འགྱུར་བས་རྣམ་པར་གྲོལ་པ་ཞེས་བྱ་བའང་ཐ་སྙད་ཙམ་དུ་ཟད་དོ། །ལ་


JLAZ003_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་གཏན་ཚིགས་ཀྱིས་གཞིགས་ནས་ལམ་དུ་འདོད་དེ། དེ་ལྟ་ན་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་ཁྱད་པར་མེད་པས་དགེ་བའི་རྩ་བ་དང་མཚུངས་ལྡན་གྱི་ཉོན་མོངས་བསྒོམ་ལམ་གྱི་སྤོང་བྱེད་ཅན་སེམས་ཅན་གྱི་དོན་འབྱུང་ལ་དགོངས་པ་དང་འདྲའོ། །ལ་ལ་ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམས་ནས་སྤང་གཉེན་གཉིས་སུ་བྱེད་པ་ཡོད་དེ། དེ་ལྟ་ན་གཉེན་པོ་ལམ་བྱེད་ཡིན་གྱིས་ཉོན་མོངས་པ་ལམ་དུ་བྱས་པ་མ་ཡིན་པས་སོ། །ལ་ལ་ཞེ་སྡང་འགགས་པའི་རྗེས་ཐོགས་ཀྱི་ཤེས་པ་ཐང་ཆད་པ་ལྟ་བུ་ལ་ལམ་དུ་འདོད་དེ། དེ་ལྟ་ན་ཉོན་མོངས་པ་དང་ཡེ་ཤེས་ཐ་དད་པ་ཅན་ཡིན་ནོ། །དེ་བས་ན་དེ་དག་གི་རང་བཞིན་ནི་ཉོན་མོངས་ཀྱི་དུས་ན་སྤང་གཉེན་གང་རུང་གི་ཆ་དང་ལྡན་པས་རང་གི་ངོ་བོས་མ་གྲུབ་པའི་ལམ་རྒྱུན་དང་ལྟེ་ཆད་ལ། ཆད་པའི་རྗེས་ལ་དཔྱད་པ་རྣོན་པོའི་མཚམས་སྦྱོར་གྱིས་མཐུད་པས་འགོག་པ་བྲལ་འབྲས་དང་དངོས་གཉེན་གྱི་ལམ་བདེན་ཙམ་མོ། །འོ་ན་ཇི་ལྟར་ཡིན་ན། ཤེས་བྱའི་གཤིས་ལ་ཉོན་མོངས་པ་རང་རྒྱུད་ལྡན་མ་གྲུབ་པས་འདོད་ཆགས་ལ་སོགས་པ་སྐྱེས་པའི་དུས་ཉིད་ནས་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་ལྡང་བས་རང་ལྡོག་ཅན་དུ་ཡང་མི་གནས། དེ་ལ་གཏན་ཚིགས་ཀྱིས་གཞིགས་པའི་འབྲེལ་བ་ཡང་མ་གྲུབ།


JLAZ003_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བྱའི་གཉེན་པོ་བསྒོམ་པའི་སྤྲོས་པ་རང་ཞིག སོ་སོའི་རང་བཞིན་མ་འགགས་པའི་ངང་དེ་ཉིད་ཀྱི་རང་བཞིན་ཆོས་ཉིད་དུ་ཤེས་ན་ཉོན་མོངས་པ་ལ་ཉེ་བར་ལེན་པའི་ངོ་བོ་ཉིད་དག་པས་དེས་ལས་གསོག་པའི་བྱ་བ་བྱེད་མི་ནུས་ཤིང༌། དེ་ལ་བརྟེན་པའི་བག་ཆགས་ཀྱང་འདུ་མི་བྱེད་པས་སྤང་དུ་མེད་དེ། རྡོ་རྗེ་ལས། ཉོན་མོངས་རྣམས་ནི་སྒྱུ་འདྲ་ངོ་བོས་སྟོང༌། །རང་གིས་མི་རྟག་རང་བཞིན་ཤེས་པས་གྲོལ། །ཞེས་དང༌། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །འདོད་ཆགས་མེད་ཅིང་ཞེ་སྡང་མེད། །ང་རྒྱལ་དང་ནི་ཕྲག་དོག་ཀུན། །སྒྱུ་འདྲ་ངོ་བོ་ཉིད་མེད་དེ། །ཡོད་མེད་མི་དམིགས་རྟེན་དང་བྲལ། །ཞེས་སོ། །དེ་ཙམ་མ་རྟོགས་ཀྱང་ཐབས་ཀྱིས་ཟིན་པས་མི་སྤང་བ་ནི། འདི་ལྟར་གསེར་འགྱུར་གྱི་རྩིས་ཟངས་གསེར་དུ་བསྒྱུར་ནུས་པ་ལྟར་དམིགས་པའི་རྣམ་པ་ལ་མཁས་པའི་ཐབས་ཁྱད་པར་ཅན་གྱི་མན་ངག་ལ་བརྟེན་ནས་རང་གི་རང་བཞིན་ཡེ་ཤེས་ལྔ་དག་པར་བྱ་བ་སྟེ། རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་ཆེ། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཐམས་ཅད་ཐམས་ཅད་རོལ་པ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །ཞེས་དང༌།


JLAZ003_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་བསྡུས་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོ། །སྐུ་དང་ཡེ་ཤེས་སུ་ཤེས་པས་མི་སྤོང་བ་ནི། སྔགས་ཀྱི་ལམ་དུ་འགྲོ་བའི་རྒྱུན་གྱི་སེམས་སོ་ཅོག་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པའི་ཕྱིར་ཉོན་མོངས་པ་ལྔར་སྣང་དུས་ཉིད་ནས་རིགས་ལྔའི་རང་བཞིན་དུ་རྟོགས་པས་མི་སྤོང་བ་སྟེ་དམ་ཚིག་ཉེར་བརྒྱད་པ་ལས། ཕྲག་དོག་ལ་སོགས་ཉོན་མོངས་ལྔ་རྣམས་ནི། །ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར། །ཞེས་སོ། །མདོར་ན་ཉན་ཐོས་ཀྱིས་སྤོང༌། རང་རྒྱལ་གྱིས་འགེགས། བྱང་ཆུབ་སེམས་དཔས་དགེ་བའི་རྩ་བ་དང་མཚུངས་ལྡན་དུ་སྦྱོང༌། སྔགས་ཕྱི་པས་བསྒྱུར་བ་དེ་བླ་མེད་ཀྱི་ཐེག་པའི་གནས་སྐབས་འདིར་ཆོས་མཉམ་པ་ཆེན་པོའི་ལྟ་བ་དང༌། ཏིང་ངེ་འཛིན་གྱི་ཐབས་ལ་མཁས་པ་ཟུང་དུ་འཇུག་པས་ཉོན་མོངས་པའི་ཆོས་ཅན་གང་ཡིན་པ་ལ་རང་གི་ངོ་བོས་སྟོང་པའི་ཆོས་ཉིད་ཀྱིས་རྒྱས་ཐེབས་པས་རང་ལྡོག་ཅན་དུ་མི་གནས་པར་ལམ་དུ་སློང་བའི་ཚུལ་རྒྱས་པ་ལས། མ་འགགས་སྣང་བ་ཐབས་ཡིན་ཏེ། །རང་བཞིན་མེད་པ་ཤེས་རབ་ཡིན། །ཞེས་དང༌། སྤྱི་མདོ་ལས། ཉོན་མོངས་དུག་ལྟར་སྣང་བའི་རང་བཞིན་རྣམས། །རྣམ་གྲོལ་ཡེ་ཤེས་


JLAZ003_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡི་ངང་དུ་སྣང༌། །ཞེས་སོ། །གསུམ་པ་དང་དུ་བླང་བ་ལྔ་ནི། དྲི་ཆེན་དྲི་ཆུ་མང་ས་རཀྟ་ཟིལ། །དང་ལེན་ལྔ་ལ་གཙང་སྨེའི་གཉིས་རྟོག་འབྲལ། །དེ་སྐད་དུ་བམ་བརྒྱད་ལས། དྲི་ཆེན་དྲི་ཆུ་མཾ་ས་དང༌། །རཀྟ་བྱང་ཆུབ་སེམས་འདི་ནི། །སེམས་ཅན་རྟོག་པ་ལྡོག་པའི་ཕྱིར། །གཙོ་རུ་དང་དུ་བླང་བར་བྱ། །ཞེས་རྟོག་པ་ལྡོག་པས་ཆོས་ཉིད་རང་བཞིན་དང༌། རང་གི་ངོ་བོས་སངས་རྒྱས་ལྔར་བསྒྲུབ་པ་དང༌། ནུས་མཐུས་ནད་སེལ་བ་དང༌། བྱིན་རླབས་ཀྱིས་དངོས་གྲུབ་བསྒྲུབ་པའི་རྫས་ཁྱད་པར་ཅན་ཡིན་པས་དང་དུ་བླང་བ་སྟེ། གསལ་བཀྲ་ལས། ནད་ལྔ་བསལ་ཕྱིར་བླང་བ་དང༌། །གཙང་སྨེའི་རྟོག་པ་སྦྱང་ཕྱིར་དང༌། །ཐུན་མོང་དགོས་པ་ལྔ་ཕྱིར་དང༌། །རིགས་ལྔ་གྲུབ་པའི་ཡོན་ཏན་དང༌། །སྡུག་བསྔལ་ལས་གྲོལ་དངོས་གྲུབ་ཐོབ། །ཅེས་སོ། །དེ་ལ་བྱང་སེམས་ཀྱིས་ཚ་བའི་ནད་སེལ། མི་བརྗེད་པའི་གཟུངས་ཐོབ། རྡོ་རྗེའི་རིགས་དང་མེ་ལོང་ལྟ་བུའི་ཡེ་ཤེས་འཐོབ། རཀྟས་གྲང་བའི་ནད་སེལ། བཀྲག་མདངས་རྒྱས། པདྨའི་རིགས་དང་སོ་སོར་རྟོག་པའི་ཡེ་ཤེས་འཐོབ། དྲི་ཆེན་གྱིས་དུག་ནད་སེལ། ཚེ་རིང༌། དེ་བཞིན་གཤེགས་པའི་རིགས་དང་ཆོས་དབྱིངས་ཡེ་ཤེས་འཐོབ། དྲི་ཆུས་གག་པ་སེལ། སྐད་སྙན།


JLAZ003_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་རིགས་དང་བྱ་གྲུབ་ཡེ་ཤེས་འཐོབ། ཤ་ཆེན་གྱི་དངས་མས་མཛེ་ནད་སེལ། མཐུ་ཆེ། རིན་པོ་ཆེའི་རིགས་དང་མཉམ་ཉིད་ཡེ་ཤེས་འཐོབ་པའོ། །དེ་སྐད་དུ་མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང༌། མི་བསྐྱོད་བསྟེན་པའི་རྣལ་འབྱོར་པ། །ནད་ཀུན་རྣམ་པར་སྤོང་བར་འགྱུར། །རྟག་པ་ཡིས་ནི་མདངས་ཆེན་འགྱུར། །རྡོ་རྗེ་ཉི་མ་རྒས་པ་མེད། །རྡོ་རྗེ་ཆོས་ནི་བསྟེན་པ་ཡིས། །བུད་མེད་ཀུན་ལ་ལོངས་སྤྱོད་དོ། །སྲོག་ཆགས་ལུས་འབྱུང་རྡོ་རྗེ་དག །དོན་ཡོད་རྒྱལ་པོ་ཆེན་པོ་སྟེ། །དཔལ་ལྡན་དོན་ཀུན་གྲུབ་པ་དང༌། །རྣལ་འབྱོར་པ་དེས་ཞི་བར་གཏོང༌། །མི་བསྐྱོད་བཏུང་བའི་སྦྱོར་བ་ཡིས། །སྟོང་ཕྲག་ལྔར་ནི་འཚོ་བར་འགྱུར། །རྟག་པ་ཡིས་ནི་ཁྲི་རུ་བརྗོད། །རྡོ་རྗེ་ཉི་མས་བྱེ་བར་ཏེ། །ཚེ་དཔག་མེད་ཀྱིས་གྲངས་མེད་ཚེ། །ནམ་མཁའ་ཇི་སྲིད་རྟ་བདུན་པས། །དཔག་མེད་རྡོ་རྗེའི་ཉི་མ་གཉིས། །འཁོར་བ་བསྒྲུབ་པའི་རྩ་བ་སྟེ། །འདི་དག་རྣལ་འབྱོར་པས་བརྟེན་ན། །སྐལ་བཟང་རྣམས་དང་མཉམ་པར་འགྱུར། །ཞེས་སོ། །དེ་ཡང་སྦས་དོན་དུ་རང་ལུས་ཀྱི་དངས་མ་འཛག་མེད་དུ་འཆིང་ཞིང༌། གཞན་ལུས་ཀྱི་བཅུད་ལེན་པའོ། །བཞི་པ་ཤེས་པར་བྱ་བ་ལྔ་ནི། ཕུང་པོ་འབྱུང་


JLAZ003_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དབང་པོ་ཁ་དོག་ལྷར། །ཤེས་བྱ་ལྔ་ནི་ཤེས་རབ་སྟོབས་ཀྱིས་སྤྱོད། །དེ་ལ་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ། རྣམ་ཤེས་ཀྱི་ཕུང་པོ་མི་བསྐྱོད་པར་ཤེས་པས་མཚོན། འབྱུང་བ་ལྔ་ནི་ཡུམ་ལྔ། དབང་པོ་དང་དབང་ཤེས་ལྔ་སེམས་དཔའ། ཡུལ་ལྔ་སེམས་མ། ཁ་དོག་ལྔ་རིགས་ལྔ། ཡེ་ཤེས་ལྔར་ཤེས་པ་སྟེ། འདི་ལྟར་མ་དག་པའི་གནས་སྐབས་ན་ཀུན་གཞི་ལས་རྣམ་པར་ཤེས་པའི་ཚོགས་དང༌། དབང་པོ་དང༌། དབང་ཤེས་དང༌། ཡུལ་ལ་སོགས་པར་གྱེས་ཀྱང༌། རང་བཞིན་ཤེས་ནས་དག་པའི་གནས་སྐབས་ན་ལྷ་དང༌། དེའི་ཆོས་ཉིད་ཡེ་ཤེས་སུ་ཤེས་པའི་དག་པ་དྲན་པ་སྟེ། དམ་ཚིག་གསུམ་བཀོད་ལས། ཕུང་པོ་ལྔ་དང་འབྱུང་བ་རྣམ་པ་ལྔ། །རྣམ་ཤེས་དབང་པོ་ཡུལ་ལ་སོགས་པ་རྣམས། །ལྷ་དང་དཀྱིལ་འཁོར་རང་བཞིན་ཤེས་པར་བྱ། །ཞེས་པས་རྡོ་རྗེ་ཐེག་པའི་ལུགས་སུ་སྲིད་གསུམ་གྱི་རང་བཞིན་རང་མཚན་དུ་བལྟ་བ་ལས་ལོག་སྟེ་སངས་རྒྱས་ཀྱི་དཀྱིལ་འཁོར་འབའ་ཞིག་ཏུ་བལྟ་དགོས་པ་ཡིན་ནོ། །ལྔ་པ་བསྒྲུབ་པར་བྱ་བ་ལྔ་ནི།


JLAZ003_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རིན་ཆེན་པདྨ་ལས་དེ་བཞིན། །བསྒྲུབ་བྱ་ལྔ་ནི་རྟོགས་གོམས་མཐུ་ཡིས་བསྒྲུབ། །འདི་དག་དམ་ཚིག་གསལ་བཀྲའི་དགོངས་པ་སྟེ། །བཤད་མ་ཐག་པའི་ཤེས་བྱ་ལྔ་བོ་དེ་རྟོགས་གོམས་ཀྱི་མཐུས་རང་རྒྱུད་ལ་མངོན་སུམ་དུ་བསྒྲུབ་པའི་ཐབས་ལ་བརྩོན་པ་སྟེ། དེ་ཉིད་ལས། བསྒྲུབ་པར་བྱ་བའི་དམ་ཚིག་རྣམ་ལྔ་ནི། །ཕུང་པོ་ལྔ་དང་འབྱུང་བ་ལྔ་རྣམས་དང༌། །རྣམ་ཤེས་ཡུལ་རྣམས་དཀྱིལ་འཁོར་སྒྲུབ་བྱེད་པ། །ཏིང་འཛིན་གསུམ་དང་ཆོ་ག་ལྔ་རྫོགས་ནས། །རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་སྒྲུབ་བྱེད་པ། །ཏིང་འཛིན་ཆོ་ག་ལྔ་ཡིས་སེམས་རྩོལ་བྱེད། །ཅེས་སོ། །དེ་ལྟར་ཤེས་པར་བྱ་བ་ལྔ་དང༌། བསྒྲུབ་པར་བྱ་བ་ལྔ་པོ་ནི་ཕན་ཚུན་དུ་ལྟོས་གྲུབ་ཅན་ཡིན་ཏེ། ཤེས་པར་བྱ་བ་ལྟ་བའི་དམ་ཚིག་གང་ཡིན་པ་དེ་ཉིད་རྟོགས་ན་སྒྲུབ་པར་བྱེད་པ་ནི་བསྒོམ་པའི་དམ་ཚིག་ཡིན་པས་ལྟ་བསྒོམ་ཟུང་འཇུག་ཏུ་ཉམས་སུ་བླང་ལ། དེའི་ངང་ནས་སྤྱད་པ་དང༌། མི་སྤོང་བ་དང༌། དང་དུ་བླང་བ་གསུམ་ནི་སྤྱད་བྱའི་དམ་ཚིག་ཡིན་ཡང༌། ལས་དང་པོ་པས་ཡིད་ཀྱིས་མི་སྤོང་བས་གུས་པ་དང་བཅས་ཤིང༌། ལུས་ཀྱིས་མི་སྤྱོད་པ་ངོ་ཚ་དང་ཁྲེལ་ཡོད་དང༌། འཇིགས་པ་གསུམ་


JLAZ003_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཁ་ན་མ་ཐོ་བ་མེད་པ་ཉིད་དུ་སྤྱད་ལ་རང་གི་རང་ལ་མི་ཁྲེལ་བ་གཙོ་བོར་བྱའོ། །དེ་ཡང་ཐོས་པ་ཉུང་ཞིང་བདུད་ཀྱིས་ཕྱོགས་བསླད་པའི་བླུན་པོ་མ་རབས་པ་ཁ་ཅིག་སྟོང་ཉིད་རྟོགས་སོ་སྙམ་ནས་སྤྱོད་པ་འདོད་རྒྱལ་དུ་སྤྱོད་པ་ཡོད་ཀྱིས་རྟོགས་སོ་སྙམ་པ་དེ་ཉིད་རང་མ་རྟོགས་པའི་མངོན་རྟོགས་མ་ནོར་བ་ཡིན་པས་རྣམ་རིག་སྐྱོན་ཅན་གྱི་སྐྱེས་བུ་རྣམས་ལའང་སྔགས་ཀྱི་ལམ་འདི་འཕུང་འཚེངས་ཤིན་ཏུ་ཆེ་བ་ཡིན་ནོ། །ཉམས་མྱོང་ལ་དྲོད་ཅུང་ཟད་ཐོབ་ནས་གནང་བཀག་གི་རིམ་པ་མ་བརྗེད་པས་ཉིན་མཚན་དུ་ཡིད་ལ་བྱེད་ཅིང༌། རྟོག་དཔྱོད་དང་བཅས་པས་དམ་ཚིག་དང་འགལ་ན་སྤང༌། མི་འགལ་ན་བསྒྲུབ་པ་ཡིན་ཡང་ཇི་སྲིད་སེམས་ལ་འཁུ་འཕྲིག་ཡོད་པ་དེ་སྲིད་དུ་ལས་དང་ལས་ཀྱི་འབྲས་བུའང་དེའི་རྗེས་སུ་གདོན་མི་ཟ་བར་འཇུག་པས་དུས་ཚོད་དང་མ་འབྲེལ་བའི་ཉེས་སྤྱོད་ཀྱི་མཚན་ཉིད་ཤེས་པར་བྱས་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་ཁྲེལ་བག་ཡོད་པ་ཉིད་ལ་བསླབ་བོ། །གསུམ་པ་ལྷག་པའི་དམ་ཚིག་ནི་ཕུར་པ་མྱང་འདས་ཆེན་པོའི་རྒྱུད་ལས། གཅན་གཟན་རྒྱལ་པོ་སེང་གེ་གསད་མི་བྱ། །ཟ་མ་ཏོག་ཏུ་ངན་པའི་དུག་མི་སྤྱོ། །རིན་པོ་ཆེ་ཡི་ལྕུག་མ་རྩར་མི་བཅད། །གངས་ཀྱི་ཞུན་ཆུ་ཁོལ་


JLAZ003_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡོང་མི་བཏུང༌། །པདྨ་རྒྱས་པའི་ཟེའུ་འབྲུ་ཁ་མི་དབྱེ། །བུག་རྡོལ་ཅན་གྱི་སྣོད་དུ་བཅུད་མི་བླུག །མ་བརྟགས་པ་ཡི་ནོར་དང་ཟས་མི་བསྲེལ། །ཤེལ་གོང་དཀར་པོ་རྫབ་ཏུ་བསྣུབ་མི་བྱ། །སྣོད་ངན་ནང་དུ་སེང་གེའི་ཞོ་མི་བཞོ། །ཡིད་བཞིན་ནོར་བུ་ཐབ་ཏུ་བསྲེག་མི་བྱ། །བྱ་ཡི་རྒྱལ་པོ་ཁྱུང་གི་གཤོག་མི་བཅག །གནམ་ལྕགས་སྡེར་མོ་ས་ལ་བརྡབ་མི་བྱ། །སྟག་གཟིག་རོལ་པའི་ཟས་ཀྱི་ལྷག་མི་བཟའ། །རྡོ་རྗེས་གཏམས་པའི་བྲག་རྣམས་ཡོངས་མི་བཤིག །རྡོ་རྗེའི་རྭ་བས་བསྐོར་བའི་གོ་མི་ཧྲལ། །མུན་པ་སེལ་བའི་སྒྲོན་མ་ཡོངས་མི་གསོད། །རྡོ་རྗེའི་ཆུ་བོའི་འོལ་ཀ་བཅད་མི་བྱ། །རྒྱལ་པོའི་རྟགས་ཀྱི་ཕྱག་རྒྱ་སྦྱིན་མི་བྱ། །རྡོ་རྗེའི་མཁར་རྫོང་གཏམས་པའི་རྨང་མི་བཟློག །རྒྱལ་མཚན་རྩེར་བཏགས་ནོར་བུ་རིན་པོ་ཆེ། །འདོད་པར་གྱུར་པའི་མཚན་མས་དབོག་མི་བྱ། །ཞེས་ལྡེམ་དགོངས་ཀྱི་སྒྲས་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་ནས་ཚོགས་ཆེན་གྱི་བསྒྲུབ་པ་ལ་སོགས་པའི་གནས་སྐབས་སུ་བསྲུང་བ་ལྷག་པར་དུ་བསྟན་པས་ལྷག་པའི་དམ་ཚིག་སྟེ། རིམ་པ་ལྟར། བླ་མ་ལ་མི་བརྙས། ཡུམ་ལ་མི་གཙེ། དད་པ་ཅན་གྱི་ཚོགས་མི་བཅད། དཀོར་ལ་མི་འབགས་ཤིང་ཕུང་ཀྲོལ་གྱི་རྩ་བ་ཆང་


JLAZ003_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

མྱོས་པར་མི་འཐུང༌། མཆེད་ཀྱི་རིག་མ་མི་སྤྱད། མཚན་ངན་མི་བསྲེལ། འདྲེ་ཅན་དང་རྩོད་ཅན་གྱི་ནོར་མི་བསྟེན་ཞིང་བྱིན་གྱིས་མ་བརླབས་པའི་ཟས་མི་ཟ། སེམས་བསྐྱེད་ཉམས་སུ་མི་གཞུག སྣོད་མིན་ལ་གདམས་པ་མི་སྟོན། སྣོད་ལྡན་གྱི་སློབ་མ་མི་སྤོང༌། ཡབ་ཡུམ་མི་འབྲལ་པའི་དོན་བདེ་སྟོང་ལ་སྦྱོར། མཆེད་ལྕམ་ནང་འཐབ་མི་བྱེད། གཞན་གྱིས་འབགས་ལྷག་མི་སྤྱོད། བླ་མའི་གདན་ས་མི་བརླམ། རང་གཞན་གྱི་མཚམས་རྒྱ་མི་དབྲལ། ཏིང་འཛིན་དང་ལྷག་མཐོང་མི་འབྲལ། བཟླས་བརྗོད་དང་ཆོ་གའི་རྒྱུན་མི་ཚིག་གིས་བར་མི་གཅོད། དབང་རྟགས་ཀྱི་ཕྱག་རྒྱ་ལས་མི་འདའ་ཞིང་རྒྱུད་ནས་གསུངས་པའི་བརྡའ་གཞན་ལ་མི་བརྗོད། དཀྱིལ་འཁོར་མི་དཀྲུག་ཅིང་ཉམས་པའི་མཐུ་བཟློག་མི་བྱེད། རིགས་ཀྱི་བདག་པོ་བླ་མ་མི་སྤོང་བ་རྣམས་སོ། །དེ་བཞིན་དུས་འཁོར་བརྟུལ་ཞུགས་ཉི་ཤུ་ལྔ། །དེ་ལ་དུས་ཀྱི་འཁོར་ལོ་ལས། བསླབ་པའི་གཞི་སྡིག་པ་ལྔ། ཉེ་བའི་སྡིག་པ་ལྔ་དང༌། གསོད་པ་ལྔ་དང༌། འཁུ་བ་ལྔ་དང༌། ཆགས་པ་ལྔ་སྟེ་ལྔ་ཚན་ལྔ་སྤོང་བའི་བརྟུལ་ཞུགས་ཉི་ཤུ་བསྟན་པའི་དོན་ལས། དང་པོ་སྡིག་པ་ལྔ་སྤོང་བ་ནི། སྲོག་ཆགས་


JLAZ003_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོ་ཡན་ཆོད་ཀྱི་སྲོག་ལ་འཚེ་བ་སྨོས་ཅི་དགོས་ཀུན་ནས་མནར་སེམས་པ་དང༌། བསླུ་བའི་བསམ་པ་ཅན་རྫུན་སྨྲ་བ་དང༌། དུད་འགྲོ་ཡན་ཆོད་ཀྱིས་བདག་གིར་བྱས་པའི་རྫས་བརྐུ་བ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། ཕུང་ཁྲོལ་ཐམས་ཅད་ཀྱི་འབྱུང་གནས་ཆང་གི་བཏུང་བས་མྱོས་པར་བྱེད་པ་དང་ལྔ་ནི་འཁོར་བའི་གནས་སུ་འཆིང་བ་ལ་རྡོ་རྗེའི་ཞགས་པ་དང་མཚུངས་ཤིང༌། རང་གཞན་གྱི་དགེ་ཚོགས་ཐམས་ཅད་འཇོམས་པར་བྱེད་པས་དེ་རྣམས་ཕྱོགས་མཐུན་ཆ་དང་བཅས་པའང་སྤང་བའོ། །གལ་ཏེ་དེ་ལྔ་བསྲུང་མི་ནུས་ན་བརྟུལ་ཞུགས་ལྷག་མ་རྣམས་ཀྱང་མི་སྦྱིན་པས་བསླབ་པའི་གཞི་ལྔ་ཞེས་བྱའོ། །གཉིས་པ་ཉེ་བའི་སྡིག་པ་ལྔ་ནི། ཆོ་ལོ་དང༌། མིག་མང་ལ་སོགས་ཏེ་རྒྱན་པོ་འགྱེད་པ་དང༌། བཟའ་བ་དང་རིན་གྱི་དོན་དུ་གསོད་པའི་ཤ་ལ་སོགས་པ་ཁ་ན་མ་ཐོ་བའི་ཟས་དང༌། དམག་འཁྲུག་དང་ཚོང་གི་གཏམ་ལ་སོགས་པའི་ངག་འཁྱལ་གྱི་རིམ་པ་དང༌། ཕ་མེས་ཀྱི་མཚུན་གསོལ་བ་དང་ནད་པའི་དོན་དུ་ཕྱུགས་ཀྱི་མཆོད་སྦྱིན་བྱ་བ་ལ་སོགས་འབྱུང་པོའི་ཆོས་ལུགས་ལ་དགའ་བ་དང༌། རང་གིས་བསད་པའི་ཤ་མ་གཏོགས་གཞན་པ་མི་བཟའ་


JLAZ003_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གོས་དཀར་དང༌། བྱ་གག་གི་བཏུང་བ་འབའ་ཞིག་བསྟེན་པ་སོགས་ལྷ་མིན་གྱི་འཇུག་པ་ཅན་ཀླ་ཀློའི་ཆོས་ལུགས་ལ་སྤྱོད་པ་དང་ལྔ་ནི་ཉེ་བའི་སྡིག་པ་ཡིན་པས་སྤང་ངོ༌། །གསུམ་པ་གསོད་པ་ལྔ་ནི། མཐོ་རིས་འདོད་པའི་མཆོད་སྦྱིན་ལ་དམིགས་ནས་བ་ལང་གསོད་པ་དང༌། མ་མོ་མཆོད་པ་ལ་བྱིས་པ་གསོད་པ་དང༌། སྐྱེས་པའི་དོན་དུ་སྐྱེས་པ་དང༌། བུད་མེད་ཀྱི་དོན་དུ་བུད་མེད་གསོད་པ་སྟེ་མའི་མཆོད་སྦྱིན་གཉིས། ལྷ་མིའི་བླ་མ་གསོད་པ་ཞེས་བྱ་བ་རྒྱལ་བ་སྲས་དང་བཅས་པའི་སྐུ་གཟུགས་དང་བཀའི་གླེགས་བམ་དང༌། མཆོད་རྟེན་རྣམས་བསྣུན་ཏེ་བཤིག་པ་ལ་གསོད་པའི་སྒྲས་བཏགས་པ་སྟེ། འདི་དག་ནི་འཚེ་བ་ཆོས་སུ་སྨྲ་བ་ཀླ་ཀློའི་གྲུབ་མཐའ་ལ་ཞུགས་པ་རྣམས་སྡིག་པའི་ལས་རྔམ་པོ་ཆེའང་དགེ་བར་འདོད་པའི་སྐབས་ཡོད་པས་སྡིག་པ་ལྔའི་དང་པོ་ལས་ལོགས་སུ་དགར་ནས་དེ་ལས་ལྡོག་པའི་དོན་དུ་བཤད་པ་སྟེ། དེས་ན་དཀོན་མཆོག་བསྙེན་བཀུར་ལ་བསྙད་ནས་ཕྱུགས་ལུག་གསོད་པ་ཡང་ཀླ་ཀློའི་གྲུབ་མཐའ་མི་ཤེས་ཀྱང་སྤྱོད་པ་ལ་མཚུངས་ལྡན་དུ་སློབ་པ་ཡིན་ནོ། །བཞི་པ་འཁུ་བ་ལྔ་ནི། དགེ་བའི་གྲོགས་པོ་དང༌། རྗེ་བོའི་རྒན་རབས་དང༌། སངས་རྒྱས་དང༌། དགེ་འདུན་དང༌། བླ་མ་དང་


JLAZ003_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་སློབ་སྟེ་ཡུལ་ལྔ་པོ་དེ་དག་ལ་ཁོང་ཁྲོ་ཞིང་འཁུ་བ་སྟེ་ལྔ་ཚན་བཞི་པོ་ནི་ཡིད་ཀྱིས་སྡོམ་ཞིང་སྤྱོད་ལམ་གྱི་སྒོ་ནས་སྤང་བར་བྱའོ། །ལྔ་པ་ཆགས་པ་ལྔ་ནི། ཐེག་པ་ཆེན་པའི་སྡེ་སྣོད་ཐམས་ཅད་ནས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཞེས་པ་ནས་ལུས་ཀྱི་བར་གསུངས་པས་མཚོན་ཏེ། དབང་ཤེས་ཕན་ཚུན་རྟེན་དང་བརྟེན་པར་འབྲེལ་པ་ལས་ཡུལ་ལྔ་ལ་ཞེན་ཅིང་ཆགས་ནས་ཡང་སྲིད་འཕེན་ནུས་ཀྱི་ལས་སུ་རྫོགས་པས་དེ་དག་སྤང་བར་བྱ་སྟེ། དེ་ལྟར་སྤང་ཚུལ་བསྐྱེད་རིམ་གྱི་སྒོ་ནས་དབང་ཡུལ་དང༌། རེག་བྱ་རེག་ཤེས་ལ་སོགས་པ་ལྷ་སྐུར་སྦྱང་ཞིང༌། རྫོགས་རིམ་གྱི་སྒོ་སོ་སོར་སྡུད་པའི་ཤེས་རབ་ཀྱིས་དབང་པོ་ལྔ་ཡུལ་ལྔ་ལ་འཇུག་པའི་རྒྱུན་གཅོད་པ་སྟེ། དཀོན་བརྩེགས་ལས། འོད་སྲུང་མ་འོངས་པའི་དུས་ན་དགེ་སློང་མངོན་པའི་ང་རྒྱལ་ཅན་ཁྱི་རྡོ་ལ་བསྙེགས་པ་དང་མཚུངས་པ་འབྱུང་ངོ༌། །འོད་སྲུང་ཇི་ལྟར་ཁྱི་རྡོ་ལ་བསྙེག་པ་དང་མཚུངས་པ་དག་གང་ཡིན་ཞེ་ན། ཁྱི་རྡོ་དེ་ཉིད་ཀྱིས་འཇིགས་པ་ལས། རྡོ་དེ་ཉིད་ཀྱི་ཕྱིར་བསྙེག་གིས། རྡོ་དེ་སུས་འཕངས་པ་ལ་མི་བསྙེག་གོ །འོད་སྲུང༌། འདི་ལྟར་དགེ་སློང་དང་བྲམ་ཟེ་ཁ་ཅིག གཟུགས་དང༌། སྒྲ་དང༌། དྲི་དང༌།


JLAZ003_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

རོ་དང༌། རེག་བྱ་རྣམས་ཀྱི་ནང་དུ་སོ་སོར་རྟོག་པ་ལ་མངོན་པར་བརྩོན་ཏེ། མི་རྟག་པ་དང༌། བསླུ་བ་དང༌། འཇིག་པའི་ཆོས་སུ་རྟོག་ཀྱང་དེ་དག་གང་ལས་བྱུང་མི་ཤེས་པས། གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། ལྗོངས་དང༌། ཡུལ་འཁོར་དང༌། རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་ན་ཡང་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ཀྱིས་གནོད་པར་འགྱུར་རོ། །ཞེས་པ་ནས། འོད་སྲུང་ཕྱི་མའི་དུས་ན་དགེ་སློང་རྣལ་འབྱོར་སྤྱོད་པ་བ་ཁྱི་རྡོ་ལ་བསྙེག་པ་མི་འདྲ་བ་དག་ནི། དཔེར་ན་སེང་གེ་ལ་རྡོ་འཕངས་ན་རྡོ་གང་ནས་བྱུང་ཤེས་པས་རྡོ་ལ་མི་བསྙེག་པར་རྡོ་འཕང་བར་བྱེད་པ་དག་ལ་བསྙེག་པས། ཕྱིས་རྡོ་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་དགེ་སློང་རྣལ་འབྱོར་སྤྱོད་པ་བ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་མཐོང་བ་དེའི་ཚེ་སེམས་ལས་བྱུང་བར་ཤེས་ནས་སེམས་ལ་བརྟགས་པས་དངོས་པོ་མེད་པར་ཤེས་ནས་གྲོལ་བར་འགྱུར་རོ། །ཞེས་སོ། །འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་གནད་དམ་པ་ཀུན་ལ་གཅེས་པའི་ཆིངས་སུའང་ཤེས་པར་བྱའོ། །དེ་ལྟར་ཆགས་པ་ལྔ་སྤང་བ་ནི་བརྟུལ་ཞུགས་ཀྱི་གཙོ་བོ་ཡིན་ཏེ། སྤོང་པའི་ཐབས་ནི་སོ་སོར་སྡུད་པ་ཞེས་རྒྱུད་སྡེ་འདིའི་ཐ་སྙད་དུ་གྲགས་ཀྱང༌། དབང་པོ་ཡུལ་ལ་


JLAZ003_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་དུ་མི་འཇུག་པར་ནང་དུ་ཡང་དག་སྡུད་པའི་རྫོགས་རིམ་མམ་ཤེས་རབ་ཀྱི་ཆ་ལ་མཉམ་པར་འཇོག་པ་ཐམས་ཅད་ཀྱི་སྤྱི་དོན་ཡིན་ནོ། །དེ་ཡང་རྒྱུད་འགྲེལ་ལས། སྲིད་པའི་བདག་པོ་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ཉེར་ལྔ་ཞེས་བཤད་པའི་དོན་ཡང༌། ཉི་ཤུ་རྩ་ལྔ་བོའི་གྲངས་ངེས་སུ་དམ་འཆའ་བ་ལས་འདའ་བར་བྱ་བ་མ་ཡིན་པ་དམ་ཚིག་དང༌། སྒོ་གསུམ་དེའི་ངོ་བོར་སོན་པ་ཉིད་ཀྱིས་ན་བརྟུལ་ཞུགས་ཞེས་གྲགས་པའོ། །ད་ནི་རྒྱུད་སྡེ་གསར་རྙིང་གཉིས་ཀའི་སྤྱི་དོན་དུ་གྱུར་པ་རིགས་ལྔའི་སྡོམ་པ་ལ་ཕྱི་ནང་གཉིས་ལས་དང་པོ་སྟོན་པའི་ཕྱིར། སྔོན་དང་ཕྱིན་ཆད་འགྱུར་བའི་རྒྱུད་སྡེ་ཡི། །སྤྱི་དོན་གྱུར་པ་རིགས་ལྔའི་སྡོམ་པ་ལ། །སངས་རྒྱས་རྣལ་འབྱོར་སྨོན་འཇུག་ཚུལ་ཁྲིམས་གསུམ། །མི་བསྐྱོད་རྡོར་དྲིལ་ཕྱག་རྒྱ་བླ་མ་གཟུང༌། །རིན་འབྱུང་ཆོས་ནོར་མི་འཇིགས་བྱམས་པ་སྦྱིན། །སྣང་མཐའ་ཐེག་པ་གསུམ་འཛིན་ཆོས་རྣམས་བཤད། །དོན་གྲུབ་མཆོད་བསྟོད་ཕྲིན་ལས་ཀུན་ལ་གུས། །དེ་ལ་འདིར་སྨོན་འཇུག་གི་སེམས་བསྐྱེད་དང་ཚུལ་ཁྲིམས་རྣམ་པ་གསུམ་སོགས་བྱང་ས་དང་མཐུན་པར་འབྱུང་བས་ཐུན་མོང་བའི་སྡོམ་པའང་ཡིན་ལ། སྤྱིར་རིགས་བྱེ་བྲག་པ་ལ་ཞུགས་པས་རིགས་


JLAZ003_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཀའི་སྡོམ་པ་བསྲུང་མི་དགོས་པ་མ་ཡིན་ཀྱང༌། རང་རིགས་གང་ཡིན་པའི་སྡོམ་པ་ལ་ཁྱད་པར་དུ་བྱ་དགོས་པས་རིགས་ལྔ་སོ་སོའི་སྡོམ་པའི་དམ་ཚིག་ཅེས་གྲགས་པའོ། །དེ་ལ་དང་པོར་དེ་བཞིན་གཤེགས་པའི་རིགས་རྣམ་སྣང་གི་སྡོམ་པ་ནི། བདག་རྡོ་རྗེ་སེམས་དཔར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱང་དེའི་གོ་འཕང་ལ་འགོད་པར་བྱའོ་སྙམ་པའི་སྨོན་སེམས་བླངས་ནས་ཉེས་སྤྱོད་སྡོམ་པ་དང༌། དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་བརྟན་པོར་གཟུང་བས་འཇུག་སྡོམ་ཤུགས་ལ་བླང་བ་སྟེ། དེ་ཡང་དང་པོས་སེམས་གནས་པ་དང༌། གཉིས་པས་རང་རྒྱུད་ལ་སངས་རྒྱས་ཀྱི་ཆོས་སྨིན་པ་དང༌། གསུམ་པས་གཞན་རྒྱུད་སྨིན་པར་བྱ་བ་བྱང་ས་དང་འདྲ་ལ། བྱེ་བྲག་ཏུ་ཐ་མལ་གྱི་སྣང་ཞེན་ལས་ལྡོག་པའི་ཉེས་སྤྱོད་སྡོམ་པ། འཁྲུལ་སྣང་ཡེ་ཤེས་སུ་སྡུད་པའི་དགེ་བ་ཆོས་སྡུད། ལས་བཞིའི་ཕྲིན་ལས་ལ་འཇུག་པའི་སེམས་ཅན་དོན་བྱེད་དེ་སྔགས་སྡོམ་གྱིས་བསྡུས་པའི་ཚུལ་ཁྲིམས་བྱེ་བྲག་པ་གསུམ་གྱི་སྦས་དོན་བྱེད་པ་དང༌། སྡོམ་པ་དེ་ཐམས་ཅད་ཀྱི་རྟེན་ནི་སྐྱབས་འགྲོ་ཡིན་པས་དེའི་ཞིང་དཀོན་མཆོག་གསུམ་


JLAZ003_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བས་མཇུག་བསྡུས་པ་སྟེ། རྩེ་མོ་ལས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །བླ་ན་མེད་པའི་དཀོན་ཅོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་བྱུང་བའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །ཞེས་སོ། །གཉིས་པ་རྡོ་རྗེའི་རིགས་མི་བསྐྱོད་པའི་རིགས་ཀྱི་དམ་ཚིག་ནི་རྒྱུད་སྡེ་ཕྱི་ནང་ཐུན་མོང་དུ་རྟགས་ཀྱི་རྡོར་དྲིལ་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྒྱུད་ནས་གསུངས་པའི་ཚད་དང་མཚན་ཉིད་ལྡན་པ་རང་ཉིད་རྣམ་སྣང་ལ་སོགས་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོར་མོས་ནས་འཛིན་པ་སྟེ། དེ་ཉིད་འདུས་པ་ལས། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ཀྱི་སྙིང་པོ་བཟླ། །ཞེས་སོ། །དེ་ཉིད་དྲན་པའི་སྒོ་ནས་འཛིན་ཚུལ་ནི། རྒྱལ་བ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ནི་གང་དུའང་མི་འགྱུར་ལ།


JLAZ003_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མའི་རྣམ་རྟོགས་གིས་མི་ཤིགས་པ་སོགས་རྡོ་རྗེའི་ཆོས་བདུན་དང་ལྡན་པས་ན་རྡོ་རྗེ་སྟེ། མི་བསྐྱོད་པའི་བདག་ཉིད་ཅན་ནོ། །དེའི་མཚན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་དྲན་པའི་སྒོ་ནས་རྟགས་ཀྱི་རྡོ་རྗེ་འཛིན་པའོ། །དེ་བཞིན་དུ་དྲིལ་བུའང༌། ཐམས་ཅད་ནམ་མཁའི་མཚན་ཉིད་ཅན། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་བའི། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་པའི་སྒྲ་དྲིལ་བུས་སྒྲོག་པར་མོས་ནས་དཀྲོལ་ཞིང་དེའི་སྒྲ་ལ་ངེས་ཤེས་དྲངས་པའི་འབྲས་བུ་ནི། རང་གི་སེམས་ནམ་མཁའི་མཚན་ཉིད་ཙམ་དུ་མཚོན་ཀྱང༌། ནམ་མཁའ་ལའང་མཚན་ཉིད་མེད་པས་དེའི་དཔེས་སྒྲུན་དུ་མེད་པའི་ཕྱིར་རྟོག་དཔྱོད་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ལ་མཉམ་པར་འཇོག་པ་ནི་ཤེས་རབ་ཀྱི་རང་བཞིན་དོན་དམ་པའི་དྲིལ་བུའི་དེ་ཁོ་ན་ཉིད་འཛིན་པ་སྟེ། རྟ་མཆོག་རོལ་པ་ལས། སེམས་ཉིད་ནམ་མཁའ་ལ་གནས་ཏེ། །ནམ་མཁའ་ཅིར་ཡང་མི་གནས་པས། །དེ་ཕྱིར་དཔྱོད་པའི་བྱ་བྱེད་བྲལ། །བྱར་མེད་བསམ་བྲལ་བརྗོད་བཟླས་རྟོགས། །ཞེས་སོ། །རྒྱུད་སྡེ་ཕྱི་ནང་གཉིས་ཀར་རྡོ་རྗེ་དྲིལ་བུ་འཛིན་རེས་ཀྱི་སོ་སོའི་དག་པ་དྲན་པར་མ་


JLAZ003_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་དམ་ཚིག་ལས་འདའ་བར་འགྱུར་ཏེ། དེ་ཉིད་སེམས་མེད་རྣལ་འབྱོར་པ། །གླང་པོ་དྲིལ་བུ་འཁྲོལ་དང་མཚུངས། །ཞེས་སོ། །ཁྱད་པར་གསང་སྔགས་ནང་པ་ལྟར་ན་རྡོ་རྗེ་ནི་ཐབས་ཀྱི་ནོར་བུ་དང༌། དྲིལ་བུ་ནི་ཤེས་རབ་ཀྱི་པདྨ་སྟེ། དེ་གཉིས་ཕན་ཚུན་མཉམ་པར་སྦྱར་བའི་རྒྱས་གདབ་པ་ནི་ཕྱག་རྒྱའི་དམ་ཚིག་གོ །དེ་བཞིན་དུ་གསང་བར་ཁམས་དཀར་དམར་གཉིས་ཞུ་བདེའི་རྐྱེན་གྱིས་ཟུང་དུ་འཇུག་པ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རྣམ་པ་གཞན་དུ་འགྱུར་བ་མེད་པའི་བདེ་ཆེན་ཡེ་ཤེས་ཀྱི་རྡོ་རྗེ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཤེས་རབ་དྲིལ་བུའི་ཆོས་ཉིད་དུ་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །དེ་དག་གི་དོན་ཕྱིན་ཅི་མ་ལོག་པར་བརྡའ་དོན་རྟགས་གསུམ་གྱི་སྒོ་ནས་སྟོན་པར་བྱེད་པ་ནི་རྡོ་རྗེ་སློབ་དཔོན་ཁོ་ན་ལ་རག་ལུས་པས་ན་རང་གི་བླ་མའམ་སློབ་དཔོན་གྱིས་དབང་བསྐུར་བ་ལ་འདོད་པའང་ཡོད་དེ་ཞར་བྱུང་དུ་བསྟན་པས་སོ། །ཇི་ལྟར་ཡང༌། དེ་ཉིད་བསྙེན་བཀུར་གྱི་སྒོ་ནས་བཟུང་བ་སྟེ། རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །


JLAZ003_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་དག་ཀྱང་བཟུང་བར་བགྱི། །ཞེས་སོ། །གསུམ་པ་རིན་ཅེན་རིགས་རིན་འབྱུང་གི་དམ་ཚིག་ནི། ཕྱི་ལྟར་དུ་ཟང་ཟིང་གི་སྦྱིན་པ་གཏོང་བ་ཆེ་ཆུང་གི་དབྱེ་བས་བཞག་པ་དང༌། ཆོས་ཀྱི་སྦྱིན་པ་དང༌། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང༌། འགྲོ་བ་ཐམས་ཅད་བླ་ན་མེད་པའི་བདེ་བ་ལ་རེག་འདོད་བྱམས་པའི་སྦྱིན་པ་དང་བཞི་པོ་ཉིན་རེ་བཞིན་ཡང་དུས་དྲུག་ཏུ་སྦྱིན་པ་སྟེ། དེའང་རིན་ཅེན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ། རིགས་ནི་དེ་ལས་དགོས་འདོད་འབྱུང་བས་ན་རིན་ཆེན་འབྱུང་ལྡན་དང༌། དམ་ཚིག་ནི་སྦྱིན་པ་ལ་དགའ་བ་རྣམས་དེ་ལ་སྦྱོར་བའི་ངོ་བོ་སྟེ། དེ་ཡང་ཉིན་རེ་བཞིན་དེ་ལྟར་མ་ནུས་ན་རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་གཞན་ལ་གཏོང་བའི་བསམ་པ་དང་ཚད་མེད་བཞིའི་དང་མཐའ་གཉིས་སམ་བཞི་ག་བསྒོམས་ཀྱང་ལེགས་པ་ཡིན་ནོ། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཞེས་སོ། །བཞི་པ་པདྨའི་རིགས་སྣང་མཐའི་དམ་ཚིག་ནི། ཕྱི་ཉན་རང་བྱང་སེམས་ཀྱི་ཐེག་པ་དང༌། ནང་བྱ་སྤྱོད་རྣལ་འབྱོར་གྱི་ཐེག་པ། གསང་བ་བསྐྱེད་རྫོགས་གསུམ་གྱི་ཐེག་པ་སྟེ།


JLAZ003_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བས་གདུལ་བྱའི་ཁམས་དང་དབང་པོ་དང་སྐལ་བའི་རྗེས་སུ་འཚམ་པར་གསུངས་པ་མཐའ་དག་དངོས་སུ་ཅི་ནུས་བཟུང་ཞིང་གལ་ཏེ་མ་ནུས་ཀྱང་ཡིད་ཀྱིས་མི་གཏོང་བ་སྟེ། བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ཞེས་སོ། །ལྔ་པ་ལས་ཀྱི་རིགས་དོན་གྲུབ་ཀྱི་དམ་ཚིག་ནི། ལས་ཐམས་ཅད་པ་ཡིན་པས་རིགས་བཞི་པོ་ཐམས་ཅད་ལ་གུས་ཤིང་དང་དུ་བླང་བའི་སྟེང་དུ་ཡོ་ག་དང་བླ་མེད་ཀྱི་རྒྱུད་སྡེ་རྣམས་ནས་བཤད་པའི་ཕྱི་ནང་གསང་བའི་མཆོད་པ་དང༌། གཏོར་མ་དང༌། སྦྱིན་སྲེག་ལ་སོགས་ཕྲིན་ལས་ཀྱི་རིམ་པ་ཐམས་ཅད་དང་དུ་བླང་བ་སྟེ། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཞེས་སོ། །དེ་དག་ཀྱང་ཉིན་མཚན་ཆ་དྲུག་ཏུ་བཅད་པའི་སོ་སོའི་ཁོངས་སུ་རྒྱུན་མི་འཆད་པར་དང་དུ་བླང་བའི་སེམས་དང་ལྡན་པར་དགོས་ཏེ། རྩེ་མོ་ལས། སྔ་དྲོ་སྡོམ་པ་བླང་བྱ་སྟེ། །དེ་ཉིད་ཉིན་ཕྱེད་དང་མཚམས་སུ། །ཉིན་དང་མཚན་མོ་ལན་གསུམ་དུ། །སངས་རྒྱས་རྡོ་རྗེ་ནོར་བུ་དང༌། །པདྨོར་བྱེད་


JLAZ003_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་གང༌། །རྣམ་པ་བཞི་པོ་དེ་ལས་སྦྱོར། །སངས་རྒྱས་ཆོས་དང་ཚོགས་བྱང་ཆུབ། །ཉིན་དང་མཚན་མོ་དུས་དྲུག་ཏུ། །རྡོ་རྗེ་དྲིལ་བུ་ཚོགས་སློབ་དཔོན། །རྡོ་རྗེ་ཅན་ལའང་དེ་བཞིན་དྲུག །ཅེས་པ་ནི་ཀུན་ལ་མཚུངས་པའོ། །དེའང་དུས་ཀྱི་འཁོར་ལོ་ལྟར་ན་བསྡུས་རྒྱུད་ལས། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་བཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གི་སྤྱོད་པར་བགྱི། །ཞེས་པས་གཞན་རྣམས་ཕལ་ཆེར་འདྲ་བ་ལ་རྣམ་སྣང་གི་རིགས་ལ་ཤ་ལྔ་བདུད་རྩི་ལྔ་བསྟེན་པ་དང༌། ཆུ་སྐྱེས་ཏེ་པདྨའི་རིགས་ལ་འཛག་མེད་ཀྱི་ཚུལ་ཁྲིམས་བརྟན་པའི་ཞུ་བདེས་ཕུང་ཁམས་ཀྱི་ལྷ་རྣམས་ཚིམ་པའི་བྱེད་པ་བསྒྲུབ་པ་སྟེ། དེ་དག་ཀྱང་བསོད་ནམས་དང༌། ཚུལ་ཁྲིམས་དང༌། ཡེ་ཤེས་ཀྱི་ཚོགས་གསུམ་གྱིས་བསྡུ་བའོ། །ཁྱད་པར་བླ་མེད་རིགས་ལྔའི་སྡོམ་པ་ནི། །རྡོ་རྗེའི་རིགས་གྱུར་སྲོག་ལ་འཚེ་བ་ཡང༌། །


JLAZ003_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཅུ་ལས་གཞན་དབུ་མར་རླུང་རྟོག་གསོད། །རིན་ཆེན་རིགས་ལ་མ་བྱིན་བླང་བྱ་ནི། །མཚན་ལྡན་གཟུངས་དང་སྐལ་མེད་སྐྱེ་བོའི་ནོར། །རྫོགས་པའི་བྱང་ཆུབ་རང་སྟོབས་མཐུ་ཡིས་བླང༌། །པདྨའི་རིགས་ལ་རི་དྭགས་མིག་ཅན་མཆོད། །སྟོང་པ་ཉིད་ཀྱི་བུད་མེད་ཀུན་ཏུ་སྤྱོད། །ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེན་པོ་བསྟེན། །འཁོར་ལོའི་རིགས་ལ་ཤ་ཆེན་ལྔ་དང་ཆང༌། །ལས་ལ་བརྫུན་ཚིག་སྒྱུ་མ་ལྟ་བུར་སྒྲོག །དེ་ལ་རྟེན་གྱི་གང་ཟག་རྣལ་འབྱོར་བླ་མེད་ཀྱི་ལྟ་བསྒོམ་སྤྱོད་པའི་གནས་གང་ཡིན་པ་གདེངས་སུ་གྱུར་ཅིང་རིགས་ལྔ་སོ་སོའི་དམ་ཚིག་བསྟེན་པ་ལ་ནུས་པ་རྙེད་པས་རང་གཞན་གྱི་དོན་དུ་འགྱུར་བ་དག་ལ་སྒྲ་ཇི་བཞིན་པ་དང༌། གཞན་དུ་སྔགས་ལམ་ལ་ཞུགས་པ་ཅན་ཙམ་ལ་དགོངས་པ་ཅན་དུ་གསུངས་པའི་ཁྱད་པར་གཉིས་གཉིས་སུ་སྟོན་པ་ལས། རྡོ་རྗེའི་རིགས་ཀྱི་དམ་ཚིག་སྲོག་ལ་འཚེ་བའང༌། ཞེ་སྡང་རང་རྒྱུད་ལྡན་དུ་མི་གནས་པའི་སྙིང་རྗེ་ཆེན་པོས་ཞིང་བཅུ་ཚང་བའམ། ཉམས་པ་བདུན་དང་ལྡན་པའི་ངང་ཚུལ་ངན་པ་ཅན་གྱི་ལས་ངན་པའི་རྒྱུན་ཐབས་གཞན་གང་གིས་ཀྱང་གཅད་པར་མི་ནུས་ན། དྲག་ཤུལ་གྱི་ཆོ་གས་གསད་པར་བྱ་བ་སྟེ། ངེས་བརྗོད་ལས། སངས་རྒྱས་བསྟན་ལ་གནོད་བྱེད་དང༌། །བླ་


JLAZ003_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

མ་དམོད་བརྩོན་མ་རུང་དང༌། །རྟག་ཏུ་སེམས་ཅན་གནོད་བརྩོན་པ། །མཁས་པས་བསྒྲིམས་ཏེ་གསད་པར་བྱ། །ཞེས་དང༌། རྒྱུད་གཞན་ལས་ཀྱང༌། ཨེ་མ་ཧོ་གསོད་པ་འདི་ནི་བཟང༌། །ཞེས་སོགས་བསྟན་པ་བཞིན་ནོ། །དེ་ལས་གཞན་དུ་ནི་ངེས་པའི་དོན་ལ་དམིགས་པའི་དགོངས་པ་ཅན་ཡིན་ཏེ། འདི་ལྟར་སྲིད་པ་བསྐྱེད་པའི་རྒྱུའི་གཙོ་བོ་སྲོག་གི་རླུང་སྟེ་རོ་རྐྱང་ནས་འཇུག་པའི་གཟུང་འཛིན་གྱི་ལས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱིས་ངེས་པས་གསོད་པ་སྟེ། བརྟག་གཉིས་ལས། སེམས་གཅིག་སྲོག་ཆགས་གསོད་པ་ནི། །གང་ཕྱིར་སྲོག་ནི་སེམས་སུ་བརྗོད། །ཅེས་དང༌། འབུམ་ལྔ་ལས། སྲོག་རླུང་ངེས་པར་འགགས་པ་ནི། །བྱང་ཆུབ་སེམས་ནི་འགག་པའོ། །ཞེས་སོ། །དེ་བཞིན་དུ་རིན་པོ་ཆེའི་རིགས་ཀྱི་དམ་ཚིག་མ་བྱིན་བླང་བའང༌། འཛག་བདེའི་རྒྱུན་ལམ་ཁེགས་ཤིང་ཉོན་མོངས་པའི་རང་བཞིན་ལྷན་ཅིག་སྐྱེས་དགར་སྦྱོར་བའི་དཔའ་བོས་ལམ་གྱི་ཡོན་ཏན་མངོན་དུ་བསྒྲུབ་པར་སེམས་བསྐྱེད་ནས་རྣམ་པར་སྨིན་པའི་ལུས་ཅན་མཚན་ཉིད་དང་ལྡན་པའི་གཟུངས་སུ་གྱུར་པ་གང་ཞིག་གཞན་དབང་དུ་གྱུར་ཀྱང་འཕྲུལ་དགའི་ལོངས་སྤྱོད་ལྟར་བདག་ཉིད་ལས་སྤྲུལ་པར་བསྟན་


JLAZ003_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བླང་བར་བྱ་བའི་ཚུལ་སྒྱུ་འཕྲུལ་ལས། འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན། །གཞན་དུ་མ་བྱིན་ལེན་པའི་ཕྱིར། །བླངས་མེད་ཐམས་ཅད་ཉིད་ཀྱིས་དབྱིངས། །ཞེས་དང༌། དེ་ལྟར་བླངས་ནས་ཀྱང་དེ་ཉིད་ཀྱི་དངས་མ་རླུང་གི་སྟོབས་ཀྱིས་མ་བྱིན་བླང་བའི་ཚུལ་བརྟག་གཉིས་ལས། བཙུན་མོའི་ཁུ་བ་མ་བྱིན་བླང༌། །གཞན་གྱི་བུད་མེད་དང་མཚུངས་མཛེས། །ཞེས་སོ། །དེ་བཞིན་དུ་སྐལ་མེད་ཀྱི་ལག་ཏུ་གནས་མ་ཡིན་པར་འཁྱམས་པའི་དམ་ཚིག་གི་རྫས་ཁྱད་པར་བ་གང་ཡིན་པ་སྔགས་ཀྱི་མཐུས་འཕྲོག་པའམ། མིན་ནའང་འཇུངས་པ་ལ་ཕན་གདགས་པའི་སེམས་ཀྱིས་བླངས་ཏེ་གཞན་དོན་བསྒྲུབ་པའི་ཚུལ། རྡོ་རྗེ་ལས། འཇུངས་པ་རྣམས་ལས་ནོར་བླངས་ལ། །སེམས་ཅན་བཀྲེན་ལ་སྦྱིན་པར་བྱ། །དེ་ཕྱིར་མི་ཡི་བདག་པོ་དང༌། །ཕྱུག་པོ་རྣམས་ཀྱི་ནོར་འཕྲོག་གོ །ཞེས་སོ། །དེ་ལས་གཞན་དུ་ནི་དགོངས་པ་ཅན་ཏེ། བླང་བྱའི་རྫས་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རྟོགས་པའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་སུས་ཀྱང་མ་བྱིན་བཞིན་དུ་རང་སྟོབས་ཀྱི་མཐུས་ལེན་པ་སྟེ། མདོ་ལས། གང་ཕྱིར་ཐེག་པ་ཆེན་པོ་འདི། །གང་གིས་ཀྱང་ནི་བྱིན་མ་ལགས། །དེ་ཉིད་རྟོགས་


JLAZ003_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་བྱིན་བླང༌། །ཞེས་སོ། །པདྨའི་རིགས་ཀྱི་དམ་ཚིག་ཏུ་ཕྱག་རྒྱ་བཞི་བསྟེན་པ་ལས་ལས་རྒྱ་ནི། ཞུ་བདེའི་རང་བཞིན་འཕོ་མེད་དུ་བརྟན་ནས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་འདྲེན་ནུས་ན་རི་དྭགས་མིག་ཅན་གྱི་མཆོད་པ་དང་དུ་བླང་བ་སྟེ། རྡོ་རྗེ་ལས། སངས་རྒྱས་རྣམས་ནི་མཉེས་བྱ་དང༌། །དམ་ཚིག་རྣམས་ནི་བསྲུང་བ་དང༌། །གསང་སྔགས་རིག་པ་སྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །ཞེས་སོ། །དེ་ལ་དངོས་རིག་ལས་ཀྱི་ཕྱག་རྒྱའི་ཡན་ལག་ཏུ་ནི་གཏུམ་མོའི་དམ་ཚིག་གི་ཕྱག་རྒྱ་དང༌། ཡིད་རིག་ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་རང་བཞིན་གསུམ་ཡང་འདུ་བ་ཡིན་ཏེ། རིམ་བཞིན་ཐབས་ཀྱིས་ཟིན་པའི་སྤྱོད་པ་དང༌། འདུ་ཤེས་གསུམ་ལྡན་གྱི་བསྒོམ་པ་དང༌། རྟོགས་གོམས་གདེངས་སུ་གྱུར་པའི་ལྟ་བ་སྟེ། ཕྱག་རྒྱ་གསུམ་དང་མཚུངས་པར་ལྡན་པ་ལ་བརྟེན་ནས་ཞུ་བདེས་དྲངས་པའི་དཔེའི་ཡེ་ཤེས་བསྐྱེད་པས་ཀུན་རྫོབ་པའི་ཁམས་འགྱུར་མེད་དུ་བརྟན་ཅིང༌། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྱུར་བ་མེད་པ་མངོན་དུ་བྱེད་པའོ། །དེ་ལས་གཞན་དུ་དགོངས་པ་ཅན་ནི་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་རྣམ་ཀུན་མཆོག་ལྡན་ལ་བུད་མེད་ཀྱི་སྒྲར་བཏགས་ནས་དེ་


JLAZ003_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་དང་སྦྱོར་བའི་ཚུལ། རྒྱུད་ལས། རྣམ་པ་ཀུན་གྱི་མཆོད་ལྡན་མ། །སྟོང་ཉིད་ཤེས་རབ་མཛེས་མ་ཉིད། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །དེ་ཉིད་མ་བསྟེན་འཚང་མི་རྒྱ། །ཞེས་སོ། །འཁོར་ལོའི་རིགས་ཀྱི་དམ་ཚིག་ཏུ་ཤ་དང་ཆང་ལ་སྤྱོད་པའང༌། རིགས་དང་ང་རྒྱལ་གྱི་དྲེགས་པ་དང༌། གཙང་སྨེའི་རྟོག་པ་གཞིག་པའི་དོན་དུ་ཤ་ལྔ་བདུད་རྩི་ལྔ་གནང་ཞིང༌། དེ་ཡང་རང་གི་བཟའ་བའི་དོན་དུ་དམིགས་ནས་གསད་པ་ནི་མ་ཡིན་ཏེ། སོ་སོའི་ལས་ཀྱིས་གཞན་དབང་དུ་སོང་བའི་ཤ་དང༌། དམ་ཚིག་གི་རྫས་སུ་དམིགས་པ་གང་ཡིན་པའོ། །དེ་བཞིན་དུ་ཆང་ཡང་རང་ལུས་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་ངེས་ཤིང་མཆོད་རྫས་ལ་དམིགས་པའི་ཐབས་ཀྱིས་ཟིན་པས་བསོད་ནམས་སུ་འགྱུར་ལ། ཤེས་རབ་ཀྱི་ཆ་ནས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སྦྱངས་རྟོགས་སྦར་གསུམ་གྱིས་དངོས་ཞེན་དག་པར་བྱས་པས་མཆོད་པའི་ཕྱག་རྒྱ་ཆེན་པོ་ཟག་མེད་ཀྱི་བཅུད་ལེན་དུ་འགྱུར་བ་ལས་མྱོས་པའི་སྐྱོན་གྱིས་མ་གོས་པ་གཏི་མུག་རྣམ་པར་དག་པའི་དམ་ཚིག་སྟེ། བརྟག་གཉིས་ལས། དེ་ལ་ག་བུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་དུ་བྱ། །ཁྱད་པར་དུ་


JLAZ003_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཆང་ཉིད་དོ། །ཞེས་སོ། །དེ་བས་ན་གཞན་དུ་ཤ་ལྔ་བཟའ་བ་ནི་དབང་པོ་ལྔའི་དངས་མ་བཅིངས་པས་རྣམ་རྟོག་གི་ས་བོན་རྣམ་པར་མི་རྟོག་པའི་ཆོས་ཉིད་ཀྱིས་བཟའ་བ་དང༌། ཆང་འཐུང་བའི་སྒྲས་ནི་ཡས་འབབ་ཀྱི་ཞུ་བདེ་མས་བརྟན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་བཅིངས་པ་ལས་ཐིག་ལེའི་རྡུལ་ཕྲ་རབ་ཀྱི་ཚོགས་ཡེ་ཤེས་ཆེན་པོའི་རང་བཞིན་དུ་བཏུང་བའི་དོན། རྣམ་རྟོག་དང་ནི་ཀུན་རྟོག་གི ། དངོས་དང་དངོས་མེད་སོགས་འཁྲུལ་བ། །རྣམ་རྟོག་དྲྭ་བའི་ས་བོན་ཚོགས། །རྣམ་པར་མི་རྟོག་པ་ཡིས་བཟའ། །སྙིང་རྗེའི་སྣོད་ཀྱི་མཆོག་ཏུ་ནི། །ཡེ་ཤེས་ཆེན་པོ་མཉམ་བཞག་ནས། །བཏུང་ཞིང་རྟག་ཏུ་བཏུང་བར་བྱ། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བཤད། །ཅེས་སོ། །ལས་ཀྱི་རིགས་ཀྱི་དམ་ཚིག་རྫུན་དུ་སྨྲ་བ་ཡང༌། བྱང་ཆུབ་སེམས་དཔའ་གཞན་དོན་སྤྱོད་པ་ལ་གནང་བའི་ལུས་ངག་གི་ལས་བདུན་གྱི་ཡན་ལག་གཞན་ལ་ཕན་འགྱུར་གྱི་བསམ་པས་རྫུན་དུ་སྨྲ་བ་སྟེ། རྡོ་རྗེ་ལས། སེམས་ཅན་རྣམས་ལ་ཕན་སྤྱོད་པ། །རྟག་ཏུ་དམ་ཚིག་བླ་མའི་ནོར། །སེམས་ཅན་སྲོག་ནི་བསྲུང་བའི་ཕྱིར། །རྫུན་དུ་ཡང་ནི་སྨྲ་བར་བྱ། །ཞེས་སོ། །དེ་ལས་གཞན་དུ་ཆོས་ཉིད་དང་ཐ་སྙད་གཉིས་རྫས་འགལ་བའི་ཕྱིར་


JLAZ003_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་པའི་གནས་ཚུལ་ལས་གཞན་དུ་གྱུར་པའི་རྫུན་ཚིག་སྒྱུ་མ་ལྟ་བུའི་རང་བཞིན་སེམས་ཅན་གྱི་ཁམས་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་དོན་དུ་སྨྲ་བ་སྟེ། བརྟག་གཉིས་ལས། འཇིག་རྟེན་བསྒྲལ་བ་ཞེས་བྱ་བ། །རྫུན་གྱི་ཚིག་ནི་རབ་ཏུ་བསྒྲག །ཅེས་དང༌། འཇམ་དཔལ་གྱིས་བསྟན་པའི་མདོ་ལས། བདག་དང་སེམས་ཅན་མི་དམིགས་ལ། །འཁོར་བ་ལས་སྒྲོལ་རྫུན་གྱི་ཚིག །ཅེས་སོ། །དེ་ཡང་སྦས་དོན་དུ་ངག་གི་རྩ་བ་རླུང་གི་རང་བཞིན་སྙིང་གའི་འཁོར་ལོ་ལ་ཐིམ་པས་རང་སྣང་ལ་གཞོམ་མེད་ཀྱི་སྒྲ་རྣམ་པ་ཐམས་ཅད་པ་དང༌། གཞན་སྣང་ལ་སེམས་ཅན་གྱི་མོས་པ་དང་མཐུན་པའི་སྐད་ཀྱིས་སྒྲ་དང་དོན་དུ་འགལ་བ་རྫུན་པའི་ཚིག་ལྟ་བུའི་ཆོས་ཀྱིས་ཕན་གདགས་པ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། གང་གིས་སྲོག་རླུང་ཟོས་པ་ན། །གཅིག་ཆར་འགྲོ་ཀུན་སྐད་ཀྱིས་ནི། །གང་དང་གང་ལ་དེ་དང་དེ། །མཐུན་པའི་ཆོས་སྟོན་རྫུན་པའི་ཚིག །ཅེས་སོ། །དེ་དག་ཀྱང་དུས་ཀྱི་འཁོར་ལོ་ལས་གྲི་གུག་གི་སྒྲས་མཁའ་གསང་མི་སྨད་ཅིང་རང་ལུས་གཏོང་བའི་ཁྱད་པར་ཙམ་ལས་གཞན་དུ་མཐུན་པར་གསུངས་པའི་ཚུལ། ངེས་པར་རྡོ་རྗེའི་རིགས་ལ་སྲོག་


JLAZ003_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིགརིན་ཆེན་ལ་ནི་གཞན་ནོར་འཕྲོག་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་འཕྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨ་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །ཞེས་སོ། །དེ་ཡི་ཡན་ལག་ཚིག་གིས་གབ་པ་ནི། །མ་བསྒྲལ་བསྒྲལ་སོགས་བྱང་ས་དང་ཐུན་མོང༌། །ལྷ་དང་ལྷ་མིན་གསང་བ་པ་མི་བརྙས། །ཕྱག་རྒྱ་བཞོན་པ་མཚོན་ཆ་མཚན་མ་ལ། །སྨད་པར་མི་བྱའི་གཉིས་ནི་དངོས་བསྟན་ཏེ། །གསང་བ་གནོད་སྦྱིན་ཕྱག་རྒྱ་སྐུ་གཟུགས་རྫོགས། །བཞོན་པ་བླ་མའི་སྟན་དང་ཆིབས་ལ་སོགས། །མཚོན་ཆ་ལྷ་ཡི་ཆེད་དུ་བྱས་པའི་རིགས། །མཚན་མ་ཕྱག་མཚན་ལྷ་དང་བླ་མ་དང༌། །མཆོད་རྟེན་གྲིབ་མ་འགོམ་ལ་སྨད་པའི་སྒྲ། །དེ་བཞིན་མཆོད་རྫས་རྙིངས་ལ་དམན་མར་གྲགས། །ཕྱག་མཚན་རྣམ་པའང་བཟའ་བར་བཀག་པ་ཡིན། །དེ་ལ་སྨོན་འཇུག་གི་དོན་བསྡུའི་རྗེས་རིགས་ལྔའི་སྡོམ་བཟུང་གི་ཡན་ལག་


JLAZ003_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྒྲལ་བསྒྲལ་བ་ནི་ཤེས་སྒྲིབ་ཀྱི་བག་ཆགས་ལས་མ་བསྒྲལ་བའི་ཉན་རང་དགྲ་བཅོམ་པའི་ཚོགས་དང༌། མ་གྲོལ་བ་ནི་སྒྲིབ་གཉིས་ཀྱི་འཆིང་བ་ལས་མ་གྲོལ་བ་ཚངས་པ་ལ་སོགས་སོ་སྐྱེ་ནས་སློབ་པ་འཕགས་པའི་བར་རོ། །དབུགས་མ་ཕྱིན་པ་ནི་དམྱལ་བ་པ་སོགས་སྡུག་བསྔལ་གྱིས་མནར་བ་ལས་དབུགས་མ་ཕྱིན་པ། མདོར་ན་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་ལ་དགོད་པར་དམ་འཆའ་ཞིང་གཞན་ཡང་རྩེ་མོ་ལས། ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམས་པར་མི་བྱའོ། །ཞེས་པ་ལས་ལྷ་དང་ལྷ་མིན་གསང་བ་པ་གསུམ་ལས་དང་པོ་གཉིས་དངོས་བསྟན་དང༌། གསང་བ་པ་གནོད་སྦྱིན་ཏེ་སྟོན་པའི་དམ་ཚིག་ཤེས་ཤིང་དེ་ལ་གནས་པས་བསྟན་པ་སྐྱོང་བ་མི་བརྙས་པ་དང༌། ཕྱག་རྒྱ་ནི་སྤྱིར་ཆོས་རྒྱ། ལས་རྒྱ། དམ་རྒྱ། ཕྱག་རྒྱ་ཆེན་པོ་བཞི་ཀ་མི་སྨད་ཅིང༌། ཁྱད་པར་ལྷའི་སྐུ་གཟུགས་རྫོགས་པ་ནི་མངོན་གྱུར་པའོ། །བཞོན་པ་ནི་བླ་མའི་ཁྲི་སྟན་དང་ཆིབས་ལ་སོགས་པའོ། །མཚོན་ཆ་ནི་རལ་གྲི་དང་གཏུན་ཤིང་ལ་སོགས་ལྷའི་ཕྱག་མཚན་གྱི་ཆེད་དུ་བྱས་པ་དང༌། མཚན་མ་ནི་


JLAZ003_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་མཚན་མ་དང༌། གཞན་ཡང་བླ་མ་དང་མཆོད་རྟེན་གྱི་གྲིབ་མ་འགོང་བ་ལ་སྨད་པའི་སྒྲར་བསྟན་ལ། དེ་བཞིན་དུ་དམན་མ་ནི་མཆོད་རྫས་རྙིང་པ་མེ་ཏོག་དང་མཆོད་ཡོན་བརྗེས་པ་ལ་སོགས་པ་སྟེ་དེ་དག་ལ་མི་འགོང་ཞིང་མི་བཟའ། འགོང་བའི་སར་ཁྱབ་གདལ་དུ་མི་འདོར་བ་ལ་སོགས་པ་དང༌། ཅི་ནས་རང་དབང་མི་འདུ་བ་མཆོད་རྟེན་གྱི་གྲིབ་མ་ལྟ་བུའི་སྟེང་དུ་འགྲོ་དགོས་ན། བཛྲ་བེ་ག་ཨ་ཀྲ་མ་ཧཱུྃ་ཞེས་རྡོ་རྗེ་ཤུགས་ཀྱི་ལས་སྔགས་དང་བཅས་པས་བཏེག་པའི་འོག་ཏུ་འཛུལ་བར་བསམས་ཏེ་རྩེ་མོ་ལས། འཁོར་ལོ་རྡོ་རྗེ་པདྨ་སོགས། །མཚན་མའི་ཕྱག་རྒྱ་གང་ཡིན་པ། །འགོང་བ་ཉིད་དུ་མི་བྱ་ཞིང༌། །བཟའ་བར་ཡང་ནི་མི་བྱའོ། །དེ་བཞིན་དམན་མ་ལྷ་ཡི་གྲིབ། །རྐང་པ་དག་གིས་བརྫི་མི་བྱ། །དེ་ཡི་སྟེང་དུ་འདུག་མི་བྱ། །སླར་ཡང་གཞག་པར་མི་བྱའོ། །ལྷ་ཡི་ཕྱག་མཚན་བཟང་པོ་དང༌། །ལྷ་ཡི་བཞོན་པའི་མཚན་མ་རྣམས། །འགོང་ཞིང་བརྙས་པར་མི་བྱ་སྟེ། །སེམས་ཅན་ལ་ནི་གནོད་མི་བྱ། །ཞེས་དང༌། ལྷ་ཡི་སྐུ་དང་ཕྱག་མཚན་དང༌། །ལྷ་ཡི་བཞོན་པ་དག་དང་ནི། །དམན་མ་ལྷ་ཡི་གྲིབ་མ་དང༌། །ལྷ་ཡི་མཚན་མ་ཐམས་ཅད་དང༌། །བཟའ་བ་དག་ནི་སྣ་ཚོགས་པ། །མཚན་མའི་གཟུགས་སུ་


JLAZ003_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་དག །ནམ་ཡང་བརྫི་བར་མི་བྱའོ། །ཞེས་སོ། །ཁྱད་པར་གསོད་དང་མ་བྱིན་ལེན་པ་སོགས། །དངོས་བསྟན་ཉིད་དམ་དགོངས་པ་ལུང་སྟོན་གྱི། །རྣམ་དབྱེ་མ་ཕྱེད་སྔགས་པ་ཐུར་ལ་ལྟུང༌། །དེ་ལ་སྤྱིར་ཐེག་པ་ཆེན་པོའི་གནས་སྐབས་ཐམས་ཅད་དུ་དྲང་ངེས་ལྡེམ་དགོངས་བཞིར་བསྟན་པས་བཀའི་དོན་ཐམས་ཅད་སྒྲ་ཇི་བཞིན་དུ་འཛིན་པ་ཡང་མ་ཡིན་ལ། སྒྲ་ཇི་བཞིན་པ་ལས་འགལ་བ་ཤ་སྟག་གོ་ཞེས་ཀྱང་འཛིན་པ་མ་ཡིན་ཏེ། དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་ཐམས་ཅད་པ་སྒྲ་ཚིག་གི་གཞན་དབང་དུ་གྱུར་པ་མ་ཡིན་པས་སོ། །ཁྱད་པར་དུ་སྔགས་ཀྱི་ཚུལ་ལས་ནི་མོས་པས་སྤྱོད་པ་ཙམ་ལ་དགོངས་པ་དང༌། རྟོགས་གོམས་མཐར་ཕྱིན་པའི་གང་ཟག་ལ་གནང་བའི་ཁྱད་པར་རྣམ་པ་ཀུན་ནས་རིག་པར་མ་བྱས་ན། ལྡེམ་པོར་དགོངས་པ་ལ་སྒྲ་ཇི་བཞིན་པར་སྤྱད་པས་ངན་སོང་དུ་འཕེན་པའི་ཚུལ་ཁམས་ལེའི་འགྲེལ་ཆེན་ལས། སྔགས་ཀྱི་ཐེག་པ་ལ་ལྡེམ་པོར་དགོངས་པའི་སྐད་གཞན་གྱིས་མི་ཤེས་པས་སྲོག་གཅོད་པ་ལ་སོགས་པ་དང༌། ཚོགས་ཁང་དང་གཙུག་ལག་ཁང་གི་རྫས་ཉེ་བར་ལོངས་སྤྱོད་པ་བྱས་པ་དང༌། རྟག་པ་དང་ཆད་པའི་ཕྱོགས་བཟུང་བས་ཕྱི་རོལ་གྱི་


JLAZ003_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཉེ་བར་ལོངས་སྤྱོད་པ་ལ་ཆགས་པར་གྱུར་ན་སློབ་དཔོན་གྱི་ཆ་ལུགས་ཀྱིས་དཀོན་མཆོག་གསུམ་ལ་ཅོ་འདྲི་བྱས་ནས་དམྱལ་བར་འགྲོ་བར་འགྱུར་རོ། །ཞེས་སོ། །དེ་བས་ན་རྡོ་རྗེ་ཐེག་པའི་གཞུང་འདིར་གབ་པའི་གསང་བ་འབྱིན་པའི་སྐབས་སུ་ཚིག་བྱིངས་ཆེ་བ་རྣམས་ལ་ཕྱི་ནང་གསང་བ་གསུམ་གྱི་སྒོ་ནས་རྒྱུད་ཀྱི་དགོངས་པ་མི་འགལ་བར་སྟོན་པ་དང༌། དོན་མི་འཚམ་པ་འཚམ་པར་གནས་པའི་སྐབས་སུ་ཡང་རང་བཞིན་དང༌། དགོངས་པ་ཅན་དང༌། དོན་རྟགས་འབྲེལ་བ་ཅན་གྱི་སྒོ་ནས་དངོས་ལ་མི་འགལ་ཞིང་རྣམ་པ་ལ་འཚམ་པར་སྟོན་པ་ཡིན་ནོ། །དེའི་ཕྱིར་སྒྲ་གཅིག་ལ་དངོས་བསྟན་དང་དགོངས་པ་ལུང་སྟོན་གྱི་ཆ་གཉིས་སུ་ཕྱེ་བ་ཡང་དོན་གྱི་གནས་ལ་འགལ་བ་མིང་འདུ་བ་ཡིན་ཏེ། འདིར་དངོས་བསྟན་གྱི་གནས་སྐབས་ལ་མཚོན་ན། འདི་ལྟར་གབ་པའི་གསང་བ་ཆོས་ཉིད་ཇི་ལྟ་བའི་དོན་རྟོགས་པའི་གང་ཟག་གིས་ནི་ཐབས་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་དུས་ན་སྦས་པའི་གསང་བ་ཏ་ན་དང༌། ག་ན་ལ་སོགས་པ་རྣམས་ལ་བླ་ན་མེད་པའི་དམ་ཚིག་ཆོས་མཉམ་པ་ཆེན་པོའི་བརྟུལ་ཞུགས་འདྲེས་པས་སྒྲ་ཇི་བཞིན་པར་འཇུག་པའི་ཚུལ་ཡང་ཐབས་དང་ཤེས་རབ་ཆེན་པོའི་ཡང་ཆེན་པོས་ཡོངས་སུ་ཟིན་ནས་གནས་འགྱུར་


JLAZ003_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚུལ་གྱིས་རྣམ་པར་དག་པ་ཡིན་ནོ། །འོན་ཀྱང་སོ་སོ་ཐར་པའི་སྡོམ་པའི་གནས་སྐབས་ན་ནི་སྲོག་གཅོད་པ་ལ་སོགས་པའི་ཕས་ཕམ་པ་བཞི་བྱུང་ན་རྩ་བ་བཞི་ཞིག་པར་འགྱུར་ཞིང༌། དེ་ཐམས་ཅད་ཀྱི་མི་དགེ་བའི་བཤེས་གཉེན་ཆང་དང་བཅས་པ་ལྔ་ནི་འདིར་རིགས་ལྔའི་དམ་ཚིག་ཏུ་སྤྱོད་པས་དེ་ལྟ་བུའི་རྫས་འགལ་བ་དོན་མཐུན་པར་བསྡུ་བའི་རྒྱུ་མཚན་མེད་དོ་སྙམ་ནས་མངའ་བདག་ལྷ་བླ་མ་ལྟ་བུས་ཀྱང་མདོ་སྔགས་ཆོ་ག་འགལ་བར་མངོན་ཞིང་ཕྱག་ཆེན་ཐིག་ལེའི་རྒྱུད་ལ་སོགས་པ་མ་དག་པར་འཛིན་ཏོ། །དེ་ལ་བཤད་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་སྡོམ་པ་ནི་དངོས་པོར་བལྟ་བའི་རྣམ་པར་རིག་པ་ཅན་གྱིས་བསྐྱེད་པ་གཟུགས་ཅན་གྱི་སྡོམ་པ་སྟེ། དཔེར་ན་སྲོག་གཅོད་པའི་དུས་ཉིད་ན་འདུ་ཤེས་རང་རྒྱུད་པ་རྣལ་དུ་གནས་པ་ཉིད་ཀྱིས་ཞེ་སྡང་ལས་གྱུར་པའི་ཉོན་མོངས་པ་ཉམས་སུ་མྱོང༌། དེའི་ངང་ནས་གསོད་པའི་བསམ་པ་དང་བཅས་པས་སྦྱོར་བ་དང་དུ་བླངས། མཐར་ཐུག་ཕ་རོལ་པོའི་སྲོག་འགགས་པར་བྱས་པས་སྲོག་གཅོད་ཀྱི་ཕམ་པའི་ཡན་ལག་རྫོགས་པས་སྡོམ་པའི་རྩ་བ་ཞིག་པ་ཡིན་ལ། བྱང་ཆུབ་སེམས་དཔའི་སྡོམ་པའི་གནས་སྐབས་སུ་ནི་ཕ་རོལ་ལ་གནོད་


JLAZ003_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ལས་ལོག་གི་སྟེང་དུ་ཐབས་གཙོ་བོར་གྱུར་པ་སྙིང་རྗེ་ཆེན་པོའི་དབང་གིས་ཕན་འདོག་པ་ལ་ཞུགས་པས་ཡན་ལག་དེ་ལྟ་བུ་ཚང་བའི་སྡིག་ཏོ་མི་དགེ་བ་ལས་འདས་པ་ཡིན་ནོ། །སྔགས་ཀྱི་གནས་སྐབས་སུ་ནི། ཐབས་ཀྱི་ཆ་ནས་སྙིང་རྗེ་ཆེན་པོའི་བློས་བསྐྱེད་ཅིང༌། ཤེས་རབ་ཀྱི་ཆ་ནས་དངོས་པོར་བལྟ་བ་དང་བྲལ་ཏེ་མཚན་མར་ཞེན་པའི་ལོག་རྟོག་ལས་འདས་པས་སྲོག་གཅོད་ཀྱི་ཡན་ལག་མི་རྫོགས་པའི་ཚུལ་སྒྱུ་འཕྲུལ་ལས། ཡོད་མེད་དབུ་མར་མི་དམིགས་ཤིང༌། །ཞེས་པས་དོན་དམ་པའི་དབང་དུ་གྱུར་པ་ཡིན་ལ། སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །ཞེས་པས་ཀུན་རྫོབ་ཀྱི་བདེན་པ་བསྟན་ལ། སྲོག་མེད་སྲོག་ཀྱང་གཅོད་དུ་མེད། །ཅེས་པས་རང་གི་ངོ་བོས་མ་གྲུབ་པ་དང༌། དེ་ལྟར་མ་གྲུབ་པས་ལས་ཀྱང་རྫུན་པ་དང༌། གཞི་མ་གྲུབ་པར་བསྟན་ལ། སྲོག་དང་སྐྱེས་སུ་ལོག་རྟོག་ཙམ། །ཞེས་པས་བྱེད་པ་པོ་དང་ལས་གཉིས་ཀ་ཡང་འཁྲུལ་སྣང་ལས་གྲུབ་པའི་ལོག་པར་རྟོག་པ་ཙམ་དུ་སྣང་བས་རང་བཞིན་མེད་པར་བསྟན་པ་སྟེ། དེ་བཞིན་དུ་མ་བྱིན་བླང་བ་ལའང་བདག་དང་གཞན་གྱི་རྒྱུད་གཉིས་སུ་མེད་པར་རྟོགས་ན། དེས་མ་བྱིན་པ་ཡང་མི་དམིགས། དེ་ལས་བླང་བའང་མི་དམིགས་པ་སྟེ།


JLAZ003_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་རང་གིས་སྤྱོད་པས་གནས་དེ་ན་མ་བྱིན་པར་ལེན་པའི་ཉེས་པ་མེད་པ་བཞིན་ནོ། །དེས་མཚོན་ནས་ཚངས་སྤྱོད་ལ་གནས་པའི་དགེ་སློང་གིས་ནུས་པ་ཡོད་བཞིན་དུ་དབང་པོའི་སྒོ་བསྡམ་པས་ཉེས་སྤྱོད་ཀྱིས་མ་གོས་པ་དང༌། དབང་གསུམ་པའི་ལམ་མཉམ་སུ་མྱོང་བའི་རིག་པ་འཛིན་པས་བདག་ལ་ཕོ་དང་གཞན་ལ་མོར་འཛིན་གྱི་ལོག་པའི་དངོས་ཞེན་ལས་འདས་ཤིང༌། ཡུལ་སེམས་གཉིས་སུ་མེད་པའི་ཡེ་ཤེས་ལ་མངའ་དབང་ཆུབ་པའི་ལྟ་བ་དང༌། འདུ་ཤེས་གསུམ་ལྡན་གྱི་བསྒོམ་པ་དང༌། ཐབས་ཀྱིས་ཟིན་པའི་སྤྱོད་པ་གསུམ་དུ་ཚོགས་པའི་སྒོ་ནས་ཁམས་འཛག་མེད་དུ་འཆིང་ཞིང༌། ཆགས་རྟོག་ཐ་མལ་པའི་དྲི་མ་མེད་པས་སྤང་གཉེན་རོ་གཅིག་པའི་ཡེ་ཤེས་ཀྱིས་དགག་དགོས་གནད་གཅིག་པར་འགྱུར་བའང༌། པདྨ་ཅོད་པན་ལས། དབང་གསུམ་བགྲོད་པའི་རྣལ་འབྱོར་པ། །དེ་ནི་དགེ་སློང་ཆེན་པོར་གསུངས། །དེ་ཡིས་ཐམས་ཅད་བྱ་བ་ཉིད། །ཅེས་སོ། །ཁྱད་པར་དབང་གསུམ་པའི་ལམ་ནི་གང་དུ་བགྲོད་བྱའི་ལུས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་པས་ཇི་ལྟ་བ་བཞིན་མཐོང་བའི་ཉེས་པ་མེད་གྱི་སྟེང༌། མཁའ་


JLAZ003_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་རྡོ་རྗེ་བཅིང་པ་དམ་ཚིག་གི་ཕྱག་རྒྱར་བྱིན་གྱིས་བརླབས་པས་རེག་བྱའི་ལུས་ཚང་ཞིང་ཉམས་པ་མེད་པའི་ཡན་ལག་དང་ལྡན་པ་ཡང་མ་ཡིན་ནོ། །དེ་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་ཆོས་ཀྱི་ཕྱག་རྒྱར་རྟོགས་པ་ལས་མཚན་ནོར་བུ་འདས་པ་ཞེས་བྱ་བའི་ཡན་ལག་དང་ལྡན་པར་ལྟ་ག་ལ་ཞིག འདི་ལྟར་དུས་གསུམ་གྱི་འཕགས་པ་ཐམས་ཅད་ཐབས་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཕྱག་རྒྱ་ཆེན་པོའི་ངང་ན་རྟག་པ་རྒྱན་གྱི་འཁོར་ལོར་མི་གནས་པ་མེད་པས་དབང་གསུམ་པའི་ཐབས་དེའི་ཡན་ལག་རྫོགས་ནས་བཞི་པའི་དོན་གྱི་ཡེ་ཤེས་མཐོང་བའི་ཚེ་ཞུ་བདེ་ཉམས་སུ་མྱོང་བ་ཞེས་བྱ་བའི་ཡན་ལག་དང་ལྡན་པ་མ་ཡིན་ནོ། །དེ་སྐད་དུ་ས་ར་ཧས། ཐབས་ཀྱི་རྒྱལ་སྲིད་ཀུན་ལ་དབང་བསྒྱུར་བའི། །སེམས་ཉིད་དེ་ནི་གྲུབ་པའི་རྣལ་འབྱོར་མ། །ལྷན་ཅིག་སྐྱེས་པའི་སྡོམ་པར་ཤེས་པར་བྱ། །ཞེས་སོ། །དེ་བཞིན་དུ། རྫུན་དུ་སྨྲ་བ་ལའང་དབང་པོ་དྲུག་གི་སྤྱོད་ཡུལ་དུ་སྣང་ཚོད་ལྟར་གནས་པའི་ཆོས་རྣམས་ནི། དོན་ལ་དེ་བཞིན་དུ་ཡོད་པ་མ་ཡིན་པས་གདོད་མ་ནས་རྫུན་པའི་རང་བཞིན་ཅན་ནོ། །དེ་ལྟ་བས་ན་བརྗོད་པའི་ཡུལ་དང༌། རྗོད་བྱེད་ཀྱི་ཤེས་བྱ་རྣམས་ཀྱང་རྫུན་པའི་ཆོས་ཉིད་དུ་


JLAZ003_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ན། རི་བོང་གི་རྭ་ལ་རྣོ་རྟུལ་བརྗོད་པ་བཞིན་དུ་རྗོད་བྱེད་ཙམ་དུའང་མི་རུང་བས་དེ་ལ་ལྟོས་པའི་རྫུན་ཀྱང་བླ་དྭགས་སུ་བཏགས་པ་ཙམ་ཡིན་པའི་ཚུལ། ཆོས་ཀུན་སྒྱུ་མ་ལྟ་བུ་དང༌། །མིང་དང་ཚིག་ཏུ་བཏགས་པ་རྫུན། །རྫུན་ཉིད་ལ་ནི་རྫུན་སྤྱོད་པ། །རྫུན་ཞེས་བཏགས་པའང་ཡོད་མ་ཡིན། །ཞེས་སོ། །དེས་མཚོན་ནས་རྡོ་རྗེ་ཐེག་པའི་དམ་ཚིག་གི་གནས་གང་ཡིན་ཡང་འདོད་པའི་ཕྱོགས་ལ་གདུང་ཞིང་ཡིད་དུ་མི་འོང་བ་འདོར་བ་ལྟ་བུའི་རང་ཉམས་ཀྱིས་མ་ཡིན་པར་སྤྱོད་པ་དུས་ཚོད་དང་འབྲེལ་བའི་གནང་བཀག་དང་མི་འགལ་བ་རྣམས་ལ་ཐེག་པ་འོག་མ་ནས་བཀག་པའི་ལུས་ངག་གི་མི་དགེ་བ་བདུན་རྣམ་སྣང་མངོན་བྱང་ལ་སོགས་པའི་རྒྱུད་ནས་གནང་བ་ལྟར་འོག་མ་དང་འགལ་བ་མི་འདུ་བའི་སྟེང་བསོད་ནམས་ཀྱི་ཚོགས་སུ་འགྱུར་བའི་ཚུལ་ཡང་སྒྱུ་འཕྲུལ་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་དུག་ལྔ་ཀུན་སྤྱད་ཀྱང༌། །བྱས་ལ་མི་གསོག་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་སོ། །དེའི་ཚུལ་ཡང་བྱང་ཆུབ་ཀྱི་སེམས་བརྟན་པའི་རྒྱུ་ལས་ཤེས་རབ་རྣམ་པར་དག་པ་སྟེ་ཡིད་དཔྱོད་ལས་འདས་པའི་སྟོང་པ་ཉིད་ཀྱི་ལྟ་བ་ཟབ་མོའི་དབང་དུ་གྱུར་པའི་དུས་ན་འབྲས་


JLAZ003_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཚུལ་ཁྲིམས་རྣམ་པར་དག་པའི་གཤིས་སུ་འོག་མའི་སྡོམ་པ་རྣམས་གནས་གྱུར་པ་སྟེ་འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས། སུ་ཞིག་ཚུལ་ཁྲིམས་རྣམ་རྟོག་དེ་ལ་ནི། །ཚུལ་ཁྲིམས་མེད་དེ་མཐོང་ན་ཚུལ་ཁྲིམས་མིན། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་མཚན་ཉིད་གཅིག །དེ་ལྟར་ཤེས་ན་དེ་ནི་མགོན་པོར་འགྱུར། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་བྱས་པ་རྣམས། །རྨོངས་པས་ཡང་དག་མ་ཡིན་ཡོངས་སུ་བརྟགས། །དེ་ལ་ཚུལ་ཁྲིམས་འཆལ་མེད་ཚུལ་ཁྲིམས་མེད། །དེ་ལྟར་ཤེས་ན་དེ་ནི་མགོན་པོར་འགྱུར། །ཞེས་པ་ལྟར་སྡོམ་པའི་ཕན་ཡོན་ལ་བརྟེན་ནས་བླང་བ་དང༌། ཉམས་པའི་ཉེས་དམིགས་ལ་འཇིགས་ནས་བསྲུང་བ་དང༌། དག་པའི་འབྲས་བུ་ལ་བྲོད་ནས་གོང་ནས་གོང་དུ་སྤེལ་བ་ལ་སོགས་མཐའ་དག་བློས་བཏགས་ཤིང་འདུ་ཤེས་ལ་བརྟེན་པ་ཁོ་ན་ཡིན་ཏེ་ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་གི་བར། །དེ་སྲིད་འཇིག་རྟེན་རྒྱང་འཕེན་པ། །ཞེས་པ་ལྟར་འདུ་ཤེས་ནི་འཁོར་བའི་རང་བཞིན་འདུས་བྱས་ཀུན་རྫོབ་པ་ཡིན་པས་སྔགས་སུ་ལྷའི་རྣལ་འབྱོར་ལ་བརྟེན་ནས་གནས་དག་པར་བྱེད་པ་ལམ་མྱུར་ཏེ་དག་པའི་འབྲས་བུ་ནི་


JLAZ003_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འདུ་ཤེས་ཀྱི་རྒྱལ་པོ་འོད་སྣང་མཐའ་ཡས་པ་ཉིད་ཡིན་ནོ། །དེ་ཉིད་ཀྱང་ཆོས་ཀྱི་སྐུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཡེ་ཤེས་ཆེན་པོར་གནས་པའི་ཚུལ། གླང་པོ་དང་མཚུངས་པའི་མདོ་ལས། ཚུལ་ཁྲིམས་ཅན་དུ་གང་རྟོག་དང༌། །ཚུལ་ཁྲིམས་ལོག་པར་རྟོག་པ་ཡང༌། །གཉིས་ཀ་ཚུལ་ཁྲིམས་ལོག་པར་བཤད། །གཉིས་མེད་ཚུལ་ཁྲིམས་མ་ལོག་པའོ། །ཞེས་སོ། །དེ་ཡང་སྔགས་ཀྱི་བརྟུལ་ཞུགས་ལས་ཐབས་དང་ཤེས་རབ་ཆེན་པོའི་ཡང་ཆེན་པོས་ཟིན་པའི་ཚེ་ན་དགག་དགོས་གནད་གཅིག་པ་དཔེར་ན་འདོད་པའི་ཉེས་དམིགས་ལ་མཚོན་ན་རྒྱུད་ལས། འདོད་ཆགས་མེ་ཡིས་འཚིག་པ་ལ། །འདོད་ཆགས་ཉིད་ཀྱིས་གྲོལ་བར་འགྱུར། །ཞེས་དང༌། ཁྱད་པར་གཤིས་ཀྱི་བཞུགས་ཚུལ་མངོན་དུ་གྱུར་པའི་ཚེ་བཅས་པའི་ལྟུང་བ་ནི་ཆོས་ཅན་ཀུན་རྫོབ་བདེན་པའི་ངོ་བོ་གསོག་དང༌། གསོབ་དང༌། རྨི་ལམ་ལྟ་བུ་ཡ་མ་བརླའི་རང་བཞིན་སྐྱེ་འཇིག་དང་བཅས་པས་རང་མཚན་འཛིན་པར་མི་ནུས་པས་ཆོས་ཀྱི་དབྱིངས་དགེ་སྡིག་བླང་དོར་ལས་འདས་པའི་ངང་དུ་ཐོབ་ཤོར་མེད་པའི་ཚུལ་གྱིས་གནས་གྱུར་པ་ཡིན་ཏེ། འབུམ་


JLAZ003_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ལྔ་པའི་རྒྱུད་ལས། རྡོ་ཡི་རིགས་ཀྱི་བྱེ་བྲག་ཞིག །བཞུ་བས་ལྕགས་དང་ཟངས་དངུལ་འགྱུར། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་བསྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང༌། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་པས་གསལ་ལོ། །དེ་ལྟ་ན་རིགས་ཅན་གསུམ་གྱི་སྡོམ་པ་ཡང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་ཞུགས་པ་ཙམ་གྱིས་དངོས་པོ་གནས་གྱུར་པ་ལྟ་བུར་འདོད་པས་སྡོམ་པ་འོག་མ་གཉིས་སྔགས་སུ་རྫས་གཅིག་པར་ཁས་བླངས་སོ་སྙམ་ན། སྤྱིར་སྔགས་ཀྱིས་བཏབ་པའི་ས་བོན་ཉི་མ་གཅིག་ལ་ལོ་ཐོག་ཏུ་སྨིན་པ་ལྟར་རྡོ་རྗེ་ཐེག་པའི་ལམ་ནི་ཐབས་ཁྱད་པར་ཅན་དང་ལྡན་པས་དབང་པོ་རྣོན་པོའི་དབང་དུ་གྱུར་ན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་སྔགས་ཀྱི་དཀྱིལ་འཁོར་དུ་སྡོམ་གསུམ་ཆིག་རྫོགས་སུ་གྱུར་ཅིང་མཐོང་ལམ་སྐྱེས་པ་ལྟར་དབང་དུས་ན་མཉམ་པ་ཆེན་པོའི་ཤེས་རབ་མཐོང་བའི་རིགས་ཅན་ལ་དེ་ལྟར་ཡིན་ཏེ། དེས་རྟགས་དང་ཆོ་ག་བྱ་མི་དགོས་པའང་དཔུང་བཟང་ལས། སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང༌། །ཞེས་བཅས་རྐྱང་རྣམས་བཞག་ནས་འདུལ་བའི་སོ་ཐར་དུ་བསྡུས་པ་གང་ཞིག་གི་སྟེང་དུ་


JLAZ003_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་གཉིས་རྫོགས་པའང་བརྟག་གཉིས་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾཾ་རྣམ་པར་རབ་ཏུ་གནས། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་སོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡོམ་པའི་མཚན་ཉིད་ཇི་ལྟ་བ་ནི་དབང་གི་དུས་སུ་ཐོབ་པར་གསུངས་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་སྡོམ་པ་གསུམ་ཀ་གང་ཟག་གཅིག་གི་རྒྱུད་ལ་བརྟེན་ཚུལ་དང་མཐར་གྱིས་ཇི་ལྟར་གནས་གྱུར་མི་གྱུར་ནི་སོ་སོའི་རྒྱུད་ཀྱི་རྟོགས་གོམས་དང་ཤེས་རབ་ཀྱི་རྗེས་སུ་སོན་པར་འགྱུར་བས་ན་ལྡོག་པ་དུ་མས་དབྱེ་བའི་ཚུལ་འོད་ཕྲེང་ལས། གཞན་ཡང་ཁ་ཅིག་སྡོམ་པ་གསུམ། །ས་ཆུ་གྲུ་འདྲ་བཞི་སྟེང་དུ། །འདོད་ཅེས་སྒྲོག་པ་འཁྲུལ་གནས་ཡིན། །བདག་ཉིད་ཆེན་པོ་རྟ་དབྱངས་དང༌། །སློབ་དཔོན་སྒེག་པའི་རྡོ་རྗེ་སོགས། །དོན་འདི་ལྡོག་པ་དུ་མས་འབྱེད། །ཅེས་སོ། །དེའང་དབང་རྣོན་སྔགས་སྡོམ་ནས་གཅིག་ཆར་དུ་འཇུག་པ་དང༌། དབང་འབྲིང་བྱང་སྡོམ་ནས་འཇུག་པ་དང༌། རྟུལ་པོ་རིམ་འཇུག་གི་ཁྱད་པར་བཤད་པ་ལས། ཕྱི་མའི་དབང་དུ་ན། བརྟག་གཉིས་ལས། སྐལ་མེད་སེམས་ཅན་གདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་ཐོག་མ་ནས་སྔགས་ཀྱི་སྣོད་ལྡན་མ་ཡིན་པའམ། མོས་པས་སྤྱོད་ལ་རིམ་གྱིས་


JLAZ003_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲི་བ་ཕལ་མོ་ཆེ་ནི་དངོས་པོར་བལྟ་བ་ལས་མ་ལོག་ཅིང་རྣམ་རིག་གི་གཞན་དབང་དུ་གྱུར་པའི་ཕྱིར་དབང་བསྐུར་ཐོབ་པ་ཙམ་གྱིས་སྡོམ་རྫས་འོག་མ་གཉིས་སྔགས་སུ་གནས་གྱུར་པ་མི་སྲིད་དོ། །གལ་ཏེ་དབང་བསྐུར་ཐོབ་པའི་དུས་ན་དཔེའི་ཡེ་ཤེས་ལ་བརྟེན་པའི་མཐོང་ལམ་སྐྱེས་ཀྱང༌། དེ་ནི་ཆོས་མཆོག་ཐོབ་པའི་རྗེས་ཀྱི་མཐོང་ལམ་དངོས་བསྟན་མ་ཡིན་པས་སྐད་ཅིག་དང་པོ་ལ་སྐྱེས་ཀྱང་གཉིས་པ་ལ་འགགས་པ་མང་བས་གནས་གྱུར་པའི་ཚུལ་ཡང་དེའི་རྗེས་སུ་འབྲང་བ་ཡིན་ནོ། །དོན་འདི་ཉིད་ཁོང་དུ་མ་ཆུད་པ་དག་གསང་བ་སྤྱོད་པའི་རྒྱུད་ལས། དཔེར་ན་རྡོ་ལས་ཟངས་སུ་འགྱུར། །ཟངས་ལས་གསེར་གྱི་རྣམ་པ་སྟེ། །ཟངས་ཀྱི་དུས་ན་རྡོ་མེད་ཅིང༌། །གསེར་དུ་གྱུར་པས་ཟངས་མི་སྣང༌། །རིག་འཛིན་ནང་གི་དགེ་སློང་ལ། །སོ་སོ་ཐར་དང་བྱང་ཆུབ་སེམས། །གཉིས་པོ་གནས་པ་ཉིད་དུ་ནི། །སངས་རྒྱས་ཉིད་ཀྱིས་མ་གསུངས་སོ། །ཞེས་པའི་ལུང་གི་དབྱིངས་འཇལ་བ་ལ་རྨོངས་པར་གྱུར་ནས་སྔགས་སྡོམ་གྱི་དུས་སོ་བྱང་གཉིས་མེད་པར་འགྱུར་བའི་ལུང་དུ་འཁྲུལ་ནས། དེའི་མཚུངས་དཔེར་སྡོམ་པ་གསུམ་ཆུ་ལ་ཆུ་བཞག་གི་རིག་པ་བསྒྲེ་ཡང༌། ཆུ་ནི་དང་པོ་ནས་དངོས་རྫས་གཅིག་པ་ཡིན་ལ། འབུམ་སྤྱོད་གཉིས་ཀྱི་ལུང་ནི་རྫས་ལྡོག་རྣམ་པ་ཐ་དད་པས་རང་གི་ངོ་བོ་ཉིད་དུ་མི་རུང་བ་བཞུ་བཏུལ་གྱིས་རུང་བར་བྱེད་པའི་དཔེས་ཐེག་པ་


JLAZ003_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཆུང་གི་བློ་ངོར་དངོས་པོར་འཛིན་པ་དང༌། ཐབས་ལ་མི་མཁས་པ་དང༌། ཀུན་ཏུ་རྟོག་པ་ཅན་གྱི་སེམས་ཐབས་དང༌། ཤེས་རབ་དང༌། ཆོས་མཉམ་པ་ཆེན་པོའི་བརྟུལ་ཞུགས་ཀྱིས་གནས་གྱུར་པའི་ཚུལ་མ་གོ་བའི་རྣམ་འགྱུར་དུ་གསལ་བས། སྡོམ་གསུམ་གནས་གྱུར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་བཞེད་པའི་མཁས་པ་ཆེན་པོ་ཆོས་ཉིད་ཀྱི་བདེན་པ་གཟིགས་པ་རྣམས་ཀྱི་གཞུང་ལ་སྐབས་འཚོལ་བར་མི་བྱའོ། །གལ་ཏེ་ཆོས་མཉམ་པ་ཆེན་པོའི་བརྟུལ་ཞུགས་ལས་འདུས་བྱས་ཀྱི་ཚུལ་ཁྲིམས་དང་སྡོམ་པའི་ངོ་བོ་གནས་གྱུར་པའི་ཚུལ་གྱིས་རྣམ་པར་དག་པ་མཐར་ཐུག་གི་གནས་སྐབས་སུ་ཡང་ཁས་མི་ལེན་ན། དབུ་མ་རྒྱན་ལས། ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་བྱེད། །ཚུལ་ཁྲིམས་ལས་ནི་ཉམས་སླ་ཡི། །ལྟ་ལས་དེ་ལྟ་མ་ཡིན་ནོ། །ཞེས་པས་མཐར་གྱིས་ལམ་བདེན་འདུས་བྱས་པ་ཐམས་ཅད་སྟོང་པ་ཉིད་ཀྱིས་རྗེས་སུ་མི་སོན་པ་གང་ཡང་མེད་ཅིང༌། དེའི་ཚུལ་ཁྲིམས་ཀྱང་སློབ་དཔོན་འཕགས་པ་ཉིད་ཀྱིས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་


JLAZ003_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རུང་མ་ཡིན། །ཞེས་པ་དང་འགལ་ཞིང༌། ཉེ་བར་ལེན་པའི་ཕུང་པོ་ལྔ་དང༌། འདུས་བྱས་ཀྱི་རང་བཞིན་རྣམ་པར་ཤེས་པའི་ཚོགས་བརྒྱད་པོའི་རུམ་དུ་སྡོམ་གསུམ་རྫས་ཐ་དད་པ་ཁོ་ནར་བཞུགས་པས་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་དང༌། ཉེ་བའི་སྲས་བརྒྱད་ལ་སོགས་པ་རྣམས་དང༌། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ས་ར་ཧ་དང༌། པདྨ་དང༌། ཤ་ཝ་རི་པ་ལ་སོགས་པའི་གྲུབ་ཆེན་རྣམས་ཀྱང་དགེ་སློང་གི་བརྟུལ་ཞུགས་བོར་བས་སྡིག་ཅན་དུ་འགྱུར་ཞིང༌། སྤྱི་དང་བྱེ་བྲག་གི་ལྟུང་བ་ཉམས་སུ་མྱོང་བ་ཉིད་དུ་ཐལ་བར་འགྱུར་ཏེ། ས་ར་ཧས། ཀྱེ་ལགས་ང་ནི་བྲམ་ཟེ་སྟེ། །སྨྱིག་མཁན་མོ་དང་ལྷན་ཅིག་སྤྱོད། །ཅེས་དང༌། ཁ་སང་ཕན་ཆད་དགེ་སློང་མིན། །དེ་རིང་ཚུན་ཆད་དགེ་སློང་ཡིན། །ཧེ་རུ་ཀ་དཔལ་དགེ་སློང་མཆོག །ཅེས་གསུངས་པའི་རྗེས་ལ་ཀླུ་སྒྲུབ་ཀྱི་མཁན་པོ་མཛད་པའི་ཕྱིར་རོ། །དེ་སྐད་དུ་འཕགས་པ་སྡུད་པ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་རྒྱལ་བའི་ལམ་སྤྱོད་པ། །སེམས་ཅན་འདི་དག་ཁྲིམས་ལྡན་འདི་དག་ཁྲིམས་འཆལ་ཞེས། །སྣ་ཚོགས་འདུ་ཤེས་ཞུགས་པ་ཤིན་ཏུ་ཚུལ་ཁྲིམས་འཆལ། །ཚུལ་ཁྲིམས་ཉམས་ཤིང་དེ་ལ་ཡང་དག་ཚུལ་ཁྲིམས་མེད། །གང་ལ་


JLAZ003_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་འདུ་ཤེས་སེམས་ཅན་འདུ་ཤེས་མེད། །འདུ་ཤེས་འདོད་ཆགས་བྲལ་ལ་སྡོམ་མིན་ག་ལ་ཡོད། །གང་ལ་སྡོམ་དང་སྡོམ་པ་མ་ཡིན་རློམ་སེམས་མེད། །འདི་ནི་ཚུལ་ཁྲིམས་སྡོམ་པར་རྣམ་པར་འདྲེན་པས་གསུངས། །ཞེས་སོ། །དེ་ལྟ་མོད་ཀྱི་འདུས་མ་བྱས་པའི་ཚུལ་ཁྲིམས་བླ་ན་མེད་པ་གང་ཞིག་ནི་འཕགས་པའི་བདེན་པ་མཐོང་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ལ་རང་བཞིན་གྱིས་འབྱུང་བའི་སྤྱོད་ཡུལ་ལས་སོ་སོ་སྐྱེ་བོའི་རང་ཉམས་ཀྱི་གོ་བས་དཔགས་པའི་རྗེས་སུ་མི་འཇུག་པའི་ཕྱིར་ན་མོས་པས་སྤྱོད་པའི་ལམ་དུ་དགོངས་པ་ལུང་སྟོན་གྱི་ཕྱོགས་ཁོ་ན་ལ་གུས་པར་བྱས་ནས། འདུས་བྱས་ཀྱི་ཚུལ་ཁྲིམས་ལ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་སྤྱད་པར་བྱ་ལ། གལ་ཏེ་དེ་གཉིས་དང་མི་ལྡན་པའི་རང་བཞིན་གྱིས་ཉོན་མོངས་པ་ཅན་ནི་སླར་གསོར་མི་རུང་བས་ན། མདོར་ན་གབ་པའི་གསང་བ་མ་རྟོགས་པ། །སྦས་པའི་གསང་བར་མངོན་འཆེལ་ཀུན་ལ་གཟུར། །ཞེས་འདོམས་པའོ། །དེ་ལྟར་རྡོ་རྗེ་ཐེག་པའི་ལམ་ལ་གནང་བཀག་ཚུལ་བཞིན་དུ་ཤེས་པར་སྤྱད་ན་ལམ་གཞན་ལས་ཁྱད་དུ་འཕགས་ཤིང་མྱུར་བའི་ཚུལ།


JLAZ003_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་བཞིན་བྲམ་ཟེ་གསོད་དང་མཚམས་མེད་སྤྱོད། །སྔགས་སྡོམ་སྐྱེ་བའི་རྟེན་དུ་རུང་བས་ན། །གསང་སྔགས་ཐབས་ཀྱིས་ཆེ་བ་སྨོས་ཅི་དགོས། །དེ་ལ་ཐེག་པ་གཞན་གྱིས་སྤངས་པའི་གདུལ་བྱ་མཚམས་མེད་ལ་སོགས་པའི་ལས་དང་ལྡན་པ་ཞིག་ཡིན་དུ་ཟིན་ཀྱང་སྔགས་སྡོམ་སྐྱེ་བའི་རྟེན་དུ་རུང་ཞིང༌། ཇི་སྲིད་འགྱོད་པ་དང་བཅས་ཤིང་ལས་ངན་པ་དེ་ལས་ལྡོག་པའི་ཕྱི་ནས་ལམ་སྟོན་གྱི་བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ་སངས་རྒྱས་སུ་བལྟས་ནས་དེའི་བཀའ་བཞིན་བསྒྲུབ་པ་ལས་གཞན་དུ་མ་གཡོས་ན་བླ་མ་ཉིད་ལས་ཀྱང་ཕ་རོལ་ཏུ་ཕྱིན་པ་མན་ཆད་དུ་འབྱུང་མི་ཤེས་པའི་སངས་རྒྱས་ཀྱི་བྱིན་རླབས་སྔགས་ཀྱི་གནས་སྐབས་སུ་འབྱུང་བ་དང༌། དམ་ཚིག་གི་ཆ་རེ་རེ་ལ་གུས་པར་བལྟས་ཤིང་དང་དུ་བླངས་པ་ལས་ཀྱང་སྒྲིབ་པ་དཔག་ཏུ་མེད་པ་འཛད་ཅིང་ཚོགས་ཆེན་པོ་རྫོགས་པ་དང༌། ཐབས་ཟབ་ལ་རྣམ་གྲངས་མང་བ་ཡོད་པས་དབང་པོ་རྣོན་པོའི་དབང་དུ་གྱུར་ཏེ། ཚེ་གཅིག་ལ་གྲོལ་བའི་འཐད་པ་ཡང་གདན་བཞི་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་ནི་བྱེད་པ་དང༌། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་


JLAZ003_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

པས་གོས་པར་མི་འགྱུར་རོ། །ཞེས་དང༌། དམ་པ་དང་པོ་ལས། གདོལ་པ་སྨྱིག་མ་མཁན་སོགས་དང༌། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །ཚེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་སོ། །དེ་ལྟ་ནའང་བླ་མ་སྨོད་པས་ནི་འགྲུབ་པ་མ་ཡིན་ཏེ། འདུས་པ་ལས། སེམས་ཅན་མཚམས་མེད་ལ་སོགས་པའི། །སྡིག་པ་ཆེན་པོ་བྱེད་པ་ཡང༌། །རྡོ་རྗེ་ཐེག་པ་རྒྱ་མཚོ་དང༌། །ཐེག་པ་མཆོག་ནི་འདི་ལ་འགྲུབ། །སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར། །ཞེས་སོ། །དེ་བས་ན། ལྟུང་མཚམས་མི་ཤེས་བླ་མར་མི་གུས་དང༌། །བག་མེད་ལ་གོམས་ཉོན་མོངས་མཐུ་ཆེ་བཞི། །ལྟུང་བ་འབྱུང་བའི་སྒོ་བཞི་དེའི་སྟེང་དུ། །བརྗེད་ངས་ཆེ་དང་དྲན་པ་མི་གསལ་བ། །བསྣན་པ་དམ་ཚིག་ཉམས་པའི་རྒྱུ་དྲུག་ཡིན། །དེ་བས་དྲན་དང་ཤེས་བཞིན་གཉེན་པོ་ཡི། །ལོང་བ་དབྱེ་བའི་གནས་སྐབས་ཐོབ་པའི་བག །བསྲུང་བ་ཇི་བཞིན་ཉིན་མཚན་ཐུན་དྲུག་ཏུ། །སྤང་བླང་གནས་ལ་བསྒྲིམས་ཤིང་བསྒྲིམས་ཤིང་དཔྱད། །དེ་ལ་དམ་ཚིག་ཡལ་བར་འདོར་འདོད་མ་ཡིན་པས་མི་ཆོག་སྟེ་ལྟུང་བ་སོ་སོའི་བླང་དོར་གྱི་མཚམས་མི་ཤེས་པ་ལྟུང་


JLAZ003_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བ་འབྱུང་བའི་སྒོ་དང་པོ་ཡིན་ལ། དེ་ལྟར་ཤེས་ཀྱང་བླ་མར་མི་གུས་པས་དེས་འདོམས་པའི་གནས་ལ་ཆེ་ཐང་དུ་མི་བྱེད་པ་དང༌། གུས་ཀྱང་བག་མེད་པའི་གནས་ལ་དགའ་བས་དེ་ཉིད་འདོད་རྒྱལ་དུ་གཏོང་བ་དང༌། གལ་ཏེ་བག་བསྲུང་བའི་བློ་ཅུང་ཟད་ཡོད་ཀྱང་དུག་གསུམ་རང་རྒྱུད་པའི་ཕྱོགས་ལ་གཉེན་པོ་བསྟེན་མི་ནུས་པས་སེམས་ཟིལ་གྱིས་གནོན་པ་སྟེ་བཞིའི་སྟེང་དུ་བརྗེད་ངས་ཆེ་ལ་དྲན་ཤེས་ཉུང་བ་དང༌། དྲན་པ་མི་གསལ་ལ་གྲིམ་ཆ་ལྷོད་པ་གཉིས་བསྣན་པས་དྲུག་ཏུ་འགྱུར་བའི་ཚུལ་མཁའ་འགྲོ་མ་སྡོམ་པའི་རྒྱུད་ལས། མི་ཤེས་པ་དང་བག་མེད་དང༌། །ཉོན་མོངས་མང་དང་མི་གུས་དང༌། །བརྗེད་ངས་དྲན་པ་མི་གསལ་བ། །འདི་དྲུག་དམ་ཚིག་ཉམས་པའི་རྒྱུ། །ཞེས་སོ། །དེ་བས་ན་དེ་དག་ལས་མི་ཉམས་པར་བསྲུང་བའི་ཚུལ་ཡང་འདི་ལྟར་ལོ་གྲངས་མང་པོར་མིག་གི་དབང་པོ་དང་བྲལ་བའི་ལོང་བ་ཞིག་ནམ་ཞིག་སྨན་པ་མཁས་པའི་ཐུར་དཔྱད་ལས་དབྱེ་བའི་གནས་སྐབས་ཐོབ་ན། དེའི་དཔྱད་ཁ་མ་ཟུམ་བར་དུ་ཉིན་དང་མཚན་མོ་མེད་པར་བག་ཟོན་ཅིང་ཤིན་ཏུ་གྲིམ་པ་བཞིན་དུ་སྔར་བཤད་པའི་ཉིན་མཚན་ཐུན་དྲུག་གི་ཆ་ལ་ཤེས་བཞིན་དང་བཅས་པའི་དྲན་པས་བདག་ཉིད་ནི་ལྟུང་བ་འབའ་ཞིག་


JLAZ003_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྣོད་དང་ལྡན་ལ། ཡོན་ཏན་གྱི་ཆ་ལས་ལྡོག་པ་ཅན་ནོ་སྙམ་པས་ང་རྒྱལ་བཅོམ་སྟེ་བག་མེད་དང་བཅས་པའི་འཁྲུལ་བ་བསྲུང་བའི་ཚུལ་ཡང༌། དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །ཞེས་པས་བསྟན་པ་བཞིན་ནོ། །དེ་ལྟ་བུའི་བག་ཡོད་ཀྱི་སེམས་དང་ལྡན་པའི་ཚོར་བ་ཉམས་སུ་མྱོང་བ་རྣམས་ནི། ཉམས་ན་གསོ་བའང་འོག་མ་ལས་འཕགས་ཏེ། །ཉན་ཐོས་སྡོམ་ཁྲིམས་འཆབ་སེམས་མ་སྐྱེས་ན། །ལན་བདུན་གསོར་ཡོད་འཆབ་བཅས་ལན་གཅིག་ཀྱང༌། །གསོ་བའི་ཡུལ་མེད་རྫ་བེའུ་ཆག་པ་བཞིན། །བྱང་སྡོམ་རིན་ཆེན་ཉེར་སྤྱད་ཆག་དང་འདྲ། །གཞན་རྐྱེན་དགེ་བའི་བཤེས་ལ་བསྟེན་ནས་གསོ། །གསང་སྔགས་སྡོམ་པ་རིན་ཆེན་སྣོད་ཞོམ་ལྟར། །རང་སྟོབས་མཐུ་ཡིས་གསོ་རུ་བྱར་ཡོད་པས། །བླ་མ་སྤུན་བརྙས་འཕྲལ་དུ་མཉེས་བྱས་བསྐང༌། །གསུང་གི་ཐ་ཚིག་ཉམས་ན་རྡོ་རྗེ་ཆོས། །བསྒོམས་ལ་སྙིང་པོའམ་ཡིག་བརྒྱ་འབུམ་ཐེར་གདོན། །ཐུགས་ལས་ཉམས་ན་ལོ་གསུམ་སྨྲ་བ་བཅད། །གཅིག་ཏུ་མཉམ་པར་གཞག་པ་གསོ་བའི་ཐབས། །དེ་ལ་སྤྱིར་ལུས་ངག་གི་གྲོགས་སུ་སེམས་ཀྱི་བརྩམ་པ་སྔོན་དུ་མི་འགྲོ་བ་ནི་གཏི་མུག་སྟུག་


JLAZ003_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང༌། ཚོར་བ་མ་ཡིན་པས་གཟིར་བ་འགའ་ཙམ་གྱི་གནས་སྐབས་ལས་མེད་པས་ཉེས་པ་ལ་འཆབ་སེམས་སྐྱེས་པ་ནི་མདོ་སྔགས་གཉིས་ཀའི་གནས་སྐབས་སུ་གསོ་བར་དཀའ་བས་ན་ཕུང་པོ་གསུམ་པོ་ལས་ཀྱང་མི་འཆབ་བོ། །མི་སྦེད་དོ། །ཞེས་བསྟན་ལ། ཁྱད་པར་སོ་སོ་ཐར་པའི་སྡོམ་པ་ནི་ཡུལ་ལ་དངོས་པོར་བལྟ་བའི་དབང་དང༌། ལུས་ངག་གིས་བསྡུས་པའི་གཟུགས་ཅན་གྱི་སྡོམ་པ་ཡིན་པས་རྫ་གྱོ་མོ་ཆག་པ་དང་འདྲ་བར་འགྱུར་ཏེ། གལ་ཏེ་འཆབ་བཅས་གསོར་ཡོད་པའང་དགེ་འདུན་ལྷག་མའི་གནས་ལ་ཞུགས་པས་དེའི་སྡོམ་པ་ནི་མེད་པ་དང་འདྲའོ་ཞེས་སྔར་བསྟན་པ་བཞིན་ནོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ཆོས་རྣམས་གཟུགས་བརྙན་དང་སྒྱུ་མ་ལྟ་བུར་རྟོགས་ཤིང༌། སེམས་ཀྱི་ལས་གཙོ་ཆེ་བས་ཉམས་པ་རྣམས་ནི་དགེ་བའི་བཤེས་གཉེན་ལ་བསྟེན་ནས་སོར་ཆུད་པར་བྱ་བར་རུང་ཡང་གཞན་རྐྱེན་ལ་ལྟོས་པ་ཅན་མགར་གྱི་ལས་ཐབས་ལ་གོམས་པས་རིན་པོ་ཆེའི་སྣོད་ཆག་གྲུམས་སུ་གྱུར་པ་བཞུ་བཏུལ་ལ་སོགས་པའི་སྦྱོར་བས་སྔར་བཞིན་བསྒྲུབ་པ་ལྟ་བུའོ། །གསང་སྔགས་ཀྱི་དམ་ཚིག་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་དབང་དང༌། བདག་


JLAZ003_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རང་བཞིན་ལྷ་དང་གཞལ་ཡས་སུ་ཤེས་པ་ལ་སོགས་པའི་བརྟུལ་ཞུགས་མཆོག་ལ་གནས་པས་དགེ་བའི་བཤེས་གཉེན་ལ་མ་བསྟེན་ཀྱང་རང་ཉིད་ཀྱིས་སོར་ཆུད་པར་བྱར་ཡོད་དེ། དཔེར་ན་གསེར་དངུལ་གྱི་ཉེར་སྤྱད་ཞོམ་པ་ནི་བདག་ཉིད་ཀྱིས་སྲོང་བར་ནུས་པ་བཞིན་ནོ། །དེ་བས་ན་རྩ་ལྟུང་དང་པོ་དང་གསུམ་པ་ལྟ་བུས་ནི་གཙོ་བོར་སྐུའི་དམ་ཚིག་ཉམས་པ་ལ་སྦྱོར་བས་འཕྲལ་དུ་དག་ཚངས་བྱ་ཞིང་ཚོགས་དང་ཞབས་ཏོག་ལ་སོགས་པས་སོར་ཆུད་པར་བྱ་སྟེ། བཀོད་པ་ཆེན་པོ་ལས། བླ་མ་དང་ནི་ཉེ་བའི་འཁོར། །རྡོ་རྗེ་སྤུན་དང་སྲིང་མོ་ལ། །ངན་སྨྲས་ཚིག་གི་ཟུར་ཙམ་ཡང༌། །བརྡའམ་དངོས་པོས་བརྗོད་མི་བྱ། །གལ་ཏེ་རྨི་ལམ་དག་ཏུ་ཡང༌། །བྱུང་ན་ཡིད་ཀྱིས་བཤགས་པར་བྱ། །དངོས་དང་ཞེ་ཡིས་བྱས་པ་དང༌། །གལ་ཏེ་དྲན་པས་མ་ཟིན་པར། །ཐལ་བར་གྱུར་ཀྱང་མ་བཤགས་ན། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་སོ། །གསུང་གི་དམ་ཚིག་ཉམས་ན་རྩ་བའི་བླ་མ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོ་སངས་རྒྱས་རྡོ་རྗེ་ཆོས་སྐུ་མདོག་དམར་པོར་བསྒོམས་ལ་སྙིང་པོའམ་ཡིག་བརྒྱ་འབུམ་ཐེར་གདོན་ཅིང་བླ་མའི་ཡོན་


JLAZ003_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བརྗོད་པ་འབའ་ཞིག་དོན་དུ་གཉེར། ཐུགས་དང་འགལ་བའི་ཉེས་པ་ལ་རང་རྡོར་སེམས་སུ་གསལ་བའི་སྤྱི་བོར་བླ་མ་བསྒོམས་ལ་ཡན་ལག་བདུན་པ་ཕུལ་ནས་དབང་བཞི་བླངས་རྗེས་བླ་མ་རང་ཉིད་ལ་བསྟིམ་ནས་སྨྲ་བ་བཅད་དེ་ཐུགས་ཡིད་བསྲེས་པའི་ངང་ལ་ལོ་གསུམ་དུ་མཉམ་པར་འཇོག་པ་སྟེ་རྔམ་གློག་ལས། བླ་མ་སྤུན་ལ་སྨད་གྱུར་ན། །ཚེ་འདི་ཉིད་ལ་མཉེས་བྱས་ཏེ། །མཐོལ་བཤགས་དྲག་པོས་འགྱོད་བྱས་ན། །དེ་ནི་བསྐང་བའི་མཆོག་ཏུ་འགྱུར། །གལ་ཏེ་བདག་གམ་བླ་མ་སྤུན། །མ་བསྐངས་བར་དུ་ཚེ་འཕོས་ན། །དེ་ནི་བསྐང་བའི་ཚད་ལས་འདས། །གསུང་གི་ཐ་ཚིག་རལ་གྱུར་ན། །རྡོ་རྗེ་ཆོས་སུ་བདག་བསྒོམས་ཏེ། །ཐ་ཚིག་གང་བཀླགས་འབུམ་འབུམ་འདོན། །ཐུགས་ཀྱི་དམ་ཚིག་རལ་གྱུར་ན། །རྡོ་རྗེ་སེམས་དཔར་བདག་བསྒོམས་ལ། །ལོ་གསུམ་བར་དུ་མི་སྨྲ་བར། །བསམ་གཏན་སྦྱོར་བ་རབ་ཏུ་བྱ། །ཡན་ལག་ཐ་ཚིག་རལ་གྱུར་ན། །སོ་སོ་རང་རང་རིགས་ཀྱིས་བསྐང༌། །ཞེས་སོ། །དྲུག་ཆ་ལས་ཐལ་ཐུན་ཚོད་འདའ་བའི་མཚམས། །འགལ་དང་ཉམས་དང་འདས་དང་རལ་བ་ཞེས། །ཞག་དང་ཟླ་བ་ལོ་གཅིག་ལོ་གཉིས་འདས། །གསོ་བར་རུང་སྟེ་ཕྱི་མ་ཕྱི་མ་ལྕི། །ལོ་གསུམ་


JLAZ003_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ན་གསོ་བར་རུང་མ་ཡིན། །འགལ་ན་ཚོགས་འཁོར་ཉམས་ན་བདོག་དགུས་བསྐང༌། །འདས་ན་བུ་དང་ཆུང་མ་ནོར་དང་དབྱིག །རལ་ན་སྲོག་གི་གསོ་བའི་རྣམ་གཞག་རྣམས། །རྡོ་རྗེ་ཉི་མ་རྣམ་པར་བཀོད་ལས་གསུངས། །དེ་ལ་སྤྱིར་ལྟུང་བ་ཕལ་ལ་ཡན་ལག་བཞི་དང་ལྡན་དགོས་ཏེ། ལྟུང་བ་འབྱུང་བའི་ཡུལ། དེར་འདུས་ཤེས་པའི་བསམ་པ། ལུས་ངག་དང་འབྲེལ་ན་དེའི་སྦྱོར་བ། སྒོ་གསུམ་གང་གིས་གྲུབ་པའི་ལས་ལམ་རྫོགས་པའི་མཐར་ཐུག་བཞི་ཚང་ན་སྔགས་སྡོམ་གཏོང་བས་ཕམ་པ་ཞེས་བརྗོད་པའི་རྒྱུ་མཚན་སྔར་བཀོད་ཟིན་ལ། ཡིད་ཀྱིས་འགྲུབ་པའི་རྩ་ལྟུང་གང་རུང་གཉེན་པོ་དང་སྤེལ་ནས་སྐྱེས་ན་དངོས་གཞི་མི་ཚང་ཡང་དེ་ལ་བཤགས་པ་མ་བྱས་པར་དྲུག་ཆ་འདས་ན་ཐུན་ཚོད་འདས་པའི་ལྟུང་བ་ཞེས་བྱ་སྟེ་ཕས་ཕམ་པའི་འོག་ནས་ལྕི་བ་སྟེ་སློབ་དཔོན་མཚོ་སྐྱེས་ཀྱིས། རྩ་བ་དུས་འདས་ཕམ་པ་འདྲ། །ཚད་ལྡན་ལྟུང་བར་བཤད་པ་ཡིན། །ཡན་ལག་གཙོ་བོ་དུས་འདས་པ། །ལྕི་བ་དུས་ནི་བཤད་པ་སྟེ། །སྦྱོར་བ་མ་རྫོགས་སྦོམ་པོའོ། །ཡན་ལག་ཕྲ་བ་ཉེས་བྱས་སོ། །ཞེས་ཀྱང་བཤད་དོ། །དེའང་ངོ་བོ་ལ་ལྟོས་པའི་ཉམས་པ་དང༌། དུས་ལ་ལྟོས་


JLAZ003_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགལ་ཉམས་ལ་སོགས་པ་བཞི་ནི་བཤགས་བྱའི་ལྕི་ཡང་གི་རིམ་པ་ལ་ལྟོས་ནས་བསྟན་པ་སྟེ། དམ་ཚིག་བཀོད་པའི་རྒྱུད་ལས། སྤྱིར་ན་དམ་ཚིག་ཁྱད་པར་ལས། །དུས་ལ་ཁྱད་པར་ངེས་ཕྱེ་བ། །དམ་ལས་འགལ་ཞེས་ཉེས་བྱས་གང༌། །ཞག་གིས་བར་མ་ཆོད་པ་ནི། །དམིགས་པའི་ཡུལ་ལ་བཤགས་བྱས་ན། །དེས་ནི་སོར་ཡང་ཆུད་པའོ། །ཉམས་ཞེས་ཟླ་བས་མ་ཆོད་པར། །འགྱོད་པ་དྲག་པོས་བཤགས་པས་སོ། །དམ་ལས་འདས་ན་ལོ་དག་གིས། །བར་དུ་མ་ཆོད་བཤགས་པས་སོ། །ལོ་ནི་གཅིག་དང་གསུམ་དག་ལས། དམ་ཚིག་རལ་པ་ཞེས་བྱ་བ། །མཆོག་ཏུ་དྲག་ན་གསོ་རུ་རུང༌། །ལོ་གསུམ་དག་ལས་འདས་པ་ནི། །དེ་ནས་གསོ་རུ་མི་རུང་སྟེ། །གལ་ཏེ་བླངས་ན་གཉིས་ཀ་འཚིག །ངེས་པར་ས་སྤྱོད་སྡུག་བསྔལ་ལ། །རྒྱུན་དུ་སྤྱོད་པ་ཁོ་ནའོ། །ཞེས་སོ། །དེ་ལྟར་བཤགས་བྱ་ལ་ལྕི་ཡང་ཡོད་པ་ལྟར་བཤགས་ཚུལ་ཡང་ཇེ་ཆེར་སྟོབས་བསྐྱེད་པའི་ཚུལ། དེ་ཉིད་ལས། འགལ་ན་ཚོགས་ཀྱི་འཁོར་ལོས་བསྐང༌། །ཉམས་ན་རང་གི་བདོགས་པས་བསྐང༌། །འདས་པ་བུ་དང་ཆུང་མ་དང༌། །ཉེ་འཁོར་ལུས་དང་ངག་དག་དང༌། །ཡིད་དང་བདོག་པར་བཅས་པས་བསྐང༌། །རལ་ན་རང་གི་སྲོག་གིས་བསྐང༌། །ཞེས་སོ། །


JLAZ003_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྒྱུད་སྡེ་ཐ་དད་ནས་གསུངས་པ་སྤྱི་དོན་བསྡུས་པའི་དམ་ཚིག་གི་ཆིངས་རྣམ་པར་བཤད་ནས་ཕྱིར་བཅོས་ཀྱི་དོན་བསྡུ་བ་ནི། གཞན་ཡང་དབང་བཞི་བསྐྱར་དང་བདག་འཇུག་བླང༌། །བསྐྱེད་རྫོགས་བཟླས་བརྗོད་འཕོ་མེད་ཚུལ་ཁྲིམས་དང༌། །ཐིག་ལེའི་རྣལ་འབྱོར་སྦྱིན་སྲེག་གཏོར་མ་གཏོང༌། །དྲལ་བའི་སྔགས་རྒྱ་བཀྲུ་དང་གཏུམ་མོས་བསྲེག །ཚོགས་སམ་རྟེན་གྱི་མདུན་དུ་ཉེས་པ་བསྒྲགས། །སྲོག་བསླུ་གསུང་རབ་བཀླག་དང་ཡིག་བརྒྱ་བཟླ། །མཎྜལ་ཡན་ལག་བདུན་དང་མཆོད་རྟེན་བཞེངས། །ལ་སོགས་ཐབས་ཀྱིས་གཏུགས་པ་མ་ཡིན་ལ། །ཁྱད་པར་དོང་སྤྲུག་བཤགས་པས་མི་འདག་མེད། །དམིགས་བཅས་ཀུན་ལ་འགྱོད་སེམས་ལྷག་པར་གཅེས། །དེ་ལ་སྤྱིར་དབང་བཞི་བསྐྱར་བ་དང༌། བདག་འཇུག་བླང་བས་གསང་སྔགས་ཀྱི་སྡོམ་པ་དང་དམ་ཚིག་དག་པར་འགྱུར་བའི་ཚུལ་སྡོམ་འབྱུང་ལས། དབང་བསྐུར་འདི་དང་ཡང་དག་ལྡན། །དེ་ནི་དམ་ཚིག་ཅན་ཞེས་བྱ། །ཞེས་དང༌། ཧེ་རུ་ཀ་མངོན་འབྱུང་ལས། དཀྱིལ་འཁོར་རྒྱལ་པོ་མཐོང་བ་ནི། །ཅུང་ཟད་དེ་ནི་མི་འགྲུབ་མེད། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །ཞེས་སོ། །དེ་ལྟ་ནའང་དུས་ཀྱི་འཁོར་ལོ་ལས་དབང་ཐོབ་མཚམས་ཐ་དད་པའི་དབང་


JLAZ003_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དེ་ལ་ལྟོས་པའི་ལྟུང་བ་སྦྱོང་ཚུལ་ཐ་དད་པའང་འདི་ལྟར་རང་ལུགས་ཀྱི་བུམ་དབང་བདུན་ཐོབ་པས་དཀྱིལ་འཁོར་གྱི་ལྷ་གྲངས་རེ་རེའམ་གཙོ་བོའི་བཟླས་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་གིས་སྦྱང་པ་དང༌། བུམ་དབང་ཐོབ་པས་དེའི་སྟེང་དུ་སློབ་དཔོན་གྱིས་བསྒོས་པའི་ཆད་ལས་ཀྱི་བརྟུལ་ཞུགས་སྤྱད་པས་སྦྱང་བ་དང༌། ཤེར་དབང་ཐོབ་པས་དབེན་པར་བསྐྱེད་རྫོགས་སྤྱི་དང་ཐིག་ལེའི་རྣལ་འབྱོར་གྱིས་རང་རྒྱུད་སྦྱངས་ཤིང་བྱིན་གྱིས་བརླབས་ནས་དག་པའི་མཚན་མ་མཐོང་བ་ན་སླར་དཀྱིལ་འཁོར་དུ་ཞུགས་ནས་དབང་བླང་བར་བྱ་ཞིང༌། དེའི་ཚེ་སྔར་གྱི་དབང་ཐོབ་དུས་ཀྱི་བསླབ་གྲལ་དང་རྙེད་བཀུར་ལེན་པ་སོགས་མི་བྱ་བའི་ཚུལ་ཡང་འདུལ་བའི་སྡེ་སྣོད་དང་སྒོ་བསྟུན་པར་སྣང་སྟེ་དགེ་འདུན་ལྷག་མའི་སྤོང་སྤྱོད་བཞིན་ནོ། །དེ་བཞིན་དུ་སྤྱི་མདོ་ལས་ཉམས་ཚུལ་ལྔ་ལ་བལྟོས་ནས་བཅོས་པའི་ཚུལ་བསྟན་ཏེ། ལངྐའི་བདག་པོ་གང་འདི་ལས་ཉམས་པར་གྱུར་པ་གང་ཞེ་ན། ཀུན་ཏུ་ཉམས་པ་ཆེན་པོ་དང༌། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཟླས་ཉམས་ཞར་ཉམས་ལྔ། །ཞེས་ཀུན་ནས་ཉོན་མོངས་པ་ཆེན་པོ་ནི་ཀུན་དཀྲིས་དྲག་པོའི་སྒོ་ནས་བཤགས་ཡུལ་སུན་ཕྱུང་བ་ཡིན་ལ། རྩ་


JLAZ003_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ཡན་ལག་ནི་སྤྱི་དང་མཚུངས་པ་ཉིད་དེ་བསྐང་བའི་ཚུལ་ཡང་དེ་ཉིད་ལས། ལས་དང་རྫས་དང་འདུན་པ་དང༌། །ཏིང་ངེ་འཛིན་དང་དེ་ཉིད་དོ། །ཞེས་པ་ལས། ལས་ཀྱིས་བསྐང་བ་ནི་སྦྱིན་སྲེག་དང་གཏོར་མ་དང་བཟླས་བརྗོད་ལ་བརྟེན་པ་སྟེ། དེ་ཡང་ཀུན་ནས་ཉམས་པ་ལ་ཆིག་འབུམ་སུམ་ཁྲི། རྩ་བ་ཉམས་པ་ལ་ལྔ་ཁྲི་སུམ་སྟོང༌། ཡན་ལག་ཉམས་པ་ལ་ལྔ་སྟོང་སུམ་བརྒྱ། ཟླས་ཉམས་པ་ལ་ལྔ་བརྒྱ་ཕྲག་གསུམ། ཞར་གྱིས་ཉམས་པ་ལ་ལྔ་བཅུ་རྩ་གསུམ་མོ། །དེ་ལ་ཟླས་ཉམས་པ་ཞེས་བྱ་བ་ནི་གང་ཟག་གང་ཞིག་བདག་ཉིད་ཉམས་པར་འགྱུར་བཞིན་དུ་གསོ་བའི་ཐབས་ལ་མི་བརྩོན་པ་སྟེ། དེ་ལྟ་བུ་དང་སྐད་ཅིག་ཙམ་ཡང་ཕྲད་པ་དང་སྨྲ་བ་བྱ་བར་མ་ཡིན་ན་དེའི་མགོན་བྱ་ཞིང་དེ་དང་ལྷན་ཅིག་མནལ་བ་ལྟ་ཅི་སྨོས་ཏེ། རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང༌། །སྐད་ཅིག་ཙམ་ཡང་ཕྲད་པར་མི་བྱ་ཞེས། །སོགས་པས་བསྟན་ཏེ། མདོ་ནས་འཚོ་བ་པོ་བསོད་ནམས་བརླག་པ་གཅིག་གིས་ལྷན་ཅིག་གནས་པའི་འཚོ་བ་པོ་ཐམས་ཅད་ཀྱི་འཚོ་བའི་སྒོ་ཡང་བཀག་པར་གསུངས་པ་བཞིན་ཟླས་ཉམས་པའི་སྐྱོན་གྱིས་ཕོག་པ་ཞེས་བྱ་བ་འདི་ནི་ཉེས་པ་ཆེན་པོ་དང་ལྡན་པའོ་མ་རུལ་


JLAZ003_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

བའམ་ལག་འགྲོ་རྨ་ཅན་དང་འདྲ་བས་ལུང་གཅིག་གི་ཆུ་ལའང་མི་བཏུང་སྟེ་ཀུན་འདུས་ལས། ཇི་ལྟར་འོ་མ་རུལ་བ་དག །འདྲེས་པས་འོ་མ་ཀུན་རུལ་ལྟར། །རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུང་བྱེད། །ཅེས་སོ། །རྫས་ཀྱིས་བསྐང་བ་ནི་རིགས་ལྔ་གང་གི་དམ་ཚིག་ཉམས་པའི་ཁྱད་པར་དང་བསྟུན་ནས་མི་རིགས་ལྔར་དབྱེ་བའི་བླ་མ་སློབ་དཔོན་ཏེ། དེར་མོས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཅན་དུ་བལྟས་ལ་རིགས་དང་མཐུན་པའི་རིན་པོ་ཆེ་འཕངས་པ་མེད་པར་སྟོབ་པའོ། །འདུན་པས་བསྐང་བ་ནི། ཧེ་རུ་ཀ་གལ་པོ་ལས། མི་དགེ་སྡིག་པའི་བག་ཆགས་རྣམས། །གདུང་བའི་གླུ་དང་བཅས་པས་བཤགས། །ཞེས་པ་ལྟར་གནོང་འགྱོད་ཀྱིས་མངོན་རྟོགས་དང་བ་དང༌། འདུན་པའི་རྣམ་འགྱུར། གདུང་བའི་གླུས་དངོམ་པའི་ཚུལ་གྱིས་བཤགས་པའོ། །ཏིང་ངེ་འཛིན་གྱིས་བསྐང་བ་ནི། མན་ངག་དང་ལྡན་པ་དག་གིས་ཐིག་ལེའི་རྣལ་འབྱོར་དང༌། འཕོ་མེད་ཀྱི་ཚུལ་ཁྲིམས་ལ་སོགས་པས་བསྐང་ལ། དང་པོའི་ལས་ཅན་གྱིས་བཤགས་ཡུལ་ཉིད་བླ་མ་མིན་ན་དེ་ཡི་དམ་ལ་སོགས་པར་བསྒོམས་ནས་སྟོབས་བཞིའི་སྒོ་ནས་བཤགས་པས། དེའི་གནས་གསུམ་གྱི་འོད་ཟེར་ལས་རང་གི་


JLAZ003_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཆགས་ཉེས་ལྟུང་སྦྱངས་པར་བསམ་པའོ། །དེ་ཁོ་ན་ཉིད་ཀྱིས་སྦྱང་བ་ནི། བདག་དང༌། གཞན་དང༌། གཉིས་ཀ་མི་དམིགས་པ་སྟེ་འཁོར་གསུམ་ཡོངས་དག་ཆེན་པོའི་ཤེས་རབ་ཀྱིས་སྦྱང་བ་སྟེ། ཕྱོགས་སུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཅེས་བྱ། །ཞེས་སོ། །དེ་ལས་གཞན་པ་ཡོ་ག་ནས་བཤད་པའི་དྲལ་བའི་སྔགས་རྒྱ་གཉིས་ཏེ་ལྟུང་བ་སློང་བའི་ཕྱག་རྒྱ་དང༌། དེའི་སྔགས་ཀྱི་རིམ་པ་ལ་བརྟེན་ནས་ངན་འགྲོ་དགུག་དྲལ་དང༌། དེ་བཞིན་དུ་རྡོ་རྗེ་ཡང་ཏོག་གི་རྒྱུད་ལས། ཡིག་འབྲུ་སྔགས་ཀྱིས་སྦྱང་བ་ནི། །རྐང་མཐིལ་གཉིས་སུ་ཡཾ་གཉིས་བསམ། །གསང་བའི་སྒོ་རུ་རཾ་བསམ་མོ། །ལྟེ་བར་རིགས་དྲུག་ཡིག་འབྲུ་བསམ། །སྙིང་གར་ཕཊཿཀྱི་གདན་དག་ལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་བསམ། །ཡཾ་ལས་ཡེ་ཤེས་རླུང་བྱུང་སྟེ། །རཾ་ལས་ཡེ་ཤེས་མེ་སྦར་ནས། །རིགས་དྲུག་བག་ཆགས་ཐམས་ཅད་བསྲེག །སྒོ་གསུམ་སྐུ་གསུང་ཐུགས་སུ་འགྱུར། །ཕཊཿཀྱིས་ཆོས་ཉིད་དབྱིངས་སུ་འཕང༌། །


JLAZ003_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའང་མན་ངག་ཤིན་ཏུ་ཟབ་ལ། གཞན་ཡང་ཕྱི་ནང་གི་འབྱུང་བ་ལ་བརྟེན་ནས་སྦྱོང་བ། ཆུ་ཀླུང་ལ་སོགས་བཾ་ལས་མཱ་མ་ཀཱིའི་བདག་ཉིད་དུ་མོས་པ་ལ་སྤྱོད་པའི་བརྟུལ་ཞུགས་ཀྱིས་ལུས་བཀྲུ་བ་དང༌། མདོར་ན་སོ་སོ་སྐྱེ་བོ་ནས་སློབ་པའི་ལམ་གྱི་ཉེས་བྱས་ཐམས་ཅད་གྲིབ་ཏུ་མི་འགྱུར་བ་མེད་པས་དེའི་གཉེན་པོར་རྣམ་འཇོམས་ལ་སོགས་པའི་བུམ་ཆུས་དངོས་སུ་བཀྲུ་བཤལ་དང༌། མཁའ་དབྱིངས་སུ་ཤར་བའི་དབང་ལྷ་ལས་རིག་པའི་དབང་ལྔ་བླངས་ནས་བཀྲུ་བའི་འདུན་པ་དང༌། གཏུམ་མོའི་མེས་ལྟེ་བར་ཀཾ་ཡིག་དང་སྙིང་གར་ཤ་ཟའི་གཟུགས་ཀྱི་སྡིག་པ་བསྲེག་པའམ། བཛྲ་ཌཱ་ཀི་ལ་བརྟེན་ནས་ཏིལ་དང་བཅས་བསྲེག་པ་དང༌། རླུང་ལ་བརྟེན་ནས་སྦྱང་བ། གཙུག་ལག་ཁང་ལ་སོགས་པར་ས་འཕན་སྦྲེང་བ་དང༌། སཱཙྪ་གདབ་པ་དང༌། ཚོགས་པ་མང་པོའི་དབུས་སམ་རྟེན་གྱི་དྲུང་དུ་བདག་ལ་ཉེས་ལྟུང་འདི་ལྟ་བུ་བྱུང་བས་ཚངས་པར་སྩོལ་ཅིག་ཅེས་འཆབ་པར་མི་བྱེད་པ་ནི་སྡིག་ལྟུང་འདག་ཚབས་ལྷག་པར་ཆེ་བ་ཡིན་ནོ། །གཞན་ཡང་ཚོགས་ཀྱི་འཁོར་ལོ་དང༌། ཚོགས་ཀྱི་མཆོད་པ་དང༌། དཔའ་བོ་དང་དཔའ་མོའི་སྟོན་མོ་དང༌། ཉེའུ་འདོན་པ་དང༌། ཆུ་མིག་དང་ལྡེང་ཀ་ལ་ཐེབས་པའི་སྲོག་ཆགས་འདོན་པ་དང༌། སྦྲང་རྩི་བསླུ་བ་དང༌། རྙི་ལས་དགྲོལ་


JLAZ003_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། རྔོན་པ་ལ་བརྔན་སྟེར་བ་དང༌། ནད་པ་ལ་ཕན་གདགས་པ་དང༌། མཚོན་ཆའི་འོག་ནས་ཐར་དུ་འཇུག་པ་སྟེ་སྲོག་བསླུའི་རིམ་པ་མཐའ་མ་འགགས་པ་དང༌། བླ་མ་དང་དཀོན་མཆོག་གི་སྐུ་གཟུགས་བཞེངས་པ་དང༌། བསྙེན་བཀུར་བ་དང༌། གང་དག་ལ་སྙིང་ཐག་པ་ཉིད་ཀྱིས་གུས་པས་སྐྱབས་སུ་མཆིའོ་ཙམ་བརྗོད་ཀྱང་དེའི་འབྲས་བུ་བསླུ་བ་མེད་པ་རྒྱལ་བའི་གསུང་རབ་བཀླག་པ་དང༌། རྒྱུད་ལས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྙིང་པོ་ཡིན་པའི་ཕྱིར། །ཞེས་པའི་ཡི་གེ་བརྒྱ་པ་གདོན་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་སྤངས་རྟོགས་ཀྱི་གཟུགས་བརྙན་མཆོད་རྟེན་བཞེངས་པ་དང༌། ཡན་ལག་བསྐྱོད་པ་ཙམ་ལ་ཕན་ཡོན་ཆེ་བ་མཎྜལ་འབུལ་བ་དང༌། ཚོགས་ཐམས་ཅད་ཀྱི་སྒོ་ཡན་ལག་བདུན་པ་དང༌། སྡིག་ལྟུང་གི་སྒོ་འཚམས་པ་ཕུང་པོ་གསུམ་པ་འདོན་པ་སོགས་ལ་སྙིང་པོ་རྒྱན་དུ་བཏུས་པའི་ཕྱིར་བཅོས་ཉེར་ལྔ་ཡང་ཚང་ཞིང༌། ཁྱད་པར་རྣལ་འབྱོར་སྤྱི་ཁྲུས་དོང་སྤྲུག་གི་བཤགས་པས་མི་འདག་པ་མེད་པ་ནི། མར་མེ་བརྒྱ་རྩའི་ཆོ་ག་དང༌། །སྤང་སྐོང་བརྒྱ་རྩ་འདོན་པ་དང༌། །བཤགས་པ་རྣམ་པ་སྣ་ཚོགས་བྱ། །དེས་ནི་བྱང་བའི་ཡོན་ཏན་འཐོབ། །ཅེས་པ་སྟེ། དེ་ལ་ཕྱི་མཆོད་ཚོགས་ཀྱི་ཡོ་


JLAZ003_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

བྱད། ནང་ཕུང་པོ་རྟེན་གྱི་ཡན་ལག གསང་བ་བྱང་ཆུབ་སེམས་ལ་བརྟེན་ནས་བསྐང་ཞིང་བཤགས་པ་རྣམ་པ་གསུམ་དུ་ཚོགས་པས་ཉམས་ཆགས་དང་ཉེས་ལྟུང་མཐའ་དག་འདག་པའི་ཚུལ་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་བཙལ་བའི་ཕན་ཡོན་ཀྱང༌། གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་བཙལ་ན། །ཉམས་ཆགས་ཐམས་ཅད་བྱང་གྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང༌། །ན་རག་གནས་ཀྱང་དོང་སྤྲུག་སྟེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པ་ལྟར་རོ། །དེ་ལྟར་དམིགས་བཅས་ཀྱི་བཤགས་པ་ཐམས་ཅད་ཀྱི་བསམ་པའི་རྟེན་ནི་འགྱོད་པ་དྲག་པོ་དང་བཅས་པ་ཁོ་ན་ཡིན་ཏེ། འགྱོད་པ་མེད་ན་ཁ་ན་མ་ཐོ་བའི་ཚོགས་ལ་སུན་འབྱིན་པའི་སེམས་ཉམས་སུ་མི་མྱོང་བས་བཤགས་ཡུལ་རྟེན་གྱི་སྟོབས་ཀྱང་བསླུས་པར་འགྱུར་ཞིང༌། ཕྱིན་ཆད་ཀྱི་སྡོམ་སེམས་ཀྱང་མཐུ་ཆུང་ལ་དེས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་ནུས་པ་འབྱིན་པ་ལ་བསྒྲིབ་པའི་ཕྱིར་རོ། །དེ་ཡང་སློབ་དཔོན་གྱིས་ཤེས་པ་བཅུས་བསྲུང་ལ། སློབ་མས་མི་ཤེས་པས་སློབ་དཔོན་གྱི་བཀའ་བཞིན་བསྲུང་བ་སྟེ། ཤེས་པ་བཅུ་ནི་ཚིག་དོན་གྱི་གནད་ཤེས་པ་དང༌། དྲི་བའི་ལན་ཤེས་པ་དང༌། དབང་དང་མན་ངག་གི་སྐབས་ཤེས་པ་དང༌།


JLAZ003_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ཡངས་པར་ཤེས་པ་དང༌། བསྒོམ་པའི་ངང་ཆེ་བར་ཤེས་པ་དང༌། འཁོར་བ་དང་མ་འདྲེས་པར་ཤེས་པ་དང༌། ཆོས་ཉིད་ཟབ་པར་ཤེས་པ་དང༌། འདས་པའི་ས་ལ་གནས་པར་ཤེས་པ་དང༌། རང་དང་སྤྱིའི་ཆོས་དང་ཆོས་ཅན་གྱི་མཚན་ཉིད་ཤེས་པ་སྟེ་རྒྱུད་ལས། ཤེས་པ་གཅིག་གི་ཁྱད་པར་གྱིས། །ཁྱད་པར་བཅུ་ཡི་བསྲུང་ཐབས་འཕགས། །ཞེས་སོ། །ཕྱིར་བཅོས་མ་བྱས་པའི་ཉེས་པ་ནི། མ་བཤགས་ཚེ་འདིར་བདེ་ལགས་ཡོན་ཏན་འགྲིབ། །དོ་ཟླ་མེད་པའི་རྡོ་རྗེའི་དམྱལ་བར་ལྟུང༌། །དེ་སྐད་དུ་སྒྱུ་འཕྲུལ་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཞེས་ཚེ་འདིར་ཇི་ཙམ་བརྩོན་ཀྱང་དངོས་གྲུབ་མེད་པའི་རྟེན་སྐུའི་དམ་ཚིག་ཉམས་པས་མཛེ་ནད་ལ་སོགས་པ་དང༌། རྒྱལ་པོའི་ཆད་པ་དང༌། ཆོམ་རྐུན་དང༌། གཅན་གཟན་དང༌། གདོན་ཕྲ་མོ་དག་གིས་ཀྱང་འཚེ་ཞིང༌། གསུང་ཉམས་པ་ལས་སྐྱེ་བོའི་ཡ་ག་དང༌། ངག་མི་བཙན་པ་དང༌། ཐུགས་ཉམས་པ་ལས་སྨྱོ་འབོག་དང༌། རླུང་ནད་དྲག་པོ་དང༌། སེམས་ལས་སུ་མི་རུང་བ་དང༌། འདོད་པ་ཐོག་ཏུ་མི་འགྲུབ་པ་ལ་སོགས་པས་གནས་སྐབས་ཀྱི་བདེ་ལེགས་ཀྱང་འགྲིབ་ལ། ཕྱི་མ་སྔགས་


JLAZ003_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམ་ཚིག་ཉམས་པ་རྣམས་ཀྱི་ལས་སྣང་ལས་གྲུབ་པའི་མནར་མེད་ཀྱི་སེམས་ཅན་དམྱལ་བ་ཆེན་པོས་ཀྱང་དེའི་དོ་ཟླ་མི་སྤོབས་པའི་རྡོ་རྗེའི་དམྱལ་བར་སོན་པར་འགྱུར་བའི་ཚུལ་གསལ་བཀྲ་ལས། རྩ་ཀུན་ཉམས་པའི་འཆལ་བ་དག །གསོ་ལ་ཉེ་བར་མི་བརྩོན་ན། །རྡོ་རྗེ་དམྱལ་བར་དེ་ལྟུང་སྟེ། །དམྱལ་བ་ཕལ་པ་ཐམས་ཅད་ཀྱི། །སྡུག་བསྔལ་གཅིག་ཏུ་བསྡོམས་པས་ནི། །དེ་ཡི་འབུམ་གྱི་ཆར་མི་ཕོད། །སངས་རྒྱས་སྟོང་གི་འོད་ཟེར་དང༌། བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀུན། །རྒྱུན་དུ་མཛད་ཀྱང་ཕན་མི་འགྱུར། །བསྐལ་པ་ཐེར་འབུམ་ལ་སོགས་སུ། །དེ་ནི་མཐོན་པར་མི་འགྱུར་རོ། །འཇིག་རྟེན་འཇིག་ན་གཞན་དུ་འཕོ། །ཞེས་སོ། །དམ་ཚིག་བསྲུངས་པའི་ཕན་ཡོན་ནི། དམ་ཚིག་ལྡན་པ་སྐྱེ་བ་བཅུ་དྲུག་གམ། །མྱུར་ན་འདིའམ་འཆི་ཁ་བར་མ་དོར། །གྲུབ་པ་བརྒྱད་དང་དབང་བཅུ་ཕྱི་ནང་གཉིས། །དབང་ཕྱུག་བརྒྱད་དང་རིག་འཛིན་རྣམ་པ་བཞི། །མཆོག་གི་དངོས་གྲུབ་ཁ་སྦྱོར་ཡན་ལག་བདུན། །སྐུ་ལྔའི་ཞིང་བགྲོད་འགྲོ་དོན་ལྷུན་གྱིས་གྲུབ། །དེ་ལ་དམ་ཚིག་ནི་མདོ་སྔགས་གཉིས་ཀའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་པས་སློབ་དཔོན་འཕགས་པས་ཀྱང༌། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །


JLAZ003_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟར། འདིར་སྔགས་ཀྱི་ཚུལ་ཁྲིམས་སམ་དམ་ཚིག་དང་སྡོམ་པའི་གནས་གང་ཡིན་པ་ནི་དབང་དང་བསྐྱེད་རྫོགས་ལས་བྱུང་བའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཡིན་ཏེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་ཚོགས་གཉིས་ལ་བརྟེན་གོམས་སུ་གྱུར་ནས་སངས་རྒྱས་སུ་འགྲུབ་པའི་འབྲས་བུ་སྔགས་སུ་དབང་དང་བསྐྱེད་རྫོགས་ཟབ་མོའི་ཐབས་ལ་བརྟེན་ནས་ཚེ་གཅིག་ལ་སོགས་པར་ཐོད་རྒལ་དུ་འགྲུབ་པའང་དམ་ཚིག་བསྲུངས་པའི་སྟོབས་ལས་འབྱུང་བ་སྟེ། ཅིའི་ཕྱིར་ན་བྱིན་རླབས་ཆེ་བས་ལམ་མྱུར་བ་དང༌། ཐབས་ཟབ་པས་འཇུག་པ་བདེ་བ་བསྐྱེད་རྫོགས་གཉིས་ཡིན་ཀྱང༌། དེ་དག་གི་རྟེན་གཞི་ནི་དམ་ཚིག་འབའ་ཞིག་ཡིན་པས་དམ་ཚིག་ཉམས་ན་དབང་དང་བསྐྱེད་རྫོགས་ལས་བྱུང་བའི་ཡོན་ཏན་མི་འགྲུབ་སྟེ། འབྲས་བུ་འབྱུང་བའི་རྒྱུ་ས་བོན་ཡིན་ཀྱང་ས་བོན་གྱི་རྟེན་གཞི་ས་ལ་མ་བརྟེན་ན་མྱུ་གུ་སྐྱེ་བའི་གཞི་མ་གྲུབ་པ་བཞིན་ཏེ། སྤྱི་མདོ་ལས། ཇི་ལྟར་ས་གཞི་གཤིན་པ་ལ། །བརྟེན་ནས་ས་བོན་བཏབ་པ་ལས། །འབྲས་བུ་སྨིན་པར་གྱུར་པ་ཡིས། །གང་དག་འཚོ་བའི་སྲོག་འཛིན་ལྟར། །ཆོས་རྣམས་ཀུན་གྱི་གཞིར་གྱུར་པ། །དམ་ཚིག་འདི་ལ་གནས་པ་ན། །བླ་མེད་བྱང་ཆུབ་རྣམ་སྨིན་པས། །དགེ་བའི་སྲོག་འཛིན་དམ་


JLAZ003_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཞེས་སོ། །དེ་བས་ན་དམ་ཚིག་དང་ལྡན་པ་རྣམས་ནི་གནས་སྐབས་སུའང་བསམ་དོན་ཡིད་བཞིན་དུ་འགྲུབ། ཀུན་གྱི་ཡིད་དུ་འོང༌། འཇིག་རྟེན་གྱི་ལྷ་ཆེན་པོ་དག་གིས་བཀུར། རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་དགོངས་པར་མཛད་པའི་ཚུལ་དམ་ཚིག་གསུམ་བཀོད་ལས། གསང་སྔགས་རྡོ་རྗེའི་དམ་ལ་གནས། །དེ་ཡིས་སྨོན་པ་ཀུན་འགྲུབ་ཅིང༌། །ལྷ་རྣམས་ཀྱིས་ཀྱང་རྟག་ཏུ་བསྲུངས། །རྒྱལ་བ་རྒྱལ་མཆོག་སྲས་བཅས་ཀྱིས། །བུ་བཞིན་དགོངས་པ་དམ་པ་མཛད། །ཏིང་འཛིན་ཡོན་ཏན་དཔགས་ཡས་ཤིང༌། །ཀུན་བཟང་རིགས་ཀྱི་དམ་པ་འགྲུབ། །ཅེས་སོ། །མཐར་ཐུག་གི་འབྲས་བུ་ནི་ལམ་ལ་འབད་པ་ཆུང་ཡང་སྐྱེ་བ་བཅུ་དྲུག་ཚུན་ཆད་ན་དངོས་གྲུབ་ཐོབ་པའི་ཚུལ་དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ལས་འགྲུབ། །ཅེས་དང༌། ཐབས་བརྩོན་ཤེས་རབ་ཀྱི་དབང་དུ་གྱུར་པ་དག་ནི་རབ་ཚེ་འདི་ཉིད་ལ་གྲོལ་བའི་ཚུལ་རྡོ་རྗེ་གསང་བའི་རྒྱུད་ལས། བླ་མེད་སྔགས་ཀྱི་དངོས་གྲུབ་གང༌། །ཤིན་ཏུ་བརྩོན་པས་གང་བསྒྲུབས་པ། །ཚེ་འདི་ཉིད་ལ་སངས་རྒྱས་ཏེ། །གདུལ་བྱའི་ཞིང་དུ་མཛད་པ་སྟོན། །གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱི། །ཟབ་མོའི་ཉམས་ལེན་མཐར་ཐུག་པའོ། །ཞེས་སོ། །འབྲིང་རྣམས་འཆི་སྲིད་ཀྱི་སྡུད་རིམ་མཐར་དཔེ་དོན་གྱི་འོད་གསལ་གཉིས་མ་བུ་


JLAZ003_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་ནས་སློབ་པའི་ཟུང་འཇུག་གི་སྐུར་ལྡང་ནུས་ལ། གལ་ཏེ་སད་དུས་ན་དོན་གྱི་འོད་གསལ་མངོན་དུ་གྱུར་པ་ཞིག་ཡིན་ན། དེ་གཞི་དུས་ཀྱི་འོད་གསལ་དང་གཉིས་སུ་མེད་པས་ཡང་དག་པའི་ཡེ་ཤེས་ཀྱི་མཐའ་མངོན་སུམ་དུ་གྱུར་ནས་མི་སློབ་པའི་ཟུང་འཇུག་གི་སྐུར་ལྡང་བའི་སྒོ་ནས་མངོན་པར་འཚང་རྒྱ་བ་ཡིན་ནོ། །ཁྱད་པར་རྩ་རླུང་ཐིག་ལེ་གསུམ་ལས་སུ་རུང་ཞིང་སེམས་རྒྱུད་ལ་ཏིང་ངེ་འཛིན་དང་ཟག་མེད་ཀྱི་ཡོན་ཏན་ཇེ་ཆེར་འཕེལ་བས་ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་འཐོབ་པ་ཡང༌། ཇི་སྐད་དུ། མཁའ་སྤྱོད་རལ་གྲི་རིལ་བུ་དང༌། །རྐང་མགྱོགས་བུམ་པ་གནོད་སྦྱིན་ཁོལ། །བཅུད་ལེན་དང་ནི་མིག་སྨན་ནོ། །དེ་ལ་མཁའ་སྤྱོད་ནི་མཁའ་ལ་གནས་ནུས་ཤིང་འཆི་བ་མེད་པའོ། །རལ་གྲི་ནི་ཕ་རོལ་ལས་རྒྱལ་བར་བྱེད་པའོ། །རིལ་བུ་ནི་སྨན་གང་དག་བསྒྲུབས་པ་ལག་ཏུ་ཐོགས་པས་ལུས་མི་སྣང་བའོ། །རྐང་མགྱོགས་ནི་མཆིལ་ལྷྭམ་གྲུབ་སྟེ་གྱོན་པས་ཡུད་ཙམ་ལ་རྒྱ་མཚོའི་མཐའ་ཡང་འཁོར་བའོ། །བུམ་པ་ནི་དེའི་ནང་དུ་ཟད་མི་ཤེས་པའི་འདོད་དགུའི་གཏེར་འབྱུང་བའོ། །གནོད་སྦྱིན་གྱི་ཁོལ་པོ་ནི། དེས་བྲན་བྱས་ནས་ཅི་དགོས་པ་གྲུབ་ཅིང་མི་འབུམ་ཕྲག་གིས་བསྒྲུབ་དགོས་པའི་ལས་ཉིན་གཅིག་ལ་ཟིན་པ་རྒྱལ་པོ་མྱ་ངན་མེད་ཀྱི་ཙཻཏྱ་སྟེ་མཆོད་རྟེན་བྱེ་བ་ནུབ་གཅིག་ལ་བཞེངས་པ་ལྟ་བུའོ། །བཅུད་ལེན་ནི་ཉི་ཟླའི་ཚེ་གླང་པོ་ཆེའི་


JLAZ003_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་པདྨའི་མདངས་དང་ལྡན་ཞིང༌། ལྡང་བ་ན་ཤིང་བལ་ལས་ཡང་བ་སློབ་དཔོན་ཆེན་པོ་པདྨ་ལྟ་བུ་སྟེ་སྐྱེ་འཆི་མེད་པའི་སྐུ་བརྙེས་ཤིང་དབང་ཕྱུག་བརྒྱད་དང་ལྡན་པས་ནམ་མཁའ་ལ་སྤྱོད། སྟོབས་ཀྱིས་མང་ཡུལ་གྱི་རི་བོ་དཔལ་འབར་ཕན་ཚུན་བརྗེས་པ་ལྟ་བུའོ། །མིག་སྨན་ནི་མིག་ལ་བྱུགས་པས་ས་འོག་གི་གཏེར་མཐོང་བ་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཞིན་ནོ། །ཁྱད་པར་དུ་ས་དང་པོ་ནས་བདུན་པའི་བར་ལ་དབང་བཅུ་ཕྱི་ལྟར་བ་ཡོད་དེ། ཚེ་ལ་དབང་བས་བསྐལ་པ་ཇི་ཙམ་འདོད་པར་གནས་པ་དང༌། སེམས་ལ་དབང་བས་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལས་སྐད་ཅིག་རེ་རེར་མཉམ་པར་འཇོག་ཅིང་ལྡང་ནུས་པ་དང༌། ཡོ་བྱད་ལ་དབང་བས་བསམ་པ་ཙམ་གྱིས་འཇིག་རྟེན་དུ་ཟས་ནོར་སྣ་ཚོགས་པས་གང་བར་ནུས་པ་དང༌། ལས་ལ་དབང་བས་བཟོ་དང་ལས་ཀྱི་གནས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་སྤྱོད་པ་དང༌། སྐྱེ་བ་ལ་དབང་བས་ལྷ་དང་མིའི་གནས་གང་འདོད་དུ་སྐྱེ་བ་དང༌། མོས་པ་ལ་དབང་བས་ས་གཞི་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་སུ་བསྒྱུར་བ་ལ་སོགས་མདོར་ན་དངོས་པོ་ཐམས་ཅད་ཇི་ལྟར་འདོད་འདོད་སེམས་ཅན་སྤྱིའི་སྣང་ངོར་མཐུན་སྣང་གྲུབ་པར་བསྒྱུར་བ་དཔེར་ན་སློབ་དཔོན་སངས་རྒྱས་གཉིས་པས་བསམ་ཡས་ཀྱི་གསེག་མ་ནེ་སིང་དུ་བསྒྱུར་ནས་ཀུན་གྱིས་ལོངས་སྤྱད་དུ་རུང་


JLAZ003_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་དང༌། སྨོན་ལམ་ལ་དབང་བས་འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱིས་གང་བ་ལ་སོགས་ཇི་ལྟར་སྨོན་པ་བཞིན་འགྲུབ་པ་དང༌། རྫུ་འཕྲུལ་ལ་དབང་བས་ཞིང་ཁམས་དཔག་ཏུ་མེད་པ་སྐྲ་རྩེ་གཅིག་གིས་ནམ་མཁར་འཛིན་པ་ལ་སོགས་གང་འདོད་དུ་སྤྲུལ་ནུས་པ་དང༌། ཡེ་ཤེས་ལ་དབང་བས་ཤེས་བྱ་གང་ཤེས་པར་འདོད་པ་དེ་ཤེས་པ་དང༌། ཆོས་ལ་དབང་བ་ནི་ཆོས་ཐམས་ཅད་ཀྱི་མིང་དང་དོན་རྣམ་པར་གཞག་པ་ལ་མཁས་པའོ། །དེ་ཡང་དབང་བཅུ་ཕུལ་བྱུང་ནི་དག་པ་ས་གསུམ་ནས་ཡོད་པས་ནང་དུ་བཞག་ལ། དེ་སྐད་དུ། འདུལ་བ་ལུང་ལས། གང་ཚེ་མར་མེ་མཛད་ཀྱིས་ང༌། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཅིང༌། །དབང་བཅུ་དག་ཀྱང་ཐོབ་པར་འགྱུར། །ཞེས་དང༌། དེ་ཉིད་ཀྱི་རྒྱུན་མཐར་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཡོད་པའི་ཚུལ་མདོ་སྡེ་དཀོན་མཆོག་སྤྲིན་ལས། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ཐོབ་པ། འོད་ཟེར་གྱི་སྤྲིན་ཆེན་པོའི་དབང་བསྐུར་བས་དབང་བསྐུར་བ། དབང་བཅུ་ཐོབ་པ་ཤ་སྟག་ཏུ་གྱུར་ཏེ། ཞེས་སོ། །དབང་བཅུ་ཤིན་ཏུ་རྣམ་དག་ནི་སངས་རྒྱས་ཀྱི་ས་ན་ཡོད་པའོ། །དབང་ཕྱུག་བརྒྱད་ནི། དབང་བཞི་པའི་སློབ་པའི་ལམ་གྱི་མཐའ་ལ་


JLAZ003_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ངོ་བོ་ཉིད་ཀྱི་སྐུ་ལས་སྒོ་གསུམ་གྱི་དབང་མཐར་ཕྱིན་པའི་ལམ་ནས་རྡོ་རྗེའི་རྦ་རླབས་ཀྱིས་སྲིད་པའི་ལུས་ངག་ཡིད་གསུམ་དང༌། རླུང་ལྡང་འཇུག་གནས་གསུམ། སེམས་སྣང་གསུམ་གྱིས་བསྡུས་པའི་ཁམས་གསུམ་རྣམས་ཉོན་སྒྲིབ་ལས་དག་པ་དང༌། ཤེས་སྒྲིབ་ལས་རྣམ་པར་དག་པར་བྱེད་ཅིང་དེ་ཁོ་ན་ཉིད་གཙོ་བོར་གྱུར་པས་མཚན་ཉིད་ཐེག་པ་དང་ཐུན་མོང་པའི་འཕགས་ལམ་བརྒྱད་ཀྱི་གཉེན་པོ་མཐར་ཕྱིན་པས་རྫས་ཐ་དད་པའི་རྣམ་ཤེས་བརྒྱད་ཡེ་ཤེས་སུ་གནས་འགྱུར། གཟུང་འཛིན་གྱི་རྩ་གཉིས་ཀྱི་སྲོག་རྩོལ་ཨ་ཝ་དྷཱུ་ཏིས་ཕྲོགས་པས་གཟུང་བའི་རླབས་ཉེ་བར་ཞི་ནས་སྐུ་རྣམ་དག་དང་འཛིན་པའི་རླབས་ཞི་བས་གསུང་རྣམ་དག་གི་འབྲས་བུ་ཐོབ་པའི་སྦྱོར་བ་བརྩམ་ཞིང་རིག་འཛིན་བཞིའི་ལུས་རྟེན་ལ་སོགས་པར་དབང་ཕྱུག་གི་དོན་བརྒྱད་འཆར་བའང༌། ཕྲ་ཞིང་ཡང་བ་ཕྲ་བར་ནུས་པ་དང༌། སྤྱོད་པར་ནུས་དང་བདག་ཉིད་ཆེན་པོ་དང༌། །དགའ་མགུར་བྱེད་དང་ཐམས་ཅད་དབང་དུ་འགྱུར། །ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །དེ་ལ་ཕྲ་ཞིང་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་དབུ་མའི་རང་བཞིན་དུ་མཐོང་བའོ། །ཡང་བ་ནི་ཡེ་ཤེས་ཀྱི་རླུང་སྟེ་དེའི་སྟོབས་ཀྱིས་མཁའ་ཁྱབ་ཀྱི་


JLAZ003_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱིས་སྐད་ཅིག་ཙམ་ལ་འགྲོ་བ་དང་བལྟ་བར་ནུས་པའོ། །ཕྲ་བར་ནུས་པ་ནི་དབུ་མར་རླུང་སེམས་ཞུགས་པས་བདག་གཞན་མཐའ་དག་སྟོང་པ་ཉིད་དུ་ཐིམ་པར་རྟོགས་པས་གཉིས་སྣང་ཐམས་ཅད་ནུབ་པའོ། །སྤྱོད་པར་ནུས་པ་ནི་ནང་གི་བཙུན་མོ་དབུ་མ་ཡིན་པས་དེར་རླུང་སེམས་ཞུགས་པའི་རྟེན་འབྲེལ་གྱིས་ཕྱི་རོལ་ཏུ་གཟུགས་རྡོ་རྗེའི་བདག་ཉིད་ཅན་ལ་སོགས་པ་ཟག་མེད་ཀྱི་འདོད་ཡོན་ལྔ་ལ་སྤྱོད་པའོ། །བདག་ཉིད་ཆེན་པོ་ནི་མཚན་དཔེ་འབར་བ་ལ་སོགས་པ་དང༌། བདུད་བཞི་ལས་རྣམ་པར་རྒྱལ་བ་དང༌། མཐུ་སྟོབས་ཀྱི་བདག་པོར་གྱུར་པའོ། །དགའ་མགུར་བྱེད་པ་ནི་འགྲོ་བ་རྣམས་ལ་ཇི་ལྟར་འདོད་པའི་སྐུ་དང་གསུང་ལ་སོགས་པའི་རྣམ་པར་འཕྲུལ་བ་སྣ་ཚོགས་བསྟན་ནས་བསམ་པ་ཚིམ་པར་བྱེད་ནུས་པའོ། །ཐམས་ཅད་དབང་དུ་འགྱུར་བ་ནི། སེམས་ཅན་རྣམས་ཚོགས་གཉིས་རྫོགས་པའི་གོ་འཕང་ལ་འགོད་ནུས་པས་གཞན་དོན་དུ་མི་འགྱུར་བ་སྐད་ཅིག་ཀྱང་མེད་པའོ། །ཅི་འདོད་བྱེད་པ་ནི་རང་གཞན་གཉིས་ཀའི་དོན་དུ་གནམ་རྡོ་ལྷུང་བ་དང༌། རྒྱ་མཚོ་འཁྲུགས་པའི་སྒྲ་དང༌། གཅིག་ལས་དུ་མ་དང༌། དུ་མ་ལས་གཅིག་ཏུ་བྱེད་པ་ལ་སོགས་པའི་རྫུ་འཕྲུལ་ལ་དབང་ཐོབ་པའོ། །དེ་ཀུན་


JLAZ003_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རང་གི་བཞེད་པ་ཙམ་ལ་རག་ལས་པ་ཡིན་པས་ཟག་མེད་ཀྱི་ཡོན་ཏན་མ་ལུས་པ་ལ་དབང་འབྱོར་བའི་ཕྱིར་དབང་ཕྱུག་དང་ལྡན་པ་ཞེས་བྱའོ། །དེ་ལྟར་ས་བཅུ་གསུམ་པའི་སྦྱོར་བའི་གནས་སྐབས་དེ་ཉིད་ལས་འབྲས་བུའི་དངོས་གཞི་ཟུང་འཇུག་གི་སྐུ་ཁ་སྦྱོར་ཡན་ལག་བདུན་ལྡན་ཏེ། སྐུ་རྣམ་པ་ཐམས་ཅད་པ་ཤེས་བྱའི་སྣང་བརྙན་ཡོད་དགུར་འཆར་བ་ནི་ཁ་སྦྱོར་དང༌། གསུང་རྣམ་པ་ཐམས་ཅད་པ་སྒྲ་ཚིག་གི་སྒྲིབ་པ་དང་བྲལ་བ་ནི་ལོངས་སྤྱོད་རྫོགས་པ་དང༌། ཐུགས་རྣམ་པ་ཐམས་ཅད་པ་གཟུང་འཛིན་གྱི་རྟོག་པ་ལས་གྲོལ་ཞིང་འགྱུར་བ་མེད་པའི་བདེ་ཆེན་ལ་རོལ་བ་དང༌། དེའང་རང་བཞིན་མེད་པ་སྟེ་མེད་དགག་གི་དཔྱད་མཐའ་ལས་གྲོལ་བའི་སོ་སོ་རང་རིག་པའི་མཚན་ཉིད་ཅན་བཞིས་རང་དོན་ཕུན་སུམ་ཚོགས་པ་དང༌། སྙིང་རྗེས་ཡོངས་སུ་གང་བ་ལས་ཡིད་བཞིན་གྱི་ནོར་བུའམ། དཔག་བསམ་ཤིང་ལྟར་གཞན་དོན་འབད་མེད་དུ་འབྱུང་བ་དམིགས་པ་མེད་པའི་ཐུགས་རྗེ་དང༌། ཐུགས་རྗེ་ཆེན་པོ་དེ་ཉིད་ནམ་དུའང་རྒྱུན་ཆད་མེད་པས་རྟག་པ་དང༌། གདུལ་བྱའི་མོས་པ་དང་དབང་པོ་ལ་འཚམས་པའི་གཟུགས་སྐུའི་སྣང་བརྙན་དང་ཆོས་ཀྱི་སྒོ་མཐའ་ཡས་པ་ནམ་ཡང་འགོག་


JLAZ003_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་འཆར་བ་དང་གསུམ་གྱིས་གཞན་དོན་ཕུན་སུམ་ཚོགས་པ་ཤུགས་ལས་འགྲུབ་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཞེས་བྱ་སྟེ། ཆོས་ཉིད་གང་དུའང་མི་འགྲོ། གང་དུའང་མི་གནས། བརྗོད་པ་མེད་པ། འཁོར་འདས་ཐམས་ཅད་དུ་ཁྱབ་པར་སོན་པ། གདུལ་བྱའི་ངོར་ཐམས་ཅད་མཁྱེན་པ། རྣམ་པ་དང༌། དོན་ཐམས་ཅད་པ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པ། སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། ཡོན་ཏན་ཐམས་ཅད་ཀྱིས་ཉེ་བར་བརྒྱན་པ་སྟེ། དེ་གང་ལས་བྱུང་ན། ཤེས་བྱའི་ད་ཤིང་སྐམ་པོ་མ་ལུས་པ་རྣམ་པར་མི་རྟོག་པའི་མེས་བསྲེགས་ནས་མངོན་དུ་མཛད་པ་ལ་བྱིས་པ་རྣམས་སྐྲག་པ་སྤང་བའི་ཕྱིར་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སུ་བཏགས་པ་སྟེ། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ། །ཞེས་དང༌། འཇིག་རྟེན་འདས་ལེར། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །རྣམ་དག་ནམ་མཁའ་ལྟ་བུ་ཡིན། །ཞེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་ལས། རིག་པ་འཛིན་པའི་སྡེ་སྣོད་སྤྱི་གཏན་ལ་ཕབ་པའི་ཚོམས་ཏེ་ལེའུ་བཅུ་པའི་འགྲེལ་པའོ།། །


previousཤོག་ལྷེབ་ ༦༠༡ ནས་ ༧༢༧ བར།no next