Nitartha Digital Library
Tibetan
 
previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


JLAZ003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རང་གི་ངོ་བོ་མངོན་སུམ་པ་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་པའི་ཚུལ་སྔ་མ་ལས། གྲུབ་མཐའ་མན་ངག་སྤྱོད་ཡུལ་ཏེ། །མཁས་པ་རྣམས་ཀྱི་སྤྱོད་ཡུལ་མིན། །གྲུབ་མཐའ་མངོན་སུམ་ལས་ཤེས་བྱ། །མན་ངག་ཡང་ནི་རྗེས་དཔག་ལས། །ཤེས་བྱ་བླ་མའི་ཞལ་ལས་ཀུན། །དེ་མཁས་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་སོ། །དེ་བས་ན་འདིར་རྡོ་རྗེའི་ལུང་གི་དབང་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། མུན་པ་དང་སྒྲོན་མའི་བསྐལ་པ་འདྲེས་མར་ཐོག་མ་དང་ཐ་མ་མེད་པར་བྱུང་ཞིང་འབྱུང་སྟེ། གང་སྒྲོན་མ་ཇི་སྙེད་པ་བྱུང་ཞིང་འབྱུང་བ་རྣམས་ཀྱང་གསང་སྔགས་ཀྱི་ངེས་པའི་དེ་ཁོ་ན་ཉིད་མ་རྙེད་པའི་བར་དུ་དཔག་ཏུ་མེད་པའི་དཀའ་བ་སྤྱད་ཀྱང་རྣམ་པ་ཐམས་ཅད་མི་མཁྱེན་མཁྱེན་པར་མི་འགྱུར་རོ། །གསང་སྔགས་ཀྱི་ངེས་པའི་དེ་ཁོ་ན་ཉིད་རྙེད་མ་ཐག་པར་རྣམ་པ་ཐམས་ཅད་མཁྱེན་ཏོ། །མཁྱེན་ནོ། །མཁྱེན་པར་འགྱུར་རོ། །ཞེས་དང༌། ཀྱེ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངའ་བདག་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཀྱང་གསང་སྔགས་ཀྱི་དེ་ཁོ་ན་ཉིད་མ་རྙེད་ཀྱི་བར་དུ་བསྐལ་པ་གྲངས་མེད་གསུམ་དུ་དཔག་ཏུ་མེད་པའི་དཀའ་བ་སྤྱད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་མ་མཁྱེན་ནོ། །ཞེས་


JLAZ003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལྟར་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་དངོས་གྲུབ་ཐམས་ཅད་བླ་མའི་བྱིན་བརླབས་འབའ་ཞིག་ལ་རག་ལས་པ་ཡིན་པས་དང་པོ་སློབ་དཔོན་གྱི་མཚན་ཉིད་ཤེས་པར་བྱ་བའི་ཚུལ་ལས་སྤང་བྱ་ནི། དབང་བསྐུར་སློབ་དཔོན་རིམ་གཉིས་གདེངས་དང་བྲལ། །བསྟི་གནས་དཀོར་སྤྱོད་མ་བསྡམས་ཁྱིམ་ལ་ཆགས། །སྙིང་རྗེ་ཆུང་དང་རྟོག་གེས་ཟིལ་ནོན་དེས། །དབང་བསྐུར་བྱས་ཀྱང་བེའུ་སྦྲེལ་གཡང་སར་ལྟུང༌། །དེ་ལ་དབང་བསྐུར་བྱས་ཀྱང་སངས་རྒྱས་ཀྱི་ས་བོན་ཐེབ་པར་མི་འགྱུར་བའི་སློབ་དཔོན་ངན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་གྱི་གེགས་ཆེན་པོར་གྱུར་པ་ཡིན་ཏེ། འདི་ལྟར་རང་ཉིད་ཀྱི་དབང་མ་ཐོབ་པར་གསང་སྔགས་རང་དགར་ལེན་པ་བརྒྱུད་པ་གསུམ་གང་དང་ཡང་མི་ལྡན་པའི་བཅོས་མའི་ཆོས་ཀྱིས་དད་ཅན་བསླུ་བའི་བླུན་པོ་གཟུ་ལུམ་ཅན་དང༌། བྱང་ཆུབ་ཀྱི་སེམས་དང་དེའི་རྗེས་སུ་འབྲང་བའི་དབང་དོན་གྱི་ཡེ་ཤེས་ཁོང་དུ་ཆུད་ངེས་པའི་དམ་པའི་སྐྱེས་བུ་འབྱུང་སྲིད་ན་སློབ་མའི་རྒྱུད་བྱིན་གྱིས་རློབ་པ་ལ་དོན་གྱི་མཁས་པ་ཡིན་ཡང་ལས་དང་པོ་བའི་ལྟ་བ་སྣ་ཚོགས་དང་རྟོག་གེའི་འདམ་རྫབ་ལ་ཞེན་ཅིང་ཕྲག་དོག་གི་སྒོ་ནས་དེ་དག་ལ་སྒྲོ་འདོགས་པས་ནག་པོའི་ཆོས་ཉམས་སུ་མྱོང་བ་དང༌། བསྐྱེད་རྫོགས་ཟབ་མོའི་དོན་ཁོང་དུ་མ་ཆུད་


JLAZ003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གདེངས་སུ་མ་གྱུར་པས་རང་ཉིད་སྨིན་པ་དང་གྲོལ་བ་ལས་ཕྱིར་ཕྱོགས་བཞིན་དུ་རྡུལ་ཚོན་གྱི་ལས་དང་ཆོ་གའི་རིམ་པ་ཙམ་ཤེས་པ་ལ་མཁས་པར་རློམ་པ་དང༌། རང་གི་ཆེ་བ་ཉམས་སུ་དོགས་ནས་གདམས་པ་ནོད་པའི་སློབ་དཔོན་སྦ་བའམ། འཇིག་རྟེན་གྱི་གྲགས་པའི་རྗེས་སུ་འབྲངས་ནས་རང་འདོད་པའི་ཕྱོགས་ལ་ཁུངས་འབྱིན་པ་ལ་སོགས་ནི་ཉམས་པའི་སྤྱོད་པ་ཆེན་པོ་ཡིན་པས་བཤད་པར་བྱ་བའི་ཆོས་གང་ཞིག་དེ་བཞིན་གཤེགས་པའི་བཀའ་མ་ནོར་ཞིང་མན་ངག་ཆེན་པོ་དང་ལྡན་པ་ཡིན་ཡང་ཆོས་དེས་ལས་དང་དངོས་གྲུབ་ཀྱི་རྒྱུར་རུང་བ་མ་ཡིན་ཏེ་རྒྱུད་ལས། ཕྱི་ནང་གི་དབང་མ་བསྐུར་བར་སློབ་དཔོན་བྱེད་པ་ནི་དམ་ཚིག་ཉམས་པའི་སྤྱོད་པའོ། །མཁས་པ་ལ་མི་མཁས་པར་སྒྲོ་འདོགས་པ་ཡང་དམ་ཚིག་ཉམས་པའི་སྤྱོད་པའོ། །མི་མཁས་པ་མཁས་པར་ཆེ་བ་འབྱིན་པར་བྱེད་པ་ཡང་དམ་ཚིག་ཉམས་པའི་སྤྱོད་པའོ། །བཀའ་ནོད་པའི་སློབ་དཔོན་གྱི་ཁུངས་བསུབས་ནས་རང་དད་པའི་ཕྱོགས་ལ་ཁུངས་འབྱིན་པར་བྱེད་པ་ཡང་ཉམས་པའི་སྤྱོད་པ་ཡིན་ནོ། །ཞེས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྡེ་སྣོད་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྣ་གཅིག་བརྙེས་པའི་ཡོན་ཏན་གྱིས་བསྐལ་བཞིན་དུ་བདག་ཅག་ནི་འཕགས་པའི་སྤྲུལ་པའམ་རིགས་དང་


JLAZ003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རུས་དང་ཆོ་འབྲང་གིས་འཚང་རྒྱ་བའི་སྐལ་པ་ཅན་ནོ། །ཞེས་བསྟི་གནས་ཀྱི་དཀོར་དང་སྡེ་རིགས་ལ་སྤྱོད་པས་ཁེངས་ཤིང་སྡོམ་པ་གསུམ་གྱི་གནང་བཀག་གང་ཡང་མི་ཤེས་པས་མ་བསྡམས་པ་དང༌། གཅོམ་ཆེན་པོས་གཞན་ལ་ཁྱད་དུ་གསོད་ཅིང་བྱང་ཆུབ་ཀྱི་སེམས་དང༌། རྟོགས་པས་རྒྱུད་གྲོལ་བའི་གཞན་དབང་དུ་མ་གྱུར་པས་སློབ་མ་ཚར་གཅོད་པ་ལ་དགའ་ཞིང་རྗེས་སུ་འཛིན་པ་ལ་མི་དགའ་བ་དང༌། དངོས་གྲུབ་བརྙེས་པ་ལ་བཀག་པ་མེད་དེ་དེ་ལས་གཞན་དུ་ཁྱིམ་ན་གནས་པ་དང་རྒྱལ་པོའི་བྲན་གཡོག་དང༌། བཙོང་གཡོག་ལ་ཞུགས་པ་དག་རྒྱལ་པོའི་བླ་མར་མི་བྱ་བ་དང༌། མོས་གུས་ལྷོངས་ན་བཀག་པ་མེད་དེ་དེ་ལས་གཞན་དུ་མིག་འདྲིས་ལ་བརྟེན་ནས་དངོས་གྲུབ་ཀྱི་གེགས་སུ་འགྱུར་བ་ཕ་མ་དང༌། ཕུ་ནུའི་སློབ་དཔོན་སོགས་ཀྱང་དུས་འཁོར་གྱི་རྒྱུད་ལས་བཀག་པའི་ཚུལ། རྟེན་ནི་གསུམ་ལས་དགེ་སློང་མཆོག །འབྲིང་ནི་དགེ་ཚུལ་དུ་བརྗོད་དོ། །ཁྱིམ་གནས་དེ་ནི་དག་པའི་མཐའ། །ས་ཐོབ་མིན་པའི་ཁྱིམ་པ་ནི། །རྒྱལ་པོའི་བླ་མར་མི་བྱའོ། །ཞེས་དང༌། ཁྱིམ་པ་གཙུག་ལག་ཁང་དཀོར་སྤྱོད། །སློབ་མ་ལ་ནི་གཤེ་ཞིང་སྨོད། །བཙོང་གཡོག་ལ་ནི་ཞུགས་པ་དག །དེ་ནི་ས་སྟེང་རྡོར་འཛིན་མིན། །ཞེས་དང༌། གཞན་ཡང་དཀོན་ཅོག་དཀོར་ལ་རྔམས་སེམས་ཅན། །ཁྱིམ་ལ་


JLAZ003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ནས་ནག་ཆང་བསྟེན། །སློབ་མ་འཆལ་ཞིང་ལས་ལ་བརྩོན། །ཚོང་དང་ཁེ་སྤོགས་ལྷུ་རུ་ལེན། །སྙིང་རྗེ་མེད་ཅིང་སྲོག་ཆགས་གསོད། །རབ་བྱུང་འབེབས་ཤིང་བསླབ་པ་འཆལ། །དེ་བསྟེན་དམྱལ་བར་འཕེན་པར་བྱེད། །ཅེས་བསྟི་གནས་སམ་དགོན་པ་ལ་ཁྱིམ་གྱི་འདུ་ཤེས་པ་ལྟར་མི་མངོན་པ་ནས་དཀོན་མཆོག་གི་དཀོར་ལ་ཇི་མི་སྙམ་པར་སྤྱོད་པ་དང༌། སྡོམ་པ་གསུམ་གྱི་གནང་བཀག་ལེགས་པར་ཤེས་ཤིང་སྤྱོད་པ་དུས་ཚོད་དང་འབྲེལ་བ་མ་ཡིན་བཞིན་པར། གཅིག་ཅར་པ་ཡི་སྨན་ཆེན་དེ། །རིམ་གྱིས་པ་ཡི་དུག་ཆེན་ཡིན། །ཞེས་པ་ལྟར་འཁོར་བར་སྐྱེ་བའི་རྒྱུའི་གཙོ་བོ་མ་ལོག་བཞིན་དུ་ཁྱིམ་གྱི་འཚོ་རྩིས་ལ་ཆགས་ནས་སྔགས་ཀྱི་སྤྱོད་པ་རླབས་པོ་ཆེ་འདོད་རྒྱལ་དུ་སྤྱོད་པ་དང༌། སློབ་མའི་ཚོགས་ཀྱང་སོ་ནམ་དང༌། ཚོང་དང༌། ཁེ་སྤོགས་དང༌། ཁྱིམ་པ་དང་འདྲིས་ཤིང་བཤེས་པ་དང༌། རྒྱལ་པོའི་མངག་གཞུག་པར་བཀོལ་ནས་ཟས་ནོར་ཅུང་ཟད་ཀྱི་དོན་དུ་བསླབ་པ་འཆལ་དུ་འཇུག་ཅིང༌། སྲོག་གཅོད་པ་ལ་སོགས་པར་ཅང་མི་མནོ་བར་སྲིད་པའི་མངོན་རྟོགས་འབའ་ཞིག་གཟེངས་གཏོད་པ་ལ་དམ་པའི་ཆོས་སུ་སེམས་པས་ང་རྒྱལ་ཞིང་ཁེངས་པ་གང་ཞིག་དང་འབྲེལ་ནའང་དམྱལ་བའི་ས་མཁན་ཡིན་པས་རྒྱང་ཐག་བསྲིང་ངོ༌། །ཞེས་པའི་དོན་ནོ། །མདོར་


JLAZ003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྔགས་ཀྱི་ལམ་ནས་དངོས་གྲུབ་ཐོབ་པ་ནི་དམ་པའི་བླ་མ་ཁོ་ནའི་བྱིན་རླབས་ལ་རག་ལུས་པས་སློབ་དཔོན་རང་ཉིད་སྨིན་གྲོལ་གྱི་གོ་འཕང་ལས་གཞན་དུ་གྱུར་བཞིན་དུ་ཁེ་གྲགས་ཀྱི་བསམ་པས་སེམས་ཅན་བསླུས་པའི་ཉེས་པ་ནི་ཚད་མེད་དེ་ཡེ་ཤེས་འཁོར་ལོའི་རྒྱུད་ལས། དད་ལྡན་གཅིག་བསླུས་སེམས་ཅན་བརྒྱ་བསད་པས། །སྡིག་པ་ཤིན་ཏུ་ཆེ་བར་རྒྱལ་བས་གསུངས། །དེ་ཕྱིར་རང་འདོད་བསླུ་བའི་ཆོས་མི་བཤད། །ཅེས་བཤད་པས་བློ་གྲོས་བླུན་པོ་རྣམས་གཟབ་པར་བྱའོ། །བསྟེན་བྱའི་མཚན་ཉིད་ནི། ཕྱི་ནང་གསང་བའི་དེ་ཉིད་རྣམ་པ་བཅུ། །རིག་ཅིང་རང་ཉིད་གྲོལ་བའི་བླ་མ་ཡིན། །དད་དང་ངོ་ཚ་ཤེས་པའི་སློབ་མའི་རྒྱུད། །བརྟགས་ལ་དབང་བསྐུར་རིམ་པས་བྱིན་པར་བྱ། །དེ་ལ་རྡོ་རྗེ་ཐེག་པའི་དབང་བསྐུར་བ་དང༌། དེའི་སྲོག་ཏུ་གྱུར་པའི་ཕྱི་ནང་གསང་བའི་དམ་ཚིག་རྣམས་ཐོབ་ཅིང་མ་ཉམས་པ་ཕྱི་ནང་གསང་བའི་དེ་ཉིད་བཅུ་ལ་སོགས་པའི་ཆོ་ག་ཟབ་མོས་སློབ་མ་རྗེས་སུ་འཛིན་པ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཡེ་ཤེས་དང་ལྡན་པས་རིག་པ་འཛིན་པའི་ཐེག་པའི་དོན་ལ་གནས་ཤིང་མན་ངག་གི་མཛོད་དང་ལྡན་པ་ལ་སོགས་པའི་ཡོན་ཏན་ཚང་བ་སྟེ། སྒྱུ་འཕྲུལ་དྲ་བར། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །མན་ངག་གཉེར་ལྡན་ཐབས་ལ་མཁས། །


JLAZ003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང༌། སྤྱི་མདོ་ལས། བརྟན་ཞིང་དུལ་ལ་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང༌། །སེམས་ཅན་རྣམས་ལ་མི་འཇིགས་སྦྱིན། །ཞེས་དང༌། རྡོ་རྗེ་མཁའ་འགྲོ་ལས། དུལ་ཞིང་ཞི་བའི་ཆ་བྱད་ཅན། །སེམས་ཅན་རྣམས་ལ་མི་འཇིགས་སྦྱིན། །སྦྱོར་དང་བཟོད་དང་ཐབས་དག་དང༌། །རྟག་ཏུ་སྦྱིན་ལ་སོགས་དགའ་ཞིང༌། །རྣལ་འབྱོར་བསམ་གཏན་མཆོག་ཏུ་བརྩོན། །དེ་ཉིད་བཅུ་པོ་རྣམ་པར་རིག །རྡོ་རྗེ་སློབ་དཔོན་དུ་བསྟེན་ནོ། །ཞེས་སོ། །དེ་ལ་དེ་ཉིད་བཅུ་ནི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང༌། །གསང་དང་ཤེས་རབ་ཡེ་ཤེས་དང༌། །ཁ་སྦྱོར་འབྱེད་པའི་ཆོ་ག་དང༌། །གཏོར་མ་རྡོ་རྗེའི་བཟླས་པ་དང༌། །དྲག་ཤུལ་བསྒྲུབ་པའི་ཆོ་ག་དང༌། །རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང༌། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང༌། །སླར་སྡུད་པ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་པ་ལ་སོགས་པས་བསྟན་པ་བཞིན་ལས་ཕྱིའི་དེ་ཉིད་བཅུ་ནི་རྣལ་འབྱོར་རྒྱུད་མན་ཆད་དང་ཐུན་


JLAZ003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མོང་ཡིན་ལ། དེ་ལ་ནང་གི་སྒྲ་ཞུགས་པ་ནི་རྒྱུད་སྡེ་ཕྱི་ནང་གི་ཁྱད་པར་དབྱེ་བའི་ངོ་ནས་དྲངས་པ་དེ་ཉིད་ལས། ཕྱི་ནང་དབྱེ་བ་ཤེས་པ་ཡིས། །རྒྱུད་ཀྱི་དབྱེ་བ་ཤེས་པར་བྱ། །ནང་དུ་བསྟན་པ་བླ་མ་ལས། །ཡང་དག་བླངས་ཏེ་བསྒྲུབ་པའོ། །ཞེས་སོ། །དེ་ཡང་གསང་སྔགས་ནང་པ་བླ་ན་མེད་པ་གསང་བའི་རྒྱུད་འདིར་ནི་འཇིག་རྟེན་པ་དང་གྲུབ་མཐའ་པ་ཕལ་ཆེར་གྱི་བློ་ཡུལ་དུ་མི་ཆུད་པའི་ལས་ཀྱི་རང་བཞིན་ཤེས་ན་ཐབས་ཟབ་ལ་རྒྱ་ཆེ་བ་ཁྲོ་བཅུ་ལ་སོགས་པའི་བསྲུང་འཁོར་བསྒོམས་པས་ཕྱིར་བཟློག་པ་དང༌། བྲིས་པའི་སྲུང་འཁོར་གྱི་ཕྱིར་བཟློག་པའི་མངོན་སྤྱོད་ཀྱི་ལས་རྣམ་པ་གཉིས། ལྟར་སྣང་འཇིག་རྟེན་པའི་ཀུན་སྤྱོད་དང་མཐུན་པས་མ་དད་པ་སྐྱེ་བའི་ཕྱིར་ཤིན་ཏུ་གསང་ཞིང་སྦ་བའི་གནས་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་གཉིས་ལ་བརྟེན་པའི་སྦྱོར་བ་དང༌། དེ་བཞིན་དུ་ཁ་སྦྱོར་དབྱེ་བའི་ཚོགས་གསད་པ་སྟེ་སྒྲོལ་བ་དང༌། གཏོར་མའི་ཆོ་ག་དང༌། རྡོ་རྗེའི་བཟླས་པ་དང༌། མ་གྲུབ་པས་བཙན་ཐབས་སམ་སྤོགས་པའི་ཆོ་གས་ལྷ་གསད་པ་སྟེ་དྲག་ཤུལ་བསྒྲུབ་པ་དང༌། རབ་གནས་དང་དཀྱིལ་འཁོར་བསྒྲུབ་པའི་ཆོ་ག་ཡང་འཁོར་བ་དང་རྣམ་པ་མཐུན་པ་སྲིད་པ་སྐྱེ་བའི་རིམ་པ་དང་སྦྱར་ནས་འདོད་པ་བརྟེན་པ་དང་མངལ་


JLAZ003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་གྱི་ལས་སོགས་འཇིག་རྟེན་ན་རང་གི་ཆོས་ཉིད་ལ་ངོ་ཚ་བ་གསང་ཞིང་སྦེད་པའི་གནས་མཐའ་དག་ཉམས་སུ་བསྟར་བ་ཉིད་ཀྱིས་ན་གསང་བའི་དེ་ཉིད་བཅུ་ཞེས་བཤད་པ་ཡིན་པར་རིག་པར་བྱ་ཞིང༌། ཚུལ་དེ་ལྟ་བུ་ཁོང་དུ་ཆུད་པ་ནི་རྡོ་རྗེའི་ཐེག་པ་བླ་ན་མེད་པ་མངོན་སུམ་དུ་སྟོན་པའི་རྡོ་རྗེའི་སློབ་དཔོན་ཡིན་ལ། དེ་ཙམ་གྱིས་གཟུགས་བརྙན་ཤེས་ཀྱང་མི་ཆོག་པར་འཇིག་རྟེན་པའི་ཀུན་ཏུ་རྟོག་པ་ཅན་གྱི་སེམས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལས་ཡང་དག་པར་འདས་པའི་རྟོགས་པས་བདག་རྒྱུད་གྲོལ་བ་ལ་བརྟེན་པ་གཅེས་ཏེ། ཅིའི་ཕྱིར་ན་རང་མ་སྨིན་པས་གཞན་སྨིན་པར་མི་ནུས་ཤིང༌། རང་མ་གྲོལ་བས་གཞན་གྲོལ་བར་མི་ནུས་པས་སོ། །དེ་སྐད་དུ་སམྦུ་ཊར། སློབ་དཔོན་སྨིན་པའི་ལས་ཀྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་དང༌། ཕྲེང་བར། ཐོག་མར་དཀྱིལ་འཁོར་རྣལ་འབྱོར་བདག །རྡོ་རྗེ་སློབ་དཔོན་རང་ཉིད་བསྒོམ། །ཞེས་དང༌། རྒྱ་གར་དམ་པས་རང་ཐ་མལ་དུ་བསྡད་པས་གཞན་སྨིན་པར་མི་ནུས་ཞེས་སོ། །སྨིན་པའི་ཚད་གང་ཡིན་ན། རྒྱུད་ལ་ཡོན་ཏན་སྐྱེ་བའི་ས་བོན་ཐེབས་ནས་ཆོས་དང་བླ་མ་ལ་རྐྱེན་གང་གིས་ཀྱང་མི་འཕྲོག་པའི་ཡིད་ཆེས་སྐྱེ་ཞིང༌། དལ་འབྱོར་རྙེད་དཀའ་ནས་བརྩམས་ཏེ་ལམ་གྱི་ཡོན་ཏན་བློ་རྡོལ་དུ་སྐྱེས་ནས།


JLAZ003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་ཁྱད་པར་གྱིས་ཉིན་ཞག་གམ། ལོ་ཟླ་ལ་སོགས་པ་སྔ་ཕྱིའི་བློ་ལ་ཁྱད་པར་ཆེན་པོ་ཐོབ་པ་མངོན་སུམ་དུ་གཏན་ལ་ཕེབས་པ་ཉིད་ཡིན་ལ། དེ་ལས་གཞན་དུ་སློབ་མའི་རྒྱུད་གོང་ནས་གོང་དུ་བཀྲི་བའི་རྒྱུ་ཅི་ཡང་མ་མཆིས་བཞིན་དུ་ཕུང་པོ་ལྔ་ལ་བདག་ཏུ་རྟོག་པའི་ཀུན་འབྱུང་བ་དང་བཅས་པའི་རྟོག་གེའི་འདམ་རྫབ་ཀྱིས་རྣམ་པར་སྦགས་པའམ། ཀུན་རྨོངས་སྐྱོང་བྱེད་ཀྱི་བརྟུལ་ཞུགས་འཛིན་པ་ལ་དགེ་སློང་རྡོ་རྗེ་འཛིན་པ་དང༌། གྲུབ་ཆེན་དུ་བླ་དྭགས་དཔྱངས་པའི་རྡོ་རྗེ་སློབ་དཔོན་གྱི་གཟུགས་བརྙན་ཙམ་གྱི་རྫས་དང་འབྱོར་བའི་སྟོབས་དང༌། ཆོ་གའི་བཤད་སྦྱར་ཙམ་གྱིས་མངོན་རྟོགས་ངོམ་པ་ལ་སྨིན་བྱེད་དུ་འདོད་པ་དང༌། དབང་དོན་གྱི་ངོ་བོ་གང་ཡིན་པ་རིག་ཅིང་ཤེས་པ་ལྟ་ཅི་སྨོས། སྔགས་སྡོམ་གྱི་མཚན་ཉིད་ལ་བྲལ་ཐོབ་ཇི་ལྟར་གནས་ཤེས་ནས་སྤང་བླང་བགྱིད་པའི་བློ་ཙམ་ཡང་མ་མཆིས་པ་གང་ཞིག་ཀུ་ཤའི་ཆུན་པོ་དང༌། དར་སྣའི་ཕུར་མ་ཐོབ་པ་ཙམ་ལ་རྒྱུད་སྨིན་པར་འདོད་པ་ནི་ཤེས་པར་རློམ་ཀྱང་མི་ཤེས་པའི་རབ་རིབ་ཀྱིས་བཅིངས་པ་ཡིན་ནོ། །དེ་སྐད་དུ་པཎྜི་ཏ་སྡོམ་པའི་ཀ་མ་ལ་ཤཱི་ལས་བླ་མའི་བྱིན་རླབས་མ་ཞུགས་ན་ཆོས་ལ་ངེས་ཤེས་མི་སྐྱེ། འཁོར་བ་ལ་བློ་མ་ལོག་ན་ཕན་པ་མེད་པས་གཟུང་འཛིན་དང་བྲལ་མི་སྲིད། གཟུང་འཛིན་འཁོར་བའི་


JLAZ003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཡིན་ཏེ་བསྟན་ཀྱང་མི་གོ་བའི་སྐལ་མེད་སྙིང་རྗེ་བར་གདའ་ཞེས་གསུངས། བྷཾ་ག་ལའི་པཎྜི་ཏ་བོད་དུ་བྱོན་པའི་དུས་ཙ་ན་གསར་རྙིང་གི་གྲུབ་ཐོབ་རྩོད་པ་དང་བྲལ་བ་རྣམས་ཡོད་པ་ཡིན་ཏེ། བོད་དད་པ་ཆེ་བས་དབང་གི་སྣོད་དུ་རུང་བའི་སློབ་མ་ཡོད་སྲིད་ཀྱང་དབང་བསྐུར་ནུས་ཀྱི་བླ་མ་མི་འདུག་ཅེས་པའང་གནས་དུས་དེར་འདུལ་བའི་བསྟན་པ་ཉམས་དམས་པས་དགོངས་པ་ཅན་དང༌། དུས་ད་ལྟ་བ་རྣམས་ལ་ངེས་པ་ཅན་དུ་དགོངས་པ་ཁོ་ན་ཡིན་ནོ། །སློབ་དཔོན་རང་ཉིད་ཀྱིས་དབང་དོན་གྱི་ཡེ་ཤེས་མ་མཐོང་ན་གཞན་རྒྱུད་གྲོལ་བར་མི་ནུས་པས་འདུས་པའི་གཞུང་ལས་ཀྱང་གསང་སྔགས་ལ་གཞོལ་བ་དང༌། བསམ་གཏན་ལ་གཞོལ་བའི་བླ་མ་གཉིས་བསྟེན་པར་བྱ་བ་ལ་ཁྱད་པར་མེད་ཀྱང༌། བསྒྲུབ་པར་བྱ་བ་ནི་ཕྱི་མ་ཁོ་ནའོ། །ཞེས་བཞེད་པའང་དེའི་རྒྱུད་ཀྱི་རྟོགས་པའི་ཡོན་ཏན་སློབ་མའི་རྒྱུད་ལ་འཕོ་བའི་སླད་དུ་དགོངས་ན། རྫིང་བུ་ན་མ་མཆིས་པ་ཡུར་བ་ལ་འདྲེན་པ་ལ་འཇིག་རྟེན་ན་བཞད་གད་འབྱུང་བ་བཞིན་རང་རྒྱུད་མ་གྲོལ་བའི་བླ་མས་སློབ་མའི་རྒྱུད་བྱིན་གྱིས་རློབ་པར་མི་ནུས་པ་འདི་ནི་དངོས་སམ་ཤུགས་ལ་བསྟན་པའི་ལུང་མང་པོ་ནས་འབྱུང་ཞིང་མངོན་སུམ་ཚད་མ་ཡིན་པའི་ཚུལ་འཇིག་རྟེན་འཛིན་གྱིས་


JLAZ003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པའི་མདོ་ལས་ཀྱང༌། འཇིག་རྟེན་འཛིན་གང་སུ་ཞིག་ངས་གསུངས་པའི་ཆོས་ཀྱི་དོན་ཤེས་ཤིང་ཇི་སྐད་གསུངས་པ་བཞིན་དུ་ནན་ཏན་བྱེད་ན། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། སྨྲེ་སྔགས་འདོན་པ་དང༌། ཡིད་སློང་བ་དང༌། སྡུག་བསྔལ་ལས་རྣམ་པར་གྲོལ་བར་འགྱུར་རོ། །གང་སུ་ཞིག་ངས་གསུངས་པ་བཞིན་དུ་མི་སྤྱོད་མི་བསྒོམ་ན་གཟུགས་ཀྱི་འཆིང་བས་རྣམ་པར་འཆིང༌། སྲེད་པའི་འཆིང་བས་རྣམ་པར་བཅིངས་ཏེ། མ་རིག་པ་ལས་མ་ལྡོག་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་སོ། །གང་ཟག་དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་པས་འཁོར་བའི་གཡང་ས་ལས་རྣམ་པར་མ་གྲོལ་ཏོ། །འཇིག་རྟེན་འཛིན་དེ་ལྟ་བས་ན་འཇིག་རྟེན་པ་དག་ང་དང་རྩོད་ཀྱིས་ང་ནི་འཇིག་རྟེན་པ་དག་དང་མི་རྩོད་དོ། །འཇིག་རྟེན་ཞེས་བྱ་བ་གང་ཞེ་ན་འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་པ་ནི་འཇིག་རྟེན་ཞེས་བྱའོ། །གང་ཟག་དེ་ཕུང་པོ་ལྔ་ལ་ཆགས་ཏེ་ཕུང་པོ་ལྔས་རྣམ་པར་གཟིར་བས་ཕུང་པོ་ལྔའི་རང་བཞིན་མི་ཤེས་ཕུང་པོ་ལྔའི་མཚན་ཉིད་སྟོང་པ་ཉིད་དུ་མི་ཤེས་ཏེ་ང་དང་རྩོད་དོ། །གང་ཟག་དེ་སངས་རྒྱས་ཀྱིས་གསུངས་པ་དང་འགལ་བར་བྱེད་དེ། སངས་རྒྱས་དང་རྩོད་པས་ཤིན་ཏུ་ཉམ་ང་བ་ཆེན་པོར་ལྟུང་ངོ༌། །གང་སུ་ཞིག་དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་ཀྱང་རུང༌། ཡོངས་སུ་མྱ་ངན་ལས་


JLAZ003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱང་རུང་སྟེ། དེ་ལྟར་ཕུང་པོ་ལྔ་ལ་ཡང་དག་པར་མ་ཡིན་པ་དང་སྟོང་པ་ཅི་ཡང་མེད་པ། ཕྱིན་ཅི་ལོག་དང༌། མ་རིག་པ་དང༌། ཡང་དག་པ་མ་ཡིན་པ་ཀུན་ཏུ་བརྟགས་པ་ལས་སྐྱེས་ཏེ་བུས་པ་སོ་སོ་སྐྱེ་བོ་དག་བསླུས་པ་ཡིན་པར་རྟོགས་ན་ཕུང་པོ་མ་ཡིན་པ་ལ་ཕུང་པོ་ལྔ་དང་འདྲ་བར་ཤེས་སོ། །གང་ཟག་དེ་ནི་སངས་རྒྱས་དང་མི་རྩོད་པ་སྟེ། སངས་རྒྱས་ཀྱིས་གསུངས་པ་དང་འགལ་བར་མི་སྤྱོད་པས་སེམས་ཅན་དམྱལ་བ་དང༌། བྱོལ་སོང་དང་ཡི་དྭགས་ཀྱི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་འགྱུར་རོ། །འཇིག་རྟེན་འཛིན་སངས་རྒྱས་བཅོམ་ལྡན་འདས་ནི་གང་ཟག་དང་མི་རྩོད་དོ། །རྩོད་པ་ཐམས་ཅད་ཡོངས་སུ་བཅད་པས་སངས་རྒྱས་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ལ་ཡང་དག་པའི་ཆོས་སྟོན་ཏོ། །ཞེས་རང་ཉིད་ཀྱིས་ཐོབ་པར་བྱ་བའི་གནས་ཕྱིན་ཅི་མ་ལོག་པ་ཐོབ་ནས་གཞན་ལ་ཆོས་སྟོན་པར་ཞལ་གྱིས་བཞེས་པའི་དོན་ཡིན་ནོ། །ཚུལ་འདིའི་རིགས་པ་ནི་དུས་ཀྱི་འཁོར་ལོས་ཀྱང་གསལ་བར་བསྟན་པ་ཡིན་ཏེ། དང་པོར་ཡང་དག་བསྟེན་བྱ་བ། །སློབ་དཔོན་ཡང་ནི་དམ་ཚིག་ཅན། །རྡོ་རྗེ་ཐེག་པར་ཡང་དག་གནས། །དེ་ཁོ་ན་ཉིད་ཀྱི་ཚངས་སྤྱོད་ཅན། །བདུད་རྣམས་ཀྱི་ནི་རྡོ་རྗེའི་དབུག །དེ་ཡང་ས་ཡི་སྟེང་དུ་ནི། །རྡོ་རྗེ་སེམས་དཔར་རབ་ཏུ་གྲགས། །ཞེས་པས་དེ་ཁོ་ན་ཉིད་ཀྱི་ཚངས་སྤྱོད་ཅན་ནི་


JLAZ003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་པས་དེ་ལ་ནི་རྟེན་གྱི་སྒོ་ནས་མཆོག་དམན་དུ་བྱས་པ་ཁོ་ནར་མ་ངེས་པ་རྟོགས་པས་རང་རྒྱུད་གྲོལ་བའི་དོན་ཏེ། བྲམ་ཟེ་ཆེན་པོས་ཀྱང༌། ཧེ་རུ་ཀ་དཔལ་དགེ་སློང་མཆོག །ཅེས་བཤད་པ་ལྟར། འདི་ལྟར་སློབ་དཔོན་དེའི་རྒྱུད་རྡོ་རྗེ་ཐེག་པའི་དམ་ཚིག་དང་བརྟུལ་ཞུགས་ལ་དབང་མ་ཐོབ་ནས་སྡོམ་གསུམ་རྫས་འགལ་བའི་ཀུན་ཏུ་རྟོག་པས་ཟིལ་གྱིས་ནོན་པ་མ་ཡིན་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པའི་བདེན་པ་མངོན་དུ་གྱུར་ནས་འདུ་ཤེས་ལ་སོགས་པའི་ཕུང་པོ་ལྔ་ལས་རྣམ་པར་གྲོལ། སྡོམ་པ་དང་སྡོམ་པ་མ་ཡིན་པའི་རྟོག་དཔྱོད་ལས་ཡང་དག་པར་འདས་པའི་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པ་ནི་དེ་ཁོ་ན་ཉིད་ཀྱི་ཚངས་པར་སྤྱོད་པ་སྟེ། སྡུད་པ་ལས། འདུ་ཤེས་འདོད་ཆགས་བྲལ་ལ་སྡོམ་མིན་ག་ལ་ཡོད། །ཅེས་སོ། །འོ་ན་དུས་ཀྱི་འཁོར་ལོ་ལས། རྟེན་ནི་གསུམ་ལས་དགེ་སློང་མཆོག །ཅེས་པ་ལ་སོགས་པ་གོང་དུ་དྲངས་མ་ཐག་པ་དག་དང་འགལ་ལོ་སྙམ་ན་དེ་ནི་རྒྱལ་པོ་དང་བློན་པོ་ཕལ་ཆེར་སྡོམ་མིན་རྒྱུད་ལྡན་གྱི་གང་ཟག་ཡིན་པས་དེ་དག་སྔགས་ཀྱི་ལམ་རྣལ་མས་གྲོལ་བ་འབའ་ཞིག་དོན་དུ་གཉེར་བའི་བློ་དང་མི་ལྡན་པ་ཆོས་ཅན། རྒྱུ་དེས་གནས་སྐབས་ཙམ་གྱི་དངོས་གྲུབ་ལ་དམིགས་པས་དད་པའི་རྗེས་སུ་འབྲང་བ་


JLAZ003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་བསྟན་པ་ལ་གུས་པ་བསྐྱེད་པའི་ཕྱིར་རྟགས་ཅན་འབའ་ཞིག་ཡོན་གནས་ཀྱི་དམ་པར་བསྔགས་ཤིང༌། སྔགས་ཀྱི་གཟུགས་བརྙན་ཙམ་ལ་སྦྱོར་བའི་སློབ་དཔོན་དུ་ཡང་ཁུངས་འབྱིན་པ་ཙམ་ཞིག་གོ །ཅིའི་ཕྱིར་ན་དེ་དག་གིས་སྡོམ་པ་གསུམ་རྫོགས་པར་འཛིན་མི་ནུས་པ་ཆོས་ཅན། གལ་ཏེ་དེ་ལྟར་མི་འདོད་ན་འགྲེལ་ཆེན་དྲི་མེད་འོད་ལས། དམ་ཚིག་འདི་ནི་སྡོམ་བརྩོན་རྣམས་ལ་བྱིན་གྱི། ཁྱིམ་པ་རྣམས་ལ་མ་ཡིན་ཏེ། ཁྱིམ་པ་རྣམས་ནི་བྱ་བ་མང་བས་བསྒྲུབ་མི་ནུས་པའི་ཕྱིར། དབང་འདི་སྡོམ་བརྩོམ་རྣམས་ལ་བསྐུར་གྱི་ཁྱིམ་པ་རྣམས་ལ་མ་ཡིན་ཏེ། ཁྱིམ་པ་རྣམས་ནི་སྤོང་སེམས་ལ་དབང་མ་ཐོབ་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ལས་ཉམས་པའི་ཕྱིར་རོ་ཞེས་པའང་དྲན་པར་བྱའོ། །འོན་ཀྱང་དེང་སང་ལྔ་བརྒྱའི་ཐ་མ་ལ་བསྟན་པ་ཉམས་དམས་པས་རྒྱུད་ནས་ཇི་ལྟར་བཤད་པའི་མཚན་ཉིད་མཐའ་དག་ཚང་བ་དང༌། ཁྱད་པར་དབང་དོན་གྱི་ཡེ་ཤེས་མཐོང་བ་མ་རྙེད་ན་གཟུགས་བརྙན་འདྲ་རུང་ཙམ་དུ་སྤྱོད་པའི་གསང་སྔགས་ལ་རྟེན་གྱི་སྒོ་ནས་ཀྱང་དགེ་སློང་རྡོ་རྗེ་འཛིན་པ་ཉིད་མཆོག་ཏུ་གྱུར་པར་བཤད་པ་ནི་བསྟན་པ་ལ་ཆེ་བ་བཞག་པའི་སླད་དུ་དགོངས་པ་ནི་འདོད་དུ་རུང་སྟེ་དོན་གྱི་ཆ་ནས་ས་ཐོབ་པ་ཉིད་ལ་གཙོ་བོར་བཟུང་བ་ཉིད་ཀྱི་


JLAZ003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་བཞིན་དུ་གུར་གྱི་བརྒྱད་པ་ལས་ཀྱང༌། རྩ་བའི་ལྟུང་བ་རབ་འཇོམས་ཤིང༌། །སྔགས་དང་རྒྱུད་ཀྱིས་རབ་སྦྱོར་གྱིས། །འཇིག་རྟེན་རྣམས་ལ་བདེ་སྟེར་བ། །དེ་འདྲའི་བླ་མ་དངོས་བྱས་ལ། །ཞེས་པས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དུ་སྔགས་རྒྱུད་གྱི་ཆོ་ག་ལ་མཁས་ཤིང་བསྙེན་པས་བདག་རྒྱུད་དག་པ། རྩ་ལྟུང་དང་སྦོམ་པོའི་ལྟུང་བ་སྤངས་པ་ཁོ་ན་བཤད་དེ། དམ་ཚིག་དང་སྡོམ་པ་ཡང་འབོགས་པ་པོ་ལ་ནི་ལྷག་པར་ལྡན་དགོས་པའི་ཕྱིར་རོ། །དེ་ལྟ་ན་ཡང་སངས་རྒྱས་རྣམས་ནི་འགྲོ་བ་གདུལ་བའི་ཚུལ་ལ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་པས་ངེས་པའི་དོན་དུ། འདུལ་བྱེད་ཀྱི་སློབ་དཔོན་ཡང་མཐའ་གཅིག་ཏུ་མི་བཟུང་སྟེ། སངས་རྒྱས་རང་ཉིད་ཀྱི་གདུལ་བྱར་རེ་ཞིག་དུས་ལ་མ་བབ་པ་ཉན་ཐོས་ཀྱི་གདུལ་དུ་རུང་བར་འཆོས་པ་དཔེར་ན་རྒྱལ་པོ་ཟས་གཙང་མ་ཉིད་དགེ་སློང་འཆར་ཀས་གདུལ་བའི་སྐབས་བཙལ་བ་ལྟ་བུ་དང༌། སློབ་མ་དབང་པོ་མཆོག་སྔགས་ཀྱི་སྤྱོད་པ་འབའ་ཞིག་ལ་མོས་པ་དེ་འདུལ་འཛིན་གྱིས་གདུལ་བར་མི་ནུས་པས་ཁྱིམ་པ་རྡོ་རྗེ་འཛིན་པ་བསྟན་ནས་སྔགས་ཀྱི་ལམ་འཇུག་པ་བདེ་ཞིང་དུས་མྱུར་བས་མཚན་ཉིད་ཐེག་པའི་ལམ་ཕལ་མོ་ཆེ་སྔགས་ལམ་འབའ་ཞིག་གིས་གཅིག་ཆར་བགྲོད་ནས་དོན་དང་འབྲས་བུ་


JLAZ003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འབྱོར་པར་མཛད་པ་ནི་རྒྱལ་པོ་ཨིནྡྲ་བྷུ་ཏི་ཆགས་བྲལ་གྱི་ལམ་ལ་མི་མོས་པས། འདམ་བུའི་ཚལ་ནི་ཉམས་དགའ་བར། །ཝ་སྐྱེས་ཉིད་དུ་གྱུར་ཀྱང་སླ། །འདོད་ཡོན་སྤངས་པའི་དཀའ་ཐུབ་ནི། །ནམ་ཡང་མི་ནུས་གོ་ཏ་མ། །ཞེས་ཞུས་པས་སྟོན་པ་ཆགས་བྲལ་གྱི་རྣམ་པར་བསྒྱུར་ནས་རྡོ་རྗེ་བཙུན་མོའི་སྒྱུ་མ་དང་བཅས་པས་འདུས་པའི་རྒྱུད་བསྟན་པ་བཞིན་ནོ། །ཡང་སློབ་མ་བཙུན་ཚུགས་ཅན་ལ་མོས་པའམ། དྲང་སྲོང་ཉི་མའི་ཤིང་རྟ་ཅན་ལྟ་བུ་བློ་ཆུང་ཞིང༌། རྒྱུ་འབྲས་དག་གྲོལ་དུ་འཛིན་པ་གང་ཞིག་ཁྱིམ་པའི་རྟེན་ཅན་གྱིས་མི་ཐུལ་བས་དགེ་སློང་རྡོ་རྗེ་འཛིན་པ་མཆོག་ཏུ་བཤད་ཅིང༌། ཁྱད་པར་དུས་ཀྱི་འཁོར་ལོ་ལས་རྒྱལ་པོའི་བླ་མ་ནི་ས་ཐོབ་པ་ཡིན་ན་མ་གཏོགས་དེ་ལས་གཞན་དུ་དགེ་སློང་རྡོ་རྗེ་འཛིན་པ་བསྟན་པའི་དགོས་པའང༌། སྔགས་ཀྱི་སྡེ་སྣོད་ལ་མོས་པས་སྤྱོད་པའི་གང་ཟག་རང་རྒྱུད་ལྡན་ཙམ་དུ་གཉིས་ཀ་མཚུངས་ན་སངས་རྒྱས་ཀྱི་བསྟན་པ་ནི་ཕྱི་ཚུལ་ལ་རྟགས་ཀྱིས་ཆེ་བ་ཡིན་པས། ལུས་ངག་གི་སྡོམ་པ་གཟུགས་ཅན་དང་འགལ་བར་མི་སྤྱོད་པ་གང་ཞིག་འཇིག་རྟེན་དཀོན་མཆོག་གི་དངོས་པོར་མཐུན་སྣང་གྲུབ་པར་གྲགས་པའི་ཕྱིར་ན་བསླབ་པ་ལ་གུས་པ་ལ་སོགས་པའི་གང་ཟག་གཞན་གྱི་ཁུར་དུ་མི་འགྲོ་ཞིང༌། ཉེས་ལྟུང་


JLAZ003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་བྱ་དང་བཅས་པའང་དམ་པའི་ཆོས་འདུལ་བའི་སྡེ་སྣོད་ལས་ཤེས་དགོས་པས་བསྟན་པ་ལ་ཐོད་རྒལ་དུ་འཇུག་པའི་ཉེས་དམིགས་དང་བླང་དོར་ཤེས་ཤིང༌། རྒྱལ་པོ་ནི་ཁམས་དང་མངའ་རིས་དང་བཅས་པ་ཡིན་པས་བསྟན་པ་ཡུན་དུ་གནས་པ་དང༌། དཀོན་མཆོག་གསུམ་ལ་བླ་མར་བྱ་བའི་རིམ་གྲོ་དུས་ལས་མི་ཡོལ་བའི་སླད་དུ་དགོངས་པའང་ཡིན་ནོ། །ཚུལ་དེ་ལྟ་བུས་དབང་ནོད་པའི་སློབ་དཔོན་གྱི་མཚན་ཉིད་བསྟན་ནས་བསྐུར་དུ་རུང་བའི་སློབ་བུའི་སྣོད་བརྟག་པ་ནི་ཤིན་ཏུ་གཅེས་ཏེ། བླ་མ་ལྔ་བཅུ་བ་ལས། བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ཚིག་ཉམས་འགྱུར་བས། །དཔའ་བོས་དང་པོར་སློབ་དཔོན་དང༌། །སློབ་མའི་འབྲེལ་བ་བརྟག་པར་བྱ། །ཞེས་པས་སློབ་དཔོན་ཕན་ཚུན་འབྲེལ་བ་ལེགས་པར་མ་བརྟགས་པར་གསར་ངས་སམ། ཐུག་ཕྲད་དུ་སྤྱོད་པས་རྡོ་རྗེ་ཐེག་པའི་དབང་ཟབ་མོ་བསྐུར་ཐོབ་བྱས་ན་ལོག་པའི་བཤེས་གཉེན་དང་ཕྲད་པས་སློབ་མའི་དོན་ཉམས་པའི་ཚུལ་སྔར་ཡང་བཤད་ལ། སློབ་མ་སྣོད་ངན་ལ་མན་ངག་བྱིན་ན་སློབ་དཔོན་གྱི་དངོས་གྲུབ་ཀྱང་ཉམས་ཤིང་ཇི་ལྟར་བསྒོམ་ཤིང་གཉེར་དུ་གཏད་པའི་དམ་ཚིག་རྣམས་བསྲུང་བར་མི་ནུས་པས་དངོས་གྲུབ་ཀྱི་རྩ་བ་ཆད་ནས་ཚེ་འདིར་གེགས་ཀྱི་འཚེ་བ་དང་ཚེ་ཐུང་བ་ལ་སོགས་པའི་ཉེས་


JLAZ003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་མང་པོ་དང༌། ཕྱི་མ་ངན་སོང་དུ་ལྟུང་བ་ལ་སོགས་པའི་ཉེས་པ་ཆེན་པོ་འཐོབ་པས་ཕན་ཚུན་ཉམ་འོག་ཏུ་ཆུད་ཆུད་ཡུན་བསྲིངས་ནས་བརྟག་པའི་ཚུལ་ཕྲེང་བ་ལས། ཇི་ལྟར་རིན་ཅེན་བརྡར་བ་དང༌། །གསེར་ནི་བསྲེག་དང་གཅད་པས་བརྟག །དེ་བཞིན་དུ་ནི་སློབ་མ་ཡང༌། །ལོ་ནི་བཅུ་གཉིས་བར་དུ་བརྟག །དེ་ཕྱིར་ཕན་ཚུན་དེ་ལྟ་བུས། །དུས་ཀུན་ཏུ་ནི་དེ་ལྟར་བརྟག །གཞན་དུ་གེགས་ནི་འབྱུང་འགྱུར་ཏེ། །དངོས་གྲུབ་འཇོམས་ཤིང་སྡུག་བསྔལ་སྟེར། །ཞེས་སོ། །དེ་ལ་སློབ་མ་བརྟག་པའི་གནས་རྒྱུད་སྡེ་རྣམས་ནས་མང་དུ་གསུངས་ཀྱང་གསང་བའི་མན་ངག་བྱིན་པར་འོས་པ་ནི་གཅིག་ཏུ་དད་པ་དང་ལྡན་པ་དང༌། གཉིས་སུ་ངོ་ཚ་ཁྲེལ་ཡོད་ལྡན་པ་ཁོ་ན་ཡིན་ཏེ། དད་པ་མེད་ན་དམ་ཚིག་ལ་གཡར་ཁྲལ་འཇལ་ཀྱང་བྱིན་རླབས་འཇུག་པའི་མཚམས་མི་སྦྱོར། ངོ་ཚ་དང་ཁྲེལ་ཡོད་མེད་ན་ཉམས་པ་སླ་ཞིང་སོར་ཆུད་པ་དཀའ་བ་ནི་མཐོང་ཆོས་སུ་གྱུར་པ་ཡིན་ལ། མཚན་ཉིད་དམིགས་བསལ་གྱི་སྒོ་ནས་བརྟག་པ་ནི་རྡོ་རྗེ་མཁའ་འགྲོ་ལས། ཁྲོ་དང་བཅས་ཤིང་རྟོག་གེར་གུས། །ན་སོ་དག་ནི་ཡོལ་བ་དང༌། །གང་ཡང་དགེ་སློང་དངོས་གནས་དང༌། །ཞེན་དང་ཆགས་པས་བཅིངས་པ་ལ། །རིན་ཐང་མེད་པའི་རིན་ཅེན་ནི། །དེ་ལ་སྦྱིན་པར་མི་བྱའོ། །


JLAZ003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་ང་རྒྱལ་མེད་པ་དང༌། །རྒྱུ་མེད་བདག་ཏུ་མི་འཛིན་ཞིང༌། །དེ་བཞིན་ཆོས་ལ་མངོན་པར་དགའ། །དེ་ལ་མན་ངག་བྱིན་པར་བྱ། །གཞན་དུ་ན་ནི་ལྟུང་བར་འགྱུར། །ཞེས་སོ། །དེ་ལ་རྒྱུད་ཁྲོ་ཞིང་གཏུམ་པ་ལ་ཉེས་ལྟུང་གི་ཆར་བ་འབབ། རྟོག་གེ་ལ་དགའ་ན་འགལ་བ་དང་ཐེ་ཚོམ་མང་དུ་འདུ་བས་ཡོན་ཏན་ལ་སྒྲིབ། ན་སོ་ཡོལ་ན་རྩ་རླུང་ཐིག་ལེའི་སྟོབས་བྲི་བས་གསང་སྔགས་ཀྱི་ཡོན་ཏན་མི་སྐྱེ་ཉན་ཐོས་ཀྱི་དགེ་སློང་དངོས་གནས་པ་ནི་ཐེག་པ་ཆེན་པོ་སྤྱི་དང་བྱེ་བྲག་ལ་ཡིད་གཉིས་དང་བཅས་ཤིང་ཆོས་རྣམས་ལ་དངོས་པོར་ཞེན་པའི་དབང་དང༌། ལུས་ངག་གི་ལས་ཀྱི་དངོས་པོས་བསྡུས་པའི་བྱ་བ་དང་བྱ་བ་མ་ཡིན་པ་ལ་འཇུག་པ་དང་ལྡོག་པའི་མཚན་ཉིད་གཙོ་བོར་འཛིན་པས་དབང་དང་དམ་ཚིག་གི་སྣོད་དུ་རུང་བར་དཀའ་ཞིང༌། སྔགས་ཀྱི་ཐབས་ལ་མཁས་པའི་དོན་དཔྱིས་ཕྱིན་པར་མི་གོ་བ་དག་གོ །ཞེན་ཅིང་ཆགས་པ་ནི་ཉོན་མོངས་པའི་གཞན་དབང་ཁོ་ནས་སེམས་སོར་མི་ཆུད་པའོ། །དེ་དག་ལས་ལྡོག་ཅིང་ང་རྒྱལ་མེད་པས་དད་པའི་ཉེ་བར་ལེན་པ་དང་ལྡན་ལ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པས་སྔགས་ཀྱི་སྡོམ་པ་དང་དམ་ཚིག་གཟུང་བར་རུང་ན་རིགས་དང་གཟུགས་དང་དབང་ཕྱུག་ལའང་ལྟོས་པ་མ་ཡིན་པའི་ཕྱིར། ཆོས་དང་ཆོས་ཀྱི་གང་ཟག་རྣམས་ལ་མངོན་པར་གུས་པ་ཉིད་


JLAZ003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་གཟུང་སྟེ། ཕྲེང་བ་ལས་ལེགས་པར་བརྟགས་པ་ང་རྒྱལ་ལ་སོགས་པའི་སྐྱོན་དང་བྲལ་བ། དགེ་བསྙེན་ལ་སོགས་པའི་བསླབ་པ་ལ་གནས་པ། ཐོས་པ་ལ་སོགས་པས་ཡོངས་སུ་སྦྱངས་པ་དང་ལྡན་པ། རྡོ་རྗེ་སེམས་དཔའི་སྡོམ་པ་ཡོངས་སུ་གཟུང་བར་རུང་བ་རྣམས་ནི་རིགས་དང་མདོག་དང་གཟུགས་དང་བྲལ་བ་རྣམས་ཀྱང་ལྷག་པར་གནས་པར་བྱ་སྟེ། གལ་ཏེ་དེ་རྣམས་ཀྱང་དད་པས་རྡོ་རྗེ་སེམས་དཔའི་སྡོམ་པ་དོན་དུ་གཉེར་ཞིང་རྡོ་རྗེ་ཐེག་པ་ལས་སྟོན་པ་གཞན་མི་འཚལ་བར་གྱུར་ནས་སོ་ཞེས་སོ། །འོན་ཀྱང་སྒྲིབ་པ་སྦྱོང་བ་དང་གདོད་ཀྱིས་རྟེན་འབྲེལ་སྒྲིག་པའི་སླད་དུ། དཀྱིལ་འཁོར་དུ་འཇུག་པ་ཙམ་ལས་གཞན་དུ་སྔགས་སྡོམ་གྱི་རང་བཞིན་གང་ཡིན་པ་གཟུང་མི་ནུས་པས་དབང་དངོས་གཞི་ཐོབ་པའི་སྐལ་བ་དང་མི་ལྡན་པ་དག་ལ་ནི་བརྟག་པ་སྔོན་དུ་བྱ་མི་དགོས་ཏེ། དེ་ནི་དཀྱིལ་འཁོར་དུ་འཇུག་པ་ཙམ་ལས་དབང་དངོས་བསྐུར་དུ་མི་རུང་བའི་ཕྱིར་དམ་བཞག་དང་སྡོམ་བཟུང་བྱེ་བྲག་པ་རྣམས་ཀྱང་མི་བྱའོ། །དེ་སྐད་དུ་རྡོ་རྗེ་འབྱུང་བ་ལས། གང་ཞིག་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ་ནི་དེང་ཁྱོད་ཅེས་བྱ་བ་ལ་སོགས་པ་རྣམས་བརྗོད་པར་མི་བྱ་སྟེ་སློབ་དཔོན་དུ་རྗེས་སུ་གནང་བ་དང་དབང་བསྐུར་བར་མི་བྱའོ། །འཇུག་པ་ཙམ་ཞིག་བྱེད་དུ་གཞུག་གོ །


JLAZ003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་འདི་སློབ་དཔོན་སངས་རྒྱས་གསང་བའི་རྣམ་སྣང་མངོན་བྱང་གི་འགྲེལ་བ་དང་ཡང་ཤིན་ཏུ་མཐུན་ལ། དེས་མཚོན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཙམ་བསྲུང་གི་སྔགས་ཀྱི་སྡོམ་པ་བྱེ་བྲག་པ་བསྲུང་མི་ནུས་པ་ལ་སློབ་མའི་དབང་ཙམ་དང༌། དེ་གཉིས་ཀ་བསྲུང་ནུས་ན་སློབ་དཔོན་གྱི་དབང་ཡང་བསྐུར་བར་རུང་གིས་དེ་ལྟར་སྤོང་སེམས་ལ་དབང་ཐོབ་མ་ཐོབ་ཀྱི་སྒོ་ནས་སློབ་མ་བརྟག་པའི་རིགས་པ་མ་ཤེས་ན་རྡོ་རྗེ་སློབ་དཔོན་གྱི་གཟུགས་བརྙན་དུ་རྣམ་པར་འཁྱམས་ཤིང་གཞན་རྒྱུད་ལའང་ཉེས་པའི་ཚོགས་ཆེན་པོ་འདུ་བྱེད་དོ། །དེ་ལྟར་དཔོན་སློབ་ཀྱི་རྟེན་འབྲེལ་ཚོགས་པའི་གནས་སྐབས་སུ་སླ་ཆོས་དང་ཞར་བྱུང་ལྟ་བུས་དབང་རྣམས་བཙན་ཐབས་སམ། གོང་འོག་རྣམས་གཅིག་ཅར་དུ་ཞུས་ཐོབ་མི་བྱ་བར་ལོ་ཟླའི་གོང་ནས་སྙན་གསན་དབབ་པ་དང་བཅས་ཤིང༌། ཐ་ནའང་ཞག་གིས་བར་ཆོད་པའི་གསོལ་བ་དུས་གསུམ་དུ་གདབ་པའི་མཐར་བསྐུར་བའི་ཚུལ་བླ་མ་ལྔ་བཅུ་པ་ལས། མཆོག་ཏུ་དད་པས་དུས་གསུམ་དུ། །མཎྜལ་མེ་ཏོག་བཅས་ཐལ་མོས། །སྟོན་པ་བླ་མ་བསྙེན་བཀུར་ཞིང༌། །ཞབས་ལ་སྤྱི་བོས་ཕྱག་བྱའོ། །ཞེས་སོ། །ཇི་ལྟར་བསྐུར་བའི་སྦྱོར་བ་ལ། བསྙེན་པ་དང་ནི་ས་ཡི་ཆོ་ག་དང༌། །སྟ་གོན་དང་ནི་སློབ་མ་འཇུག་ཅིང་སྨིན། །མངོན་རྟོགས་བཞི་པོ་རེ་རེ་ཉིད་ལ་ཡང༌། །


JLAZ003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཞིར་རྫོགས་པའི་ཡན་ལག་མ་ཚང་ན། །ཆོ་ག་ཉམས་པས་སྨིན་པར་ནུས་མ་ཡིན། །དེ་ལ་སོ་སོ་སྐྱེ་བོའི་རྒྱུད་ལྡན་གྱི་སློབ་དཔོན་རྣམས་ཀྱིས་ནི་ཆོ་ག་ཕྲ་མོ་ཉམས་པ་ལས་ཀྱང་བྱིན་རླབས་དང་དངོས་གྲུབ་ཀྱི་གནས་ལ་སྒྲིབ་པར་བྱེད་ན། ཆོ་གའི་རྩ་བ་ཉམས་ན་བྱིན་རླབས་མི་འབྱུང་བས་ཐོག་མར་སློབ་དཔོན་རང་ཉིད་ཀྱི་རྒྱུད་དག་པར་བྱེད་པའི་བསྙེན་པ་དང༌། བདག་པོས་གཟུང་བའི་གཞི་ལ་དབང་མི་ཟ་བ་སའི་ཆོ་ག་དང༌། དཀྱིལ་འཁོར་དང་སློབ་མའི་ལས་ལ་ཐོད་རྒལ་དུ་མི་འཇུག་པ་སྟ་གོན་གྱི་རིམ་པ་དང༌། འཇུག་པ་སྔོན་དུ་བཏང་ནས་ཞུགས་པ་ལ་དབང་བསྐུར་པའོ། །དང་པོའི་ཡན་ལག་བཞི་ནི། སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱོང་བྱེད་ཀྱི་མངོན་རྟོགས་གང་རུང་ལ་ལྟོས་ནས་བསྐྱེད་གཞིའི་ཏིང་འཛིན་གསུམ་བསྒོམ་པ་ནི་བསྙེན་པའོ། །དེ་ལས་བདག་ཉིད་ལྷར་བསྐྱེད་པ་ནི་ཉེ་བར་བསྙེན་པའོ། །ཡུམ་དང་བཅས་པའི་སྐྱེ་མཆེད་དང་མཁའ་གསང་བྱིན་གྱིས་བརླབས་པ་ལ་སོགས་པ་བསྒྲུབ་པའོ། །དེ་ལ་ཡེ་ཤེས་པ་དགུག་གཞུག་བྱ་ཞིང་དབང་བསྐུར་རྒྱས་གདབ་ལ་སོགས་པ་ནི་བསྒྲུབ་པ་ཆེན་པོ་སྟེ། ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སྤྱིར་ན་གསང་སྔགས་ངེས་པ་ལ། །ཏིང་འཛིན་གསུང་བསྐྱེད་བསྙེན་པ་ཡིན། །བདག་ཉིད་ལྷར་བསྐྱེད་


JLAZ003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བསྙེན་ཏེ། །ཡུམ་བསྐྱེད་བསྒྲུབ་པར་ཤེས་པར་བྱ། །གཞན་རྣམས་བསྒྲུབ་པ་ཆེན་པོ་ཡིན། །ཞེས་དང༌། དེའི་ཚེ་བཟླས་བརྗོད་ལ་གྲངས་དུས་ཀྱི་བསྙེན་པའི་ཚད་ཀྱང་སྡོམ་འབྱུང་ལས། དཀྱིལ་འཁོར་བདག་པོའི་བཟླས་པ་འབུམ། །རྩོད་དུས་སུ་ནི་བཞི་འགྱུར་རོ། །ཞེས་པའི་བཞི་འགྱུར་ནི་གཞིའི་བསྙེན་པ་དང༌། དངོས་གྲུབ་བསྒྲུབ་པའི་གནས་སྐབས་གཉིས་ལ་འདོད་ཚུལ་ཐ་དད་པ་ཡོད་དོ། །ཇི་ལྟར་ཡང་ཕྲེང་བ་ལས། ཡང་ན་རང་གི་ལྷ་ཡི་འབུམ། །དཀྱིལ་འཁོར་པ་ཡི་ཁྲི་ཡིན་ཏེ། །ཞེས་པས་འཁོར་ལ་བཅུ་ཆ་དང༌། ཐུན་མོང་དུ་ཡེ་ཤེས་འབེབས་སྔགས་ཁྲི་ཕྲག་གཅིག་རྣམས་སོ། །ཚུལ་དེ་ལྟ་བུས་གཞིའི་བསྙེན་པ་མཐར་སོན་ནས་ས་ཚྭ་གདབ་པ་དང༌། ཆུ་སྦྱིན་དང༌། ཚོགས་གཏོར་དང་ཡེ་ཤེས་འབེབས་སྔགས་ཀྱི་བཅུ་ཆའི་སྦྱིན་སྲེག་གི་ཁ་སྐོང་དང་བཅས་པའང་མེད་ཐབས་མེད་ཅིང༌། དེ་ལྟར་གཞིའི་བསྙེན་པ་ནི་རྡོ་རྗེའི་མཁར་དུ་མི་ཤིགས་པའི་སྐུ་བསྐྱེད་པ་ཞེས་བྱ་སྟེ་ཚོགས་བསགས་པ་དང་བགེགས་ཉམས་པར་བྱེད་པའི་ཕྱིར། དབང་གི་སྔོན་དུ་མེད་དུ་མི་རུང་བའི་ཚུལ་དཔལ་ལྡན་སྡོམ་པ་ལས། སྔོན་དུ་བསྙེན་པ་མ་བྱས་ན། །སློབ་དཔོན་བདག་ཉིད་སུན་འབྱིན་ཡིན། །ཞེས་ལྷ་མཉེས་པར་བྱ་བའི་བསྙེན་པ་མ་གྲུབ་ན་ཉེས་དམིགས་ཆེན་པོ་བཤད་ཅིང༌། གྲུབ་པའི་ཕན་ཡོན་


JLAZ003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ནི། གདན་བཞི་ལས། སྔོན་དུ་བསྙེན་པ་བྱས་ནས་སུ། །དེ་འོག་ལས་ཤིག་བརྩམས་ན་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །གཉིས་པ་ས་ཆོག་གི་ཡན་ལག་བཞི་ནི། དཀྱིལ་འཁོར་གྱི་ཁང་པ་རྙིང་པར་བྱེད་པ་མང་པས་ས་བརྟག་པ་དོར་བའི་ལུགས་སོ། །འོན་ཀྱང་འདིར་ས་བརྟག་པ་དང༌། བླང་བ་དང༌། སྦྱང་བ་དང༌། བཟུང་བ་དང༌། བསྲུང་བ་ལྔ་དཀྱུས་སུ་བཤད་པའི་དང་པོ་དཀྱིལ་འཁོར་བྱ་བར་རུང་བ་དང་མི་རུང་བའི་གནས་ཕྱོགས་དང་མཚན་ཉིད་ཀྱི་སྒོ་ནས་བརྟག་པ་ནི། རྡོ་རྗེ་མཁའ་འགྲོ་ལས། གྲོང་དང་དུར་ཁྲོད་ཚོང་འདུས་དང༌། །ཚལ་དང་ལྷ་ཁང་གྲོང་ཁྱེར་གྱི། །ཤར་དང་བྱང་གི་ས་གཞི་ཤིས། །ལྷོ་དང་ནུབ་ཕྱོགས་དེ་ལྟ་མིན། །ཞེས་གནས་དྲུག་དང་དེ་ནས་གཞལ་བའི་ཕྱི་རོལ་གྱི་ཤར་དང་བྱང་གི་གཞི་ཤིས་པའི་སར་གསུངས་པ་སོགས་རྒྱུད་སྡེ་སོ་སོའི་རིགས་དབྱེ་མཐའ་གཅིག་ཏུ་མི་མཐུན་པས་དཔྱད་དཀའ་ཡང་རྣལ་འབྱོར་བའི་ཡིད་ལ་རང་བཞིན་གྱིས་བདེ་བ་སྟེར་བ་ལ་བཀག་པ་མེད་དེ། ཡང་ན་ཡིད་ནི་གང་དགའ་བ། །དེ་རྣམས་སུ་ནི་དཀྱིལ་འཁོར་བྲི། །ཞེས་དང༌། སྤྱི་རྒྱུད་ལས། ཕུན་སུམ་ཚོགས་པ་ཀུན་བཟང་བའི། །ཚོགས་པ་དག་ནི་རྙེད་པར་དཀའ། །མདོར་ན་ས་གཞི་མཉམ་པ་དང༌། །མདངས་སྣུམ་ཤར་དུ་གཞོལ་བ་བཞེད། །


JLAZ003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་མང་ལྡན་པའི་གནས་དང་ནི། །ལྗོན་ཤིང་བཟང་པོས་བརྒྱན་པ་དང༌། །བདག་གི་ཡིད་ནི་མགུ་བ་དང༌། །འཚེ་མེད་ཟུག་རྔུ་སྤངས་པ་ནི། །དཀྱིལ་འཁོར་གནས་སུ་ཤིས་པ་སྟེ། །མི་ཡི་དངོས་གྲུབ་ཀུན་ཐོབ་བྱེད། །ཅེས་སོ། །དེ་ལ་ཟུག་རྔུ་ནི་སའི་རོ་ལྔ་སྟེ་འོག་ཏུ་འཆད་ལ། གཞན་ཡང་གསེག་མ་དང༌། ངམ་གྲོག་དང༌། ཁུང་བུ་དང༌། གྲོག་མཁར་དང༌། ཚ་སྒོ་ཅན་དང༌། ཐལ་བ་དང༌། རྡུལ་དང༌། སྐྲ་དང༌། སྲིན་བུ་དང༌། སྲོག་ཆགས་མང་བ་རྣམས་སྤང་ངོ༌། །འོན་ཀྱང་ས་གཞི་བརྟག་པ་དང༌། བརྐོས་ནས་སྦྱང་བ་ལ་ནན་ཏན་དུ་བྱེད་མི་དགོས་པའི་གནས་བཅུ་ཡོད་དེ་སྔ་མ་ལས། དྲང་སྲོང་གནས་དང་བ་ལང་ལྷས། །ཕུག་དང་རི་ཡི་རྩེ་མོ་དང༌། །ས་གཞི་གང་ན་འཐས་པ་དང༌། །ཁང་ཐོག་དང་ནི་རྡོ་ལེབ་དང༌། །མཆོད་རྟེན་དྲུང་དང་འབབ་ཆུའི་གླིང༌། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་དང་བརྟག་པ་དང༌། །ནན་ཏན་དུ་ནི་བྱ་མི་དགོས། །འཐས་པར་བཅགས་ཀྱང་དེར་མི་དགོས། །དེར་ནི་ཟུག་རྔུ་དབྱུང་མི་དགོས། །མཐོ་དམའ་ལ་སོགས་སྐྱོན་དག་ཀྱང༌། །དེར་ནི་དོགས་པ་སྐྱེ་མི་དགོས། །ཞེས་སོ། །གཞན་ཡང་གཙུག་ལག་ཁང་དང༌། ཚལ་དང༌། དུར་ཁྲོད་ལ་སོགས་པར་ཡང་དེ་དང་འདྲ་བར་རྡོ་རྗེ་མཁའ་འགྲོ་ལས་བཤད་དོ། །དེ་ལྟར་རུང་བའི་གནས་


JLAZ003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ས་བརྟག་པ་ནི་ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། མཁས་པས་ཁྲུ་གང་ཙམ་བརྐོས་ནས། །སྔགས་པ་ཡིས་ནི་བརྐོས་པ་དེ། །ས་དེ་ཉིད་ཀྱིས་དགང་བར་བྱ། །ལྷག་ན་མཁས་པ་ཀུན་ཏུ་མཆོག །ཁ་ད་ཆད་དུ་འབྲིང་དུ་བརྗོད། །གང་བར་མ་གྱུར་ན་དེ་སྤངས། །ཞེས་སོ། །ཆུས་བརྟག་པ་ནི་ཁུང་བུ་དེ་ཉིད་སླར་ཡང་འཁྱིལ་བའི་སྔགས་བཟླ་བཞིན་པར་མཐོ་གང་དུ་བརྐོས་པ་ཆུས་བཀང་ལ་གོམ་པ་བརྒྱའི་བར་ཤར་དུ་ཕྱིན་ནས་ལོག་སྟེ་བལྟས་པའི་ཚེ་ཆུ་མ་བྲི་བ་དང་གཡས་སུ་འཁྱིལ་ན་བཟང༌། བྲི་ཞིང་གཡོན་དུ་འཁོར་བ་ལ་སྒྲ་དང་བཅས་ན་ཀླུའི་འཇིགས་པ་ཡོད་པས་སྤང་བར་ཕྲེང་བ་དང་མཁའ་འགྲོ་ལས་བཤད་དོ། །ཁ་དོག་གི་སྒོ་ནས་བརྟག་པ་ནི་དེ་ཉིད་ལས། དཀར་པོ་དག་ནི་ཞི་བར་བསྟན། །དམར་པོ་དབང་གི་དོན་དུ་འདོད། །སེར་པོ་རྒྱས་པར་ཤེས་པར་བྱ། །ནག་པོ་དྲག་ཤུལ་སྤྱོད་པར་ཤེས། །ཞེས་སོ། །གཉིས་པ་ས་བླང་བ་ནི། བརྟགས་པས་རུང་བའི་ས་དེ་སྣང་བ་རྒྱལ་པོ་ལ་སོགས་པར་རིན། མི་སྣང་བ་སའི་ལྷ་མོ་ལ་ཉེར་སྤྱོད་དང་གཏོར་མ། ཞིང་སྐྱོང་ལ་སོགས་པ་ལ་དཀར་མངར་ཕུད་དང་གཏོར་མས་བརྔན་ལ་ཚིག་གིས་བཀྲོལ་ནས་རང་དབང་ཅན་དུ་བྱ་བའི་ཚུལ་ཆོ་ག་རང་རང་ལྟར་ཤེས་པར་བྱ་ཞིང༌། མཐར་ས་ལྷ་ནི་གཞི་དེ་ཉིད་དུ་བསྟིམ་པའམ། ཡང་ན་


JLAZ003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་བཏེག་ལ་བཞུགས་སུ་གསོལ་བ་ཡིན་ནོ། །དེའི་ཚེ་བདག་པོས་བྱིན་པའི་ཚུལ་རྟེན་འབྲེལ་གྱི་བརྟག་པ་དང་རྨི་ལམ་གྱི་མཚན་མ་སོགས་ལས་ཤེས་པར་བྱའོ། །གསུམ་པ་སྦྱང་བ་ལ་བཞི། ལྟོ་འཕྱེ་བརྟག་པ་དང༌། སའི་ཟུག་རྔུ་དབྱུང་བ་དང༌། རྫས་སྔགས་ཏིང་ངེ་འཛིན་གྱིས་སྦྱང་བ་དང༌། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་བདེན་པས་སྦྱང་བའོ། །དང་པོ་ནི། མཁའ་འགྲོ་ལས། གཙུག་ལག་ཁང་དང་ཁང་བཟང་དང༌། །མཆོད་རྟེན་དཀྱིལ་འཁོར་གྲོང་ཁྱེར་དང༌། །ཁྱིམ་དང་ལྡུམ་ར་ལ་སོགས་ལ། །ལྟོ་འཕྱེའི་ལྟོ་བར་བརྐོ་བ་དང༌། །ཞེས་པས་དཀྱིལ་འཁོར་གྱི་ཁང་པ་གསར་དུ་བྱེད་པ་ལ་ནི་ངེས་པར་དགོས་ལ། དེ་བཞིན་དུུ་ས་བརྐོས་ནས་དཀྱིལ་འཁོར་གྱི་སྟེགས་བུ་བྱེད་པ་ལ་ཡང་བྱ་དགོས་སོ། །དེ་ཡང་གཞི་གང་ཡིན་པ་དེ་ཐིག་གིས་གྲུ་བཞིར་བཅད་པའི་ཕྱོགས་རེ་རེར་ཟླ་བ་གསུམ་གསུམ་གྱི་ཞག་གྲངས་དང་མཐུན་པའི་རེའུ་མིག་དགུ་བཅུ་རེར་ཕྱེ་ལ། ཇི་ལྟར་གནས་པ་དང་རྒྱུ་བའི་ཚུལ་བརྟག་པ་ནི། སྟོན་ཟླ་ར་བའི་ཚེས་གཅིག་ལ་དབང་ལྡན་གྱི་མཚམས་ཀྱི་རེའུ་མིག་ཏུ་ལྟོ་འཕྱེའི་མགོ་བོ་དང༌། སྲིན་པོའི་ཕྱོགས་ཀྱི་རེའུ་མིག་ཏུ་མཇུག་རྩེ་བཞག་སྟེ་ཁ་ལྷོར་བལྟས་ནས་ཉལ་བའི་མཚན་ཉིད་ངེས་པར་བྱས་ནས། ཉིན་ཞག་རེ་ལ་རེའུ་མིག་རེ་གདོང་ངོས་ནས་བགྲོད་པའི་གཡས་བསྐོར་གྱི་འཕོ་བས་ཟླ་བ་གསུམ་


JLAZ003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱོགས་རེའི་རེའུ་མིག་བཅུ་ཕྲག་དགུ་པ་དང༌། ལོ་གཅིག་ལ་རྫོགས་པར་འཁོར་རོ། །ས་བདག་འཕྱེའོ་དེའི་གདེངས་ཀ་ནས་མཇུག་རྩེའི་བར་གྱི་ལུས་ཀྱི་སྲིད་ཀྱིས་རེ་མིག་དགུ་བཅུ་རེ་ནོན་ལ། ཞིང་གིས་ཆ་དགུ་རེ་ནོན་པས་ཕྱོགས་གང་དུ་འཁོར་ཡང་གསང་གནས་ནི་རང་ས་ན་ཡོད་དོ། །དེའི་ལུས་ལ་ཀླུ་ཆེན་པོ་བརྒྱད་ཀྱང་གནས་ཏེ་མཇུག་རྩེར་རིགས་ལྡན། གསང་གནས་སུ་སྟོབས་རྒྱུ། ལྟེ་བར་དུང་སྐྱོང༌། དཔུང་བར་པདྨ་ཆེན་པོ། སྙིང་གར་ནོར་རྒྱས། མགྲིན་པར་འཇོག་པོ། རྣ་བར་པདྨ། སྤྱི་བོར་མཐའ་ཡས་དང༌། ལྟོ་འཕྱེ་རང་ཉིད་ཀྱང་མདོག་དཀར་ལ་བལྟ་ན་སྡུག་པས་མཐའ་ཡས་ཀྱི་རིགས་སུ་འདུའོ། །དེའང་གཞི་ཆེ་ཆུང་དེ་དང་དེར་དེའི་སྤྲུལ་པ་ལྟར་ལུས་ཆེ་ཆུང་སྣ་ཚོགས་སུ་ཤར་བར་འདོད་ན་ས་གཞིའི་ཕྱེད་ཁྱབ་པ་དང་འགལ་ཞིང་རྟག་པའི་འགྲོས་ཅན་དུ་མི་རིགས་ལ། འདི་ལྟར་སངས་རྒྱས་རྣམས་ནི་འགྲོ་བ་ལ་གཅིག་ཏུ་ཕན་པའི་རྟེན་འབྲེལ་ཐུགས་སུ་ཆུད་པ་ཡིན་པས་རྟོག་ལུགས་དེ་ལྟར་དུ་གསུངས་ནས་ས་བདག་ལ་གནོད་པ་མི་འོང་བའི་གནས་ཤེས་པའི་ཕྱིར་དགོངས་པའོ། །དེ་བས་ན་ལྟོ་འཕྱེ་དེ་ཉིད་འོ་མ་ལ་སོགས་པའི་ཉེར་སྤྱོད་ཀྱིས་མཆོད་ནས་བརྐོ་མཁན་ཉིད་གནོད་པ་མེད་པའི་སེམས་ཀྱིས་བགེགས་མཐར་བྱེད་དང༌། ཏོག་རྩེ་རྡོ་རྗེས་མཚན་པའི་ཕྱག་ཆར་བསམས་ལ། བརྐོ་


JLAZ003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དམིགས་ནི་མཆན་གྱི་འོག་དང་ལྟོ་བ་གཉིས་སུ་བཤད་པ་ལས་སྔ་མ་རྟོག་པ་བཟོ་བ་ཡིན་པས་དེའི་སྐབས་བཙལ་བ་ནི་བི་བྷཱུ་ཏིས། ཤར་ནས་ཆ་ནི་ཉི་ཤུ་རྩ་བདུན་དོར། །བྱང་ནས་ཕྱེད་དང་བཅུ་བཞིའི་ཆ་དོར་བར། །ཤར་ནུབ་ཆ་དགུ་ལྷོ་བྱང་ཕྱེད་དང་ལྔ། །འདི་ནི་མཆན་གྱི་མདུན་དུ་ཐོག་མར་བརྐོ། །ཞེས་མགོ་གར་བསྟན་ཤར་དང་རྒྱབ་བྱང་གི་དབང་དུ་བྱས་པའི་གདོང་པས་གོང་ནོན་པའི་རེའུ་མིག་ནས་ཤར་ལ་སོགས་པ་ནས་དོར་བའི་བགྲང་གཞི་བྱས་ལ་ཞིབ་མོར་བརྟག་གོ །དེའི་ཚེ་དམིགས་པ་དང་ལས་དང་བྱ་བའི་ཚུལ་ཡང༌། མི་ནི་བགེགས་མཐར་བྱེད་ཀྱི་རྣམ་པར་བསྒོམ། །ཞི་བའི་སེམས་ཀྱིས་གཏོར་མའི་ནང་དུ་ནི། །བཞག་པའམ་མེ་མཚམས་ལ་སོགས་ཕྱི་རོལ་དོར། །འབད་པས་དེ་ཡི་ཁམས་ལྔ་བ་ཡི་ས། །ས་གཞིའི་དབུས་སུ་ལེགས་པའི་ཡིད་ཀྱིས་དགྲམ། །ཁམས་ལྔ་པ་དེར་ལས་མི་དུ་མ་ཡི། །ཕྱོགས་དང་མཚམས་སུ་ཀུན་ནས་བརྐོ་བར་བྱ། །ཞེས་དང༌། བརྐོ་བའི་ས་དམིགས་མ་འཁྲུལ་ན་ཆོས་ནོར་འདོད་དོན་འཕེལ་ཞིང༌། དེའི་ལུས་ཀྱི་ཆ་དགུའི་ས་ལ་བརྐོས་ན་ཉེས་པ་བསྐྱེད་པའི་ཚུལ་ཡང༌། དེ་ཡིས་ཆོས་ནོར་འདོད་དོན་འཕེལ་ཞིང་འགྲུབ། །གལ་ཏེ་ལྟོ་འཕྱེའི་རྒྱལ་པོ་གནས་པ་ཡི། །ཆ་དགུ་ས་ཡི་ཆ་ལ་བརྐོས་གྱུར་ན། །ཕ་མ་བུ་དང་བུ་མོ་སྤུན་ཆུང་མ། །མནའ་མ་རང་གི་སྐྱེ་བོ་


JLAZ003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མཛའ་བཤེས་འཆི། །གལ་ཏེ་རྒྱབ་ཏུ་བརྐོས་ན་རང་འཆི་ཞིང༌། །ཡང་ན་རང་གནས་ནས་འཕོ་ནོར་བརླག་འགྱུར། །མཇུག་མར་གླང་ཆེན་རྟ་དང་མ་ཧེ་ར། །བ་ལང་འཆི་ཞིང་སྟོབས་ཀྱང་ཉམས་པར་འགྱུར། །གལ་ཏེ་ཁམ་ལྔའི་ནང་དུ་ཤིང་དང་སྐྲ། །གྲོག་མཁར་སྐྲ་སེན་ཐལ་བས་གནོད་པ་འབྱུང༌། །རྡོ་བས་རླུང་གི་འཇིགས་པ་ཕུབ་མ་དང༌། །འགལ་དུམ་གྱིས་རིམས་རུས་པས་ཟུག་གཟེར་རོ། །ཞེས་སོ། །གཉིས་པ་སའི་ཟུག་རྔུ་དབྱུང་བ་ནི། རྡོ་རྗེ་མཁའ་འགྲོ་ལས། སྨན་སོགས་དངོས་གྲུབ་བྱེ་བྲག་གིས། །པུས་མོ་ཆུ་སོ་ལྟེ་བའི་བར། །བརྐོས་ལ་ཕུབ་མ་རྡོ་དང་ནི། །གྱོ་མོ་སོལ་པ་ཟུག་རྔུ་ནི། །ཚེར་མ་ལ་སོགས་བསལ་ལ་བཅག །ཅེས་པས་དངོས་གྲུབ་ཆེན་པོ་བསྒྲུབས་ནས་སྟེགས་ཇི་ལྟར་བྱེད་པའི་རྒྱས་པ་རྣམས་ལྟེ་བ་ཙམ་གྱི་སྲིད་དང༌། འབྲིང་དང་དམན་པ་ལ་མཆུ་སོ་དང་པུས་མོ་ནུབ་པའི་ཟབས་སུ་བརྐོས་ལ་སའི་རོའམ། ས་སེལ་དབྱུང་བར་བྱ་སྟེ། ཟུག་རྔུ་ཇི་ལྟར་དག་པ་ཙམ་གྱིས་དངོས་གྲུབ་ཆེ་བ་ཡིན་པ། མ་བསལ་བའི་ཉེས་དམིགས་ནི་ཕྲེང་བ་ལས། རྡོ་བར་བཅས་ན་རླུང་ཆེན་པོ། །རུས་པར་བཅས་ན་ལྐུགས་པ་ཉིད། །ཕུབ་མ་སོལ་བར་ལྡན་ན་རིམས། །སྐྲ་དང་རྩ་བ་ཤིང་སོགས་བཅས། །ཉེ་བར་འཚེ་བ་ཕྲ་མོ་འབྱུང༌། །


JLAZ003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང༌། སྤྱི་རྒྱུད་ལས། ཟུག་རྔུར་བཅས་པའི་ས་གཞི་ནི། །ལས་བྱས་པ་དག་འགྲུབ་མི་འགྱུར། །ཟུག་རྔུའི་ཉེས་པ་རུས་པ་དང༌། །གྱོ་མོ་དང་ནི་ཐལ་བ་དང༌། །སྡོང་དུམ་དང་ནི་ཚེར་མ་དག །རབ་ཏུ་བསྒྲིམས་ཏེ་མ་ལུས་དབྱུང༌། །ཞེས་སོ། །དེའང་སྲིད་ཐུངས་པས་སམ། ས་སེལ་བས་མ་ལྡངས་པའམ། རྒྱའི་ཆ་ཐམས་ཅད་བརྐོ་བར་མ་ནུས་ན་སྤྱི་རྒྱུད་ལས། གལ་ཏེ་དབྱུང་བར་མི་ནུས་ན། །དེར་ནི་གསང་སྔགས་ཁོ་ན་ཡིས། །སྦྱང་བ་ལེགས་པར་བྱས་པས་འགྱུར། །ཞེས་པས། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བཟླས་ནས་སྦྱང་ངོ༌། །སླར་ཡང་ས་སེལ་མ་གཏོགས་པའི་ས་རྣམས་དྲི་བཟང་གི་ཆུ་དང་སྦྱར་བས་དགང་ཞིང༌། མ་ཁེངས་ན་བཀྲ་ཤིས་པའི་ས་གཞན་ཡང་བསྣན་ནས་ལེགས་པར་བཅགས་ལ་དབུས་ཅུང་ཟད་མཐོ་ལ། ཤར་དང་བྱང་ཅུང་ཟད་གཞོལ་བར་བྱ་སྟེ། མཁའ་འགྲོ་ལས། དབུས་སུ་མཐོ་བར་བྲི་བར་བྱ། །ཤར་དང་བྱང་དུ་གཞོལ་བ་ནི། །སྔགས་པ་རྣམས་ཀྱི་དངོས་གྲུབ་འགྱུར། །དབུས་སུ་མཐོ་བས་རྒྱལ་སྲིད་དང༌། །རིག་པ་འཛིན་པའི་གནས་དག་འཐོབ། །བྱང་དུ་མཐོ་བས་འཆི་འགྱུར་རམ། །ནོར་རྣམས་བརླག་པར་འགྱུར་བ་སྟེ། །ཡང་ན་ནད་ཀྱིས་འདེབས་པར་འགྱུར། །ཇི་ལྟར་བཤད་པའི་ཤར་མཐོ་བས། །མྱུར་


JLAZ003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རིགས་རྣམས་ཟད་པར་འགྱུར། །དབུས་སུ་དམའ་བས་རང་བཞིན་ས། །སྒྲུབ་པ་པོ་ནི་འཇོམས་དང་ལྡན། །ཞེས་པས་དཀྱིལ་འཁོར་གྱི་སྟེགས་བུ་ཉིད་ལའང་མཐོ་གཞོལ་དེ་ལྟར་གོ་བར་བྱའོ། །དེའང་སྟེགས་བུ་གཉུག་མར་གནས་སུ་རུང་ན་སྨན་དང་རིན་པོ་ཆེ་ལྔ་དང་འབྲུ་ལྔ་བཅུག་པའི་བུམ་པ་གྲུབ་ན་རབ། མིན་ནའང་དེ་དག་ལ་སྲོག་ཆགས་དང་རླན་གྱིས་མི་འཇིག་པའི་བཅའ་ག་དང་བཅས་པའི་ས་གཏེར་འཛུད་པ་ནི་བཀྲ་ཤིས་པའི་ཡན་ལག་གོ །གསུམ་པ་ནི། ལས་ཐམས་ཅད་པ་བཟླས་པའི་ཡུངས་ཀར་དང་ཆུས་ས་གཞིའམ་སྟེགས་བུ་ལ་གཏོར་ཞིང༌། སྔགས་དེ་ཉིད་བཟླས་པའི་བ་བྱུང་ལྔས་ཤར་ནས་རིམ་པར་བྱུགས་པ་ལ་དྲིའི་ཆུས་ཀྱང་གཏོར། ལག་མཐིལ་གཡས་པ་ས་ལ་བཞག་པས་བསྐོར་ཞིང༌། ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊཿཅེས་བཟླས་པས་ལག་པ་ལས་བྱུང་བའི་འོད་ཟེར་གྱིས་མ་དག་པ་ཐམས་ཅད་སྦྱངས། ཨཱོཾ་བྷཱུ་ཁཾ་ཞེས་པས་ས་ཕྱོགས་ཀྱི་དངོས་པོ་ཐམས་ཅད་ནམ་མཁའི་རང་བཞིན་དུ་བྱས། སོར་མོ་རྣམས་ཁ་ཕྲལ་བ་རྡོ་རྗེ་རྩེ་ལྔར་བསམ་པས་ས་གཞི་ལ་བརྡེག་ཅིང༌། ཨོཾ་མེ་དི་ནི་བཛྲཱི་བྷ་ཝ་བཛྲ་བྷནྡྷ་ཧཱུྃ། ཨོཾ་ཧ་ན་ཧ་ན་བཛྲཱ་ཀྲོ་དྷ་ཧཱུྃ་ཕཊཿ ཅེས་བརྗོད་པས་དབང་ཆེན་ལ་ཐུག་གི་བར་གྱི་གཞི་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བཅིངས། ཨོཾ་ཨཱཿཧཱུྃ་


JLAZ003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊཿ ཅེས་བརྗོད་པས་རྡོ་རྗེ་གསུམ་གྱི་ཉེས་སྐྱོན་རྣམས་སྦྱངས་ཤིང་བསྲུངས་ལ་བརྟན་པར་བྱའོ། །དེ་ནས་སྔར་ས་ལྷ་ནམ་མཁར་བཞག་པ་ཡིན་ན་གཞིར་ཕབ་ལ་མཆོད་གཏོར་ཕུལ་ནས་ས་གཞི་ལ་བསྟིམ། པད་སྐོར་དང་བཅས། ཡི་གེ་གསུམ་དང་ཡིག་བརྒྱ་བཟླ་བ་ལ་སའི་ལྷ་མོས་ས་བྱིན་གྱིས་རློབ་པ་ཞེས་བྱའོ། །བཞི་པ་ནི། ཇི་ལྟར་སྦྱང་བྱའི་ས་དང་སྦྱོང་བྱེད་ཀྱི་སྤྲོས་པ་ཐམས་ཅད་རང་བཞིན་མེད་པའི་ཆོས་ཉིད་གཅིག་ཏུ་མཉམ་པར་བཞག་པ་སྟེ། མངོན་བྱང་ལས། སྔགས་པ་རྟོག་ལ་གནས་ནས་སུ། །གང་ཞིག་ས་སྦྱོང་བྱེད་པ་ནི། །བྱང་ཆུབ་སེམས་ནི་རྣམ་སྤངས་པས། །གསང་བའི་བདག་པོ་དེ་ཡི་བདག །དེ་བས་རྟོག་པ་རྣམས་སྤངས་ནས། །ས་ཀུན་རྣམ་པར་སྦྱང་བར་བྱ། །ཞེས་སོ། །འདི་ཡན་གྱི་ས་ཆོག་ཕལ་ཆེར་དཀྱིལ་འཁོར་གྱི་ཁང་པ་གྲུ་བཞི་སྒོ་བཞི་པ་རྟ་བབས་དང་ལྡན་པའི་དཀྱིལ་འཁོར་ཉིད་དང་རྗེས་སུ་མཐུན་པ་གསར་དུ་བསྒྲུབ་པ་ལ་དགོངས་པ་ཡིན་ཏེ་མཁའ་འགྲོ་ལས། དེ་ལྟར་སྦྱངས་པའི་ས་གཞི་ལ། །དཀྱིལ་འཁོར་དང་ནི་རྗེས་མཐུན་པའི། །རིན་ཆེན་ལ་སོགས་བཞི་འགྱུར་གྱི། །དཀྱིལ་འཁོར་གྱི་ནི་ཁང་པ་བྱ། །ཞེས་པའི་བཞི་འགྱུར་ནི་དཀྱིལ་འཁོར་ཇི་ལྟར་བྱ་བའི་སྟེགས་བུའི་བཞི་འགྱུར་རོ། །དཀྱིལ་འཁོར་གྱི་ཁང་པ་རྙིང་


JLAZ003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྡུལ་ཚོན་གྱིས་བཞེངས་ན། མི་མངོན་པ་ལ་བླང་བ་དང༌། རྫས་སྔགས་ཏིང་ངེ་འཛིན་གྱིས་སྦྱང་བ་དང་བཟུང་བ་དང་བསྲུང་བ་བཞི་རྣམས་བྱ་ལ། རས་བྲིས་ཡིན་ན་བཟུང་བ་དང་བསྲུང་བ་ཙམ་གྱིས་ཆོག་གོ །བཞི་པ་ནི། ལྷའི་རྣལ་འབྱོར་གྱི་ངང་ནས་སྐྱིལ་ཀྲུང་བཤིག་སྟེ་ལངས་ནས་བགེགས་ལ་བཀའ་བསྒོ་བ་དང་གཞི་དུལ་བར་བྱ་བའི་ཕྱིར་རྐང་པ་བྱིན་གྱིས་བརླབས་ནས་གཞི་བཅའ་བ་སྔོན་དུ་འགྲོ་བའི་རྡོ་རྗེ་རྩེ་གཅིག་པ་དང་རྩེ་གསུམ་པ་དང༌། རྩེ་ལྔ་པ་དང༌། སྣ་ཚོགས་རྡོ་རྗེ་སྟེ་རྐང་པའི་སྟངས་སྟབས་བཞིས་ས་ལ་རྡོ་རྗེ་བྲི་བ་དང༌། རྡོ་རྗེའི་མིག་གཉིས་ཀྱིས་མདུན་དུ་བལྟ་བའི་མངོན་ཕྱོགས་དང༌། རྒྱབ་ཏུ་བལྟ་བའི་ཕྱིར་ཕྱོགས་ཀྱིས་བལྟ་བ་གཉིས་གཉིས་དང༌། ཤར་དུ་གཡས་བརྐྱང་དང་ལྷོར་གཡོན་བརྐྱང་དང༌། ནུབ་ཏུ་ས་ག་དང༌། བྱང་དུ་ཟླུམ་པོ་དང༌། དབུས་སུ་མཉམ་པ་དང་ཁ་སྦྱོར་དང༌། རུས་སྦལ་རྩེ་གཅིག་པ་དང་བུང་བའི་དྲྭ་བ་སྟེ་སྟངས་སྟབས་བརྒྱད་དང་གར་གྱི་ཉམས་དགུས་ཐོ་བ་དང༌། དབྱུག་པ་དང༌། མདའ་གཞུ་དང༌། རལ་གྲིའི་ཕྱག་རྒྱ་རྣམས་བསྟན་པའི་རྡོ་རྗེའི་གར་གྱི་ལས་རིམ་ཁྲག་འཐུང་ཆེན་པོའི་རྒྱུད་སྡེ་སྤྱི་དང༌། ཁྱད་པར་སྒྱུ་འཕྲུལ་དྲྭ་བའི་གར་ལ་སོགས་པ་རྒྱུད་སྡེ་རང་རང་གི་དོན་ཁོང་དུ་ཆུད་པར་བྱ་བའི་གནས་ཡིན་ཏེ། སྤྱི་ཙམ་དུས་


JLAZ003_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བའི་སླད་དུ། ཨོཾ་པྲ་ཎ་མ་མི་སརྦ་ཏ་ཐཱ་ག་ཏཱ་ན་ཞེས་པས་དེ་བཞིན་གཤེགས་པ་རྣམས་ལ་ཐལ་མོ་སྤྱི་བོར་སྦྱར་ནས་ཕྱག་བྱས་ལ། མ་རིག་པ་དང་བདུད་ཀྱི་གཞན་དབང་དུ་སོང་བའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་ཀྱིས་བལྟས་ཏེ། དེ་དག་བསལ་བའི་ཕྱིར་རྡོར་དྲིལ་འཛིན་པས་ཁྲོ་བོའི་ང་རྒྱལ་དུ་ལངས་ཏེ། མིག་གཡས་པ་མ་ལས་ཉི་མ་དང༌། གཡོན་པ་ཊ་ལས་ཟླ་བ། མིག་འབྲས་ཧཱུྃ་ལས་དུས་མཐའི་ཞུགས་སུ་འབར་བའི་རྡོ་རྗེའི་བལྟ་བས་ཕྱོགས་ཐམས་ཅད་དུ་བལྟ་ཞིང༌། ཧཱུྃ་གི་གླུ་དང་རྡོ་རྗེའི་རྐང་བའི་སྟབས་ཀྱིས་དཀྱིལ་འཁོར་གྱི་ས་གཞི་ལ་གྱད་འགྲོས་སུ་བསྐོར་ཞིང་དེའི་ཚེ་རྐང་པའི་འོག་ནས་བསྐལ་བའི་མེ་ལྟ་བུའི་འོད་ཟེར་བྱུང་བས་གདུག་པ་ཅན་རྣམས་བྱེར་བར་བསམས་ནས་རྡོར་དྲིལ་དཔུང་འགོར་ཐོད་དབྱུག་ལྟར་གདེངས་པ་དང༌། འཁོར་ལོ་ལྟར་བསྐོར་བ་དང༌། མདའ་ལྟར་འཕང་བ་དང༌། ལྕགས་ཀྱུ་ལྟར་དགུག་པ་དང༌། ཞགས་པ་ལྟར་འཕང་བ་སོགས་ཀྱི་ཕྱག་རྒྱ་དང་ཆབས་གཅིག གཙོ་བོའི་སྔགས་དང་སུམྦྷ་ནིས་བགེགས་བསྐྲད་ཅིང་བཀའ་བསྒོ་བ་ཙམ་གྱིས་ཀྱང་དོན་ཚང་བ་ཡིན་ཏེ་ཕྲེང་བ་ལས། ཡོངས་སུ་མི་ཤེས་པའམ་མི་ནུས་པའམ་བྱ་བ་བསྡུས་པ་ལ་དགའ་བའམ་མི་འདོད་པས་ཀྱང་རུང་སྟེ་རྡོ་རྗེའི་རྐང་སྟབས་ལ་སོགས་ཐམས་ཅད་དམ་ཉུང་ཟད་མ་བསྒྲུབས་ནའང༌།


JLAZ003_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་བབ་པ་ཉམས་པར་མི་འགྱུར་ཏེ། གེགས་བསལ་བ་ནི་བསྐོར་བ་ལ་སོགས་པས་ཀྱང་འགྲུབ་པའི་ཕྱིར་རོ། །ཞེས་སོ། །དེ་ལྟར་ལྷའི་ང་རྒྱལ་ལ་གནས་པས་བགེགས་ལ་བཀའ་བསྒོས་པའི་རྗེས་ལ་དཀྱིལ་འཁོར་བྱ་བའི་གཞི་དྲི་དང་བདུད་རྩི་ལྔ་ལ་སོགས་པས་ལེགས་པར་བྱུགས། མེ་ཏོག་དང་སྤོས་དང་གླུ་གར་ལ་སོགས་པས་ཟུར་བཞི་དང་སྒོ་བཞི་ནས་མཆོད། གཞི་དེར་ཐལ་མོས་བཀབ་ནས་དཀྱིལ་འཁོར་གྱི་བདག་པོའི་སྔགས་བརྒྱ་རྩ་བརྒྱད་དང་ཡི་གེ་བརྒྱ་པ་ལན་བདུན་བཟླ་བཞིན་པར་མངོན་རྟོགས་བསྒོམས་ནས་ས་ལྷའི་འཁོར་ལོ་སྤྲོ་བསྡུ་བྱས་ལ་ཉལ་བ་ནི་ས་བཟུང་བ་དངོས་ཡིན་ནོ། །ལྔ་པ་ནི། བཀའ་བསྒོ་བྱས་ནས་དཀྱིལ་འཁོར་གྱི་གཞི་བཟུང་བའི་དུས་དེ་ཉིད་དུ་དམ་ལ་མི་འདུ་ཞིང་སླར་ལ་གནོད་སེམས་འཆང་བ་རྣམས་བཀུག་ནས་ཁྲོ་བོ་བཅུའི་ཕུར་བུས་གདབ་པ་ལས་བསྲུང་བ་ཞེས་བྱ་སྟེ། དེའང་རྗེ་བོ་བཙོན་དུ་བཅིངས་ན་འབངས་རྣམས་རང་བཞིན་གྱི་ཉན་པ་ལྟར་ཕྱོགས་བཅུའི་གདོན་གྱི་བདག་པོ་དབང་པོ་ལ་སོགས་པ་བཅུ་ཡིན་པས་དེ་དག་དཀྱིལ་འཁོར་གྱི་བྱ་བ་མ་གྲུབ་ཀྱི་བར་གཟིར་ཞིང་མནན་པའི་གཏའ་ལ་གཞུག་པ་ནི། དངོས་པོར་འཛིན་པ་ཐམས་ཅད་ཤཱུ་ནྱ་ཏས་སྟོང་པར་སྦྱངས། དེའི་ངང་ལས་རཾ་ལས་ཉི་དཀྱིལ་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལའང་ཧཱུྃ་གིས་


JLAZ003_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པའི་འོད་ཟེར་ལས་བྱུང་བའི་རྡོ་རྗེ་འབར་བ་སྤྲོས་པས་གོ་མཚམས་མེད་པར་དུམ་བུ་གཅིག་ཏུ་འཁྲིགས། དེའང་འོག་གི་ས་གཞི་སྣ་ཚོགས་རྡོ་རྗེའི་རང་བཞིན་ཅན་དུ་གྱུར་པའི་ཕྱོགས་རྣམས་རྡོ་རྗེའི་རྭ་བ་དང༌། སྟེང་རྣམས་རྡོ་རྗེའི་གུར་དང་བླ་རེར་གྱུར་པའི་ཕྱི་རོལ་མདའ་ལ་སོགས་པ་མཚོན་ཆའི་དྲྭ་བར་འཁྲིགས་པ་རྣམས་ཀྱང་འབར་ཞིང་བཟོད་པར་དཀའ་བའི་ནང་དུ་རང་ཉིད་ཁྲོ་བོ་གཞན་ལས་རྒྱལ་བ་ལ་སོགས་པ་བགེགས་རྣམས་ཟ་བར་བྱེད་པ་ཅན་དུ་བསྒོམས་ལ། སྙིང་ག་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་དཔག་ཏུ་མེད་པ་སྤྲོས། ཕྱོགས་སྐྱོང་བཅུ་པོ་བགེགས་ཐམས་ཅད་པའི་ངོ་བོར་བཀུག ཁྲོ་བོ་བཅུའི་རང་བཞིན་དུ་གནས་པའི་ཕུར་བུ་ཚད་དང་མཚན་ཉིད་ཚང་བ་ཉིད་རྡོ་རྗེ་སྡེར་མོའི་རིགས་པ་དང་བཅས་དབང་ལྡན་ནས་བརྩམས་པའི་ཕྱོགས་སྐྱོང་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐལ་བྱུང་དུ་ཕུག་པས་ཆོས་ཉིད་ཀྱི་ངང་དུ་བརྒྱལ་བར་བསམས་ལ་ཕུར་གདན་ལ་འདེབས་པའམ། སྟེགས་བུའི་མཐའ་བསྐོར་འོད་ཕྲེང་གི་ཐད་དམ། དཀྱིལ་འཁོར་གྱི་ཁང་བའི་ཕྱི་རོལ་ཕྱོགས་བརྒྱད་དུ་འདེབས་པ་གང་བདེར་འདོད་ལ། དེའང་སྟེང་ཤར་གྱི་ཤར་དང་འོག་ནུབ་ཀྱི་ནུབ་ཏུའོ། །གལ་ཏེ་ཕུར་བུ་གཅིག་ལས་མེད་ན་དམིགས་པ་སྔ་མ་ལྟར་དུ་བསྒོམས་ཤིང་དཀྱིལ་འཁོར་གྱི་དབུས་སུ་དམིགས་ནས་དབང་ལྡན་གྱི་ཕྱོགས་སུ་གདབ་


JLAZ003_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། གཅིག་ཀྱང་མེད་ན་ལག་པའི་ཁུ་ཚུལ་གན་རྐྱལ་དུ་གནས་པ་བསྒྱུར་ནས། ཨོཾ་བཛྲ་ཨཱཿཧཱུྃ་ཞེས་ས་ལ་བསྣུན་པའི་ཏིང་ངེ་འཛིན་གྱི་ཕུར་བ་དམིགས་པ་སྔ་མ་ཇི་ལྟ་བས་གདབ་པར་རུང་སྟེ། ཡང་ན་ཡེ་ཤེས་ཀྱིས་ནུས་ན། ཏིང་ངེ་འཛིན་གྱི་ཕུར་བུས་གདབ་ཅེས་བཤད་པའོ། །དེ་ལ་ཕུར་པའི་རྒྱུ་ཚད་དང་དབྱིབས་བྱུག་བདུག་བྲབ་གསུམ་བྱས་པའི་ལས་བཞི་སོ་སོའི་རྣམ་པ་ཐ་དད་པ་བསྒོམ་དོན་ལ་སོགས་པ་ནི་རྡོ་རྗེ་ཕུར་པའི་རྒྱུད་སྡེ་ཁོ་ན་བཤད་གཞི་རྨད་དུ་བྱུང་བས་བཟོ་ལ། ཁྲོ་བཅུ་སོ་སོའི་གར་གྱི་སྟངས་སྟབས་ཀྱང་ཡེ་ཤེས་རྩེ་མོའི་རྒྱུད་ལས་ཤིན་ཏུ་གསལ་བར་བསྟན་ཏོ། །གསུམ་པ་སྟ་གོན་ལ་ཡན་ལག་བཞི་སྟེ། ས་ལྷ་དང༌། དཀྱིལ་འཁོར་བའི་ལྷ་དང༌། བུམ་པ་དང༌། སློབ་མ་སྟ་གོན་ནོ། །དེ་ལ་དང་པོ་ནི་ས་ཆོག་གི་སྐབས་སུ་ཡོད་པས་སྐབས་འདིར་མི་བྱེད་པ་མང་བས་མེད་ཀྱང་རུང་ལ། འོན་ཀྱང་ལྷག་པའི་ཉེས་པ་མེད་དེ་རྡོ་རྗེ་ཕྲེང་བ་ལས་དེ་ལྟར་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ལྷ་སྟ་གོན་མ་བྱས་ན་ལྷ་ལ་དབང་ཟ་བ་དང་བརྙས་པའི་ཉེས་ ཡོད་པས་སྙན་གསན་དབབ་པའི་དོན་དུ་སྟེ། དེ་ལ་དཀྱིལ་འཁོར་ཇིཙམ next hit་བྱ་བའི་ཚད་ནི་ལྷའི་རིགས་ཀྱི་སྒོ་ནས་བཞག་ན། རྡོ་རྗེའི་རིགས་དང༌། དེ་བཞིན་གཤེགས་པ་དང༌། རིན་པོ་ཆེ་དང༌། གར་དབང་དང༌། དོན་གྲུབ་ཀྱི་


JLAZ003_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་རྣམས་ཁྲུ་གསུམ་པ་ནས་བདུན་པའི་བར་ཇེ་ཆེར་སྤར་བའི་ཚུལ་རྡོ་རྗེ་གུར་ལས། རྡོ་རྗེ་ཅན་གྱི་ཁྲུ་གསུམ་སྟེ། །སངས་རྒྱས་དཀྱིལ་འཁོར་ཁྲུ་བཞི་པ། །ཁྲུ་ལྔ་པ་ནི་སྣང་བྱེད་ལའོ། །གར་གྱི་དབང་ཕྱུག་ཁྲུ་དྲུག་པ། །རྟའི་རྒྱལ་པོ་ཁྲུ་བདུན་པའོ། །ཞེས་སོ། །གནས་ཁང་ཡངས་དོག་ལ་སོགས་པའི་སྒོ་ནས་བཞག་ན་གསང་བའི་སྙིང་པོ་དང༌། ཐབས་ཀྱི་ཞགས་པ་ལས་དོན་མཐུན་པར། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཡང་ན་ཁྲུ་ནི་གསུམ་གྱི་ཚད། །ཡང་ན་ལུས་གང་ཚད་དུ་སྟེ། །ཡང་ན་ལུས་ཀྱི་གསུམ་གྱི་ཚད། །ཡང་ན་ཁྲུ་ནི་སུམ་ཅུ་གཉིས། །ཞེས་སོ། །སྦྱིན་བདག་གི་འབྱོར་བའི་སྒོ་ནས་བཞག་ན་བཅོམ་ལྡན་འདས་ཀྱིས། འཛམ་བུའི་གླིང་གི་དབང་ཕྱུག་གམ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིས། །ཀུན་ནས་དཔག་ཚད་མཐའ་རུ་ནི། །དཀྱིལ་འཁོར་རབ་ཏུ་བྲི་བར་བྱ། །མཁས་པས་གདུལ་བྱའི་སྐྱེ་བོ་ཡི། །སེམས་རྣམས་ཡང་དག་བལྟས་ནས་ནི། །འདོད་པས་ཚད་རྣམས་བྱས་ན་ཡང༌། །ཉེས་པ་ཅུང་ཟད་ཡོད་མ་ཡིན། །ཞེས་རྒྱལ་པོ་ལ་སོགས་པས་ཡོན་སྦྱར་ན་དཔག་ཚད་ཙམ་ཡང་མ་བཀག་ལ། གདུལ་བྱའི་ཁམས་དང་འབྱོར་བའི་དབང་དུ་ལག་མཐིལ་ཉིད་དུའང་བྲི་བར་རུང་ན་སའི་སྟེང་དུ་ནི་ཆེ་ཆུང་ཐ་དད་པ་ཉིད་མོས་པའི་རྗེས་སུ་རུང་བའི་ཚུལ། རང་གི་འདོད་


JLAZ003_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པས་དཀྱིལ་འཁོར་ཀུན། །ལག་པའི་མཐིལ་དུ་བྲིས་བྱས་ནས། །བསྟན་བཅོས་ལས་བྱུང་དོན་བྱེད་དེ། །ས་སྟེང་སོགས་སུ་སྨོས་ཅི་དགོས། །ཞེས་ལག་གིས་བྲི་བར་མ་ནུས་པ་རྣམས་ཡིད་ཀྱིས་བྲི་བར་བསྟན་པ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་ཆེ་ཆུང་ཇི་ཙམ་བྱ་བའི་གཞི་ངེས་པར་བྱས་ནས་ལྷ་གནས་ཤེས་པར་བྱ་བའི་ཕྱིར་ཐིག་གི་བྱ་བ་བསྒྲུབ་པ་ཡིན་ལ་དེ་ལའང་ལས་ཐིག་སྔོན་ལ་གདབ་པ་དང༌། ཡེ་ཐིག་སྔོན་ལ་གདབ་པའི་ལུགས་གཉིས་ལས། དང་པོ་ནི་ས་ར་ཧས། དང་པོ་དཀར་རྩི་ཐིག་སོགས་པས། །རིམ་བཞིན་ཐིག་གདབ་ངེས་པར་བྱ། །དེ་སྟེང་ཡེ་ཤེས་ཐིག་བཏབ་པས། །ཀུན་ཀྱང་ཡོངས་སུ་བརྐྱང་བར་བྱ། །ཞེས་དམ་ཚིག་པ་ལ་ཡེ་ཤེས་པ་གཞུག་པའི་ཚུལ་གྱིས་ཐོག་མར་བྱིན་གྱིས་བརླབས་པའི་གཞི་ལས་ཐམས་ཅད་པའི་ལྷའི་ངོ་བོར་མོས་པའི་གཤེར་ཐིག་དཀར་པོ་བཏབ་ལ། དེ་ནས་རློབ་བྱེད་ཡེ་ཐིག་གིས་ལས་ཐིག་དེ་བྱིན་གྱིས་བརླབ་པའི་ཕྱིར་དུ་དགོངས་པ་ཡིན་ཏེ། འདི་ལྟར་ཡེ་ཐིག་ནམ་མཁའ་ལ་གདབ་པ་བཞིན་དུ་ས་ལའང་སྔ་མའི་སྟེང་དུ་འདེབས་པའི་དོན་དུ་རིག་པར་བྱའོ། །གཉིས་པ་ནི། སྡོམ་འབྱུང་ལས། བློ་ལྡན་ནམ་མཁར་ཐིག་གདབ་བྱ། །དེ་བཞིན་འོག་ཏུ་ཐིག་རབ་གདབ། །ཅེས་དང༌། རྡོ་རྗེ་ཕུར་བུ་འབར་བ་ལས། །ཐིག་


JLAZ003_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྐུད་ཡེ་ཤེས་ལྔ་ལྡན་པ། །ལྟེ་བར་ཁུ་ཚུར་གཡོན་གྱིས་བཟུང༌། །ལས་ཀུན་བྱེད་པས་བཟུང་ནས་ནི། །ནམ་མཁར་བཏབ་པས་རང་བཞིན་དང༌། །ཏིང་འཛིན་དཀྱིལ་འཁོར་གསལ་བར་བྱེད། །གཟུགས་བརྙན་གསལ་ཕྱིར་ས་ཐིག་གདབ། །ཅེས་སྤྲུལ་གཞི་ལས་སྤྲུལ་པ་འབྱེད་པ་ལྟར་ཡེ་ཐིག་སྔོན་ལ་བཏབ་པས་བར་སྣང་ལ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བར་གྱུར་པ་དེའི་གཟུགས་བརྙན་གཉིས་པ་ཞིག་བྱད་དང་མེ་ལོང་གི་རྣམ་པ་ལྟར་ས་ལ་སྤྲུལ་པའི་དཀྱིལ་འཁོར་དུ་བལྟར་མངོན་པར་བྱིན་གྱིས་རློབ་པའི་དོན་དུ་ཡེ་ཐིག་སྔོན་དུ་བསྟན་པ་ཡིན་པར་རིག་པར་བྱ་སྟེ། ཅིའི་ཕྱིར་ན་སྟོན་པ་སྐུ་གསུམ་གྱི་སྤྲུལ་གཞིའང་ཆོས་ཀྱི་སྐུ་ཅི་ཡང་མ་ཡིན་པའི་གདངས་ལོངས་སྤྱོད་རྫོགས་པར་འཆར་ཞིང༌། དེ་ལས་སྤྲུལ་བའི་སྐུ་སྣ་ཚོགས་སུ་སྟོན་པའི་ཁྱབ་བྱེད་དང་སྒོ་མཐུན་པ་ཡིན་ནོ། །དེའང་ལས་ཐིག་གི་རྒྱུན་ནི་རས་བལ་དཀར་པོ་དང༌། ཡེ་ཐིག་གི་རྒྱུ་ནི་ཚོན་སྣ་ལྔ་པ་སྟེ། གཉིས་ཀའང་རིན་ལ་མ་བརྩེགས་པའི་དཔའ་བོའི་རིན་གྱིས་ཉོས་པ་གང་ཞིག་གཞོན་ནུ་མས་བཀའ་ཐབས་ལེགས་པར་བྱས་པ་སྟེ། ཧེ་རུ་ཀ་གལ་པོ་ལས། རས་བལ་པདྨའི་རྒྱུས་པ་དང༌། །ཤི་བའི་སྐྲ་ཡི་སྐུད་པའམ། །བྷ་སུ་ཏ་ཡི་ཐིག་སྐུད་བྱ། །ཞེས་དང༌། པུཎྜ་རཱི་ཀ་ལས། གཟུངས་


JLAZ003_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཚན་དང་ལྡན་པ་གཅིག །ལས་ཀྱི་རྡོ་རྗེ་མོར་དབང་བསྐུར། །ཐིག་སྐུད་འཁེལ་དུ་གཞུག་པའོ། །ཞེས་དང༌། སྤྱི་རྒྱུད་ལས་ཀྱང༌། དཀྱིལ་འཁོར་ཐིག་གདབ་ཐིག་སྐུད་ནི། །ཁ་བསྒྱུར་གཙང་མ་སྲ་ཞིང་ཕྲ། །དེ་བཞིན་བུ་མོ་གཞོན་ནུས་བཀལ། །གསར་པ་ཤིན་ཏུ་ཚང་བ་དང༌། །མཛེས་ཤིང་ཤིན་ཏུ་རན་པ་དང༌། །དྲི་ཞིམ་རེག་ན་བདེ་བ་དང༌། །ལེགས་པར་བཀལ་དང་ཕྲ་བ་དང༌། །སྦོམ་ཕྲ་ལ་སོགས་བཀལ་ལེགས་དང༌། །འཇུར་མདུད་མེད་པར་གྱུར་པ་ཡི། །ཐིག་སྐུད་མེ་ཏོག་སྤོས་མཆོད་པས། །ཤེས་རབ་ཅན་གྱིས་ཐིག་གདབ་བོ། །ཞེས་སོ། །རིང་ཐུང་གི་ཚད་ནི་ཁུ་ཚུར་གྱི་སོར་མོ་བཞི་གང་བའི་ཆང་བཟུང་ལྷག་པའི་དཀྱིལ་འཁོར་གྱི་ཉིས་འགྱུར་དང་སྦོམས་སུ་སྒོའི་ཉི་ཤུ་ཆར་བྱེད་ལ། དེ་ལས་རིང་ཐུང་བྱུང་ན་སློབ་དཔོན་ནད་ཀྱིས་འདེབས་པར་སྤྱི་རྒྱུད་ལས་བཤད་ལ་ཉིས་འགྱུར་ལ་རིང་ཐུང་གཉིས་སུ་ཡོད་དེ་རིང་བ་ནི་འོད་ཕྲེང་ནས་འོད་ཕྲེང་གི་བར་དང༌། ཐུང་བ་ནི་རྭ་རྩེ་ནས་རྭ་རྩེའི་མཐར་ཐུག་པའོ། །དེའང་ལས་ཐིག་ཐོག་མར་གདབ་པའི་ལུགས་ལྟར་ན། ལས་ཐིག་གི་བྱ་བ་ནི་ས་གཞི་ཁོ་ན་ལ་ཡིན་ཀྱང༌། ཡེ་ཐིག་གི་བྱ་བ་ནི་ནམ་མཁའ་དང་ས་གཞི་གཉིས་ཀ་ལ་བྱེད་དགོས་པ་ཉིད་དོ། །ལ་ལ་ཡེ་ཐིག་ནམ་མཁའ་ལ་བཏབ་པའི་ཕྱི་ནས་ས་ལ་གདབ་ཏུ་


JLAZ003_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་བའི་ཁྱད་པར་འབྱེད་པ་ལྟར་ན་ཚོན་སྣ་ལྔ་པའི་ཐིག་སྐུད་གཉིས་དང༌། ཚོན་སྣ་གཅིག་པའི་ཐིག་སྐུད་གཅིག་སྟེ་གསུམ་དགོས་པའི་ཕྱོགས་སུ་སྣང་ཡང་དེ་ནི་ནམ་མཁའ་དང་ས་ལ་གདབ་པའི་ཡེ་ཐིག་གཉིས་ཀ་ཐིག་སྐུད་གཅིག་གིས་རུང་བའི་ཕྱོགས་དང་འགལ་བ་ཉིད་དོ། །འོན་ཀྱང་དཀྱིལ་འཁོར་གཞན་དུ་ལོངས་སྤྱད་ཟིན་པའི་ཐིག་སྐུད་ནི་དམན་པ་ཡིན་པས་མི་རུང་བར་སློབ་དཔོན་སངས་རྒྱས་གསང་བ་བཞེད་དོ། །ཡང་ཡེ་ཐིག་སྔོན་ལ་འདེབས་པའི་ལུགས་ལ་ནི་ཐིག་སྐུད་ཟུར་པ་མེད་ན་དེའི་ཡེ་ཤེས་པ་བཛྲ་མུཿས་གཤེགས་སུ་གསོལ་བའི་ཐིག་སྐུད་ལ་གཉིས་པའི་མིང་དུ་བཏགས་ལ། དེ་ཉིད་བདུད་རྩི་ལྔ་དང་དཀར་ཆལ་གྱིས་སྦགས་པས་ཀྱང་རུང་སྟེ། དཀྱིལ་འཁོར་གཞན་དུ་ལོངས་སྤྱད་པའི་གཞན་སྒྲ་ནི་ལས་དང་བྱ་བ་དང་ཆོ་ག་དང་དུས་གང་རུང་ཐ་དད་པ་ཞིག་ལ་འདོད་ཀྱིས། དཀྱིལ་འཁོར་གཅིག་གི་བྱ་བ་སྔ་ཕྱི་ལ་གཞན་སྒྲ་མི་འཇུག་པའི་ཕྱིར་རོ། །དེ་ལྟར་ལུགས་གཉིས་པོ་གང་ཡང་རྒྱུད་དང་མན་ངག་གི་དགོངས་པ་དང་མི་འགལ་བས། དགོས་པའི་ཁྱད་པར་དེ་དང་དེར་ངེས་པར་བྱས་ནས། ཐོག་མར་བྱིན་གྱིས་བརླབ་པའི་ཚུལ་ནི། ཡེ་ཤེས་ཀྱི་ཐིག་སྐུད་དཔའ་བོ་འབྲུ་ལྔས་བརླབ་པ་དང༌། དམ་ཚིག་གི་ཐིག་སྐུད་འབྲུ་གསུམ་གྱིས་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བརླབ་


JLAZ003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་རང་རང་གི་དཀྱིལ་ཆོག་ལྟར་བྱས་ནས་གདབ་པའི་ཚུལ་ནི་སློབ་དཔོན་ཡབ་ཡུམ་མམ། དེར་བཏགས་པའི་སྒྲུབ་གྲོགས་གཉིས་ཀ་ལྷ་སྐུར་གསལ་བའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་རང་བཞིན་ཐིག་སྐུད་ཀྱི་རྣམ་པར་བརྐྱང་བར་མོས་ནས་ཐིག་སྐུད་མ་ཆད་པ། ཐིག་སྣ་མ་ཤོར་བ། ཕྱོགས་མ་འཁྲུལ་པ་སྟེ་སློབ་དཔོན་གྱི་སྡོད་ས་མ་འཕྱུགས་པ། སློབ་མས་སློབ་དཔོན་ལ་རྒྱབ་མི་སྟོན་པ། ཐིག་ལ་མ་འགོངས་པའི་ཚུལ་ལ་བསྒྲིམས་ནས་གདབ་པའི་ཚུལ་རྡོ་རྗེ་ལས་རིམ་ལས། ཐིག་སྐུད་ཆད་ན་སློབ་དཔོན་འགྲོངས། །ཕྱོགས་འཕྲུལ་བས་ནི་གཉིས་ཀ་ཉམས། །རྒྱུད་ཆད་ལམ་ལ་གནོད་པ་སྟེ། །དེ་ཕྱིར་མཁས་ལྡན་བསྒྲིམས་ཏེ་བྱ། །ཞེས་དང༌། དེའི་ནང་ནས་ཐིག་སྐུད་ཀྱི་པྲ་རྟགས་ངན་པ་ནི་ཚངས་ཐིག་གཉིས་འདེབས་པའི་དུས་ལ་གཙོ་བོར་བརྟག་གོ །དེ་ཡང༌། རབ་གནས་ལྡན་པའི་ཐིག་འགོམས་ན། །བདེ་གཤེགས་སྐུར་པ་བཏབ་དང་མཚུངས། །སངས་རྒྱས་ཆོས་ལས་རིང་འགྱུར་བས། །ཧྲཱིཿསྒྲའི་ཕྱག་རྒྱས་འཛུལ་བར་བྱ། །ཞེས་ཐིག་ལ་རང་དབང་མི་འདུ་བར་འགོམས་དགོས་ན་ཧྲཱིཿའི་སྒྲས་ནམ་མཁའ་ལ་བཏེག་པའི་འོག་ཏུ་འཛུལ་བར་མོས་ཤིང༌། དེ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་རྣམས་


JLAZ003_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བློས་བཏགས་པ་ཙམ་ལས་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པའི་དོན་རྟོགས་ན་ཕྱོགས་འཆོལ་བའི་ཉེས་པའང་རང་བཞིན་གྱིས་ཁེགས་པ་ཉིད་དོ། །རྒྱུད་སྡེ་རྣམས་ནས་ཐིག་སྐོར་བྱ་ལུགས་གསུམ་དུ་བཤད་ཀྱང་དཱ་རི་ཀ་པས། གཡོན་ནས་བསྐོར་བའི་སྦྱོར་བ་ཡི། །རྣམ་པ་ཀུན་ཏུ་ཐིག་གདབ་བྱ། །མཚམས་ཀྱི་ཆ་ནི་གཡས་སུ་སྟེ། །ཞེས་ཕྱོགས་ཐིག་གཡོན་བསྐོར་དང༌། །མཚམས་ཐིག་གཡས་སྐོར་དུ་བྱ་བ་ནི་རྟེན་འབྲེལ་གྱི་སྒོ་ནས་སྤྱི་ལ་ཁྱབ་ཆེ་བ་ཡིན་ནོ། །དེ་ལ་འདིར་སྟ་གོན་གྱི་ལྷ་གནས་ཐིག་ལ་བརྟེན་ནས་མ་འཆོལ་བར་ངོས་འཛིན་པ་དང༌། དགོས་པ་དེ་གཅིག་པོར་མ་ངེས་པས་སྙན་གསན་དབབ་པ་ལྟ་བུའི་སླད་དུ་དམིགས་ནས་དཀྱིལ་འཁོར་བྱ་བའི་གཞིར་མཎྜལ་ལ་དྲིའི་ཐིག་ལེར་ཚོམ་བུ་འགོད་པའི་ལུགས་གཉིས་ལས། དང་པོ་ལྟར་ན་སྐབས་འདིར་ས་ཐིག་ངེས་པར་འདེབས་དགོས་ལ། ཕྱི་མ་ལྟར་ན་འོག་ཏུ་ཡེ་ཐིག་སྔོན་དུ་འགྲོ་བས་ཐིག་གི་ལས་ཐམས་ཅད་ཆིག་རྫོགས་སུ་བྱ་བ་འཇུག་པ་བདེ་བ་ཉིད་དོ། །འདིར་ནི་རྟོག་པ་ཅན་གྱི་སྣང་ངོ་ལ་གཟོ་བ་དང་པོའི་ཕྱོགས་ལྟར་བཤད་ན། སློབ་དཔོན་ཞལ་ཤར་དང༌། ཐིག་གཡོག་ནུབ་ཏུ་ཕྱོགས་པས་རྒྱུད་སྡེ་སོ་སོའི་རང་ལུགས་དང་མཐུན་པའི་ཐིག་གདབ་པ་ཡིན་ལ། ཐིག་གིས་ནི་གཞལ་ཡས་ཁང་གི་མཚན་ཉིད་གཏན་ལ་འབེབས་པའི་ཕྱིར་ན་སྔ་འགྱུར་


JLAZ003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་ཆེན་པོའི་རིང་ལུགས་ལ་བརྟེན་ནས་དཀྱིལ་འཁོར་གྱི་བཀོད་པའི་མི་འདྲ་བ་གསུམ་བསྟན་པ་ལས་ཐོག་མར་འདུས་པ་མདོའི་དཀྱིལ་འཁོར་སྒོ་སྦྲག་དགུ་པ་བཤད་པར་བྱ་སྟེ། དེ་ལ་བཅུད་ཆགས་པའི་དང་པོ་ཚངས་པ་ཡིན་པས་ཐིག་གི་ཐོག་མའི་མིང་ལའང་དེ་ལྟར་གྲགས་པའོ། །ཐོག་མར་ཤར་ནུབ་ཚངས་ཐིག་གདབ། དབུས་ནས་ཕྱོགས་བཞིར་མཚན་མ་བྲི། །ཤར་ནུབ་ཚད་ནས་བསྣོལ་ཐིག་དང༌། །ཕྱོགས་བཞིའི་ཚད་ནས་ཟུར་ཐིག་གིས། །བྱ་རྗེས་བཙལ་ལ་ལེགས་པར་གདབ། །ཐིག་ཆེན་བརྒྱད་པོ་གྲར་བཅད་ལ། །ཚངས་པའི་ཐིག་གི་ཕྱོགས་བཞི་ནི། །མཉམ་པ་བདུན་དུ་གཞལ་བ་ལས། །དང་པོ་ལྟེ་བ་འཁོར་ལོའི་ས། །ལྷག་རྣམས་ཆ་མཉམ་གཉིས་སུ་བཅད། །ནང་མ་བརྒྱད་གསིལ་ནང་སྒོ་བརྒྱད། །ཕྱི་མ་ཕྱི་ཡི་སྒོར་འདོད་དེ། །རེ་རེའང་གསུམ་གསུམ་དག་ཏུ་བགོ །ཀུན་གྱི་ནང་མ་ཁྱམས་ཡིན་ལ། །བར་མའི་དབུས་དོར་མཐའ་བཏབ་པ། །རྩིག་པ་འདོད་སྣམ་ཕ་གུའི་གནས། །ཕྱི་མ་ཕྱེད་གདབ་ཕྱི་མ་གསིལ། །མུན་པ་མདའ་ཡབ་ཤར་བུའི་གནས། །ནང་སྒོ་བརྒྱད་ཀྱི་གཡས་གཡོན་དུ། །ཚངས་པའི་ཐིག་ལ་རང་ཚད་ཀྱི། །ཆ་ཕྲན་ལྔ་གདབ་སྒོ་ཁྱུད་དང༌། །རྩིག་པའི་གནས་སུ་ངེས་པ་ཡིན། །སྒོ་ནི་ཕྱི་མའི་གཡས་དང་


JLAZ003_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན། །རང་ཚད་ཆ་ཆེན་གཉིས་གཉིས་དང༌། །མདའ་ཐིག་ཕྱི་ཡི་ཆ་ཆེན་གསུམ། །བཏབ་པའི་གཡས་གཡོན་ཆ་ཆེན་གྱི། །དང་པོའི་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞིར་གསིལ་བ་དག །འགྲམ་ལོགས་རྩིག་པ་མུན་པ་དང༌། །ཀ་བ་ཀ་རྒྱན་རྣམས་ཀྱི་ས། །ཕྱི་མའི་ཆ་ཆེན་གསུམ་པོ་ཡི། །ནང་མ་གཉིས་པོ་ཆ་བཞི་སྟེ། །ཏྭ་ར་ཎ་བརྒྱད་ཆ་མཉམ་ལས། །དང་པོ་ཀ་རྒྱན་མཐའ་དང་མཉམ། །གཉིས་གསུམ་དེ་ལས་གཅིག་ཕྱིར་འཕྱར། །བཞི་པ་གཉིས་བསྐུམ་ལྔ་པ་གཅིག །ཕྱིར་འཕྱང་དྲུག་པ་གཉིས་སུ་བསྐུམ། །བདུན་བརྒྱད་རིམ་པར་རེ་རེ་འཕྱར། །རིམ་པས་རྟ་རྐང་ཆུ་སྐྱེས་དང༌། །སྒྲོམ་དང་ཟ་ར་ཚགས་སྣ་མཆོངས། །བསྒྲིལ་འཕྱང་ཤར་བུ་ཁྱུང་མགོའོ། །སྣམ་བུ་གསུམ་པའི་ཕྱི་ཐིག་དང༌། །ཚངས་ཐིག་ཕྲད་པ་ནས་བརྩམས་ཏེ། །ཆ་ཕྲན་གཉིས་ཀྱི་གླང་རྒྱབ་དབུས། །མུན་པའི་ཕྱི་ཐིག་ཚངས་གནས་ཀྱི། །གཡས་གཡོན་ཆ་ཕྲན་གཉིས་ཐལ་ནས། །སྔར་བཞིན་བསྐོར་བ་མུན་པའི་མཐོངས། །ཆ་ཕྲན་གཅིག་བསྐོར་མུ་རན་ཏེ། །འཁོར་ལོ་ཉིས་འགྱུར་པདྨ་དང༌། །གདུགས་ནི་ཆ་ཕྲན་རེ་རེའོ། །སྣ་ཚོགས་རྡོ་རྗེའི་རྭ་གཡས་གཡོན། །སྣམ་བུ་གསུམ་པའི་ཕྱི་ཐིག་དང༌། །ཚངས་ཐིག་གཉིས་ཕྱིན་འཛོམ་པ་ནས། །བཟུང་སྟེ་ཀ་


JLAZ003_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་རྩེ་ནས་བསྐོར། །དེ་ནས་ཕྲེད་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔོན་མའི་ཚད་དེས་བསྐོར། །དབུས་རྭ་རྩ་བའི་རྒྱ་ཚད་ནི། །བལྟར་མི་མངོན་ཡང་ཆ་ཆེན་གཅིག །རིམ་ཕྲ་རྩེ་མོ་ཆ་ཕྲན་གཉིས། །པད་འཁོར་གདུགས་ཀྱི་འོག་ཏུ་སྦྱར། །ལྟེ་བའི་སུམ་ཆ་ཟླུམ་པོར་བསྐོར། །དེ་མཐར་གསུམ་བསྐོར་ཆ་ཕྲན་རེ། །དེ་མཐར་གྲུ་ཐིག་ལ་རེག་པར། །བསྐོར་བའི་ནང་དུ་ཆ་ཕྲན་གཅིག །རིམ་པར་བསྐོར་བ་ལྟེ་བ་དང༌། །མུ་ཁྱུད་རྩིབས་དང་རྩིབས་རྟེན་ཡིན། །ཕྱི་མའི་མདའ་ཐིག་ཕྱི་རོལ་དུ། །ཆ་ཕྲན་གཅིག་དང་ཆ་ཆེན་གཅིག །ཕྱེད་དང་གཅིག་ཏུ་བསྐོར་བ་ནི། །པདྨ་དུར་ཁྲོད་རྡོ་རྗེ་དང༌། །མེ་རིའི་ས་རུ་ངེས་པ་ཡིན། །སྟེང་ཁང་ཞི་བའི་དཀྱིལ་འཁོར་ནི། །སྒྱུ་འཕྲུལ་ཞི་བ་ཇི་བཞིན་ཏེ། །ཐིག་ཆེན་བརྒྱད་པོ་སྔར་བཞིན་ལ། །ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་ལ། །རྩ་བའི་བརྒྱད་ཆ་སྒོ་ཉིད་ལ། །སྒོ་ཡི་བཞི་ཆ་ཆ་ཕྲན་ནོ། །ཚངས་ཐིག་ནས་བཟུང་དང་པོ་དང༌། །དྲུག་པ་ཕྱེད་གདབ་ཕྱི་མ་གསིལ། །གཉིས་བདུན་བརྒྱད་རྣམས་ཆ་བཞི་དང༌། །ལྔ་དགུ་དབུས་དོར་མཐའ་གཉིས་གདབ། །གསུམ་པ་རང་བཞག་བཞི་པའི་ནང༌། །ཆ་ཕྲན་གཅིག་ཏུ་གདབ་པར་བྱ། །དབུས་ནས་ཟླུམ་སྐོར་ཆ་ཕྲན་ལྔ། །གཅིག་དང་ལྔ་དང་གཅིག་རྣམས་ནི། །ལྟེ་བ་


JLAZ003_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁྱུད་རྩིབས་རྩིབས་བརྟེན། །གྲུ་ཐིག་ཕྱི་རུ་ཆ་ཕྲན་གཅིག །སྲིད་དུ་སྒོ་ཚད་གློ་འབུར་ཏེ། །དེ་ནས་རིམ་བཞིན་ཁྱམས་རྩིག་པ། །འདོད་སྣམ་ཕ་གུ་དྲ་ཕྱེད་དང༌། །ཤར་བུ་མདའ་ཡབ་དག་གི་ས། །སྒོ་ཁྱུད་ཆ་ཆེན་འགྲམ་དང་ལོགས། །དེ་ཡི་ཕྱེད་ཡིན་མུན་པ་དང༌། །ཀ་བ་ཀ་རྒྱན་ཆ་ཕྲན་རེ། །རྟ་བབས་བརྒྱད་ནས་གདུགས་ཀྱི་བར། །སྔ་མ་ཇི་བཞིན་འདིར་ཡང་དྲན། །མདའ་ཐིག་ཟུར་ནས་ཆ་ཕྲན་གཅིག །དོར་མཐར་གཅིག་དང་གཉིས་གཉིས་དང༌། །ཆ་ཆེན་གཅིག་ཏུ་བསྐོར་བ་ནི། །རྩིབས་རྟེན་པདྨ་རྡོ་རྭ་དང༌། །མེ་རི་ར་བ་རྣམས་ཀྱི་ས། །རྩ་ཐིག་སྒོ་ཁྱུད་འཛོམ་རྩེ་ནས། །རྩིབས་རྟེན་ཚངས་ཐིག་ཕྲད་པའི་བར། །གཡས་ནས་གཅིག་ཤོས་གཡོན་ནས་གཡས། །བསྐོར་བ་འོག་གཞི་འཁོར་ལོའི་རྩིབས། །སྒྱུ་འཕྲུལ་ཁྲོ་བོའི་ཁྱད་པར་ནི། །ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་གདབ། །ནང་མ་གསུམ་པོ་ཕྱེད་གཏུབ་ཀྱི། །དང་པོ་ཕྱེད་གདབ་ཕྱི་མ་ཕྱེད། །གཉིས་པ་དང་ནི་བཞི་པའི་ནང༌། །བཞི་ཆ་གཅིག་རེ་གདབ་པར་བྱ། །ལྔ་པ་དབུས་དོར་མཐའ་གཉིས་གསིལ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །དེ་ནི་ནང་གི་སྒོ་ཡིན་ལ། །ཆ་ཆེན་བཞི་པ་ཕྱི་ཡི་ཁྱམས། །ལྔ་དགུ་དབུས་དོར་མཐའ་གཉིས་གསིལ། །དྲུག་པ་ཕྱེད་གདབ་ཕྱི་མའང་གདབ། །བདུན་དང་བརྒྱད་པ་ཆ་


JLAZ003_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་བགོ །ཕྱི་སྒོ་ཚངས་ཐིག་གཡས་གཡོན་དུ། །ཆ་ཆེན་གཉིས་གཉིས་བཏབ་པ་ལས། །དང་པོ་ཕྱེད་གདབ་ཕྱི་མ་བཅད། །གཉིས་པ་ཆ་ཕྲན་བཞི་རུ་གསིལ། །དབུས་ནས་ཟླུམ་སྐོར་ཆ་ཕྲན་ལྔ། །གཅིག་དང་ལྔ་དང་གཅིག་རྣམས་ནི། །ལྟེ་བ་མུ་ཁྱུད་རྩིབས་རྩིབས་རྟེན། །དེ་ནས་ནང་གི་གློ་འབུར་གྱི། །དཀྱུས་སུ་སྒོ་ཚད་ཞེང་ཆ་ཕྲན། །ཁྱམས་རྩིབས་འདོད་སྣམ་ཕ་གུ་དང༌། །དྲྭ་ཕྱེད་ཤར་བུ་མདའ་ཡབ་བོ། །སྒོ་ཁྱུད་སྒོ་ཚད་འགྲམ་ལོགས་གཉིས། །དེ་ཡི་ཕྱེད་དེ་ནང་སྒོའོ། །ཕྱི་མ་རིམ་བཞིན་ཕྱི་ཁྱམས་དང༌། །རྩིག་པ་འདོད་སྣམ་ཕ་གུ་དང༌། །དྲྭ་ཕྱེད་ཤར་བུ་མདའ་ཡབ་ས། །སྒོ་ཁྱུད་ཆ་ཆེན་འགྲམ་དང་ལོགས། །དེ་ཡི་ཕྱེད་ཡིན་མུན་པ་དང༌། །ཀ་བ་ཀ་རྒྱན་ཆ་ཕྲན་རེ། །རྟ་བབས་གདུང་བར་གོང་དང་མཚུངས། །མདའ་ཐིག་ཟུར་ནས་ཆ་ཕྲན་གཅིག །དོར་མཐར་ཆ་ཕྲན་གཅིག་དང་གཉིས། །ཆ་ཆེན་གཅྀག་དང་དེ་ཕྱེད་དང༌། །ཆ་ཆེན་གཅིག་ཏུ་བསྐོར་བ་ནི། །རྩིབས་རྟེན་པདྨ་དུར་ཁྲོད་དང༌། །རྡོ་རྗེའི་རྭ་བ་མེ་རིའི་ས། །ལྷག་མ་སྔར་དང་མཚུངས་པའོ། །སངས་རྒྱས་མཉམ་སྦྱོར་ནི། །ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་ལས། །ཚངས་ཐིག་འགྲམ་ནས་དང་པོ་དང༌། །བདུན་པའི་ཕྱེད་གདབ་ཕྱི་མ་གསིལ། །


JLAZ003_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་བརྒྱད་པ་ཆ་བཞིར་བགོ །དྲུག་དགུ་དབུས་དོར་མཐའ་གཉིས་གདབ། །དེ་ནི་གཞི་ཡི་དཀྱིལ་འཁོར་རོ། །ལྔ་པ་ཕྱེད་བཅད་ནང་མ་ཕན། །ཕྱོགས་བཞིར་ཐིག་བཞིས་གླིང་དགུར་ཕྱེ། །ནང་གི་དཀྱིལ་འཁོར་དགུ་ཡི་ས། །ཀུན་ཀྱང་གྲུ་བཞི་སྒོ་བཞིའི་དབུས། །ཟླུམ་པོ་གཉིས་དང་ཟླ་གམ་དང༌། །པདྨ་རིན་ཆེན་ཆ་བརྒྱད་དང༌། །རྒྱ་གྲམ་དབྱིབས་ཏེ་རིམ་པ་བཞིན། །མི་བསྐྱོད་རྣམ་སྣང་ཧེ་རུ་ཀ །གར་དབང་ཉི་མ་རྟ་མཆོག་རྣམས། །དབུས་དང་ཕྱོགས་བཞི་མཚམས་བཞིའོ། །མདའ་ཡབ་ཟུར་ནས་ཆ་ཕྲན་གཅིག །གཉིས་གཅིག་གཉིས་དང་ཆ་ཆེན་གཅིག །ཆ་ཆེན་ཕྱེད་དང་ཆ་ཕྲན་གཅིག །བསྐོར་བ་ལྷ་སྣམ་པད་རྡོར་དང༌། །མེ་རི་དུར་ཁྲོད་འདོད་འབྱུང་གནས། །ཁོར་ཡུག་ཉིད་དོ་གཞན་དག་ནི། །སྤྱི་དང་མཐུན་པར་རིགས་པ་ཡིན། །གསུམ་ཀའི་མཚན་ཉིད་ཞིབ་པ་ནི། །སོ་སོའི་རྒྱུད་དང་འགྲེལ་པ་དང༌། །དཀྱིལ་ཆོག་དག་ལས་ཤེས་པར་བྱ། །དེ་ལྟར་ལས་ཐིག་གི་བྱ་བ་སྔོན་དུ་བཏང་ནས། ལྷ་སྟ་གོན་དངོས་ནི། ཐིག་གིས་མཚོན་པའི་ལྷའི་གནས་སོ་སོར་དྲི་བཟང་དང༌། བདུད་རྩི་ལྔས་གཙོ་བོའི་གནས་སུ་གྲུ་བཞི་པ་དང༌། འཁོར་གྱི་གནས་སུ་ཟླུམ་པོ་བྱས་ལ་སོ་སོའི་སྔགས་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་བཀོད་ནས་སྟན་ལ་དམིགས་པར་བྱ་ལ། མཐའ་མཆོད་པས་བསྐོར་ནས་བྱིན་གྱིས་བརླབས། སྤྲོ་ཞིང་ནུས་ན་དམ་ཚིག་གི་འཁོར་ལོ་ཇི་ལྟ་བ་


JLAZ003_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནས་ཡེ་ཤེས་པ་གཞུག་ཅིང་གོམས་པ་བརྟན་པས་ནི་ས་བོན་གྱིས་བསྐྱེད་པས་ཀྱང་རུང་ལ། སྔར་ས་ཆོག་གི་སྐབས་སུ་བསྐྱེད་ནས་ནམ་མཁར་བཏེག་པ་ཡིན་ན་དེ་ཉིད་ཕབ་པས་ཀྱང་ཆོག་སྟེ། ཧེ་རུ་ཀ་འདུས་པར། ཐིག་གདབ་ཆོ་ག་ཇི་བཞིན་བྱ། །དྲི་ཡི་ཐིག་ལེ་མཚན་མ་དགོད། །ནམ་མཁའི་དཀྱིལ་འཁོར་ཕབ་ཅིང་མཆོད། །ཅེས་པས་གསལ་ལོ། །དེ་ལ་ལྷ་གྲངས་དང་མཉམ་པའི་མཆོད་པས་མཆོད་ནས་སྟ་གོན་ལ་གནས་པའི་གསོལ་བ་གདབ་པའི་མཐར་གཞི་དེ་ཉིད་དུ་ཐིམ་པར་མོས་ཚོམ་བུའི་གདན་ཕུལ་ནའང་བསྡུ་བར་བྱའོ། །གསུམ་པ་བུམ་པ་སྟ་གོན་ལ་གཉིས་ཏེ། བུམ་པའི་མཚན་ཉིད་བཤད་པ་དང༌། དེ་ལ་བུམ་རྫས་བཏབ་ནས་བསྒྲུབ་ཚུལ་ལོ། །དང་པོ་ནི། པདྨ་དྲ་བའི་རྒྱུད་ལས། གསེར་དང་ཟངས་སམ་ས་ཉིད་ལ། །བུམ་པ་ལྟོ་ཡངས་མགྲིན་པ་ཕྲ། །ཁ་གཡེལ་ཞབས་ཚད་ཞུམ་པ་ལ། །ཞེས་དང༌། དགྲ་ནག་ནས། བུམ་པ་ལྟོ་ཆེ་བྲེ་ཚད་ལ། །མཆུ་འཕྱང་མགྲིན་རིང་གདན་ལྡན་པར། །ཞེས་དང༌། བཟང་པོ་ཡོངས་བཟུང་ལས། མགྲིན་པ་རིང་བ་ལྟོ་ཆེ་བ། །ཡལ་ག་བཟང་པོས་ཁ་རྣམས་བརྒྱན། །ཞེས་དང༌། ཡང་དག་གི་དབང་གཞུང་ལས། བུམ་པ་མགྲིན་རིང་ལྟོ་བ་ཟླུམ། །ཞེས་སོ། །ཚད་ནི་དང་པོའི་སངས་རྒྱས་ལས་ལྟོ་བའི་ཟླུམས་སུ་སོར་མོ་བཅུ་དྲུག་དང༌། ལྟོ་བའི་འོག་ནས་ཁ་


JLAZ003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆུའི་བར་གྱི་སྲིད་དུ་སོར་མོ་ཉི་ཤུ། ཁ་འགྲམ་ནས་འཕྱངས་པའི་མཆུ་ལ་སོར་མོ་གཉིས་དང༌། མགྲིན་པའི་དཔངས་ལ་སོར་མོ་དྲུག མཆུའི་མཐའ་ནས་མཐའ་གཞན་གྱི་བར་ལ་སོར་བརྒྱད་ཡོད་པའི་ཆ་གཉིས་མགུལ་སྦུབས་དང༌། ཆ་གཅིག་མཆུ་གཉིས་ཀྱི་ཞེང་ལ་བཤད་དེ་ཞི་རྒྱས་དབང་གསུམ་གྱི་བུམ་པའི་མཚན་ཉིད་དོ། །དེའང་རྒྱུད་གཞན་དག་ལས་རྩ་བ་དང་ནག་ནོག་མེད་པ་ཞེས་པས་རྩ་བ་ནི་ཞབས་སྟེགས་དང་ནག་ནོག་མེད་པ་ནི་རང་བཞིན་གྱིས་དཀར་བ་དང་དྲི་མ་མེད་པའོ། །གལ་ཏེ་རྒྱུའི་ཁ་དོག་གིས་མ་བཏུབ་ན་ཙན་དན་དཀར་པོའི་ལྡེ་གུའམ་རྡོ་ཐལ་ལ་སོགས་པས་བྱུག་པར་བཤད་དོ། །དེ་སྐད་དུ། ནག་པོ་རྣམ་པར་སྤངས་པ་དང༌། །རྩ་བ་དོར་ཞིང་མ་འབྱར་བ། །བུ་ག་རྣམ་པར་སྤངས་པ་དང༌། །དེ་བཞིན་གས་པ་མེད་པ་བཟུང༌། །ཞེས་དང༌། རིམ་པ་གསལ་བ་ལས། རིན་ཆེན་རྒྱུ་ལས་བྱུང་བ་ཡི། །ལྟོ་ཆེ་མགྲིན་པ་རིང་བ་དང༌། །མཆུ་འཕྱང་ནག་པོ་ར་རི་མེད། །དྲི་ཞིམ་ས་དཀར་གྱིས་བྱུགས་ནས། །རང་རང་རིགས་ཀྱི་མཚན་མ་གདབ། །རྣམ་རྒྱལ་དང་ནི་ཐམས་ཅད་དང༌། །སྣ་ཚོགས་རྡོ་རྗེ་ལས་ཀྱི་ལྷ། །ཁ་དོག་མཐུན་པའི་རས་ཟུང་སྟེ། །བུམ་པའི་མགུལ་དུ་དཀྲི་བར་བྱ། །ཙུ་ཏ་ལ་སོགས་ཤིང་དག་ནི། །ལོ་མ་མེ་ཏོག་དང་ལྡན་པ། །འདི་ནི་བུམ་པའི་ཁ་རྒྱན་ནོ། །


JLAZ003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་སྟེ་ཁྱད་པར་རྣམ་རྒྱལ་ནི་མཚན་ཉིད་ཐམས་ཅད་དང་ལྡན་པ་དགོས་པའོ། །གྲངས་ནི་ལྷ་གྲངས་ཡོད་དོ་འཚལ་གྱི་སྒོ་ནས་སྡུད་པ་དང༌། རིགས་ཀྱི་སྒོ་ནས་སྡུད་པ་དང༌། ཕོ་བྲང་དབུས་མའི་ལྷ་གྲངས་ཀྱིས་སྡུད་པ་དང༌། འཁོར་ལོའི་སྒོ་ནས་སྡུད་པ་སོགས་མཐའ་གཅིག་ཏུ་མ་ངེས་ཀྱང་ལྷ་གྲངས་ཚོགས་པར་དཀའ་བས་རིགས་ལྔའམ། གཙོ་ལས་གཉིས་ནི་མེད་དུ་མི་རུང་ངོ༌། །གཉིས་པ་ནི། བུམ་པ་previous hit ཇིཙམཡོད next hit་གཙང་ཞིང་དག་པར་བྱས་པ་གུ་གུལ་གྱིས་བདུག ལས་སྔགས་བཟླ་བཞིན་པར་ཡུངས་ཀར་གྱིས་བྲབས་པས་བགེགས་བསྐྲད། རྒྱུན་འབབ་ལ་སོགས་རྟ་གླང་བོང་བུ་སོགས་ཀྱིས་མ་བགྲོད་ལ། སྲོག་ཆགས་དང་རྡུལ་གྱིས་མ་གོས་ཤིང་སྣོད་གཞན་དང་མ་རེག་པར། ཨོཾ་ཏ་པ་ཏེ་མ་ཧཱ་ཏ་པ་ཏེ་སྭཱ་ཧཱ། ཞེས་པས་ལྷའི་གངྒཱར་བྱིན་གྱིས་བརླབས་ཤིང་མོས་པའི་ཆུ་ལ། ས་ར་ཧས་ཆང་དང༌། བཟང་པོ་ཡོངས་བཟུང་ལས་འོ་མ་ཅུང་ཟད་ལྡུགས་པར་བཤད་དོ། །ཇི་ལྟར་ཡང་དྲི་བཟང་དང་བཅས་པས་གཟུགས་སྐུ་གཉིས་ཀྱི་ཆ་སྟེ་སུམ་གཉིས་ལོངས་པར་བཀང་བ་ལ། བུམ་རྫས་ནི་སྒྱུ་འཕྲུལ་རྩ་རྒྱུད་ལས། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང༌། །བདུད་རྩི་ལྔ་ཉིད་རབ་བསྐམས་ལ། །ཞེས་པས་འབྲུ་ལྔ་ནི། ནས་འབྲས་གྲོ་ཏིལ་མོན་སྲན་ནོ། །སྤོས་


JLAZ003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའམ་དྲི་ལྔ་ནི། གུར་གུམ། གླ་རྩི། ཛཱ་ཏི། ཙན་དན་དཀར་དམར་རོ། །ཁ་ཅིག་ཏུ་ཛཱ་ཏིའི་དོད་དུ་ག་བུར་དང་གླ་རྩིའི་དོད་དུ་ཨ་ག་རུ་བཤད་པ་ཡང་སྣང་སྟེ་ཉེར་ལྔ་ལ་འདི་ལེགས་སོ། །རིན་པོ་ཆེ་ལྔ་ནི། གསེར་དང༌། པདྨ་རཱ་ག མུ་ཏིག བྱེ་རུ། མུ་མེན་ནོ། །པད་རཱག་མེད་ན་དངུལ་ཟངས་དུང་གསུམ་གང་རུང་ངོ༌། །སྙིང་པོ་ལྔ་ནི། ཆུའི་སྙིང་པོ་ལན་ཚྭ། མེ་ཏོག་གི་སྙིང་པོ་སྦྲང་རྩི། ཤིང་ཏོག་གི་སྙིང་པོ་བུ་རམ། སའི་སྙིང་པོ་ཨ་འབྲས་སམ་ཏིལ། རྩི་ཏོག་གི་སྙིང་པོ་མར་རྣམས་སོ། །སྨན་ལྔ་ནི། བཟང་པོ་ཡོངས་བཟུང་ལས། ཀཎྜ་ཀ་རི་བྲཱྀ་ཧཱ་ཏི། །ཧ་ས་དེ་ཝ་ཧ་ས་དང༌། །བེ་ཏ་ཨ་པར་ཛཱི་ཏ་སྟེ། །འདི་དག་གཅིག་ཤོས་སྨན་གྱི་ཚོགས། །ཞེས་པ་ལ་ངོས་འཛིན་གྱི་སྒོ་ནས། བྲཱྀ་ཧཱ་ཏི་ཀཎྜ་ཀཱ་རི་ཨ་པ་རཱ་ཛཱི་ཏ། དཎྜ་སྟེ་དབྱུག་པའི་ཨུཏྤལ་དཀར་དམར་རྣམས་སོ། །དེའི་དང་པོ་སྟག་ཚེར་བ་ཡིན་ཞེས་གྲགས་ལ། གསུམ་པ་གཞན་གྱིས་མི་ཐུབ་པ་དཀར་པོའོ། །ཁ་ཅིག་ཏུ་ཀཎྜ་ཀཱ་རི་ལ་སྟག་ཚེར། སླེ་ཏྲེས་ལ་སེང་ཚེར། ཤུ་དག་དཀར་པོ་ལ་ཨ་པ་རཱ་ཛཱི་ཏ། ཆུུ་སྲིན་སྡེར་མོ་ལ་ཧ་ས་དེ་བ། དབང་ལག་ལ་ཨིནྡྲ་ཧ་སྟི་ཞེས་བཤད་པ་ཡང་སྣང་ངོ༌། །སྨན་ལྔ་ལ་སོགས་པའི་མིང་དང་ངོས་འཛིན་མི་གཅིག་ཙམ་སྣང་བའི་ཚུལ་པདྨ་དྲྭ་བ་ལས། ག་བུར་གུར་གུམ་ཅུ་གང་དང༌། །གླ་རྩི་གི་ཧཾ་ཆུ་ཡིས་བཀང༌། །ཇ་ཁྲི་སེང་


JLAZ003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ཧ་ས་དེ། །ཀི་རི་ཀ་ནི་དེ་འོག་གོ །ཞེས་སོ། །དེ་ལྟར་ལྔ་ཚན་ལྔ་པོ་ནི་རྣལ་འབྱོར་རྒྱུད་མན་ཆད་ཀྱི་བུམ་རྫས་ཡིན་ཏེ། ཀྲི་ཡ་དཔུང་བཟང་ལས། ནད་ཀྱི་བསྐལ་པ་བསལ་བའི་ཕྱིར། །སྨན་ལྔ་དག་ནི་བུམ་པར་བླུག །ཚུལ་ཁྲིམས་རྣམ་པར་དག་བྱའི་ཕྱིར། །དྲི་སྣ་ལྔ་ཡང་བུམ་པར་བླུག །དགོས་འདོད་རེ་བ་སྐོང་བ་དང༌། །མཚོན་གྱི་བསྐལ་པ་བསལ་བའི་ཕྱིར། །རིན་ཆེན་ལྔ་ཡང་བུམ་པར་བླུག །མུ་གེའི་བསྐལ་པ་བསལ་བའི་ཕྱིར། །འབྲུ་སྣ་ལྔ་ཡང་བུམ་པར་བླུག །ཀུན་གྱི་སྙིང་པོར་གྱུར་པ་དང༌། །དགོས་འདོད་རེ་བ་བསྒྲུབ་པའི་ཕྱིར། །སྙིང་པོ་ལྔ་ཡང་བུམ་པར་བླུག །ཅེས་སོ། །དེའི་སྟེང་དུ་བདུད་རྩི་ལྔ་དང་ཤ་ལྔ་སྟེ་བླ་མེད་ཀྱི་དམ་རྫས་ཆེན་པོ་ལྔ་ཕྲག་གཉིས་བསྣན་པའི་ལྔ་ཚན་བདུན་པ་ནི་བླ་མེད་ཁོ་ནའི་བུམ་རྫས་ཀྱི་ཁྱད་པར་ཏེ། བུམ་པའི་ནང་དུ་བྱིན་གྱིས་བརླབས་པའི་སྔགས་ཀྱིས་གཞུག་ཚུལ་ཡང་བླ་མེད་ཁོ་ནའི་ཁྱད་པར་རོ། །དང་པོའི་ལྔ་ཚན་ལྔ་པོ་ནི། རིམ་པར་སྣང་མཐའ་དང༌། དོན་གྲུབ་དང༌། རིན་འབྱུང་དང༌། མི་བསྐྱོད་པ་དང༌། རྣམ་སྣང་གི་སྔགས་ཀྱིས་བུམ་པའི་ནང་དུ་གཞུག་ལ། བདུད་རྩི་ལྔ་ལ་ཨོཾ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ་དང༌། ཤ་ལྔ་ལ་ཨོཾ་པཉྩ་མཱཾ་ས་ཨཱཿཧཱུྃ་གིས་གཞུག་པའམ། རྫས་སྔགས་རྣམས་གཅིག་ཅར་དུ་དྲིལ་བས་ཀྱང་རུང་


JLAZ003_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་ལྟར་རྫས་ཀྱིས་བཀང་བའི་བུམ་པའི་མགུལ་ཆིངས་ནི་རྒྱུད་སྡེ་འོག་མ་ལྟར་ན་སངས་རྒྱས་གསང་བས་རྣམ་འཇོམས་འགྲེལ་པར། གཞན་དུ་ལོངས་མ་སྤྱད་པའི་རས་གཙང་མ་ཐོར་ཅོག་གསུམ་གྱི་ཚུལ་དུ་དཀྲིའོ། །ཞེས་སྐུ་གསུམ་མཚོན་པ་དང༌། དེ་བཞིན་རྣལ་འབྱོར་རྒྱུད་ལ་སྐུ་ལྔ་མཚོན་པའི་པྲོག་ལྔ་དང༌། བླ་མེད་ལ་དེའི་སྟེང་དུ་ཞི་བདེའི་ཡེ་ཤེས་མཚོན་པས་པྲོག་བདུན་དུ་བཤད་པ་ཡང་ཡོད་དོ། །དེ་ཉིད་སྲད་བུ་དཀར་པོའམ་ཁ་དོག་བཅོས་བུས་འཆིང་བའི་ཚུལ། མཁའ་འགྲོ་ལས། ཁ་དོག་བཅོས་པའི་སྐུད་པས་བརྒྱན། །ཞེས་སོ། །དེ་བཞིན་རྒྱུད་སྡེ་འོག་མ་ལ་དམིགས་ནས་སློབ་དཔོན་བི་མ་ལ་དང༌། བདེ་བའི་མྱུ་གུས་ཁ་རྒྱན་དཱུར་ཝར་བཤད་པ་ཡང་སྣང་སྟེ། གཞུང་སོ་སོས་དམིགས་ཀྱིས་བསལ་བ་དག་ལ་གཅིག་ཤོས་ཀྱིས་གཅིག་འགོག་པའི་རིག་པ་བསམ་པ་ལ་སྙིང་པོ་མེད་དོ། །ཅིའི་ཕྱིར་ན། རྒྱ་གར་བའི་གཞུང་མང་པོ་ནས་ཨ་མྲ་ལ་སོགས་པའི་ཤིང་ལྔའི་ཁ་རྒྱན་བཤད་ཅིང༌། རྡོ་རྗེ་ཕུར་བའི་རྒྱུད་འགའ་ཞིག་ལས་ཤུག་པའི་ལྡེམ་བུའང་བཤད་པ་དང༌། དེ་ལས་ལྡོག་པའི་དྲག་པོའི་དམ་རྫས་དུ་མ་བཤད་པ་ཡང་ཡོད་པས་མཐའ་གཅིག་ཏུ་མི་བཟུང་ལ། རྡོ་རྗེ་མཁའ་འགྲོ་ལས། ཁ་ནི་ཤིང་ལོ་གསར་པས་བརྒྱན། །ཞེས་དང༌། ཀུ་ཤའི་ཆུན་པོ་གདན་དུ་བཏིང༌། །ཞེས་པ་ལ་དཔགས་


JLAZ003_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁ་རྒྱན་ནི་ཤིང་དང༌། ཀུ་ཤ་ནི་གདན་ལས་གཞན་དུ་མི་འཕོ་བར་ངེས་ན། བཟང་པོ་ཡོངས་བཟུང་ལས། ཡལ་ག་བཟང་པོས་ཁ་རྣམས་བརྒྱན། །ཞེས་པས་ཡལ་གའི་སྒྲ་ནི་ཁྱབ་ཆེ་བའི་ཕྱིར་ཤིང་ཁོ་ནའི་རང་དབང་ཅན་དུ་བྱེད་མི་ནུས་ལ། སྤྱི་རྒྱུད་ལས་ཀྱང༌། ལྡུམ་བུ་བཟང་པོ་དང༌། ཤིང་གི་ཡལ་འདབས་གཉིས་སུ་ཕྱེ་བས་ཤེས་སོ། །དེ་བས་ན་རྒྱུད་སྡེ་བསྲེ་བ་ནི་སངས་རྒྱས་ཀྱི་གསུང་ཡིན་པས་འདིར་ཕྱོགས་རིས་སུ་མི་གཅོད་ལ། བསྟན་བཅོས་བསྲེ་བ་ནི་གང་ཟག་གི་གཞུང་དུ་ངེས་པའི་ཕྱིར་འགྲེ་བ་མ་ཡིན་ནོ། །དག་པ་སྦྱོར་ཚུལ་གྱི་ངོ་ནས་སྔགས་ཕྱི་པ་ལྟར་ན། བུམ་པའི་དབྱིབས་དང་ཁ་དོག ཁ་རྒྱན་དང་མགུལ་ཆིངས་དང༌། དུང་ཞལ་དྲི་ཞིམ་པའི་ཆུ་མེ་ཏོག་དཀར་པོས་བརྒྱན་པའི་མཆོད་ཡོན་དང་བཅས་པའི་སྟེང་དུ་གཟུངས་རྡོར་མེ་ཏོག་གི་ཕྲེང་བ་ཅན་ལ་སོགས་པ། ཕྱི་རོལ་དུ་སྣང་བའི་དངོས་པོ་རྣམས་སྤྲུལ་པའི་སྐུར་མཚོན་ལ། བཅུད་ཉི་ཤུ་རྩ་ལྔ་བླུགས་པས་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་རྫོགས་ནས་ལོངས་སྤྱོད་འཕེལ་བས་ལོངས་སྤྱོད་རྫོགས་སྐུར་མཚོན་པ་དང༌། བུམ་པའི་ནང་གི་བསིལ་བའི་ངོ་བོས་ཉོན་མོངས་པའི་ཚ་གདུང་བཅིལ་བས་ནི་ཞི་བ་ཆོས་ཀྱི་སྐུར་མཚོན་ལ། ལྷ་སྒོམ་པ་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ། སྐུ་བཞིར་མཚོན་པས། བྱང་ཆུབ་ཀྱི་ཆོས་མ་ལུས་པའང་རང་བཞིན་གྱིས་


JLAZ003_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བ་ཡིན་ནོ། །སྔགས་ནང་པ་ལྟར་ན་མཉམ་སྦྱོར་གྱི་དཀྱིལ་ཆོག་ལས། བུམ་པ་ལྷ་ཡི་གནས་ཡིན་ཏེ། །ཁ་རྒྱན་མགུལ་ཆིངས་རྟ་བབས་རྒྱན། །གཟུངས་ཐག་ཐུགས་རྗེ་ཆེན་པོའི་རྟགས། །སྨན་ལྔ་ཐུགས་རྗེ་བྱང་ཆུབ་སེམས། །འབྲུ་རྣམས་ལྷ་ཡི་རང་བཞིན་ཡིན། །རིན་ཆེན་རྣམ་ལྔ་སྐུ་ཡི་འོད། །སྙིང་པོ་ཡེ་ཤེས་ཐུགས་ཀྱི་དབྱིངས། །སྤོས་སོགས་ཚུལ་ཁྲིམས་ཡོན་ཏན་རྒྱལ། །ཞེས་སོ། །དེ་ལྟ་བུའི་བུམ་པ་གྲངས་ངེས་སུ་ལོངས་པ་ཡོད་ན་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མཚན་མ་དགོད་པའི་རིམ་པ་ལྟར་དུའམ། ཡང་ན་སྔར་སྟ་གོན་བྱས་པའི་སྒོ་མཚམས་བརྒྱད་དུ་དྲིའི་མཎྜལ་རེ་རེའི་སྟེང་དུ་བུམ་པ་བརྒྱད་དང་གཙོ་བོའི་བུམ་པ་ནི་དབུས་སུ་བཞག་པར་བྱ་ལ། །དེ་དག་ཏུ་ལྷ་བསྐྱེད་ཚུལ་ཡང་ལྷའི་སྒོ་ནས་བུམ་པའི་གྲངས་ངེས་བསྡུས་པའི་ཕྱོགས་ལྟར་དཔྱད་ཅིང༌། རྣམ་རྒྱལ་གཅིག་པོ་ལས་མེད་ན་དེ་ཉིད་དུ་ལྷ་ཐམས་ཅད་བསྐྱེད་པ་ཡིན་ནོ། །ལས་བུམ་ནི་ཤར་སྒོའི་གཡོན་དུ་འགོད་པ་རྒྱ་གར་བའི་ལུགས་ཡིན་ལ། རྣམ་རྒྱལ་ལྡིང་ཁྲི་ལ་འགོད་པ་ཉིད་ལ་ནི་ལུང་དང་རིགས་པའི་གནོད་བྱེད་ཡོད་དེ་འོད་ཀྱི་དྲྭ་བར་འདི་མི་དགོས་གསུངས་ནས་བུམ་པའི་སྟེགས་ཀྱི་མཉྫི་ནས་དང་བཅས་པ་བོར་ཏེ་བུམ་པ་གསུམ་སྦྲཻལ་བར་བཞག་གོ །ཞེས་སོ། །འདི་ལྟར་དབང་རྫས་རྣམས་ནི་དཀྱིལ་འཁོར་གྱི་བདག་པོའི་


JLAZ003_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ལས་གློ་བུར་སྤྲུལ་པར་མོས་པའམ། དེ་མ་ཐག་སྤྱན་དྲངས་པའི་དབང་ལྷ་གློ་བུར་བའི་ཕྱག་མཚན་ཡིན་པས་སོ། །ལྷ་བསྐྱེད་པའི་གནས་ནི་སྔོན་རབས་པ་ཁ་ཅིག བྱ་སྤྱོད་གཉིས་བུམ་པའི་སྟེང་གི་དུང་ཞལ་དུ་ལྷ་བསྒོམ་ལ། རྣལ་འབྱོར་རྒྱུད་དང་བླ་མེད་གཉིས་བུམ་པའི་ནང་དུ་བསྐྱེད་དོ་ཞེས་འདོད་ཀྱང༌། བུམ་པའི་སྟེང་གི་དུང་ཞལ་ལམ། ཐོད་ཕོར་དང༌། བླ་མེད་ལ་ཐོད་པ་སོགས་བཤད་པ་ནི་མཆོད་ཡོན་འབུལ་བའི་སྣོད་ཁོ་ན་ཡིན་པས་བརྟག་གཉིས་ལས། ཐམས་ཅད་ཆུ་ལས་ཁམ་ཕོར་དུ། །ཉུང་ཟད་བླུགས་ཏེ་རྣམ་རྒྱལ་གྱི། །བུམ་པ་བཾ་ལས་བསྐྱེད་པ་ཡི། །རིན་ཆེན་བུམ་པའི་སྟེང་བཞག་བྱ། །དེར་ནི་དཀྱིལ་འཁོར་བསྐྱེད་བྱ་སྟེ། །ཞེས་པ་ལ་གོ་བ་ཐད་ཀར་བླངས་ཏེ་བུམ་ནང་དུ་བསྐྱེད་པ་ལས་ཕྱོགས་འཛོལ་བའི་ལུགས་སུ་སྣང་ངོ༌། །དེ་བས་ན་ཐམས་ཅད་ལ་ལྷ་བུམ་པའི་ནང་དུ་བསྐྱེད་པ་ཙམ་དུ་འདྲ་ཡང་རྣལ་འབྱོར་རྒྱུད་མན་ཆད་ལ་ཡེ་ཤེས་པ་གཤེགས་སུ་གསོལ་བ་དང༌། བླ་མེད་ལ་དམ་ཡེ་གཉིས་མེད་བདེ་སྟོང་ཆེན་པོའི་ངང་དུ་འོད་ཞུ་བྱ་བའི་ཁྱད་པར་ནི་དཔྱད་བཟོད་པ་ཉིད་དོ། །དེ་ཡང་བླ་མེད་ཀྱི་སྐབས་འདིར་རྣམ་རྒྱལ་བུམ་པའི་སྟེང་གི་དུང་ཞལ་ལ་སོགས་པའི་མཆོད་ཡོན་དྲི་བཟང་དང་བདུད་རྩི་ལྔས་སྦགས་པ་ཨོཾ་བཛྲ་ཨ་མྲྀ་ཏོ་ད་ཀ་ཐ་ཧཱུྃ་དང་འབྲུ་གསུམ་ལན་བདུན་


JLAZ003_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པའི་ཆུའི་རྡུལ་ཕྲ་རབ་རྣམས་རྡོ་རྗེའི་རང་བཞིན་དུ་མོས་པ་དེ་ཉིད་བཟླས་པའི་མཐར་མཆོད་ཡོན་དུ་ཕུལ་བའི་རྐྱེན་ལས་ལྷ་འོད་ཞུ་བྱ་བ་ཉིད་དོ། །རྡོ་རྗེ་ཕྲེང་བ་པ་རྣམས་ནི་སྔོན་དུ་ལྷ་བཞུས་ལ། དེའི་ཕྱི་ནས་བཟླས་པ་བྱེད་པ་ཉིད་དང༌། ལས་བུམ་གྱི་ལྷ་མི་བཞུ་བའི་ལུགས་ཀྱང་འདོད་དོ། །དེ་ལྟ་ན་བགེགས་བཟློག་པའི་ཕྲིན་ལས་བཅོལ་ལོ། །དེ་དག་གི་ཚེ་རྒྱ་གར་བ་རྣམས་བུམ་པ་གཞལ་ཡང་ཁང་དུ་བསྐྱེད་མི་བསྐྱེད་ཕྱོགས་གཉིས་སུ་གནས་ཀྱང་རྣམ་རྒྱལ་ནི་ཀུ་ཀུ་རཱ་ཛའི་དག་སྦྱོར་ལྟར་རྟེན་དང་བརྟེན་པའི་ཆོ་ག་ཚང་བས་བསྐྱེད་པ་མང་ཞིང་ལེགས་ལ། ཕྱི་མ་ལྟར་ན་བུམ་པའི་ནང་དུ་པདྨ་ལ་སོགས་པའི་གདན་ལ་ཆོ་ག་གསུམ་ཙམ་གྱི་ལྷ་བསྐྱེད་པ་ཡིན་ཏེ་ལས་བུམ་ཕལ་ཆེར་དེ་ལྟར་རོ། །གང་གི་ཚེ་ཡང་བུམ་པའི་ནང་དུ་བརྟེན་པའི་ལྷ་ཚོགས་གསལ་བ་ལ་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ་དམ་ཡེ་གཉིས་མེད་ལ་མཆོད་བསྟོད་བྱ་ཚུལ་ནི་བླ་མེད་ཀྱི་ལུགས་ཡིན་ལ། འོན་ཀྱང་མདོ་སྒྱུ་ལ་སོགས་པར་ནི་ཡན་ལག་རབ་གནས་ཀྱི་ཆོ་ག་ཟུར་དུ་ཡོད་དོ། །བཞི་པ་སློབ་མ་སྟ་གོན་ནི། ཐོག་མར་སློབ་དཔོན་རང་ཉིད་ཀྱི་བསྒྲུབ་གྲོགས་བྱེད་པའི་སྒོའི་སློབ་དཔོན་ཞེས་བྱ་སྟེ་དབང་རྫས་འདེགས་འཇོག་ལ་སོགས་པ་སྔོན་དུ་རང་གིས་དབང་


JLAZ003_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་ཞིག་ལས་གསར་བུ་གཞན་གྱིས་མི་རུང་སྟེ། གསང་སྒྲོག་ཏུ་འགྱུར་བས་ན་སློབ་མ་མིན་པའི་དབང་ལྷ༷ར་བལྟ་བའང་བཀག་པའི་ཚུལ་མི་ཐུབ་ཟླ་བས། དམ་ཚིག་ཉམས་པས་འཇིགས་པའི་ཕྱིར། །སློབ་མ་མིན་པ་གཞུག་མི་བྱ། །ཞེས་སོ། །གལ་ཏེ་དེ་ལྟར་མ་འབྱོར་ན་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའམ། ཡོལ་བའི་ཕྱི་ལོགས་སུ་སྡོམ་པ་གཉིས་སམ་སློབ་དཔོན་གྱིས་སྡོམ་པ་བྱིན་ནས་ལྷག་གནས་བྱ་ཞིང༌། དབང་རྫས་རྣམས་ལའང་སློབ་དཔོན་ཉིད་ལས་གཞན་གྱིས་རེག་ཏུ་མི་རུང་བ་ཉིད་དེ་བཞེངས་བཞུགས་མང་པོ་འཇུག་པ་མི་བདེ་བས་དེའི་ཉེས་པ་འགེགས་ཕྱིར་སྒོའི་སློབ་དཔོན་ནམ། ལས་ཀྱི་རྡོ་རྗེས་ཀྱང་དབང་རྫས་རྣམས་དར་ཟབ་ལ་སོགས་པའི་ཆས་ཀྱིས་བླངས་ཏེ་རྡོ་རྗེ་འབར་བ་ལས། དབང་སྐུར་བ་ཡི་རིམ་པ་དང༌། །སྦྱིན་སྲེག་ལས་རྣམས་བྱེད་དོན་དུ། །དཀྱིལ་འཁོར་གྱི་ནི་ཡོ་བྱད་རྣམས། །སློབ་དཔོན་གྱིས་ནི་ཁྱེར་བར་བྱ། །སློབ་མས་ཁྱེར་ན་དམ་ཚིག་ཉམས། །ཞེས་བཤད་དོ། །སློབ་མ་མང་ཉུང་གི་གྲངས་ཚད་ཀྱང་རྒྱུད་སྡེ་རྣམས་ནས་ངེས་པ་དང་མ་ངེས་པའི་ཚད་གཉིས་སུ་བསྟན་ཏེ། དང་པོ་ལྟར་ན་སྤྱི་རྒྱུད་ལ་སོགས་པ་ནས་མང་མཐའ་ཉི་ཤུ་རྩ་ལྔས་བཅད་པ་དང༌། གཉིས་པ་ལྟར་ན་རྣམ་སྣང་མངོན་བྱང་ལ་སོགས་པ་ནས་བཅད་


JLAZ003_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་པར་གསུངས་པ་ཡང་དོན་མཐུན་ཏེ། མཚན་ཉིད་ཐམས་ཅད་ཚང་བའི་སློབ་མ་ནི་རྡོ་རྗེ་སེམས་དཔའ་བཞིན་དུ་དཀོན་པའི་དངོས་པོ་ཅན་ཡིན་པས་གཞལ་བྱ་དེས་གཞལ་ན་མངས་ཀྱིས་དོགས་པ་མེད་པའི་ཕྱིར་ཏེ། དཔེར་ན་སྐྱེས་བུའི་ཞོ་ཤའི་སྟོབས་ཤེས་ནས་ཁྱོད་ཀྱིས་ཇི་ལྟར་ཐེག་ཚད་གཅིག་ལོངས་ཤིག་ཟེར་བ་ལྟ་བུའོ། །གཞན་དུ་ན་རྒྱུད་དུ་མང་ཉུང་མི་དཔྱད་པའི་མཐའ་འདིས་བསྡུས་པ་ཡིན་ཏེ། མདོར་ན་སློབ་མ་ཕན་ཚུན་དུ། །ནང་མི་གཤིན་པ་མི་བཟུང་ངོ༌། །གཅིག་ལ་གཅིག་ནི་སེམས་བཟང་ཞིང༌། །ཞི་དུལ་བླ་མ་ལ་ཕན་པ། །ཞེས་པས་དེ་ལྟར་ཚོགས་པ་ནི་མང་པོ་མི་འདུ་བའི་ཕྱིར་རོ། །འོན་ཀྱང་དཀྱིལ་འཁོར་དུ་གཞུག་པ་ཙམ་ལ་ནི་གྲངས་མ་ངེས་ཏེ། སེམས་ཅན་གྱི་ཁམས་མཐའ་ཡས་པ་བསྒྲལ་བར་ཡི་དམ་བཅའ་བ་ཐེག་པ་ཆེན་པོའི་ཁྱད་ཆོས་ཡིན་པས་དེ་དག་གིས་དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བའི་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱབ་པའི་ཚུལ་སྔར་ཡང་བཤད་ཅིང༌། དེ་སྐད་དུ་མངོན་བྱང་ལས། འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བ་ཡི་དམ་བཅའ་བ་ཁོ་ནར་བྱ་སྟེ། དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་འགྱུར་བར་བྱ་བའི་ཕྱིར་སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་གཟུང་བར་བྱའོ། །ཞེས་པ་ལ་སོགས་གསུངས་སོ། །


JLAZ003_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྔོན་དུ་སློབ་མ་བཟུང་བའི་ཆོ་ག་བྱས་ཤིང་དབང་གི་དངོས་གཞི་ལ་འདུ་བ་ཡིན་ཀྱང་སྟ་གོན་གྱི་ཚེ་སྟེས་དབང་དྲག་པོས་འདུ་བར་མ་ནུས་ན། སྤྱི་རྒྱུད་ལས། སློབ་མ་ཡོངས་སུ་བཟུང་བ་གང༌། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །ཇི་སྐད་བཤད་པའི་ལས་རྣམས་བྱ། །སློབ་མ་ཡོངས་སུ་བཟུང་བ་གང༌། །གལ་ཏེ་རྐྱེན་འགའ་ཞིག་གིས་ནི། །དེར་ནི་འོངས་པར་མ་གྱུར་ན། །གཞན་དག་དེ་ཡི་སྦྱྀན་པར་གཞུག །ཅེས་གསུངས་པ་ལྟར་བྱ་སྟེ། འདི་ལྟར་སྟ་གོན་བྱེད་པའི་གནས་ཀྱང་དཀྱིལ་འཁོར་གྱི་ཁང་པར་བྱེད་པ་མང་བས་དེའི་ཚེ་ཡོལ་བ་བྲེ་བའམ་བྲིས་སྐུ་ལ་སོགས་པ་དགབ་ཅིང་སྟ་གོན་གྱི་རྫས་རྣམས་ཀྱང་ཐོག་མ་ནས་སློབ་མས་མི་མཐོང་བར་བྱ་བའི་ལུགས་ཡོད་ན། ཡོལ་བ་བྲེ་བའམ། སྟ་གོན་གྱི་བྱ་བ་མ་བྱས་པའི་སློབ་མ་ལ་དབང་ཅིག་ཅར་དུ་བསྐུར་བ་ནི་རྩ་ལྟུང་བདུན་པར་འདུ་བའི་ཕྱིར་རོ། །འཁོར་ལོ་སྡོམ་པ་ལས་ཀྱང༌། སྔགས་པས་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་བརྡེག་དང༌། །སྨིག་རྒྱུའི་ཆུ་ལ་འཐུང་དང་མཚུངས། །ཞེས་སོ། །དེ་ཡང་སློབ་མ་སྟ་གོན་གྱི་སྦྱོར་བའི་ཆོས་ནི་ཀུན་སློང་འཆོས་པ་ཉིད་ཡིན་ལ། དངོས་གཞི་ནི་ནང་དབང་བསྐུར་ནས་སྡོམ་པ་བཟུང་


JLAZ003_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ལྟས་བརྟག་པ་ཕྱི་ནང་གཉིས་རྣམས་ལས་དང་པོ་བློ་བཅོས་པ་ནི། སློབ་མ་རྣམས་ཁྲུས་བྱས་གོས་གསར་པ་བགོས་མཎྜལ་ཕུལ་ནས་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་འདུག་པ་ལ། དབང་ཆོག་ཕལ་མོ་ཆེར་སྤྱི་རྒྱུད་ཀྱི་ཚིག་འདི་སླེབས་པས་དེའི་དོན་བཀྲལ་ནས་བཤད་པར་བྱ་སྟེ། འདི་ན་གསང་སྔགས་བསྒྲུབ་པ་དོན་དུ་གཉེར་བ་གང་ཞིག་ཚེ་འདི་ཁོ་ན་ལ་མངོན་མཐོ་ཐོབ་པར་འདོད་པ་དང༌། དེ་ལས་གཞན་པ་འཇིག་རྟེན་ཕྱི་མའི་མངོན་མཐོ་ཐོབ་པར་འདོད་པ་དང༌། གཉིས་ཀ་མ་ཡིན་པའི་འཇིག་རྟེན་ཕ་རོལ་ནི་འཇིག་རྟེན་ལས་འདས་པའི་སྒྲ་ཡིན་པས་ངེས་ལེགས་ཀྱི་ཡོན་ཏན་དོན་དུ་གཉེར་བ་སྟེ་ཀུན་སློང་གསུམ་ལས། སྔ་མ་གཉིས་ཀ་ཆགས་འཇིག་དང་བཅས་པའི་འཇིག་རྟེན་དུ་གྱུར་པས་ཚེ་འདིའི་ཐ་སྙད་ཀྱིས་མཚོན་པ་གང་ཞིག་དོན་དུ་གཉེར་བའི་གནས་མ་ཡིན་ལ། གསུམ་པ་འཇིག་རྟེན་ཕ་རོལ་གྱི་དོན་ནི་སྐུ་ལྔའམ། གཉིས་ཀྱི་ཕུན་ཚོགས་དོན་དུ་གཉེར་བ་ཡིན་པས་དེས་ནི་འདི་དང་ཕྱི་མའི་ཚེ་ལ་མངོན་མཐོའི་ཡོན་ཏན་ཀྱང་ཞར་ལ་ཐོབ་པར་འགྱུར་བའི་དོན་ཏེ། ཕྱེད་བཅས་བཞི་བརྒྱ་བར། ལ་ལ་གསང་སྔགས་སྒྲུབ་དོན་གཉེར། །འདི་ནི་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་


JLAZ003_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡིས། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །ཞེས་བཤད་པས་སོ། །དངོས་གཞི་ཐོག་མར་ནང་དབང་གི་དོན་པོ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་ལ་དེའི་རིགས་ཀྱི་བུར་བསྐྲུན་པ་ཞིག་དགོས་པ་དང་འདྲ་བར། རྡོ་རྗེ་སློབ་དཔོན་གྱི་ཆོས་སྲིད་ལ་དབང་བསྐུར་ཕྱིར་སློབ་མ་ཉིད་རྡོ་རྗེའི་བླ་མའི་སྲས་སུ་བསྒྲུབ་པ་སྟེ། རྡོ་རྗེ་ཁྲོས་པའི་བཤད་རྒྱུད་ལས། སྲས་ཀྱི་མཆོག་ཏུ་རབ་ཏུ་དམིགས། །ཁྲག་འཐུང་འདུས་པའི་དཀྱིལ་འཁོར་ལ། །དབང་ནི་རབ་ཏུ་བླང་བར་བྱ། །ཞེས་པ་ལ་སོགས་པས་སྲས་སུ་བྱ་ཚུལ་རྒྱས་པར་བཤད་དོ། །འདིར་ནི་རེ་ཞིག་སྤྱི་མཐུན་དུ་སློབ་དཔོན་དཀྱིལ་འཁོར་གྱི་བདག་པོར་གསལ་བའི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཞེས་པ་ཧཱུྃ་ཡིག་ལ་སོགས་པའི་ས་བོན་དུ་བྱས་པ་ཁ་ནས་དྲངས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བཞག་པ་ལྷའི་རྣམ་པར་གྱུར་པ་ལ།


JLAZ003_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྙིང་གའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་ལྷ་སྤྱན་དྲངས། ཞལ་ནས་ཞུགས་རྗེས་སུ་ཆགས་པའི་མེས་ཞུ་བར་གྱུར་པའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་དབང་བསྐུར་བའི་དེ་མ་ཐག་ཡུམ་གྱི་མཁའ་ནས་བཏོན་ཏེ་དཀྱིལ་འཁོར་གྱི་ཤར་སྒོར་བཞག་པའི་དམིགས་པ་ནི་སློབ་དཔོན་ཉིད་ཀྱིས་བྱ་སྟེ། སློབ་མ་ལ་བུ་ཞེས་འབོད་པའི་དངོས་དོན་ལ་སྦྱཽར་བའོ། །དེ་ནས་བླ་མ་ལ་དགའ་བ་ཆེན་པོ་ཞེས་རྡཽ་རྗེ་འཆང་གི་མཚན་ནས་བོས་ཏེ་ཁྱོད་ནི་བདག་གི་སྟོན་པ་གཅིག་པུར་བས་སོ་ཞེས་གསོལ་བ་གདབ་པའི་ཚུལ། རྡོ་རྗེ་ཕུར་བུའི་རྒྱུད་ལས་ཀྱང༌། སྐྱེ་རྒ་ན་དང་འཆི་བ་ཡི། །ཆུ་སྲིན་པིར་ཐོགས་འཇིགས་བྱེད་ལས། །གདོན་པར་འདོད་པ་ཁྱོད་འབའ་ཞིག །དགའ་ཆེན་ཁྱོད་བདག་སྟོན་པར་བས། །ཞེས་པ་ལ་སོགས་པས་བསྟན་པ་བཞིན་ནོ། །དེའི་འཕྲོར་རྩེ་མོ་དང་མཐུན་པར་བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། ཞེས་པ་ནི་གཞན་གྱིས་མི་འཕྲོགས་པའི་དོན་དུ་རྒྱ་གར་བ་རྣམས་འཆད་དོ། །ཚུལ་དེ་ལྟ་བུའི་སྔགས་དང་རྒྱུད་དང་ཕྱག་རྒྱ་བཞི་ལ་སོགས་པའི་དམ་ཚིག་དང༌། སྨོན་པ་དང་འཇུག་པའི་བྱང་ཆུབ་སེམས་རྣམ་པ་གཉིས་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བདག་ལ་སྩོལ་ཞེས་གསོལ་བ་གདབ་པ་ལ་སྡོམ་པ་ཇི་ལྟར་སྦྱིན་པ་ནི་ཡོངས་དག་གི་རྒྱུད་


JLAZ003_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སོ་སོ་ཐར་པ་དང་པོར་སྦྱིན། །དེ་ནས་བྱང་ཆུབ་སྡོམ་ཆེན་བྱིན། །དེ་ནས་དབུ་མའི་ཆོས་རྣམས་བཤད། །མཐར་ནི་འབྲས་བུའི་ཐེག་ཆེན་གྱི། །དབང་བྱིན་འབྲས་བུའི་རྒྱུད་རྣམས་བཤད། །ཅེས་དང༌། བརྟག་གཉིས་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་བྱིན། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ཏེ། །ཞེས་པ་ལ་སོགས་དང་མཐུན་པར་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་གསང་སྔགས་ཀྱི་གཞུང་ལམ་གཅིག་ཏུ་རྫོགས་པར་སྟོན་པ་ནི་གསང་ཆེན་འདུས་པ་མདོའི་གྲུབ་པའི་མཐའ་ལྟ་བུ་ཡིན་ལ། དེ་བཞིན་དུ་སོ་ཐར་གྱི་རྟེན་དུ་རུང་ན་དགེ་བསྙེན་ཡན་ཆད་ཀྱི་སོ་སོར་ཐར་པ་བྱང་སྡཽམ་གྱི་སྔོན་རོལ་ཏུ་སྟེར་བའི་ཆོ་ག་ཡང་འབྱུང་བ་ལྟར་སྡོམ་པའི་རྟེན་དུ་རུང་མི་རུང་གི་སྐབས་བཙལ་ཤེས་པར་བྱས་ནས་སྡོམ་ཁྱད་དམིགས་བསལ་གྱི་དབྱེ་བ་ནི། སྡོམ་པ་གང་ཞིག་སྦྱིན་པའི་གཞི་རྟེན་དུ་གྱུར་པ་སྐྱབས་སུ་འགྲོ་བ་དང་འབྲེལ་བར་སེམས་བསྐྱེད་པ་ནི་ཐུན་མོང་གི་སྡོམ་པ་སྟེ་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀའི་ཡིན་པས་སློབ་མའི་དབང་བསྐུར་བ་རྣམས་གཟུང་དུ་གཞུག་ལ། དེའི་སྟེང་དུ་རིགས་ལྔའི་སྡོམ་པ་ནི་སློབ་དཔོན་དུ་བྱེད་པའི་སྡོམ་པ་སྟེ་རྡོ་རྗེ་ཐེག་པ་ཁོ་ནའི་ནང་ཚན་ལས་ཀྱང་


JLAZ003_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྤྱོད་གཉིས་དང་ཐུན་མོང་མ་ཡིན་པར་རྣལ་འབྱོར་དང་བླ་མེད་གཉིས་ཀྱི་ཁྱད་པར་གྱི་སྡོམ་པ་ཡིན་པས་སློབ་དཔོན་གྱི་དབང་བསྐུར་བ་རྣམས་ལས་དེ་ཕྱིན་ཆད་ལ་མི་འབོགས་སོ། །འབོགས་པའི་ཆོ་ག་ནི་ཁྱབ་ཆེ་བའི་དབང་དུ་བྱས་ན་སྒྱུ་དྲྭ་ལས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱི་རྐང་པ་བཞི་ལས་དང་པོས་སྐྱབས་སུ་འགྲོ་བ་དང༌། གཉིས་པས་སྡིག་པ་སྟོབས་ཆེན་གྱིས་རྒྱུད་མ་རུང་པར་བྱས་པ་ལ་སྡོམ་པ་སྐྱེ་དཀའ་བས་བཤགས་སྡོམ་དང༌། གསུམ་པས་བསོད་ནམས་ཆེན་པོ་དང་མི་ལྡན་པ་ལའང་སྐྱེ་དཀའ་བས་རྗེས་སུ་ཡི་རང་བའི་ཡན་ལག་གིས་དགེ་བའི་ཚོགས་གློ་བུར་དུ་བསྡུས་པའི་མཐར། རྐང་པ་བཞི་པས་སྡོམ་པ་བཟུང་བ་ནི་སྔོན་དུ་བྱང་སྡོམ་གྱི་མཚན་ཉིད་བརྡའ་ལེགས་པར་འཕྲོད་པའི་གང་ཟག་དབང་པོ་ཤིན་ཏུ་རྣོན་པོའི་དབང་དུ་བྱས་པ་སྟེ། གཞན་དུ་ན་སྨོན་སེམས་ཙམ་ཡང་སྡོམ་པ་དངོས་བསྟན་དུ་མི་རུང་ན། སྤྱོད་པའི་ཚུལ་ཚིག་གིས་བརྡའ་མི་འཕྲོད་པ་འཇུག་སྡོམ་དུ་རུང་བ་མ་ཡིན་པས་བྱང་ཆུབ་སེམས་དཔའི་རིགས་ལ་ནུས་པ་སད་ནས་སྨོན་སེམས་བརྟན་ཅིང༌། སྤྱོད་པ་ལ་བསླབ་པའི་དོན་དུ་འཇུག་སེམས་བཟུང་བའི་ཚིག་གུར་ལས། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །ཞེས་པ་ལ་སོགས་པ་སྦྲེལ་ནས།


JLAZ003_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །ཞེས་པའི་རྐང་པ་གཉིས་ཀྱི་ཆོ་གས་བཟུང་བ་ལེགས་ལ་སྡོམ་པ་སྐྱེ་འཇིག་ཀྱང་མོས་པའི་རྗེས་སུ་འགྲོ་བའི་ཕྱིར་ན་སྨོན་འཇུག་སོ་སོའི་སྡོམ་པ་བླང་ལུགས་བརྡའ་ལེགས་པར་འཕྲོད་པ་ནི་ངེས་པར་གཅེས་པའོ། །དེ་ལྟར་སྐབས་འདིའི་ཐུན་མོང་གི་སྡོམ་པ་བཟུང་ཕྱིན་ཆད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕྱིན་དྲུག་སོགས་ལ་སློབ་པར་ཁས་བླངས་པ་ཡིན་པས་ན་སྡོམ་པ་དེ་འཇིག་པའི་རྒྱུའི་རྩ་ལྟུང་དག་ཀྱང་རིས་སུ་བོར་བ་ཤིན་ཏུ་མི་རིགས་ཏེ་སྔགས་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཁྱད་པར་ཅན་ཉིད་ལས་དངོས་དོན་ལ་འགལ་བ་ལྟག་སྤྲོད་པའི་གྲུབ་པའི་མཐའ་གཞན་དུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཐུན་མོང་གི་སྡོམ་བཟུང་སྔོན་དུ་སོང་ནས་སློབ་དཔོན་གྱི་སྡོམ་པ་བཟུང་བར་གསོལ་བ་བཏབ་པའི་ཕྱི་ནས་རིགས་ལྔའི་སྡོམ་པ་བཟུང་བ་དངོས་ནི། བླ་མས་བསྒྲག་ཅིང་སློབ་མས་བཟུང་བ་གང་ཞིག་སྡོམ་པའི་མཚན་ཉིད་ཡིན་པས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་བར་གྱི་ཤོ་ལོ་ཀ་དང་པོས་སྨོན་སེམས་དང༌། གཉིས་པས་འཇུག་སེམས་དང༌། ལྷག་མ་རྣམས་ཀྱིས་སྔགས་སྡོམ་གསལ་བར་དམིགས་ཕྱེ་བ་མངོན་སུམ་དུ་གསལ་ཞིང་


JLAZ003_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཆེན་པོ་དང་ལྡན་པ་ལ་ནན་ཏན་གྱི་ཆོས་ཀྱང་འགལ་བ་མེད་པའི་ཕྱིར་རིགས་པ་ཕྱིན་ཅི་ལོག་མི་སྒྲུབ་བོ། །དེ་ལྟར་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པའི་གནས་འོག་ཏུ་འཆད་པར་འགྱུར་བ་གང་ཡིན་པ་ལ་རྣམ་པ་ཕྱེད་པའི་ངེས་པ་བརྟན་པོ་དང༌། འདི་ནི་བཟུང་ངོ་འདི་ནི་མི་བཟུང་ངོ་སྙམ་པ་ལྟ་བུའི་རིས་སུ་བཅད་པའང་མེད་པས་སྡོམ་པ་བཟུང་འདོད་བསྐྱེད་པ་ནི་ངེས་པར་གལ་ཆེ་བ་ཡིན་ཏེ། འདི་ལྟར་ཆོ་ག་ལས་སྐྱེ་བའི་ཕྱོགས་ཀྱི་སྡོམ་པ་ཐོབ་གཏོང་སྐྱོར་གསུམ་ཀ་འདུན་པའི་རྗེས་སུ་འབྲང་བས་དངོས་གཞིའི་ཆོ་ག་རྣམ་པར་དག་པ་ལ་ལྟོས་པ་ཅན་ཁོ་ནར་རིག་པར་བྱ་ཞིང༌། མཐར་གྱིས་སྔགས་སྡོམ་དེ་དག་ཀྱང་ཐ་མལ་སྣང་ཞེན་ལས་ལྡོག་པའི་ཉེས་སྤྱོད་སྡོམ་པ། བསྐྱེད་རྫོགས་ཀྱི་མྱུར་ལམ་ཟབ་མོ་ལ་བསླབ་གཞི་འཛིན་པའི་དགེ་བ་ཆོས་སྡུད། གཞན་དོན་དུ་ལས་བཞིའི་ཕྲིན་ལས་ལ་མངའ་དབང་འབྱོར་བའི་སེམས་ཅན་དོན་བྱེད་དེ། སྔགས་སྡོམ་བྱེ་བྲག་པའི་ཆིངས་ཀྱིས་བཅིངས་པའི་ཚུལ་ཁྲིམས་རྣམ་པ་གསུམ་དུ་ངེས་པར་བྱའོ། །དེ་ལྟར་སྔགས་སྡོམ་འབོགས་པའི་དུས་ཚོད་ནི་སྐབས་འདི་དང་དངོས་གཞིའི་མགོར་འབོགས་པ་ལ་ཁྱད་པར་མེད་དེ་འབོགས་བྱེད་ཀྱི་སློབ་དཔོན་རང་ཉིད་ལ་སྡོམ་པ་དེ་ལྡན་གཞིར་བཞག་ནས་རྩ་ལྟུང་མ་བྱུང་བའི་གནས་སྐབས་གང་དུའང་སློབ་མ་ལ་སྡོམ་པ་


JLAZ003_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་ཞིང༌། འབོགས་པ་པོ་ལ་མི་ལྡན་ན་སློབ་མ་ལའང་མི་སྐྱེ་བས། སློབ་དཔོན་རང་ཉིད་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་རྒྱུད་དག་པའི་ཐབས་ལ་འབད་པར་བྱས་ནས་གཞན་དང་གཞན་གྱིས་རྡོ་རྗེ་སློབ་དཔོན་དུ་བསྐུར་བ་ཙམ་གྱིས་ཁེངས་པར་མི་བྱ་སྟེ། སོ་སོ་སྐྱེ་བོའི་རྒྱུད་ལྡན་གྱི་དམ་བཅའ་ནི་གཞན་གྱི་བསྟི་སྟང་ལ་བརྟེན་ནས་ཉམས་པར་སྣང་བའི་ཕྱིར་རོ། །དེ་ནས་བདུད་རྩི་འཁྱིལ་བའི་སྔགས་དང་ཆུས་བསྲུང་ལ། སློབ་མ་ལྟར་བསྐྱེད་པའི་གནས་གསུམ་དུ་གཡས་པའི་ཁུ་ཚུར་རྡོ་རྗེ་དང་བཅས་པའི་དྲིའི་ཆུས་ཡས་རིམ་མམ། མས་རིམ་ཅི་རིགས་ནས་རེག་པའི་ལུགས་གཉིས་ནི་བདེ་བ་དང་བསྟུན་ནས་ཕྱག་མཚན་གསུམ་ལ་གནས་པའི་འབྲུ་གསུམ་གྱིས་མཚན་པར་བསྒོམས་ནས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་དང༌། སྐྱེ་མཆེད་བྱིན་གྱིས་བརླབ་པ་སོགས་བྱས་ནས་མཆོད་ཡུལ་དུ་གྱུར་པ་ལ་འདོད་ཡོན་ལྔས་མཆོད་ཅིང༌། དུས་དེང་ནས་བཟུང་སྟེ་འཁོར་བའི་ཉེས་པ་དང་བཅས་པས་འདོད་ཡོན་ལ་སྤྱོད་པའི་སྲེད་ལེན་ལས་གྲོལ་ཏེ་སྒྱུ་མ་ལྟ་བུའི་མཆོད་པས་བསོད་ནམས་སུ་འགྱུར་བར་གྱིས་ཤིག ཅེས་བརྡའ་སྤྲད་དོ། །དེ་ནས་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་བ་དང་འབྲེལ་བར་ཕྱི་ལྟར་ལྟས་བརྟག་པའི་དང་པོ་ངག་གི་སྒྲིབ་པ་སྦྱང་ཕྱིར་སོ་ཤིང་དོར་བའི་ར་བ་གྲུ་བཞི་པ་


JLAZ003_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྕི་བ་ལ་སོགས་པས་བྱུགས་པའམ། པདྨ་འདབ་བརྒྱད་དྲིའི་མེ་ཏོག་གི་ཚོམ་བུ་ཅན་ཉེར་བསྡོགས་བྱ། ཨ་ཤཱད་ཐ་ལ་སོགས་པ་བོད་དུ་མི་རྙེད་པས་འོ་མ་ཅན་གྱི་ཤིང་དྲང་ཞིང་ཕྲ་རྒྱས་འཚམ་པ། གས་པ་དང་འབུས་གཡེངས་པ་ལ་སོགས་པའི་སྐྱོན་དང་བྲལ་བ་རྟེན་འབྲེལ་བཅུ་གཉིས་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་འགག་ཤེས་པའི་བརྡར་སོར་མོ་བཅུ་གཉིས་པའི་ཚད་ཟུར་གསུམ་དུ་བྱ་སྟེ། ཕྲེང་བ་ལས། སོར་ནི་བཅུ་གཉིས་གཞལ་བ་ཡི། །ཟུར་ནི་གསུམ་དུ་ཡོངས་སུ་བྱ། །ཞེས་པ་ལྟར་གྱི་མཚན་ཉིད་ཚང་བ་དྲི་བཟང་གི་ཆུས་བཀྲུ། བདུག་པས་བདུགས་རྩེ་མོར་མེ་ཏོག་གི་ཕྲེང་བ་དང༌། སྲད་བུ་དམར་པོས་བཅིངས་པ་ཉིད་བགེགས་མཐར་བྱེད་ཀྱི་སྔགས་བཟླས་པས་བྱིན་གྱིས་བརླབས་པ་དེ་ཉིད་ངག་གི་ཉེས་པ་བསལ་བ་དང༌། དངོས་གྲུབ་ཀྱི་ལྟས་བརྟག་པའི་དོན་དུ་སློབ་མའི་ལག་པར་མེ་ཏོག་རང་ལ་བསྟན་ནས་བྱིན་པར་བྱ་སྟེ་ཕུར་བུའི་རྒྱུད་འཇིག་རྟེན་སྣང་བྱེད་ལས། ངག་གི་ཉེས་པ་བསལ་བའི་ཕྱིར། །སོ་ཤིང་བྱིན་ལ་སོ་རྩ་དྲུད། །ཕྲིན་ལས་བཞི་ཡི་དངོས་གྲུབ་བརྟག །ཅེས་སོ། །དེ་ཡང་སྤྱི་རྒྱུད་ལས། སློབ་མ་ཁ་བྱང་དུ་ཕྱོགས་པ་ལ་སོ་ཤིང་གཏད་ནས་འདོར་བའི་ཚེ་ཤར་དུ་བལྟ་བར་བཤད་མོད། དཔོན་སློབ་གཉིས་ཀ་བྱང་དུ་ཕྱོགས་པས་ཀྱང་རུང་སྟེ།


JLAZ003_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་རང་བཞིན་དུ་བཀྲ་ཤིས་པའི་ཕྱོགས་ཡིན་པས་སོ། །ཇི་ལྟར་ཡང་སོ་ཤིང་མཁའ་དབྱིངས་ཀྱི་རྒྱས་བཟུང་བའི་རྩ་བས་སོ་རྩ་དྲུད་པའི་སྟང་ཀ་དང་བཅས་ངག་གི་ཉེས་པ་བསལ་བ་དང༌། དངོས་གྲུབ་ཀྱི་ལྟས་བརྟག་པའི་འདུན་པ་དྲག་པོས། ཨོཾ་བཛྲ་ཧ་ས་ཧཾ། ཞེས་བརྗོད་པ་དང་ཆབས་ཅིག་པར་མིག་གྱེན་དུ་ཕྱོགས། ཧ་ཅང་ཤུགས་དྲག་པས་ཕྱི་རོལ་ཏུ་ལྟུང་བ་མ་ཡིན་པར་དོར་ནས་ལྟས་བརྟག་པ་ནི། ཤར་དང་བྱང་ནུབ་ལྷོ་རིམ་བཞིན། །ཞི་རྒྱས་དབང་དང་མངོན་སྤྱོད་དོ། །སྟེང་ཕྱོགས་རིག་འཛིན་འོག་ས་འོག །དངོས་གྲུབ་ཐོབ་ཅིང་ཕྱིར་ལྟུང་མེད། །རྩ་བ་རང་བསྟན་ལན་གསུམ་བསྐྱར། །གཡས་ཡོ་ཚེ་ཐར་གཡོན་ཡོ་སྦྱིན། །གསེག་འགྲོས་མར་མེ་བརྒྱ་རྩ་སྤར། །ལྟུང་ནས་བསག་སྦྱང་རྒྱ་ཆེར་བྱ། །དེ་ནས་ཡིད་སྒྲིབ་དག་ཕྱིར་ཁྱོར་ཆུ་བྱིན་པ་ནི། དུང་ཞལ་དུ་གནས་པའི་དྲིའི་ཆུ་བཾ་ལས་སྐྱེས་པའི་ཆུར་བསམས་ལ་འཁྱིལ་པའི་སྔགས་བདུན་གྱིས་བརླབས་པ་ཁྱོར་བ་གཡས་སམ། གཡོན་པར་བཤད་པའང་ཡོད་པས་གང་རུང་དུ་ལན་གསུམ་སྟེར་ཞིང༌། ཨོཾ་ཧྲཱྀཿབི་ཤུད་དྷེ་དྷརྨ་པཱ་པཾ་ནི་ཙ་ཡ་སྱ་ཤོ་དྷ་ཡ་སརྦ་བི་ཀ་ལྤཱ་ན་ཨ་པ་ན་ཡ་ཧཱུྃ་ཕཊཿ ཅེས་ཨོཾ་གྱིས་མགོ་དྲངས། གསུང་རྡོ་རྗེའི་ས་བོན་གྱིས་བོས་ནས། ཆོས་ཐམས་ཅད་རྣམ་པར་དག་པ་ཡིན་པས་ཕུང་པོ་འདིའི་སྡིག་པ་རྣམ་


JLAZ003_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྦྱོངས་ཤིག རྣམ་པར་རྟོག་པ་ཐམས་ཅད་བསལ་བར་མཛོད། ཅེས་ལན་གསུམ་བཏུང་དུ་བཅུག་པའི་ལྷག་མ་དཔུང་པ་གཡོན་ཕྱོགས་ནས་རྒྱབ་ཏུ་དོར་བས་ཡིད་ཀྱི་དྲི་མ་དག་པར་བསམ་མོ། །འདིར་གཞན་དག་ངག་གི་ཉེས་པ་བསལ་བའི་དོན་དུ་འདོད་པ་དང༌། རྨི་ལམ་གསལ་བའི་དོན་དུ་འདོད་པའི་ཕྱོགས་གཉིས་སུ་གྲགས་ནའང་སྔགས་དོན་གྱི་ཁ་ཚོན་ལེགས་པར་ཆོད་དེ། མིང་བཞིའི་ཕུང་པོ་ཡིད་ལས་སྐྱེ་བས་ན་རྣམ་པར་རྟོག་པ་བསལ་བར་མཛོད་ཅེས་འབྱུང་ངོ༌། །དེ་ནས་ལུས་སྒྲིབ་དག་པར་བྱ་བ་དང་བསྲུང་བའི་ཕྱིར་ཧཱུྃ་ལས་སྐྱེས་པའི་སྐུད་པ་དམར་པོ་སློབ་བུའི་ལུས་ཚད་དང་མཉམ་པ་གསུམ་ལྟབ་ཏུ་བྱས་པའམ། ཡང་ན་ཕྲེང་བ་ལས་ཁྲུ་གང་སོར་བཞི་པའང་བཤད་པས་ཇི་ལྟར་རུང་བ་ལ་རྡོ་རྗེའི་མདུད་པ་གསུམ་མམ་དྲུག་ཏུ་བྱས་པ་ལས་ཆུས་བསང་ཞིང༌། འཁྱིལ་བའི་སྔགས་བདུན་གྱིས་བརླབ། ཁམས་དཀར་དམར་གྱི་ཆའི་བར་ཆད་བསྲུང་ཕྱིར་སྐྱེས་པའི་དཔུང་བ་གཡོན་དང༌། བུད་མེད་ཀྱི་གཡས་སུ་ཉིན་མཚན་ནམ། ཕྱི་ནང་གི་བར་ཆད་བསྲུང་ཕྱིར་རིམ་པ་གཉིས་སུ་བཅིང་ཞིང༌། ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱ་ན་སྭཱ་ཧཱ། ཞེས་བཟླ་བཞིན་པར་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་རེག་ནས་ལུས་རྡོ་རྗེའི་གོ་ཆས་བཞུ་བླུགས་སུ་གཡོགས་པར་བསྒོམ་མོ། །གཉིས་པ་ནང་ལྟར་རྨི་ལམ་གྱི་ལྟས་བརྟག་པ་ནི་


JLAZ003_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་གདོན་ལ་སོགས་པས་རྨི་ལམ་མི་འཁྲུགས་པའི་ཕྱིར་ཀུ་ཤའི་སྔས་སྟན་བྱིན་པར་བྱ་སྟེ། ཀུ་ཤ་འདི་ནི་གཙང་ཞིང་དགེ ། ཞེས་པ་ལ་སོགས་པས་དེའི་ཕན་ཡོན་བསྟན་པ་ལྟར་དེ་བཞིན་གཤེགས་པས་ཀྱང་རྩྭ་འཚོང་གི་ཁྱེའུ་བཀྲ་ཤིས་ལས་བཀྲ་ཤིས་ཀྱི་རྩྭ་ཀུ་ཤའི་ཆུན་པོ་བླངས་ཏེ་དེའི་སྟན་ལ་བཞུགས་ནས་ཏིང་ངེ་འཛིན་གསུམ་དང་རིག་པ་གསུམ་བསྐྱེད་དེ་མངོན་པར་སངས་རྒྱས་པའི་ཕྱིར་རོ། །དེ་བས་ན་སྔགས་ཀྱི་ལམ་དུས་ཀྱང་སྡོམ་འབྱུང་ལས། དྷཱྀཿཡིག་གི་ནི་སྔགས་བཟླས་པའི། །ཀུ་ཤ་དེ་ལ་རབ་སྦྱིན་བྱ། །ཞེས་པས། དྷཱྀཿཡིག་ལས་བྱུང་བར་བསམས་པའི་ཀུ་ཤའི་ཕོན་པོ་སྟན་དང༌། རྐྱང་བ་སྔས་ཀྱི་དོན་དུ་དྷཱིཿཡིག་དང་འཁྱིལ་པའི་སྔགས་ཀྱིས་བརླབས་པ་ཐལ་མོ་སྦྱར་བའི་བར་དུ་ཨོཾ་བཛྲ་ཏིཀྵྞ་བཾ་ཞེས་སྦྱིན་པར་བྱ་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། ལག་མཐིལ་སོ་ཤིང་ཀུ་ཤ་སྦྱིན། །ཞེས་སོ། །དེ་ལྟར་བཀྲ་ཤིས་པའི་རྫས་དེས་ནི་བགེགས་བསྲུང་ཞིང་བསྐལ་པ་དགེ་མི་དགེ་རྨི་ལམ་ལས་གསལ་བར་བྱེད་དེ། སྤྱི་རྒྱུད་ལས། ཀུ་ཤ་བཏིང་བའི་ས་གཞི་ལ། །ཤར་ཕྱོགས་སྔས་བསྟན་ཉལ་དུ་གཞུག །ཅེས་པ་ལྟར་སེང་གེའི་ཉལ་སྟབས་ཀྱིས་ཉལ་ལོ། །དེའང་འཇམ་དཔལ་རྩ་རྒྱུད་ལས། དང་པོའི་ཐུན་གྱི་རྨི་ལམ་གང༌། །བད་ཀན་ལས་བྱུང་ཤེས་པར་


JLAZ003_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །གཉིས་པར་གང་བྱུང་མཁྲིས་པ་སྟེ། །འཇིག་རྟེན་ལ་ཡོད་སྨད་པ་ཡིན། །གསུམ་པ་རླུང་བྱུང་ཤེས་པར་བྱ། །བཞི་པ་བདེན་པར་འབྱུང་བ་ཡིན། །ཞེས་བཤད་དོ། །རྨི་ལམ་ལུང་སྟོན་ནི་གསང་བའི་དགོངས་རྒྱུད་ལས། རྡོ་རྗེ་སློབ་དཔོན་ཕྱག་ཆ་སྣང་ཞིང་རྨི། །ཐུགས་ཀྱི་དངོས་གྲུབ་ཐོབ་པའི་རྟགས། །ལག་ཏུ་བནྡྷ་ཐོགས་པ་དང༌། །ཀུན་གྱི་དམག་དཔོན་བྱེད་པ་དང༌། །སྐུ་ལ་རྒྱན་ཆ་འདོགས་ཤིང་རྨི། །སྐུ་ཡི་དངོས་གྲུབ་ཐོབ་པའི་རྟགས། །གསེར་གཡུ་ལུས་ལ་གདགས་པ་དང༌། །གཞན་ཡང་ཟངས་ལྕགས་རིན་པོ་ཆེ། །བདག་གིས་རྟག་ཏུ་འཆང་ཞིང་རྨི། །ཡོན་ཏན་དངོས་གྲུབ་ཐོབ་པའི་རྟགས། །ལག་ཏུ་པདྨ་མེ་ཏོག་ཐོགས། །ཉི་ཟླ་དངོས་གྲུབ་ཐོབ་པའི་རྟགས། །མདའ་གཞུ་གོ་མཚོན་ཐོགས་པ་དང༌། །རྩི་ཤིང་མང་པོ་བསྡུས་པ་དང༌། །ནམ་མཁའ་ལ་ནི་འཕུར་ཞིང་རྨི། །ཕྲིན་ལས་དངོས་གྲུབ་ཐོབ་པའི་རྟགས། །ཞེས་སོ། །གལ་ཏེ་ངན་པ་ཤར་ན་ཚོགས་དང༌། གཏོར་མ་དང༌། ཡི་གེ་བརྒྱ་པ་དང༌། ལས་ཐམས་ཅད་པའི་སྔགས་དང༌། སྦྱིན་སྲེག་དང༌། སྲུང་འཁོར་དང༌། ཁྱད་པར་བདག་མེད་པའི་དོན་གྱིས་བཟློག་པར་བྱ་སྟེ། མངོན་བྱང་ལས། ཡང་ན་དངོས་རྣམས་རྨི་ལམ་དང༌། །དྲི་ཟའི་གྲོང་ཁྱེར་ལྟར་ཤེས་ནས། །བློ་དང་ལྡན་པས་རྨི་ལམ་རྣམས། །སྙིང་པོ་མེད་པར་ཤེས་པར་བྱ། །ཞེས་སོ། །དེ་ནས་སྤྲོ་བ་བསྐྱེད་པ་ནི། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་


JLAZ003_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནི་ཀུན་མཁྱེན་དག །ཅེས་པ་ནས། དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་པའི་བར་གྱི་རྐང་པ་སུམ་ཅུ་སོ་གཉིས་དབང་ཆོག་རྣམས་ལ་བཀོད་པ་ལྟར་ཤློ་ཀ་དང་པོའི་དོན་སྔར་ཡང་བཤད་ཟིན་ལ། ཤློ་ཀ་གཉིས་པའི་གྲགས་པ་མཐའ་ཡས་ཏེ་སངས་རྒྱས་པའི་སྔགས་ཡོན་ཏན་གྱི་ཁྱད་པར་མཐའ་ཡས་པར་གྲགས་པའི་སྔགས་འབྱུང་བ་ཁྱད་པར་དུའང་དཀོན་པར་བསྟན་ཅིང༌། དེ་ནས་ཤློ་ཀ་གསུམ་པས་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་ལག་གི་འདུ་བྱེད་ཀྱིས་བསྐྲུན་ཅིང་བྱང་ཆུབ་ཀྱི་སེམས་རྒྱུན་ལས་སྤྲུལ་པའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཤིང་བསྒྲུབས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་མཐོང་བ་ཙམ་ཡང་མཐུ་ཆེ་བས་སྡིག་པ་ཟད་པར་སྟོན་པ་དང༌། དེ་ནས་རྐང་པ་གཉིས་ཀྱིས་དཀྱིལ་འཁོར་མཐོང་བ་ཙམ་ཡང་དེ་འདྲ་ན་གྲགས་པ་མཐའ་ཡས་ཏེ་དཀྱིལ་འཁོར་དུ་ཞུགས་ནས་དེའི་སྤྱོད་པ་དང་ཚུལ་ལུགས་ལ་གནས་པ་ནི་སྨོས་ཅི་དགོས་ཏེ་ཞེས་སྙོན་དུ་དོར་བ་དང༌། དེ་ནས་རྐང་པ་གཉིས་ཀྱིས་བདེ་བར་སྐྱོབ་པ་དང༌། ལེགས་པར་སྐྱོབ་པའི་དངོས་གྲུབ་གང་ཡིན་པའི་གོ་འཕང་སྔགས་བཟླས་པས་ངེས་པར་ཐོབ་པར་བསྟན་ལ། དེ་ནས་རྐང་པ་བཞིས་དེ་ཡང་སྔགས་ཀྱི་དཀྱིལ་འཁོར་དུ་ཚུལ་བཞིན་དུ་འཇུག་པ་དག་གི་སྡིག་པ་བཤགས་པ་དང༌། སྐྱབས་སུ་འགྲོ་བ་དང༌། སྡོམ་པ་འཛིན་པ་རྣམས་ཏེ་ཆོས་གཅིག །རྟེན་གཞལ་ཡས་ཁང་གི་ཡོན་ཏན་དང་དག་པ། བརྟེན་པའི་ལྷ་ཚོགས་རྣམས་ཀྱི་སྐུ་དང་ཕྱག་རྒྱ་


JLAZ003_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ནས་དད་པ་ཆེན་པོ་སྐྱེས་པ་དང་གཉིས། སེམས་བསྐྱེད་མི་གཏོང་བ་དང་དམ་ཚིག་བཟུང་བ་སྟེ་ཆོས་གསུམ་ལྡན་གྱི་སྤྱོད་པ་མཆོག་དང་ལྡན་པ་རྣམས་ནི་སྐྱེ་བ་འདིར་འབྲས་བུ་མ་ཐོབ་ཀྱང་ངན་འགྲོར་འགྲོ་བའི་སྒོ་ཆོད་པར་བསྟན་ལ། དེ་ནས་བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱི། །ཞེས་པ་ལ་སོགས་པའི་ལྷག་མ་རྣམས་ཀྱིས་ནི་འཇིག་རྟེན་ན་རྙེད་པར་དཀའ་བའི་རྙེད་པ་ཆེན་པོ་དེ་རིང་ཁྱོད་ཀྱིས་རྙེད་དོ་ཞེས་སྤྲོ་བ་བསྐྱེད་ནས། ད་ནི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་བསྟན་པའི་ཉིང་ཁུ་དཔལ་གྱི་དུམ་བུ་ལྟ་བུ་འདི་ཀུན་ལ་ཡོངས་སུ་བཟུང་བས་གནས་པ་སྐྱེ་བར་འགྱུར་བ་ནི་ཞེས་པ་ལ་སོགས་པའི་དོན་གྱི་ད་ལྟ་བླ་མེད་འབྱུང་བའི་རྒྱུའི་གཙོ་བོ་སྔགས་ཀྱི་ཐེག་ཆེན་གནས་པའམ་སྐྱེ་བཞིན་པ་དེ་ཡང་ནི་ངེས་པར་ཐེག་ཆེན་ལ་སྐྱེ་བར་འགྱུར་རོ་ཞེས་པའི་དོན་དུ་དེའི་འགྲེལ་པ་ལས་བཤད་དོ། །དེས་མཚོན་ནས་རིང་པོར་མི་ཐོགས་པར་དེ་བཞིན་གཤེགས་པའི་རང་བཞིན་དུ་འགྱུར་རོ་ཞེས་དབུགས་འབྱིན་པའོ། །ལ་ལ་དཀྱིལ་འཁོར་མཐོང་ཡང་ཆོས་གསུམ་དང་མི་ལྡན་ན་སྡིག་པ་མི་འབྱང་ཞེས་འཆད་མོད། དེ་ལྟ་ན་དབང་གི་སྔོན་དུ་འགྲོ་བའི་ཆོས་གསུམ་པོའི་ནུས་པ་ཁོ་ན་ཡིན་པས། བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །


JLAZ003_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་ཟད་འགྱུར་ན། །ཞེས་པ་ལ་སྙིང་པོ་མེད་དོ། །དེ་ལྟ་བུའི་བུམ་པ་དང་སློབ་མ་སྟ་གོན་ནི་རས་བྲིས་ལ་བརྟེན་པ་ཡིན་ཀྱང་བྱ་བ་ཉིད་ལེགས་སོ། །དེ་ལྟར་དབང་གི་ཉེར་བསྡོགས་སམ། སྟ་གོན་གྱི་རིམ་པ་སྔོན་དུ་བཏང་ནས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་འདུ་བྱ་བའི་ཕྱིར་ཐོག་མར་ཡེ་ཐིག་གི་བྱ་བ་ལ་འཇུག་སྟེ། ཡེ་ཤེས་ཀྱི་ཐིག་སྐུད་ལྔ་ཚན་ལྔ་པ་སྟེ། ཉི་ཤུ་རྩ་ལྔའི་གྲངས་སུ་ལོངས་པ་སྣོད་ལྔར་བཞག་པ་ལྔ་བདུད་རྩི་ལྔ་དང་ཡུངས་ཀར་གྱི་ཕྱེ་མ་བསྲེས་པའི་དྲི་ཞིམ་པོས་ཚོན་སྣ་ལྔའི་སྐུད་པ་རྣམས་ཁ་དོག་སོ་སོར་བསྒྱུར་བར་བྱ་སྟེ། འདི་ལྟར་སྲད་བུ་ཚན་པ་ལྔ་ནི་ཡེ་ཤེས་ལྔ་མཚོན་ལ་ཡེ་ཤེས་རེ་རེ་ལའང་ཡེ་ཤེས་བཞི་བཞི་དང་ལྡན་པར་མཚོན་པའི་ཚུལ་མཁའ་འགྲོ་དང་སྡོམ་འབྱུང་ལས་བཤད་པའི་ཕྱིར་རོ། །དེ་ནས་རང་དང་ཐིག་གྲོགས་ལྷར་གསལ་བའི་ལག་མཐིལ་གཡོན་པའི་མཐེའུ་ཆུང་གི་རྩ་བ་ནས་རིམ་པར་མཐེ་བོའི་རྩ་བའི་བར་དུ་སྲད་བུ་རྣམས་བཀོད་ལ། རྒྱུད་སྡེ་སྔ་འགྱུར་ལས་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་དང༌། ཕྱི་འགྱུར་ལས་བྲུཾ་ཨཱཾ་ཛྲྀཾ་ཁཾ་ཧཱུྃ་དང༌། ཐུན་མོང་དུ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལ་རིགས་ལྔའི་ས་བོན་དུ་བཤད་པ་ལྟར་ལས་རིགས་དང་ཁ་དོག་ཏུ་མཐུན་པའི་དེ་བཞིན་གཤེགས་པ་ལྔའི་ངོ་བོར་


JLAZ003_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་དམ་ཚིག་པ་ལ་ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷའི་ཐུགས་ཀའི་ས་བོན་ལས་ཡེ་ཤེས་ཀྱི་སྐུད་པ་འོད་ཟེར་གྱི་རྣམ་པར་འབྱུང་བར་མོས་པ་སྟེ། ཨོཾ་ཨཱཿཤཱུ་ནྱ་ཏ་བཛྲ་སཱུ་ཏྲ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུྃ། ཞེས་མི་བསྐྱོད་པ་ལ་གསོལ་བ་གདབ་པ་དང་མཐུན་པར་ཤཱུ་ནྱ་ཏའི་མལ་དུ་ཨཱ་དརྴ་སོགས་རིགས་གཞན་བཞིའི་མཚན་སྔགས་བཅུག་ནས་གསོལ་བ་གདབ་པར་བྱ་སྟེ། སྔགས་དོན་དཀྱིལ་འཁོར་ཆེན་པོའི་ཐིག་གདབ་པར་བྱ་བའི་ཕྱིར་རྡོ་རྗེའི་ཐིག་བདག་ལ་སྩོལ་ཅིག་ཅེས་པའོ། །མིག་འབྲས་གཡས་གཡོན་ཉི་མ་དང་ཟླ་བ་སེར་པོའི་རང་བཞིན་ཛཿསེར་པོས་མཚན་པར་བསྒོམས་ཏེ། ཨོཾ་དཱི་པྟ་དྲྀ་ཥྟ་ཨཾ་ཀུ་ཤ་ཛཿཞེས་བརྗོད་བཞིན་པར་མིག་མྱུར་བ་མྱུར་བར་བསྒྲིལ་ནས་རྫི་མ་གཟེངས་བསྟོད་ཅིང་རྡེབ་པ་འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་རིགས་ལྔའི་སངས་རྒྱས་རྣམས་ཀྱི་འོད་ཟེར་གྱི་ཐིག་སྐུད་བཀུག་པ་རིགས་དང་ཁ་དོག་མཐུན་པའི་སྐུད་པ་རྣམས་ལ་བསྟིམ། རང་དང་ཐིག་གྲོགས་གཉིས་ཀས། ཨོཾ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏཱ་སརྦ་དྷརྨཱཿཞེས་བརྗོད་པས་ཆོས་ཐམས་ཅད་ཕན་ཚུན་རྗེས་སུ་སོན་པ་སྟེ་གཅིག་ལ་གཅིག་ལྟོས་སུ་གནས་པའོ། །སྥ་ར་སྥ་ར་ཨ་ནུ་པྲ་ཏི་བིཥྟཿསརྦ་དྷརྨཱཿཞེས་པས་ཆོས་ཐམས་ཅད་ཕན་ཚུན་རྗེས་སུ་ཞུགས་པ་སྟེ་གཅིག་ལ་གཅིག་འདྲེས་པའོ། །ཨ་ཏྱནྟ་ཨ་ནུ་པྲ་


JLAZ003_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བིཥྟཿསརྦ་དྷརྨཿཨོཾ་ཨཱཿཧཱུྃ་ཞེས་པས་ཆོས་ཐམས་ཅད་ཤིན་ཏུ་རྗེས་སུ་ཞུགས་པ་སྟེ་གཅིག་ལ་གཅིག་དབྱེར་མེད་དུ་འདྲེས་པའོ། །ཞེས་པའི་དོན་ཏོ། །དེ་དང་རྗེས་སུ་མཐུན་པར་ཐོག་མར་སྐུད་པ་ལྔ་ལྔས་སྐུད་པ་རེ་རེར་བྱ་ལ། དེ་ནས་ལྔ་ག་གཅིག་ཏུ་དྲིལ་བའི་ཐིག་སྐུད་བྱ་སྟེ། སྡོམ་འབྱུང་ལས། ཆོས་ཀུན་ངོ་བོ་ཉིད་ཀྱིས་ནི། །སྲད་བུ་ཕན་ཚུན་བསྒྲིལ་བར་བྱ། །ཞེས་སོ། །ཐིག་སྐུད་རིང་ཐུང་གི་ཚད་ནི་སྔར་བཤད་ལ། དེ་ལྟ་བུའི་ཐིག་སྐུད་བ་བྱུང་ལྔ་དང་བདུད་རྩི་ལྔས་བརླན་པ་རིན་པོ་ཆེའི་སྣོད་ཀྱི་དབུས་སུ་ཨཱཿམཐའ་གཉིས་སུ་ཨོཾ་ཧཱུྃ་སྟེ་འབྲུ་གསུམ་བྲིས་པའི་བར་དུ་ཆུད་པར་གཞུག དེ་ནས་མིག་གཡས་གཡོན་མ་དང་ཊ་ལས་ཉི་ཟླར་བསྐྱེད། བཛྲ་དྲྀ་ཥྟི་མ་ཊ་ཞེས་བརྗོད་ནས་བརྟན་པར་བྱ། ལས་ཐམས་ཅད་པ་བཟླས་པའི་བདུད་རྩིའི་ཆུ་དང་ཡུངས་ཀར་གྱིས་གཏོར། རྡོ་རྗེ་དང་བཅས་པའི་ལག་པས་རེག་ཅིང་འཁྱིལ་བའི་སྔགས་དང་བཅས་པས་བསྲུངས་ལ། དྲིའི་ཆུ་དང་མེ་ཏོག་དང་སྤོས་ཀྱིས་མཆོད། གཡས་པའི་སོར་མོ་རྣམས་དགབ་བཞིན་པར། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུྃ་ཞེས་པ་དང༌། འབྲུ་གསུམ་ཉིས་བརྒྱ་རྩ་བརྒྱད་རེ་བཟླས་པས་ལྷག་གནས་བྱའོ། །དེ་ནས་གཙོ་བུམ་རྣམས་ཀྱི་ཆུ་ལས་བུམ་དུ་ཅུང་ཟད་བསྲེས་པས་དཀྱིལ་འཁོར་གྱི་ས་ལ་བསང་


JLAZ003_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བྱ་བ་དང་སྦྲགས་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ། ཞེས་བརྗོད་པས་གཙང་མར་བྱས། དཀྱིལ་འཁོར་གྱི་ས་ལ་དྲིའི་ཆུ་བྱུགས་ཤིང་མེ་ཏོག་གཅལ་དུ་བཀྲམ་ཉེར་སྤྱོད་བཤམས་ནས་ནམ་མཁའ་ལ་བྲི་བྱའི་དཀྱིལ་འཁོར་ཆུ་ལས་ཆུ་བུར་རྡོལ་བ་ལྟར་བཞུགས་པར་བསམས་ལ་མཆོད་ཡོན་ལ་སོགས་པའི་ཆུ་བཞི་སྔོན་དུ་འགྲོ་བས་མཆོད་ཅིང་བསྟོད། དེ་ནས་སློབ་དཔོན་གྱིས་རྡོ་དྲིལ་དང་བཅས་ཤིང་དཔོན་སློབ་གཉིས་ཀས་ལངས་ཏེ་རྡོ་རྗེའི་རྐང་སྟབས་དང་བཅས་གཡོན་པའི་རྡོ་རྗེའི་ཁུ་ཚུར་གྱིས་ཐིག་སྐུད་ལྟེ་བར་བཟུང་བའི་ཚུལ་རྡོ་རྗེ་མཁའ་འགྲོ་ལས། གཡོན་པའི་རྡོ་རྗེ་ཁུ་ཚུར་ནི། །ལྟེ་བར་བཞག་སྟེ་གཟུང་བར་བྱ། །དེ་ཡི་འོག་ཏུ་ཅི་བདེར་བྱ། །ཞེས་པ་ལྟར་གྱི་སྤྱོད་ལམ་ལ་གནས་ནས་ཐིག་གྲོགས་ལ་ཛྫཿཛྫཿཛྫཿཞེས་རླུང་གི་འགྲོ་ལྡོག་དང་སྦྱར་ནས་གཏད་པས་སངས་རྒྱས་ཐམས་ཅད་ཀྱི་རིགས་དང་ཡེ་ཤེས་ལྔའི་རང་བཞིན་སྲད་བུའི་རྣམ་པར་གྱུར་པར་བསམ་ཞིང་སེ་གོལ་གྱི་སྒྲ་དང་བཅས་ཐོག་མར་ནམ་མཁའ་ལ་འདེབས། དེ་ནས་ལས་ཐིག་རྣམས་ཀྱི་སྟེང་དུ་གདབ་པའི་ཚུལ་ཕྲིན་ལས་ཀྱི་རྒྱུད་ལས། ལྷ་དང་གཉིས་མེད་གནས་པའི་ཐིག །མཆོད་བྱས་ཡེ་ཤེས་ཐིག་ནི་གདབ། །གཉིས་པས་གཟུགས་བརྙན་ཐིག་གདབ་བོ། །ཞེས་སོ། །ཐིག་གདབ་པའི་གནས་སྐབས་ཐམས་


JLAZ003_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་ཞེས་དང༌། ཧཱུྃ་ཨོཾ་སྭཱ་ཨཱཿཧཱ་ཞེས་བརྗོད་ཅིང༌། ཐིག་གི་རང་སྒྲ་ལས། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་སྤྱོན་ཅིག །ཅེས་བྱུང་བའི་སྒྲས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ཏེ་བྱོན། ཐིག་སྐུད་ལ་བསྟིམ་པས་ལས་ཐིག་བྱིན་གྱིས་བརླབས་པའི་དོན་དུ་ཡང་འགྱུར་ན། ས་ལ་གདབ་པའི་ཡེ་ཐིག་ཟུར་བ་མི་དགོས་པར་གྲུབ་པས་མངོན་བྱང་གི་འགྲེལ་པ་དང་རྣམ་གཞག་མི་གཅིག་གོ །འདིར་ཡེ་ཤེས་ཀྱི་ཐིག་ནི་བཞིའམ། བརྒྱད་དམ། བཅུ་དྲུག་ལ་སོགས་པ་རྐང་པ་རྡོ་རྗེའི་འགྲོས་ཀྱིས་བསྐོར་བཞིན་པར་ལས་ཐིག་གི་ཐད་ཀའི་སྟེང་གི་ནམ་མཁའ་ལ་གདབ་སྟེ། རྡོ་རྗེ་འབར་བ་ལས། ཤར་ནས་ནུབ་ལ་ལྷོ་ནས་བྱང༌། །ཕྱི་ཡི་ཕྱོགས་བཞི་དག་ཏུ་གདབ། །མེ་དང་བདེན་བྲལ་མཚམས་གནས་ཏེ། །གྲུ་ཡི་ཐིག་ནི་མཉམ་པར་གདབ། །ཅེས་པ་ལྟར་རམ། ཡང་ན་ཚངས་ཐིག་གཉིས་ཙམ་གྱིས་ཀྱང་རུང་སྟེ་སྔོན་གྱི་མཁན་པོ་དག་གིས་ཀྱང་དེ་ལྟར་འཆད་དོ། །དེ་ལྟར་ཡེ་ཐིག་ནམ་མཁའ་ལ་བཏབ་པའི་དེ་མ་ཐག་དཔོན་སློབ་གཉིས་གའི་ལག་པ་མཉམ་པོར་སྨད་ཅིང་སློབ་དཔོན་གྱི་རྐང་པ་གཡོན་སྐྱིལ་ཀྲུང་བྱེད་པ་དང་གཡས་ས་ལ་འཛུགས་པ་གང་ཞིག་ལས་སློབ་མས་བཟློག་པར་བསྡད་དེ་ཚངས་ཐིག་གཉིས་པོའི་སྟེང་ནས་རིམ་


JLAZ003_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལས་ཐིག་ཐམས་ཅད་ཀྱི་སྟེང་དུ་ཡེ་ཐིག་གདབ་པར་བྱའོ། །དེའི་ཚེ་ཡེ་ཐིག་ས་ལ་འདེབས་ཀྱང་དམིགས་པས་ནམ་མཁའ་ལ་འདེགས་པར་མོས་པའི་ཚུལ་སྡོམ་འགྲེལ་ལས་བཤད་པ་ཉིད་དཔྱད་བཟོད་དོ། །དེ་ལྟར་གདབ་པའི་ཐིག་གི་སྒྲས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ་འོད་དུ་ཞུ་བ་ཡེ་ཤེས་ལྔའི་ངོ་བོ་སྲད་བུའི་རྣམ་པ་ཁ་དོག་ལྔ་བར་གྱུར་པ་རེ་ཆད་ནས་ལས་ཐིག་ལ་ཐིམ་པར་མོས་པ་ཡིན་པའི་རྒྱུ་མཚན་རྒྱལ་བའི་སྡེས། ཚོན་རྩི་འགྱེད་པའི་དུས་སུ་ནི། །ཡེ་ཤེས་ཐིག་ནི་ནམ་མཁའ་ལ། །རྩ་བའི་སྔགས་བརྗོད་ནས་བཏེག་སྟེ། །བྲི་བ་ཟིན་ནས་ཕབ་ལ་བསྟིམ། །ཞེས་ལས་ཐིག་གི་སྟེང་དུ་བརྩེགས་པའི་ཡེ་ཐིག་ལ་འགོམས་པའི་ཉེས་པ་སྤང་བའི་དོན་དུ་བསྟན་པ་ཡིན་ནོ། །ཡེ་ཐིག་གི་བྱ་བ་ཟིན་ནས་ཐིག་སྐུད་སྔར་གྱི་སྣོད་དུ་བཞག མཆོད་ཡོན་ལ་སོགས་པའི་མེ་ཏོག་དང༌། སྤོས་ཀྱིས་མཆོད་ནས། དམ་ཚིག་གི་ཕྱག་རྒྱ་དང་བཅས། བཛྲ་མུཿས་ཐིག་སྐུད་ཀྱི་ཡེ་ཤེས་པ་ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷའི་ཐུགས་ཀར་གཤེགས། དེ་ལྟ་བུའི་ཡེ་ཤེས་ཀྱི་ཐིག་ལ་དབང་མེད་དུ་འགོངས་དགོས་པའི་ཉེས་པའང་འདུན་པས་དག་པར་བྱ་སྟེ། རྡོ་རྗེ་འབར་བ་ལས། ཡེ་ཤེས་ཐིག་ལ་མི་འགོངས་ཏེ། །ཏིང་འཛིན་འོག་ནས་འཛུལ་བར་བྱ། །ཞེས་པ་ལྟར་ཚོན་


JLAZ003_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐབས་སུའང་འདྲ་སྟེ། རྡོ་རྗེ་ཤུགས་ཀྱི་འཇུག་པས་ཡེ་ཤེས་ཀྱི་ཐིག་ཚོན་ཡིད་ཀྱིས་ནམ་མཁར་བཏེག་ལ། ཨོཾ་བཛྲ་བེ་ག་ཀྲ་མ་ཧཱུྃ་ཞེས་བརྗོད་ཅིང་འོག་ཏུ་འཛུལ་ནས་ནང་དུ་ཞུགས་པར་མོས་ལ་ཧི་ཞེས་གདོན་པ་དང༌། ཕྱོགས་ཀུན་ཏུ་ཁྲོ་བོའི་ལྟ་སྟངས་ཀྱིས་བལྟས་ཏེ་སྒོའི་ཐིག་ཕྱིས་པས་ཐར་པའི་སྒོ་བྱེ་བར་བསམ་མོ། །དེ་ནས་ཚོན་འགྱེད་པའི་སྔ་རོལ་འདིར་གཏོར་མ་ཆ་གསུམ་བྱ། ཚོན་གྱི་རྒྱུ་ནི་ལས་རིམ་ལས། ཨིནྡྲ་ནཱི་ལ་ཟླ་འོད་དང༌། །པུཥྤ་རཱ་ག་བྱུ་རུ་ཟངས། །མར་ག་ཏ་ལས་བྱས་པས་དགྱེ། །ཞེས་པ་ལྟར་འབྱོར་པ་རྣམས་ཀྱིས་དཀར་པོ་ལ་སོགས་པའི་དོན་དུ་ཟླ་ཤེལ་དང༌། སྤུག་དང༌། པདྨ་རཱ་ག་དང༌། མརྒ་ཏ་དང༌། ཨིནྡྲ་ནཱི་ལའམ། ཡང་ན་མུ་ཏིག་དང༌། གསེར་དང༌། བྱེ་རུ་དང༌། མུ་མེན་དང༌། གཡུ་ལ་སོགས་པ་དངོས་སུ་འབྱོར་ན་རབ། མ་འབྱོར་ཀྱང་ཚོགས་གསོག་པའི་དོན་དུ་རྒྱུ་གང་ལ་འདྲེས་པར་བྱ་ཞིང༌། འབྲིང་ཐ་ནི་མེ་ལོང་ལས། འབྲས་དང་སཱ་ལུ་ལ་སོགས་པ། །ཁ་དོག་བསྒྱུར་བ་དེ་བཞིན་ནོ། །སྨན་དང་འབྱོར་པ་ཆུང་བ་ཡིས། །འབྱུང་ཁུངས་ལྔ་ཡིས་བྲི་བར་བྱ། །ཞེས་པས་འབྲུའི་ཕྱེ་མ་མེ་ཏོག་གིས་ཁ་བསྒྱུར་བ་དང༌། སྨན་དང༌། ཐ་མ་སོ་ཕག་དང༌། སོལ་བ་དང༌། རུས་པའི་ཕྱེ་མ་ལ་སོགས་


JLAZ003_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་རུང་བར་སྤྱི་རྒྱུད་ལ་སོགས་པར་ཡང་བཤད་དོ། །དེ་དག་རྣམས་སྣོད་གསར་པར་བླུགས་ནས་སྒྱུ་འཕྲུལ་ལ་སོགས་པའི་དཀྱིལ་ཆོག་ལས་བཤད་པའི་ཡན་ལག་གི་རབ་གནས་ལྟར་རམ། དཀྱིལ་འཁོར་སོ་སོའི་ལྷའི་རིམ་པ་དང་མཐུན་པའི་ཕྱོགས་སུ་བཀོད་ལ་ཁ་དོག་སོ་སོས་མཚོན་པའི་དཔའ་བོ་འབྲུ་ལྔ་བྲིས། བསངས་སྦྱངས་སྔོན་དུ་འགྲོ་བས་ས་བོན་ཙམ་མམ། རྡོ་རྗེའི་ཆོ་ག་གསུམ་གྱིས་རྣམ་སྣང་ལ་སོགས་པར་བསྐྱེད། ཡེ་ཤེས་པ་གཞུག་ཚུལ་རང་གི་མིག་གཉིས་ཛ་ཡིག་ལས་སྐྱེས་པའི་ཉི་ཟླར་བསམས་ལ། ཨོཾ་དི་པྟ་དྲྀ་ཥྟ་གུ་ཧྱ་ཛྙཱ་ན་ཛཿཛཿཞེས་བརྗོད་ཅིང་རྫི་མ་བསྐྱོད་པ་འབར་བའི་ལྟ་སྟངས་ཀྱིས་བསྐུལ། བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་སངས་རྒྱས་རྣམས་ནི་སེམས་ཅན་ལ་ཆགས་པས། རྗེས་སུ་ཆགས་པར་གྱུར་པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག ཅེས་བདེན་སྟོབས་བརྗོད་པས་ནམ་མཁའི་ཁམས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྦྱོར་བ་མཛད་པར་མོས་ཤཱུ་ནྱ་ཏ་སོགས་ཡེ་ཤེས་ལྔའི་སྔགས་ཚན་ལྔ་བརྗོད་པས་དེ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ཁ་དོག་ལྔ་པའི་རྣམ་པར་བྱུང་ཚོན་རྣམས་ལ་ཐིམ་པར་བསམས་ལ། ཨོཾ་སརྦ་པཉྩ་རཏྣ་ས་མ་ཡེ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་པས་རྡུལ་ཚོན་རིན་པོ་


JLAZ003_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་རྡུལ་ཕྲ་རབ་ཏུ་འབར་བར་བསམ། ལྷའི་རྣལ་འབྱོར་སྟོབས་ཆེན་རྡུལ་ཚོན་མང་པོར་སྤེལ་ནུས་པ་ཡིན་ནོ། །དེ་ནས་དྲི་དང་མེ་ཏོག་ལ་སོགས་པས་མཆོད། ཡིག་འབྲུ་རྣམས་མི་མངོན་པར་བྱས་ལ་མཐེབ་སྲིན་གཡས་པས་རེག་ཅིང༌། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ། ཞེས་དང༌། མཐེབ་སྲིན་གཉིས་ཀས་རེག་ཅིང༌། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ་ཛཿཛཿཛཿཞེས་བརྗོད་ཅིང་བསྣུན་པར་བྱའོ། །དེ་ནས་འཁོར་ལོའི་དབང་ཕྱུག་ཉིད་རྒྱས་པའི་ཆས་སུ་ཞུགས་ཏེ། སྔར་དཀྱིལ་འཁོར་གྱི་སའི་ལྟེ་བར་ཟླུམ་ཐིག་བྱེད་པའི་དོན་དུ་ཕུར་བུ་དངོས་སུ་བཏབ་པ་ཡིན་ན་ཧཱུྃ་བཞི་བའི་སྔགས་ཀྱིས་བཏོན་ནས་རང་གི་ལག་མཚན་རྡོ་རྗེ་ལ་ཐིམ་པར་མོས། ཕུར་ཁུང་དུ་ཡུམ་ལྔའི་ས་བོན་བརྗོད་པ་དང་སྦྲགས་འབྱུང་བ་རིམ་བརྩེགས་དང་མཐུན་པའི་རྡུལ་ཚོན་རིམ་པར་བླུགས་ཤིང༌། ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་དམ་ཚིག་སྒྲོལ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང༌། །ཞེས་བརྗོད་ཅིང་དོན་དྲན་པར་བྱ། སླར་ཡང་གཡས་པའི་མཐེབ་སྲིན་གྱིས་ཚོན་རྩི་ལྔ་ནས་ཅུང་ཟད་རེ་བླངས་པ་གཡོན་པའི་མཐིལ་དུ་བཞག་ལ། ཨོཾ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་ཅིང༌། གཡས་པའི་


JLAZ003_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཉིང་ལག་ལྔའི་བྲེ་ཁ་ལ་ཉི་མའི་སྟེང་དུ་དཔའ་བོ་འབྲུ་ལྔ། གཡོན་པའི་ཉིང་ལག་ལྔའི་བྲེ་ཁ་ལ་ཟླ་བའི་སྟེང་དུ་ཡུམ་གྱི་ས་བོན་ལྔས་མཚན་པར་བསྒོམས་ཏེ། གཡས་པའི་སོར་མོ་ལྔ་ཚོམ་གྱིས་གཡོན་པར་གནས་པའི་ཚོན་སྣ་ཁུང་བུའི་སྟེང་དུ་བཀོད་ལ་དོན་ཡེ་ཤེས་རིན་པོ་ཆེའི་རང་བཞིན་རྟགས་ཀེང་རུས་ཆེན་པོའི་རི་རབ་ཏུ་བྱུང་བར་བསམ་མོ། །དེ་ནས་ཚོན་དགྱེ་བ་ནི། ཐོག་མར་སློབ་དཔོན་ཉིད་དཀྱིལ་འཁོར་གྱི་དབུས་སམ་ནང་དུ་གནས་ནས་དགྱེ་བའི་ཚུལ་རྣམ་སྣང་མངོན་བྱང་ལས། ཚོན་ནི་ནང་ནས་དགྱེ་བར་བྱ། །ཕྱི་རོལ་ནས་ནི་ཚོན་མི་དགྱེ། །ཞེས་པ་ལྟར་དབུས་སུ་ཕྱིན་ཏེ་ཚོན་རྩི་དཀར་པོ་ཐོག་མར་བླངས་ནས། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་བྱེད། །མི་བསྐྱོད་རྡོ་རྗེ་རྒྱལ་ཆེན་གྱི། །དཀྱིལ་འཁོར་སྙིང་པོ་བྲི་བར་བྱ། །ཞེས་ཡེ་ཤེས་སོ་སོའི་མཚོན་དོན་དང་བསྟུན་ཞིང༌། དེ་ཡང་ཐོག་མར་གཡོན་པའི་རྡོ་རྗེ་ཁུ་ཚུར་ལ་སོགས་པའི་ཕྱག་རྒྱས་དགྱེ་བའི་ཚུལ་སྤྱི་རྒྱུད་ལས། རྡོ་རྗེ་ཁུ་ཚུར་སྦྱོར་བའམ། །ཡང་ན་ལྕགས་ཀྱུའི་ཕྱག་རྒྱའམ། །ལྷུང་བཟེད་ཕྱག་རྒྱའི་སྦྱོར་བའམ། །ཡང་ན་རིག་བྱེད་ལག་པས་འདྲི། །ཞེས་པ་ལྟར་དབང་ལྡན་ནས་བརྩམས་ཏེ་ཕྱི་ནས་རིམ་པ་བཞིན་དུ་བྲིའོ། །རྩིག་པ་ལྔ་སོ་


JLAZ003_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་ཞེང་ནི་རྩ་ཐིག་ཁྲུ་གང་བའི་དཀྱིལ་འཁོར་ཁོ་ནའི་དབང་དུ་བྱས་ནས་སྒོའི་ཉི་ཤུ་ཆ་སྟེ་ཐིག་སྐུད་ཚད་ལྡན་གང་དང༌། དཔངས་སུ་མཐེའུ་ཆུང་ཕྱེད་ཙམ་པ་སྦོམ་ཕྲ་དང་འདྲེས་པ་དང༌། ཡོན་པོས་ཡུལ་འཐོན་པ་ལ་སོགས་པའི་ཉེས་པའི་སྐྱོན་གྱིས་མ་གོས་པས་གཡས་སུ་བསྐོར་ནས་འདྲི་བའི་ཚུལ་རྡོ་རྗེ་མཁའ་འགྲོ་ལས། ཚོན་རྩི་རེ་རེའི་ཞེང་དུ་ནི། །སྒོ་ཡི་ཉི་ཤུ་ཆ་ཡི་ཚད། །གལ་ཏེ་ཚོན་རྩི་མི་མཉམ་ཞིང༌། །ཡོ་དང་དམའ་བར་གྱུར་ན་ནི། །རི་མོ་དམའ་བས་དོན་མི་འགྲུབ། །ཡོན་པོས་གདུང་བ་སྐྱེད་བྱེད་པས། །དཔངས་ནི་མཐེའུ་ཆུང་ཕྱེད་ཙམ་དུ། །མཐོ་ཞིང་དྲང་བར་བྲི་བར་བྱ། །དེ་ལས་སྦོམ་ན་ནད་འབྱུང་སྟེ། །དམའ་ན་ནོར་ནི་ཟད་པར་འགྱུར། །ཡོན་པོས་ཕན་ཚུན་སྡུད་འགྱུར་ཏེ། །ཆད་ན་བླ་མ་སློབ་དཔོན་དག །གཉིས་ཀ་འཆི་བར་ཤེས་པར་བྱ། །གཡས་སྐོར་མ་ཡིན་བྲིས་ན་ནི། །རྡུལ་ཚོན་ཕུར་བུས་བཏབ་པར་འགྱུར། །ཞེས་སོ། །དེ་ལ་རྡུལ་ཚོན་ཕུར་བུས་བཏབ་པ་ནི་ཕུར་བུས་གདབ་བོ། །ཐོ་བས་བརྡུང་ངོ་ཞེས་འཇོམས་པར་བྱེད་པའི་དོན་དུ་ངེས་པས་གཡོན་སྐོར་དུ་བྲིས་ན་ལག་པའི་གྲུ་མོ་ལ་སོགས་པས་བྲིས་ཟིན་པ་ཕན་ཚུན་འདྲེས་པ་ལ་སོགས་པའི་སྐྱོན་གྱིས་རིགས་འཆད་པར་བཤད་དོ། །འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་


JLAZ003_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཉམ་པ་ཉིད་དུ་རྟོགས་ནས་གློ་བུར་བའི་ཀུན་རྟོག་ཟིལ་གྱིས་ནོན་པ་དག་ལ་ཚོན་པྲ་བཟང་ངན་སོགས་དཔྱད་དགོས་པ་མ་ཡིན་ཀྱང༌། དེ་ཁོ་ན་ཉིད་ཀྱི་བསམ་པ་ལྷའི་ང་རྒྱལ་དང་སྦྱོར་མི་ནུས་པ་དག་ལ་ནི་ཚོན་པྲ་བརྟག་པའང་དགོས་ཏེ། ཚོན་བཀྱེ་བ་ལ་ཉེས་པ་གང༌། །དེ་ཉིད་བསམ་སྦྱོར་མེད་རྣམས་ལའོ། །དེ་ཉིད་བསམ་སྦྱོར་བཟང་རྣམས་ལ། །སུས་ཀྱང་བར་ཆད་བྱ་མི་ནུས། །ཞེས་པས་རྣམ་པར་རྟོག་པའི་གཞན་དབང་ཅན་དུ་གྱུར་པའི་སློབ་དཔོན་རྣམས་ཀྱིས་ནི་ཐོག་མར་རང་ཉིད་ཀྱིས་སྒོ་ཚད་གཅིག་ཙམ་དུ་བྲིས་པ་ལ་ཀ་པཱ་ལས་བཀབ་སྟེ་བཞག་གོ །དེ་ནས་སློབ་མས་ཅི་དགར་དགྱེ། །ཞེས་རྡོ་རྗེ་མཁའ་འགྲོ་ལས་བཤད་པ་ལྟར་སློབ་མའམ། རིག་བྱེད་ལག་སྟེ་རི་མོ་མཁན་ལ་སོགས་པ་ལ་ལེགས་པར་གདམས་ནས་ཆོ་ག་བཞིན་དུ་བྲིམས་ནས་བྲིར་བཅུག་གོ །རྩིག་པ་སྦྲེལ་རན་པ་ན་པྲ་བརྟག་པའི་ཚུལ་ཀུ་ཀུ་རཱ་ཛས། རེ་ཁཱ་དམའ་བས་མི་འགྲུབ་ཅིང༌། །ཡོན་པོས་གདུང་བ་བསྐྱེད་པར་བྱེད། །ཆད་པ་སློབ་དཔོན་སློབ་མ་དག །མཆིའམ་ན་བར་འགྱུར་བ་ཡིན། །ཆད་ལྷག་ལས་ནི་ནད་འབྱུང་ཞིང༌། །ཕྱོགས་འཁྲུལ་རྨོངས་པའི་གནས་སུ་འགྱུར། །ཞེས་པ་སྟེ་དེ་ལྟར་བྱུང་ན་བཟློག་ཚུལ་ནི་ཕྲེང་བ་ལས། དྲིལ་བུའི་སྒྲ་དང་


JLAZ003_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གླུས། །མཚན་མ་ངན་པ་བསལ་བར་བྱའོ། །ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་བར། །རྒྱལ་ཆེན་དགྱེས་པ་རྡོ་རྗེ་ཡི། །དཀྱིལ་འཁོར་རབ་ཏུ་བྲི་བར་བྱའོ། །ཞེས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་དོན་དྲན་པས་སེམས་ཅན་གྱི་ཁམས་ལ་གློ་བུར་དུ་ལྡན་པའི་དགེ་མི་དགེའི་ཀུན་ཏུ་རྟོག་པ་ལས་གྲོལ་བའི་རྡོ་རྗེའི་གླུས་བཟློག་པར་བྱའོ། །འདི་ནི་གུར་ལས་རྡུལ་ཚོན་གདབ་པའི་དམ་ཚིག་ཏུ་གསུངས་པས་བགེགས་བསལ་བའི་དོན་དུ་མི་འགྱུར་རོ་སྙམ་ན། ཕྲེང་བ་ལས་མཚན་མ་ངན་པ་བསལ་བའི་རྡོ་རྗེའི་གླུར་ཡང་གསུངས་པ་མངོན་དུ་གསལ་ལ། ཁྱད་པར་རྡུལ་ཚོན་གདབ་པའི་དམ་ཚིག་ཅེས་པའི་སྒྲ་ཚིག་ནི་མཐའ་གཅིག་ཏུ་མི་འཇུག་པས་འདིར་ཡང་དེ་ལྟར་བྱུང་བར་ཤེས་པ་ནི་བློ་གྲོས་ཆེན་པོ་ཡིན་ནོ། །ལ་ཉེ་བརྟག་པའི་ཕྱོགས་འདི་དག་ལ་རྟོག་གེའི་རིགས་པ་མི་བསམ་སྟེ། དེ་ལྟ་ན་འདི་ལྟར་དང་པོ་སྐྱོན་མེད་དུ་བྲིས་པ་ལ་ཕྱི་ནས་སྦོམ་པོ་ལ་སོགས་པའི་སྐྱོན་དུ་མིག་འཕྲུལ་ལྟར་གྱུར་པའི་དོན་དུ་རང་ཉིད་འཁྲུལ་པའི་ཕྱིར་དང༌། གང་ཞིག་སློབ་དཔོན་གྱིས་སྐྱོན་དེ་དག་སྤངས་ནས་དཔྱད་བཟོད་པར་བྲིས་པ་ཇི་ལྟ་བར་སློབ་མ་ལ་སོགས་བྲི་བ་པོ་གཞན་ལའང་དེ་བཞིན་དུ་བྲིས་ཤིག་ཅེས་ལེགས་པར་འདོམས་


JLAZ003_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། དེ་དག་གིས་བྲིས་པའམ། རང་གིས་ཀྱང་རུང་སྟེ་དྲན་པ་ཉེ་བར་གཞག་ནས་བྲིས་ཀྱང་དགེ་མི་དགེའི་རྟེན་འབྲེལ་ནི་སུས་ཀྱང་བྱེད་པ་པོ་མེད་པར་མངོན་པ་ཡིན་པས་དང་པོར་བྲིས་པ་དང༌། ཕྱི་ནས་བྲིས་པ་གཉིས་ལ་སྦོམ་ཕྲ་ལ་སོགས་པའི་ཁྱད་ཞུགས་བརྟག་པའི་དོན་དུ་རིགས་པར་བྱ་སྟེ། རྒྱ་གཞུང་གི་དཀྱིལ་ཆོག་གསུམ་མཐུན་པར་ཡང་དེ་ལྟར་འབྱུང་བས་སོ། །དེའི་དགོས་པ་ནི་རེ་ཁཱ་ལ་མེ་ཏོག་སིལ་མས་གཏོར་ཞིང་མཆོད་པ་དབུལ་བར་བཤད་པས་དེས་རྡུལ་ཚོན་ལ་གནོད་པ་སྤང་བའི་དོན་དུ་འདོད་པའང་རིགས་པ་མ་ཡིན་པ་ཆེན་པོ་སྟེ། དེ་ལྟ་ན་སློབ་དཔོན་གྱིས་བྲིས་པའི་རེ་ཁཱ་ཁོ་ན་མེ་ཏོག་གིས་འཇིག་པས་ཁམ་ཕོར་ལ་སོགས་དགབ་དགོས་ལ། སློབ་མས་བྲིས་པ་མི་འཇིག་པར་དོན་གྱི་སོང་བས་མཐོང་བའི་ཆོས་ལ་འགལ་བའོ། །དེ་ལྟར་ཚོན་གྱིས་རྟེན་དང་བརྟེན་པའི་རིགས་དང་ཡེ་ཤེས་ཀྱི་མཚོན་བྱ་ངེས་པར་བྱེད་པས་ནང་གི་བརྟེན་པའི་ལྷ་རིགས་ལྔ་སྤྱི་ཁྱབ་ལྟར་རམ། དབུས་དང་ཕྱོགས་ཀྱི་ལྷ་གོ་བརྗེས་པའི་རྒྱས་འདེབས་ལྟར་ཡོད་པའི་ཁ་དོག་གི་རིམ་པས་བརྩིག་པའང་ཤེས་པར་བྱ་ལ་བརྩིག་པ་ལྔ་པོ་བསྒོམ་བྱའི་དབང་དུ་ན་ཕྱི་ནང་དུ་ནས་གང་རེ་མ་རེག་པའི་ལྔ་སྦྲག་ཏུ་འདོད་པ་དང༌། སྟེང་ནས་སྟེང་རིམ་དུ་ཁ་དོག་སྣ་ལྔ་


JLAZ003_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པར་འདོད་པའི་ལུགས་གཉིས་ལས་ཕྱི་མ་ལྟར་ན་རྩིག་ཞེང་ལ་ཆ་ཕྲན་གྱི་ལྔ་ཆ་ལས་མི་འབྱུང་བས་ཕྱི་ནས་ནང་རིམ་དུ་ཡོད་པ་ཉིད་ལེགས་སོ། །སྤྱིར་ཚོན་ཐོབ་དཀྱིལ་འཁོར་སོ་སོའི་དམིགས་བསལ་གྱིས་ངེས་དགོས་ནའང་སྤྱི་མཚན་དུ་དབུས་ཀྱི་ལྟེ་བ་མཐིང་ག ལྷ་སྣམ་དམིགས་བསལ། མུ་ཁྱུད། འོད་ཕྲེང༌། རྩིབས་སམ། པདྨ། མཆན། གྲུ་ཆད། གློ་འབུར། བར་ཁྱམས། སྒོ་དང་ཀ་བ་རྣམས་ཕྱོགས་མདོག གསེར་ཁྱམས། ཁྲག་ཁྱམས་ནི་རང་མིང་གིས་གོ་སླ་ལ་རྩིབས་སྟེང་སྔོན་པོ། འདོད་སྣམ་མམ་སྟེགས་བུ་ནི་ཤེལ་ལམ། གསེར་དང༌། པདྨ་རཱ་ག་ལ་སོགས་པའི་རིན་པོ་ཆེ་གང་ཡང་རུང་བ་ཉིད་དེ་དམར་པོར་བྱེད་པ་ཤས་ཆེ། ཕ་གུའམ་རིན་པོ་ཆེའི་སྣམ་བུ་ནི་སེར་པོ། དྲ་བ་དྲ་ཕྱེད་ཀྱི་གཞི་ནག་པོ་ལ་དྲ་བ་ནི་མུ་ཏིག་གི་ཕྲེང་བ་ནོར་བུས་མཛེས་པ། ཤར་བུའི་ཟ་ར་ཚགས་དང༌། མདའ་ཡབ། མཆོད་རྟེན་རིས་རྣམས་ནི་དཀར་པོ་ལ་དེ་དག་གི་ས་ནི་ནམ་མཁའི་ངོ་བོ་ཉིད་ཡིན་པས་སྔོན་པོར་བྱའོ། །མུན་པའི་སྣམ་བུ་དང་གླང་རྒྱབ་ནི་བར་སྟོང་གི་མཚན་ཉིད་ཡིན་པས་ནག་པོའོ། །རྟ་བབས་ཀྱི་ཀ་བ་དང༌། འཁྱོག་པོའི་ནང་ལོགས་བླ་རེ་བྲེ་བའི་འོག་གི་ས་ནི་སོ་སོའི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་དང༌། ཕྱི་མ་ནི་ཕྱོགས་མདོག་གིས་


JLAZ003_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས་པའི་ནམ་མཁའི་རང་བཞིན་ནོ། །རྟ་བབས་སྣམ་བུ་བཞི་པ་དང༌། བརྒྱད་པ་དང༌། བཅུ་གཅིག་པ་སོགས་བརྡའ་དོན་གྱི་ཆ་ལས་མ་ངེས་པ་ཉིད་དེ་རྟ་རྐང་གཞི་སྔོན་པོ་ལ་རྡོ་རྗེ་འགྲེང་བུ། ཆུ་སྐྱེས་དམར་པོ། སྒྲོམ་མཛེས་ཚོན། ཟ་ར་ཚགས་དཀར་པོ་ལ་གཞི་ནག་པོ། སྣ་འཕྱང་སེར་པོ། སྒྲིལ་འཕྱང་གཞི་ནག་པོ་ལ་དྲ་བ་དཀར་པོ། ཤར་བུ་དཀར་པོ་སྔོན་པོའི་གཞིར་སྒྲིལ་བ། རྒྱ་ཕིབས་ཁྱུང་མགོ་མཐིང་ག་པདྨ་དམར་པོ། འཁོར་ལོ་བཞི་དང་རི་དྭགས་སེར་པོ། གདུགས་དཀར་པོ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་བཞིར་ཟླ་ཕྱེད་རྡོ་རྗེ། རྡོ་རའི་ས་མཐིང་ག་ལ་རྡོ་རྗེ་དཀར་པོའམ་སེར་པོ། མེ་རི་ཡེ་ཤེས་ལྔའི་མདོག་ཅན། གཞལ་ཡས་ཁང་གི་འོག་གཞི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ནག་པོའམ། གཙོ་བོའི་སྐུ་མདོག་ཏུ་བཤད་པའང་ཡོད་ལ། ཕྱོགས་སོ་སོའི་དབུས་རྭ་རྣམས་ནི་རང་ཕྱོགས་ཀྱི་གཤེགས་པའི་མདོག་ཅན་དང༌། རྭ་རྩེ་གསུམ་པ་ཡིན་ན་གཡས་གཡོན་གཉིས་ནི་དེའི་གློ་ན་ཡོད་པའི་དེ་བཞིན་གཤེགས་པའི་མདོག་དང༌། རྭ་ལྔ་པ་ཡིན་ན་དེ་ལས་གཞན་པའི་ཕྱོགས་དང་དབུས་ཀྱི་རྒྱལ་བའི་མདོག་སྟེ་ཇི་ལྟར་རིགས་པའོ། །ཞེས་བཤད་པས་གསལ་པོར་མངོན་པའི་རྭ་གཉིས་ནི་གཡས་གཡོན་ཀྱི་རྒྱལ་བའི་ཁ་དོག་དང་བསྟུན་ལ། ཕག་ནས་ཅུང་ཟད་མངོན་པའི་རྭ་


JLAZ003_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་རྒྱབ་མདུན་གྱི་རྒྱལ་བའི་མདོག་དང་བསྟུན་ནོ། །ཁ་ཅིག་ཏུ་ནི་ཕྱོགས་སོ་སོའི་རྭ་ཐམས་ཅད་ཀྱང་ཕྱོགས་དེའི་རྒྱལ་བའི་མདོག་དང་བསྟུན་པར་ཡང་བཤད་དོ། །ཡང་གཙོ་བོ་ཞལ་བཞི་པ་ལ་རང་རང་གི་ཕྱོགས་ཀྱི་ཞལ་མདོག་གོ །ཞེས་ཀྱང་བཤད་དེ། སྒྱུ་འཕྲུལ་ཞི་བ་ལ་འོག་གཞིའི་འཁོར་ལོ་ཕྱོགས་མདོག་རྟ་བབས་ཀྱི་གཡས་གཡོན་དུ་གསེར་ལས་བྱས་པའི་བུམ་པ་བཟང་པོ་དང༌། དཔག་བསམ་གྱི་ཤིང་རང་མདོག་དང༌། ཏཱ་ལའི་ལྗོན་པ་དང༌། རིན་པོ་ཆེའི་ཕུང་པོ་ཁྲུས་ཀྱི་རྫིང་བུ་རྣམས་ཕྱོགས་རེར་གཉིས་གཉིས་སྤེལ་མར་བྲིས་པའོ། །སྣ་ཚོགས་རྡོ་རྗེའི་འོག་གི་པདྨའི་ལྟེ་བ་ནི་ལྗང་གུ། གེ་སར་སེར་པོ། འདབ་མ་ནི་ཁ་དོག་སྣ་ཚོགས་པའོ། །དེའི་གཞི་ནི་དམར་ཤས་ཆེ་བའི་དཀར་པོའོ། །རྡོ་རྗེའི་ས་གཞི་སྟེ་དེའི་སྣམ་བུ་ནི་རླུང་གིས་མཚོན་པས་བསྒོམ་དོན་དུ་འོག་གཞིའི་རླུང་གི་དཀྱིལ་འཁོར་གྱི་མཐའ་ནས་སྟེང་དུ་འོག་མིན་ལ་ཐུག་གི་བར་རྡོ་རྗེའི་རྭ་བ་གནས་པའི་ཕྱིར་ཁ་དོག་སྣ་ཚོགས་པའོ། །འོད་ཕྲེང་གི་ཁ་དོག་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ཀྱི་རང་བཞིན་ཕྱིར་གསལ་དུ་འཕྲོ་བའི་ཚུལ་ལོ། །དེ་ཡན་ཆད་ནི་ཕྱིའི་ཚོན་ས་སྟེ། ནང་གི་ཚོན་ས་ནི་ཇི་སྐད་


JLAZ003_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དུ། རྩ་ཐིག་ནང་གི་དཀྱིལ་འཁོར་དུ་ཟུར་ཐིག་གཉིས་ཀྱིས་བཅད་པའི་ཕྱོགས་བཞིའི་ས་གཞི་རྣམས་རང་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་གོ །བསྒོམ་བྱའི་དཀྱིལ་འཁོར་གྱི་ཕྱོགས་བཞིའི་ཐོག་རྣམས་ཀྱང་དེ་བཞིན་ནོ། །ཞེས་པས་ཐོག་ནི་ཕྱི་ནང་ཁ་དོག་མི་གཅིག་པར་མི་མངོན་ལ། ནང་གི་ཀ་བ་རྣམས་ཀྱང་རང་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་ལ་སོ་སོའི་རིགས་ཀྱི་མཚན་མ་འཁོར་ལོ་སོགས་ཀྱི་ཕྲེང་བས་མཚན་པའོ། །གདུང་ཟླུམ་རྣམས་ཀྱི་ཁ་དོག་ནི་སྔོན་པོ་དང༌། རྡོ་རྗེ་ནི་སོ་སོའི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་དང་མཐུན་པ་ཉིད་སྐབས་ཕྱེད་པར་སླའོ། །གཙོ་བོའི་ས་ནི་རིགས་ལྔ་སྤྱིར་བཏང་ལ་དེ་དང་དེའི་མདོག་དང༌། མ་ངེས་པ་ཅན་ལ་དེའི་རིགས་བདག་གང་ཡིན་དང་དབུས་ཀྱི་ས་གཞི་དང་མཐུན་པར་བྱའོ། །སྣ་ཚོགས་པདྨའི་ལྟེ་བ་ནི་ལྗང་གུ་ལ་འདབ་མའི་དབྱེ་བ་ནི། བདེན་བྲལ་ལྗང་དང་དབང་ལྡན་ནག །མེ་དང་རླུང་གི་མཚམས་ནི་སེར། །ཕྱོགས་རྣམས་ཀྱི་ནི་དམར་པོའོ། །ཞེས་པ་ལྟར་རོ། །དེས་ནི་དཀྱིལ་འཁོར་སྤྱིའི་ཚོན་སའི་ཐ་སྙད་བསྟན་ལ། གཞན་དུ་རྒྱུད་སྡེ་སོ་སོའི་རང་ལུགས་དམིགས་བསལ་ལྟར་ཁོང་དུ་ཆུད་པར་བྱས་ནས་གཟུ་ལུམ་ལས་ཐར་བར་བྱའོ། །འདི་དག་གི་ཚུལ་ནི་སྒྱུ་འཕྲུལ་རྔམ་གློག་ལས། མཁའ་འམ་ཡིད་


JLAZ003_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནམ་མཁའ་ལ། །འབྱུང་ཆེན་བརྩེགས་པར་ལྷུན་གྱིས་གྲུབ། །དེ་སྟེང་རིན་ཆེན་སྣ་བཞི་ལས། །ལྷུན་གྱིས་གྲུབ་པ་ཚད་དཔག་མེད། །དེ་ལ་བརྟེན་པའི་ས་གཞི་ནི། །རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ། །མནན་ནེམ་བཏེག་འཕར་མཛེས་པའི་གཞི། །དེ་ལ་ཕོ་བྲང་གཞལ་ཡས་ཁང༌། །གྲུ་བཞི་ལྷམ་པ་མཛེས་པར་སྣང༌། །རིན་ཆེན་སྣ་བཞི་རྒྱུ་ལས་གྲུབ། །གློ་འབུར་བཞི་ཡང་མཁར་ཐབས་ཚུལ། །རིན་ཆེན་བཞི་ལས་གྲུབ་པའོ། །བུམ་པའི་རྩེ་མོ་ཆོས་ཀྱི་ཏོག །རྨ་བྱའི་མདོངས་ལྟར་བཀྲ་བའོ། །སྒོ་བཞི་སྒོ་ཁྱུད་རྣམས་ཀྱིས་བརྒྱན། །རྟ་བབས་བརྒྱད་དང་ཡང་དག་ལྡན། །དབུས་ནས་འཁོར་ལོ་རྩིབས་བཞི་པ། །ལྟེ་བར་བཅས་ཤིང་རྩིབས་རྟེན་ལྡན། །གྲུ་ཆད་བར་ཁྱམས་མཛེས་པར་འབར། །རིན་ཆེན་འོད་ཟེར་འབར་བར་འཁྱིལ། །སེམས་ཅན་པདྨ་ཉི་ཟླ་དང༌། །རིན་ཆེན་འབར་བའི་གདན་མཆོག་ལྡན། །རིན་ཆེན་ཁྲི་རྐང་རྣམ་བརྟན་མཛེས། །ཕོ་བྲང་དེ་ཡི་རྒྱན་མཆོག་ཀྱང༌། །ཉི་ཟླ་ནོར་བུ་རིན་ཆེན་འབར། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དར་དང་དོ་ཤལ་མུ་ཏིག་ཕྲེང༌། །དྲིལ་བུ་དང་ནི་རྔ་ཡབ་སྩོགས། །རོལ་མོའི་ཆ་བྱད་སྣ་ཚོགས་བརྒྱན། །འཇིག་རྟེན་ལྷ་ཚོགས་མཛེས་པ་དང༌། །དེ་ལ་སོགས་ཏེ་


JLAZ003_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་རྣམས་ཀྱང༌། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །གཞལ་ཡས་དེ་ཡི་སྒོ་བཞི་ན། །གླང་ཆེན་རྣམས་ཀྱིས་མཛེས་པར་བྱས། །རྟ་བབས་རྣམས་ཀྱི་ཙོང་ཙོང་ལ། །གསེར་གྱི་དྲིལ་བུ་འབར་བ་དག །དཀོན་མཆོག་གསུམ་གྱི་མཚན་ཡང་སྒྲོགས། །སྒོ་དྲུང་དེ་དག་རེ་རེ་ན། །ཏཱ་ལའི་སྐྱེ་ཤིང་ཅོང་ཙོང་བྲེས། །དྲི་དང་གཟུགས་དང་འོད་དུ་ལྡན། །ཏཱ་ལའི་སྐྱེ་ཤིང་དེ་དག་ལ། །ཁུ་བྱུག་ལ་སོགས་བཀྲ་ཤིས་པའི། །བྱ་རྣམས་སྙན་པའི་སྐད་ཀྱང་སྒྲོག །སྒོ་དྲུང་དེ་དག་རེ་རེ་ན། །ཁྲུས་ཀྱི་རྫིང་བུ་དབྱིབས་ལེགས་པ། །བྲོ་མཆོག་ཡན་ལག་བརྒྱད་ལྡན་ཆུ། །གྲངས་མེད་དེ་དག་རེ་རེ་ན། །ལྷ་དང་ལྷ་མོ་བསམ་མི་ཁྱབ། །ཕྱི་རོལ་ཁོ་ར་ཁོར་ཡུག་ན། །རྩེ་ས་འཆག་ས་བརྗོད་མི་ལང༌། །དེ་ལ་སོགས་ཏེ་བསམ་ཡས་མཆོག །མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ། །ཅེས་སོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་དག་པ་ཡང་གཞི་ལམ་འབྲས་བུའི་ཆོས་དང་སྦྱར་ན། གཞིའི་དུས་ན་སེམས་ཅན་གྱི་ཁམས་ལ་འབྱུང་དུ་རུང་བའི་ས་བོན་གྱི་ཚུལ་དུ་ཡེ་ནས་གནས་པས་སྒོ་བཞིར་སྣང་བ་ནི་ཚད་མེད་པ་བཞི་སྟེ། བསྒོམ་དོན་ལ་སྒོ་བཞི་བོ་རེ་རེའི་གཡས་གཡོན་ན་སྒོ་རེ་རེའང་སྒོ་ཁྱུད་གཉིས་གཉིས་ཏེ་རྣམ་པར་ཐར་པའི་སྒོ་ཕྱོགས་རེ་རེ་ལ་གསུམ་གསུམ་དང་ལྡན་ལ་གྲུ་ཆད་བཞི་པ་ཅན། སྒོ་འགྲམ་


previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next