Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
ལེའུ་བཅུ་གསུམ་པའི་འགྲེལ་པ།
  collapse section
   
   
   
   


 
previousལེའུ་བཅུ་གསུམ་པའི་འགྲེལ་པ།next

ལེའུ་བཅུ་གསུམ་པའི་འགྲེལ་པ།


JLAZ004_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་རྫོགས་པ་ཆེན་པོའི་མཐར་ཕྱིན་འབྲས་བུ་སྐུ་དང་ཡེ་ཤེས་བསྟན་པ། དེ་ལྟར་གསང་མཆོག་ངེས་པའི་ཐེག་པ་དམ་པའི་གནད་ཀྱིས་གྲོལ་བའི་གཞི་ལམ་གྱི་རིམ་པ་བསྟན་ནས། ད་ནི་མཐར་ཕྱིན་པ་འབྲས་བུའི་རང་བཞིན་གཏན་ལ་དབབ་པ་ལ་གཉིས། རང་གི་རང་བཞིན་ཅི་ཡིན་པ་མངོན་དུ་གྱུར་པ་ལས་གཞན་བྱུང་མ་ཡིན་པར་བསྟན་པ་དང༌། སྐུ་དང་ཡེ་ཤེས་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལྟར་གཞི་ལམ་མཚན་ཉིད་ལེགས་རྟོགས་ནས། །མཐར་ཕྱིན་འབྲས་


JLAZ004_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སྐུ་དང་ཡེ་ཤེས་ནི། །གཞན་ལས་མ་བྱུང་ཀུན་གཞིའི་རྙོག་པ་དངས། །སེམས་དང་སེམས་བྱུང་ཆོས་དབྱིངས་ཞི་བ་ཡིན། །གང་དུ་གཞི་ལས་གཞི་སྣང་གཡོས་པ་ཡི། །བདག་འཛིན་བག་ཆགས་ཤེས་བྱའི་ཆ་འཛིན་པའི། །ཚོགས་བརྒྱད་ཉེར་ལེན་སྤྲིན་དང་འདྲ་བ་རྣམས། །རྣམ་པར་དག་པའི་ཡེ་ཤེས་ཉི་མ་ནི། །སྒྲིབ་པ་མེད་པར་རང་བཞིན་འོད་དུ་གསལ། །དེ་ལ་ཤེས་བྱའི་ཆོས་ཐམས་ཅད་ཀྱི་ཤེས་བྱེད་ལམ་བདེན་འདུས་བྱས་པ་ཐམས་ཅད་ངོ་བོ་ཉིད་མེད་པའི་འབྲས་བུའི་ཀློང་དུ་ཐུགས་རང་བཞིན་རྫོགས་པ་ཆེན་པོའི་ལུགས་ཀྱི་གཞིའི་ཆོས་ཉིད་ལེགས་པར་གཏན་ལ་ཕེབས་ནས། དངོས་དང་ཐ་དད་མ་ཡིན་པའི་ལམ་འབད་རྩོལ་མེད་པའི་གནད་ལ་བྱང་ཆུབ་པས་དྲི་མ་གློ་བུར་བ་ཆ་དང་བཅས་པའང་དབྱིངས་རིག་གཉིས་སུ་མེད་པའི་རང་བཞིན་ཅི་ཡིན་པ་སྟོབས་སུ་གྱུར་པས་སྦྱངས་པ་ན་ནོར་བུ་དྲི་མ་དང་བྲལ་བ་ལས་དགོས་འདོད་ལྷུན་གྱིས་གྲུབ་པ་བཞིན། ཀུན་གཞིའི་རྙོག་པ་དངས་པ་ལས་རང་ངོའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངོ་བོ་མངོན་དུ་གྱུར་པ་སྟེ་སྐུ་གདུང་འབར་བ་ལས། རང་གི་ངོ་བོར་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཞེས་དང༌། རྒྱུད་བླ་མ་ལས། ཉེས་


JLAZ004_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །དེ་ཡང་འདི་ལྟར་གྲོལ་སའི་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པའི་གཞི་དབྱིངས་ལས་གཞི་སྣང་དུ་ཤར་བ་ལ་བདག་ཏུ་འཛིན་པའི་བག་ཆགས་བརྟས་པ་ལས་སྣང་བའི་འཁྲུལ་སྣང་ཆ་དང་བཅས་པ་དང༌། སེམས་དང་སེམས་ལས་བྱུང་བའི་ཚོགས་བརྒྱད་ཉེར་ལེན་གྱི་ཕུང་པོ་ལྔ་དང་བཅས་པའི་གློ་བུར་གྱི་སྒྲིབ་པ་སྤྲིན་དང་འདྲ་བ་དབྱིངས་སུ་ཞི་བའི་དུས། རང་བཞིན་འོད་གསལ་གྱི་ཡེ་ཤེས་ཉི་མ་ལྟར་ལྷུན་གྱིས་གྲུབ་པའི་ནུས་པ་ཅི་ཡོད་པ་མངོན་དུ་གྱུར་པ་སྟེ། རྒྱུད་བླ་མ་ལས། རང་བཞིན་འོད་གསལ་ཞེས་བརྗོད་ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོས་བསྒྲིབས་པ་ལས་ནི་བྲལ་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་པས་འཐོབ། །ཅེས་སོ། །གཉིས་པ་ལ་གཉིས། སྐུ་ལྔ་ཡེ་ཤེས་ལྔར་འབྱུང་བའི་འཐད་པ་དང༌། སོ་སོའི་རང་བཞིན་བཤད་པའོ། །དང་པོ་ནི་རྫོགས་པ་རང་བྱུང་ལས། སྐུ་ལྔ་ཡེ་ཤེས་ཆོས་ལྔའོ། །ཞེས་


JLAZ004_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འཇམ་དཔལ་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་པས་བསྟན་ཏོ། །གཉིས་པ་ལ་གཉིས། སྐུ་ལྔའི་ཁྱད་པར་བཤད་པ་དང༌། ཡེ་ཤེས་ལྔའི་ཁྱད་པར་བཤད་པའོ། །དང་པོ་ནི་རང་ཤར་ལས། འགྱུར་མེད་དོན་གྱི་སྐུ་ལྔར་གནས། །ཞེས་གཞི་དང༌། ལམ་དང༌། འབྲས་བུ་གསུམ་ཀ་རིག་པ་ཀ་དག་གཅིག་ལས་འགྱུར་བ་མེད་པའི་ལྡོག་ཆ་ལས་སྐུ་ལྔར་ཕྱེ་ན། མི་འགྱུར་རྡོ་རྗེ། མངོན་པར་བྱང་ཆུབ། ཞི་བ་ཆོས། ལོངས་སྤྱོད་རྫོགས་པ། ཅིར་ཡང་སྤྲུལ་པའི་སྐུ་དང་ལྔ་ལས། དང་པོའི་མཚན་ཉིད་སྟོན་པའི་ཕྱིར། དག་པ་གཉིས་ལྡན་བྱང་ཆུབ་མཆོག་གི་དངོས། །གདོད་མའི་སངས་རྒྱས་སྨོན་པ་མེད་པའི་དབྱིངས། །ཉ་རྒྱས་ཟླ་བ་སྤྲོས་པ་ཕྱིར་གསལ་ཅན། །སྟོང་གི་ཆ་ལ་དབྱིངས་སུ་ནུབ་པ་ལྟར། །ཀུན་ཏུ་མི་རྟོག་ཆོས་ཉིད་འཕོ་འགྱུར་མེད། །དབྱིངས་ཀྱི་རྟག་པ་མི་འགྱུར་རྡོ་རྗེའི་སྐུ། །དེ་ལ་རང་བཞིན་ཡོངས་གྲུབ་ཆེན་པོའི་ཆོས་སྐུ་མི་འགྱུར་རྡོ་རྗེ་ནི། གདོད་ནས་རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་ཅན་ལ་གློ་བུར་གྱི་དྲི་མས་ཀྱང་གོས་མ་མྱོང་བས་ཆོས་ཉིད་འགྱུར་བ་མེད་པ་སྟེ། ངོ་བོ་གང་དུའང་མ་གྲུབ་པའི་བདེན་པ་དབྱེར་མེད་དག་


JLAZ004_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ཆེན་པོ་ལ་རང་ངོའི་ཆ་ནས་སྐུ་དང་ཡེ་ཤེས་ཀྱི་ཆོས་སུ་བལྟར་མི་མངོན་པའི་ཆོས་ཉིད་ནམ་མཁའ་ལྟ་བུར་སྨོན་པ་མེད་པའི་དབྱིངས། མཐར་ཐུག་གི་འབྲས་བུ་བླ་ན་མེད་པ་ཆེན་པོ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་ནི་གནས་སྐབས་ཐམས་ཅད་དུ་འགྱུར་བ་མེད་པས་དབྱིངས་ཀྱི་རྟག་པ་མི་འགྱུར་རྡོ་རྗེའི་སྐུ་སྟེ། རང་ཤར་ལས། སྤྲོས་བྲལ་ཆོས་ཉིད་འགྱུར་བ་མེད། །མཐའ་དང་དབུས་མེད་ཕྱོགས་ཆ་བྲལ། །རང་སྣང་ཆོས་དབྱིངས་རྣམ་དག་ཅིང༌། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཐ་མ་རྐྱེན་གྱིས་བསྐྱེད་དུ་མེད། །སྟོང་པ་ཡེ་ཤེས་སྙིང་པོ་ཅན། །མཐའ་ལ་མི་གནས་རྡོ་རྗེའི་སྐུ། །ཞེས་དང༌། ཡེ་ཤེས་དྲ་བ་ལས། དབྱིངས་ཀྱིས་དག་པ་རྡོ་རྗེའི་སྐུ། །མི་འགྱུར་མི་ཤིགས་བསམ་ལས་འདས། །ཞེས་སོ། །དབུ་མ་ཐལ་འགྱུར་བ་དག་ནི། ཆོས་སྐུ་རྣམ་དག་སྟོང་པ་དེ་ལ་འདོད་ཀྱང༌། ཕྲ་བའི་ཡེ་ཤེས་དབྱིངས་ན་བལྟར་མི་མངོན་པར་བཞུགས་པའི་ཆ་མི་འབྱེད་པས། གཞན་སྣང་ལ་འབྱུང་བའི་སངས་རྒྱས་ཀྱི་ཐུགས་རྗེ་དང་ཕྲིན་ལས་ཀྱང་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་རྣམ་པར་མི་རྟོག་བཞིན་དུ་གདུལ་བྱའི་སྨོན་ལམ་གྱི་དབང་ལས་སྣང་བར་འདོད་དེ་འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་


JLAZ004_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་སོ། །འདིར་ནི་རྣམ་པར་རྟོག་བཅས་མ་ཡིན་ཀྱང་དབྱིངས་ཀྱི་ངང་ན་བལྟར་མི་མངོན་པའི་ཡེ་ཤེས་ཀྱི་འཆར་གཞི་ལྷུན་གྲུབ་ཏུ་ཡོད་པས། སྨོན་ལམ་གྱི་རྒྱུ་ལ་མ་ལྟོས་པར་གཞན་སྣང་ལ་ཐུགས་རྗེའི་འཇུག་པ་རྒྱུན་མི་ཆད་ཅིང༌། གཟུགས་སྐུ་ཕྲིན་ལས་དང་བཅས་པ་རང་བཞིན་དུ་འབྱུང་བར་འདོད་པ་འདི་རྟོགས་པར་དཀའ་བའི་གནད་གཅིག་ཏུ་ཡོད་དེ་རང་ཤར་ལས། སྤྲོས་པ་བྲལ་བའི་ཆོས་ཉིད་ལ། །ངོ་བོ་རང་བཞིན་ཐུགས་རྗེའི་བདག །ཡེ་ཤེས་སྐུ་གསུམ་འོད་དུ་གསལ། །མཁའ་ལ་ཉི་ཤར་མུན་པ་སེལ། །ཡེ་ཤེས་ལྔ་ཡི་མཚན་ཉིད་གསལ། །སངས་རྒྱས་སྤྲུལ་པ་རབ་འབྱམས་འབྱུང༌། །ཞེས་སོ། །གཉིས་པ་མངོན་བྱང་གི་མཚན་ཉིད་ནི། རྣམ་པ་ཀུན་གྱི་མཆོག་ལྡན་ཞི་བའི་དབྱིངས། །སྟོབས་སོགས་ཡོན་ཏན་རྒྱ་མཚོ་ཀུན་ཆུབ་ཀྱང། །སྣང་ཆ་ངོ་བོར་མ་འདྲེས་སྤངས་རྟོགས་ཀྱི། །ཆ་ནས་གཞལ་བ་མངོན་པར་བྱང་ཆུབ་སྐུ། །འདི་ལྟར་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གྲུབ་བསལ་མེད་པའི་ཆོས་ཉིད་ལ་གློ་བུར་གྱི་དྲི་མ་དག་པར་


JLAZ004_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་བརྙེས་པའི་དག་པ་གཉིས་ལྡན་གྱི་རང་བཞིན་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཞི་བ་ཆེན་པོའི་དབྱིངས་ཏེ། སྡོམ་འབྱུང་ལས། རྣམ་པ་ཐམས་ཅད་ཀྱི་ནི་མཆོག །དབང་པོ་ཀུན་འདས་རྣམ་པ་མེད། །དངོས་དང་དངོས་མེད་བདག་ཉིད་དེ། །དངོས་དང་དངོས་མེད་རྣམ་པར་སྤངས། །བེམ་པོ་མིན་ཕྱིར་བདག་ཉིད་རིག །མི་ཤེས་རྣམ་པར་མི་མཐོང་བའོ། །ཞེས་སོ། །དེའང་སྤངས་རྟོགས་མཐར་ཕྱིན་དུ་ཞི་བ་བརྙེས་པའི་ཆ་ནས་ཐམས་ཅད་མཁྱེན་པའི་ཆོས་ཚུལ་རྒྱ་མཚོ་གཞོན་ནུ་མ་ལ་པྲ་ཕབ་པའི་སྣང་བས་མ་མཐོང་བའི་ཆོམ་རྐུན་མཐོང་བ་ལྟར་རྡུལ་ཕྲ་རབ་ལས་འདས་པས་གཟུགས་ཀྱི་མཚན་ཉིད་ཡུལ་སོ་སོ་འཛིན་པ་དབང་ཤེས་འབྲེལ་པ་ལྟ་བུས་རང་མཚན་ཅན་དུ་གཟིགས་པ་མ་ཡིན་ཀྱང༌། དམིགས་པ་མེད་པའི་ཤེས་རབ་ཀྱིས་ཤེས་བྱ་མཐའ་དག་རྫུན་པའི་རང་བཞིན་མ་འདྲེས་མངོན་སུམ་པར་ཡེ་ཤེས་ཀྱི་སྣང་ཆ་ལ་མཁྱེན་པས་གཟུགས་ལས་གཞན་པའི་མཚན་ཉིད་ཅན་ཡང་མ་ཡིན་པའི་ཚུལ་དང་པོའི་སངས་རྒྱས་ལས། གཞོན་ནུ་མ་ཡིས་པྲ་ལས་ནི། །མ་མཐོང་བ་ཡི་རྐུན་མོ་མཐོང༌། །ཉི་ཚེ་བ་ཡི་མིག་གཉིས་ཀྱིས། །བསྐྱོད་དེ་སྒྲུབ་པ་པོ་ཡིས་


JLAZ004_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང༌། །གལ་ཏེ་ཡོད་པའི་གཟུགས་མཐོང་ན། །བདག་གི་གདོང་པ་ཅིས་མི་མཐོང༌། །འོན་ཏེ་མེད་པའི་གཟུགས་མཐོང་ན། །རི་བོང་རྭ་ནི་ཇི་ལྟར་མིན། །མིག་གཞན་གྱིས་ནི་མི་མཐོང་ཞིང༌། །བདག་གི་མིག་གིས་ཀྱང་མི་མཐོང༌། །མ་སྐྱེས་པ་ཉིད་མཐོང་བ་ཡིན། །གཞོན་ནུ་མ་ཡི་བུ་བཞིན་ནོ། །ཞེས་གཞོན་ནུ་མ་ཡིན་པས་བུའི་འབྱུང་གནས་མཐོང་བ་བཞིན་རྣམ་ཀུན་མཆོག་ལྡན་གྱི་བདེ་བ་ཆེན་པོ་ནི་སྤངས་རྟོགས་མཐར་ཕྱིན་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་ཡིན་པའི་ཚུལ། དྲི་མེད་འོད་ལས་ཀྱང༌། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་སོ། །དེ་ལྟར་ཡེ་ཤེས་སྤངས་རྟོགས་མཐར་ཕྱིན་པའི་ཆ་ནས་གཞལ་བས་སྟོབས་བཅུ། མི་འཇིགས་པ་བཞི། ཆོས་མ་འདྲེས་པ་བཅོ་བརྒྱད། ཐུགས་རྗེ་ཆེན་པོ། ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ཐམས་ཅད་མཁྱེན་པའི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་ཡོན་ཏན་ཡོད་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ་ཞེས་བརྗོད་དེ། ཡེ་ཤེས་དྲ་བ་ལས། དྲི་མ་བྲལ་ཕྱིར་བྱང་བ་སྟེ། །ཡོན་ཏན་རྒྱས་པས་ཆུབ་པ་ཉིད། །གཉིས་མེད་འདྲེས་ཕྱིར་ཟུང་འཇུག་ཕྱིར། །མངོན་པར་བྱང་ཆུབ་


JLAZ004_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་བརྗོད་དོ། །ཞེས་སོ། །དེ་ཡང་མི་འགྱུར་རྡོ་རྗེའི་ནང་དབྱིངས་ལས་མངོན་པར་བྱང་ཆུབ་ཏུ་ཕྱེ་བའི་གནས་སྐབས་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་གནས་པའི་ལྷག་མཐོང་གི་བདག་ཉིད་དུ་གནས་པའི་ཚུལ་རྫོགས་པ་ཆེན་པོའི་རྒྱུད་ལས་ཀྱང༌། སྒོ་ལྔའི་སྙིང་པོ་སྤྱན་གྱི་མཆོག །མི་གསལ་གསལ་བའི་བདག་ཉིད་ཅན། །མཚོན་གང་འོད་ཀྱིས་ཀུན་ཏུ་ཁྱབ། །མཁའ་ལ་གནས་པའི་རིག་པ་དང༌། །བག་ཆགས་སྦུབས་ཀྱི་རིག་པ་གཉིས། །ཡེ་ཤེས་སྒོ་ཡི་མཚམས་སྦྱར་ནས། །གསལ་སྟོང་ཟང་ཐལ་ཆེན་པོར་གནས། །ཞེས་པས་གསལ་ལོ། །ཚུལ་འདི་དག་གིས་རྫོགས་པ་ཆེན་པོའི་ལུགས་སུ་སྐུ་གསུམ་ལམ་སྣང་ཡང་ཡིན་ལ། འབྲས་བུ་ཡིན་པ་ཡང་མི་འགལ་བའི་མཚན་ཉིད་ཀྱང་གསལ་བར་སྟོན་ཏེ་གོ་བདེ་བར་བྱས་ན་རྒྱལ་བའི་ཞབས་ཀྱིས། དང་པོ་ལམ་སྣང་ཡིན་ཏེ་ལྷུན་གྲུབ་ཀྱི་སྦུབས་ཀ་དག་ཆེན་པོ་དེ་དོན་གྱི་འབྲས་བུ་ཁང་པ་ལྟ་བུ་ལས། དེར་འཇུག་པ་དང༌། དེ་ནས་ཕྱིར་མཆེད་པ་གཞི་ཀ་དག་ལས་ཕྱིར་སྣང་དུ་འཆར་དགོས་པའི་ཕྱིར་རོ། །འཆར་ཚུལ་ངོ་བོ་སྐུར་གནས་པ་ལས་འཆར་རོ། །ལམ་སྣང་ལ་གཉིས་ཡོད་དེ། རང་ཉིད་སངས་རྒྱས་བསྒྲུབ་པའི་ལམ་འབྲས་བུའི་སྔོན་རོལ་པ་རྣམས་དང༌། རང་ཉིད་སངས་རྒྱས་གྲུབ་


JLAZ004_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ནས་གདུལ་བྱ་འདྲེན་པའི་ལམ་སྐུ་གསུམ་མངོན་པར་སྣང་བས་དོན་མཛད་པའོ། །དེ་ལས་འདིར་མི་སློབ་པའི་ལམ་སྣང་དུ་འདོད་པས་སྐུ་གསུམ་ལམ་སྣང་ཡིན་པ་དང༌། འབྲས་བུ་ཡིན་པ་གཉིས་མི་འགལ་བའི་ཕྱིར་རོ། །དེའང་ནང་གསལ་འཆར་གཞིའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་རྡོ་རྗེ་སེམས་དཔའི་ཆོས་ཉིད་དང༌། དེ་ལས་ཕྱིར་གསལ་དུ་སྐུ་གསུམ་གྱི་ལམ་སྣང་དུ་རང་ཤར་བ་གཉིས་རིག་པའི་ངང་དུ་འདྲ་ཡང༌། ཕྱི་ནང་གི་ཁྱད་པར་ཕྱེ་ལ་རང་སྣང་གི་ཆ་ལས་གདུལ་བྱའི་སྣང་ངོར་ལོངས་སྤྲུལ་པས་དོན་མཛད་པའང་རིག་པའི་རོལ་པར་གཅིག་ཀྱང༌། རང་སྣང་གདུལ་བྱས་མི་མཐོང་ལ། དེ་ལས་ཤར་བ་དེ་མཐོང་བའི་ཁྱད་ཡོད་པས་འདྲ་གཉིས་ཤན་ཕྱེད་པར་བསྟན་པ་ཡང་སེང་གེ་རྩལ་རྫོགས་ལས། རྡོ་རྗེ་སེམས་དཔའི་ཆོས་ཉིད་དང༌། །རང་སྣང་དཀྱིལ་འཁོར་དག་པ་གཉིས། །འདྲ་གཞི་གཅིག་ལ་གོལ་ས་ཆེ། །ཞེས་བཤད་དོ། །དེ་ལྟར་ནང་དབྱིངས་དང་ཕྱིར་གསལ་ལམ་སྣང་གི་ཆ་མ་ཕྱེད་པར་སྐུ་གསུམ་རང་སྣང་གི་འབྲས་བུར་འདོད་ན། སྤྲུལ་སྐུ་གདུལ་བྱ་ལ་སྣང་བ་བཞིན་གྲོལ་སའི་ཀ་དག་གི་ཆོས་སྐུ་གདུལ་བྱ་ལ་སྣང་བར་ཐལ། སྐུ་གསུམ་ངོ་བོ་གཅིག་ཡིན་པའི་ཕྱིར། ཆོས་སྐུ་


JLAZ004_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་འདུ་དང་ཁ་དོག་ཏུ་སྣང་བར་ཐལ། ཁྱོད་དང་ངོ་བོ་གཅིག་པའི་ལོངས་སྤྲུལ་ལ་ཆོས་དེ་སྣང་བའི་ཕྱིར། ཡང་ན་སྤྲུལ་སྐུ་གདུལ་བྱ་ལ་མི་སྣང་བར་ཐལ། ཆོས་སྐུ་མི་སྣང་བའི་ཕྱིར་རོ། །དེས་ན་སྐུ་གསུམ་ཡང་རིག་པར་ངོ་བོ་གཅིག་གི རྣམ་པ་ངོ་བོ་གཅིག་པ་དེ་འདྲ་ཁས་མི་བླང་ཞིང༌། སྤྲུལ་སྐུ་ཐུགས་རྗེའི་ཆ་ཡིན་ལ། དེས་སྤྲུལ་པའི་སྣང་བ་དེ་གཟུགས་བརྙན་སྤྲུལ་པ་ཡིན་གྱི། སྤྲུལ་སྐུ་དངོས་མ་ཡིན་ཏེ། ཐུགས་རྗེ་མ་ཡིན་པའི་ཕྱིར་རོ། །གྲུབ་མཐའི་དབྱེ་བ་འདི་ཡང་ཤིན་ཏུ་ཕྲ་བས་ཤེས་རབ་ཅན་རྣམས་ཀྱིས་དཔྱོད་ལ་ཁོང་དུ་ཆུད་པར་གྱིས་ཤིག །གནད་གལ་པོ་ཆེའོ་ཞེས་གསུངས་པ་ཡིན་ནོ། །གསུམ་པ་ཆོས་སྐུའི་མཚན་ཉིད་ནི། ཤེས་བྱའི་ཡུལ་ལ་བློ་ཡི་འཇུག་པ་ཞི། །ཤེས་བྱེད་བློ་ལ་འཛིན་པའི་ཀུན་རྫོབ་སྤངས། །སོ་སོ་རང་རིག་རྟག་ཆད་མཐར་མ་ལྷུང༌། །ཐིམ་ལ་མ་རྨུགས་ཕྲ་བའི་ཡེ་ཤེས་ནི། །མཁྱེན་ཆ་འགག་མེད་སྐུ་དང་ཡེ་ཤེས་རྟེན། །ཤིན་ཏུ་མཉམ་པར་བཞག་པ་རྣམས་ཀྱིས་མཐོང༌། །གང་ལ་ཞི་བ་ཆོས་ཀྱི་སྐུ་ཞེས་བརྗོད། །དེ་ལ་ཆོས་སྐུའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ནང་གསལ་སྤྲོས་པ་ཐམས་ཅད་དང་བྲལ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འཆར་གཞིར་གྱུར་པ་སྟེ་སྒྱུ་འཕྲུལ་བླ་


JLAZ004_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལས། ཆེས་ཕྲའི་ཡེ་ཤེས་ནང་དུ་གསལ། །དམིགས་མེད་འཆར་གཞི་ཆོས་ཀྱི་སྐུ། །ཞེས་སོ། །དེའང་ཕྱི་ཤེས་བྱས་གཟུང་བའི་ཡུལ་ལ་བློ་དང་སྙམ་བྱེད་ཀྱི་འཇུག་པ་ཞི་བས། ནང་ཤེས་བྱེད་ཀྱི་བློའི་འཛིན་སྟངས་ཀུན་རྫོབ་པ་ཐམས་ཅད་ཀྱང་སྐྱེ་འགག་མེད་པའི་ངང་དུ་རང་ཞི་ནས། ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་གི་ཉེ་བར་ལེན་པ་ལས་བྱུང་བ་འཁོར་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་དག་འགགས་ཤིང་འགག་གཞིའི་དེ་ཁོ་ན་ཉིད་སོ་སོ་རང་གིས་རིག་པ་རྟག་ཆད་གང་གི་ཡང་མཐར་མ་ལྷུང་བ། རང་བྱུང་གི་ཡེ་ཤེས་ཆེན་པོའི་སྐུས་མངོན་སུམ་དུ་མཛད་པའི་ཚུལ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་སོ། །དེའང་སྟོང་ཆད་ནམ་མཁའ་ལྟ་བུ་མ་ཡིན་པས་ཆོས་སྐུའི་དུས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟབ་ཅིང་གཏིང་དཔག་དཀའ་བ་ནང་གསལ་ཐིམ་ལ་མ་རྨུགས་པས་སྟོང་གི་ཟླ་བ་དབྱིངས་སུ་ནུབ་པ་ལྟར་གཞན་སྣང་ལ་མི་མངོན་པར་བཞུགས་ཀྱང༌། དེ་ལས་གཟུགས་སྐུ་རྣམ་མཁྱེན་ཕྱིར་གསལ་དུ་སྣང་བའི་ཡེ་ཤེས་ཀྱི་


JLAZ004_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གདངས་ནམ་ཡང་རྒྱུན་ཆད་མེད་པ་སྟེ་ཡེ་ཤེས་སྣང་བ་ལས། དབྱིངས་སུ་འཁྱིལ་བས་མཐོང་དུ་མེད། །མེད་པ་མིན་ཏེ་ཕྲ་བའི་ཕྱིར། །ཚེས་ཀྱི་སྔོན་རོལ་ཟླ་བ་བཞིན། །ཟབ་པ་ཞི་བ་ཆེས་ཕྲ་བའོ། །ཞེས་དང༌། ཀློང་དྲུག་པ་ལས། གཏིང་གསལ་ཆེན་པོའི་གཞི་མར་བཞུགས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང། །ཕྱང་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། །ཞེས་དང༌། དེ་ལྟ་བུའི་ཆོས་ཉིད་ནི་ཡེ་ཤེས་ཀྱི་ལུས་ཅན་རྣམས་ལ་མངོན་སུམ་པས་ཤིན་ཏུ་མཉམ་པར་བཞག་པ་རྣམས་ཀྱིས་མཐོང་ཞེས་སྨོས་པའང་ནམ་དུའང་མཉམ་པར་མ་བཞག་པ་མེད་པའི་སངས་རྒྱས་ཀྱིས་མཐོང་བའི་ཐ་སྙད་འཕགས་པ་སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་བའི་དོན་དེ་བརྟག་པར་བགྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཞེས་སོ། །དེ་ཡང་མཚན་གཞིའི་སྒོ་ནས་བཞག་ན་མུ་བཞི་གར་མ་ཐུག་ཅིང་ཡུལ་ལ་མི་འཇུག་པའི་ཆ་ནས་ཞི་བ། གཟུགས་སྐུ་གཉིས་ཀྱི་མཛད་པ་མི་སྣང་བའི་ཚེ་ཆོས་སྐུའི་སའི་ཟག་པ་མེད་པའི་དེ་ཁོ་ན་ཉིད་འབྲེལ་བས་ཆོས། མཚན་མ་ཞལ་ཕྱག་ཏུ་མེད་ཀྱང་རིག་པའི་ངོ་བོ་མི་འགྱུར་ཞིང་ཕུང་པོ་


JLAZ004_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དབྱིངས་སུ་བསྡུས་པའི་ཆ་ནས་སྐུ་ཞེས་བཏགས་པའི་ཆོས་སྐུའོ། །དེ་སྐད་དུ་ཀློང་དྲུག་པ་ལས། ཀྱེ་སྟོན་པ་ཀུན་ཏུ་བཟང་པོ། སངས་རྒྱས་ཀྱི་མཛད་པ་མེད་པའི་ཚེ་སྟོན་པ་ཇི་ལྟར་བཞུགས་པ་ལགས། བསྟན་པའི་འདུལ་སྟངས་ནི་གང་ལགས། བཀའ་བསྩལ་བ། སངས་རྒྱས་ཐམས་ཅད་ཀྱི་མཛད་པ་མི་སྣང་བའི་ཚེ། ངའི་སྐུ་ནི་ཕུང་པོ་ཐམས་ཅད་གཅིག་ཏུ་བསྡུས་པ་ཞེས་བྱ་སྟེ། མི་སྣང༌། མི་འགྱེད། མི་ལེན། མི་འདོར། མི་རྟོག །མི་འཛིན། མི་གནས། མི་འགྱུར། མི་མངོན། མི་གསལ། མི་མཛད། མི་གཏོང༌། མི་སེམས། མི་རེག །མི་སྡུག །མི་སྟོང་བའི་རྣམ་པར་ཤར་ནས། སྟོང་པ་ཡུལ་གྱི་སྤྲོས་པ་མེད། །གསལ་བ་ཡོད་མེད་མཐའ་ལས་འདས། །དྲན་པས་མི་བརྗེད་གཟུངས་དང་ལྡན། །སྣང་བ་མངོན་སུམ་ཉིད་ཀྱི་ལམ། །མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །ཞེས་སོ། །དེ་ལྟར་དབྱིངས་ཀྱི་སྐུ་གསུམ་པོ་ནི་ཡང་དག་པའི་ཡེ་ཤེས་ཉིད་ལ་རིགས་དང་ཡོན་ཏན་གྱི་དབྱེ་བའི་ངོས་ནས་བཏགས་པ་རྣམ་གྲངས་ཀྱི་ཆོས་ལས་སྐུར་སྨིན་པའི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་གནས་པའི་ཚུལ། སོ་སོ་རང་གི་རིག་བྱ་རྒྱལ་བའི་ཁམས། །གཅིག་དང་དུ་མར་མ་ཡིན་དངོས་པོ་དང༌། །


JLAZ004_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མེད་ལས་འདས་མཁའ་ལྟར་རྣམ་མི་རྟོག །གོས་པ་མེད་ཅིང་རྣམ་འགྱུར་སྤྲོས་པ་ཞི། །ངག་གི་ཡུལ་འདས་དོན་དམ་བདེན་པས་བསྡུས། །རྟོག་དཔྱོད་ཐ་སྙད་གཏན་ཚིགས་ཀྱིས་མི་མཚོན། །བློ་དང་སྙམ་བྱེད་དཔེ་དང་འགལ་བའི་ཕྱིར། །ས་བཅུའི་དབང་ཕྱུག་གི་ཡང་སྤྱོད་ཡུལ་མིན། །དེ་ལ་དབྱིངས་ནང་གསལ་དུ་ཡོད་པའི་ཆ་ནས་ཇི་ལྟ་བའི་མཁྱེན་པའི་ཡེ་ཤེས་སོ་སོ་རང་གི་རིག་བྱར་གནས་པས་རྒྱལ་བའི་ཁམས་ཞེས་བླ་དྭགས་སུ་བྱས་པ་སྟེ། དོན་ལ་གཅིག་དང་དུ་མའི་སྤྲོས་པ་ལས་འདས་པས་དངོས་པོ་ཅན་མ་ཡིན་ལ། ཇི་སྙེད་ཡེ་ཤེས་ཀྱི་མཁྱེན་ཆ་ནང་དུ་གསལ་བས་དངོས་མེད་ལས་ཀྱང་འདས་པས་ཆོས་ཅན་ལོངས་སྤྱོད་རྫོགས་པ་དང༌། ཡེ་ཤེས་ལྔའི་རང་བཞིན་སོ་སོར་མ་འདྲེས་པའི་འཆར་གཞིར་ཡོད་པས་རྒྱལ་སྲས་སར་གནས་དང༌། སེམས་ཅན་གྱི་ཚོགས་ལ་གཟུགས་སྐུར་སྣང་བ་དང༌། གསུང་ཐོས་པ་དང༌། འཕགས་པའི་ཚུལ་ཁྲིམས་ཀྱི་ངད་ལྡང་བ་དང༌། ཆོས་ཀྱི་རོ་མྱོང་བ་དང༌། བསམ་གཏན་ལ་དགའ་བདེའི་རེག་སྣང་བ་དང༌། སོ་སོར་རྟོག་པའི་ཤེས་རབ་ཀྱི་ཚིག་དོན་ལ་འཇལ་བའི་རྒྱུ་བྱེད་ཀྱང་རང་ངོ་ལ་རྣམ་པར་མི་རྟོག་ཅིང༌། གང་གིས་ཀྱང་གོས་པ་མེད་པས་རྣམ་འགྱུར་གྱི་སྤྲོས་པ་ལས་འདས་པའི་ཚུལ་རྒྱུད་བླ་མ་ལས། དེ་བཞིན་


JLAZ004_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་མཁའ་བཞིན་དམ་པ་ཡིས། །དབང་པོ་དྲུག་དོན་ཉམས་སུ་མྱོང་བའི་རྒྱུ། །འབྱུང་མེད་གཟུགས་དོན་བལྟ་དང་གཏམ་བཟང་ནི། །གཙང་མ་མཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་གཙང་སྣོད་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་དང༌། །རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ། །རྟོགས་པའི་རྒྱུར་གྱུར་ཞིབ་མོར་བསམས་པ་ན། །དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །ཞེས་སོ། །མདོར་ན་གསུམ་པོའི་རང་བཞིན་ནི་སྟོང་ཉིད་གང་དུའང་མ་གྲུབ་ཅིང༌། མཚན་ཉིད་གང་གིས་ཀྱང་གཏན་ལ་མི་ཕེབས་པ། ངག་གི་ཡུལ་ལས་འདས་ཤིང་དོན་དམ་པའི་བདེན་པས་བསྡུས་པ། ཤེས་བྱ་དང་རྟོག་དཔྱོད་ཀྱིས་མ་ཐུག་པས་ཐ་སྙད་དང་གཏན་ཚིགས་ཀྱིས་སྒྲ་ཇི་བཞིན་པར་མི་མཚོན་ལ། ཤེས་བྱེད་ཀྱི་བློ་དང༌། སྙམ་བྱེད་དང༌། དཔེ་ལ་སོགས་པ་མཐའ་དག་དང་འགལ་བས་སྟོབས་བཅུའི་བདག་ཉིད་རྣམས་ལས་ས་བཅུ་རྒྱུན་མཐའ་བའི་ཡང་སྤྱོད་ཡུལ་མ་ཡིན་པའི་ཚུལ་རྒྱུད་བླ་མར། ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོག་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་


JLAZ004_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །ཅེས་སོ། །ཚུལ་དེ་ལྟ་བུ་ནི་སངས་རྒྱས་རྣམས་ཀྱི་ཁམས་ཇི་ལྟ་བ་ཡང་དག་པའི་ཡེ་ཤེས་མི་གནས་པའི་མྱ་ངན་ལས་འདས་པ་ཆོས་སྐུའི་བདག་ཉིད་ཅན། གཟུགས་སྐུ་གཉིས་ལྟར་བཏགས་པ་ཙམ་མ་ཡིན་པ། རྣམ་པར་མི་རྟོག་བཞིན་དུ་སྨོན་ལམ་གྱི་དབང་ལས་གཟུགས་སྐུར་སྣང་ནས་སེམས་ཅན་གྱི་དོན་མཛད་ཅིང་ཕྲིན་ལས་རྒྱུན་མི་འཆད་པའི་བདག་ཉིད་ཅན་ཏེ་གསེར་འོད་དམ་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐུ་གསུམ་མངའ་སྟེ། ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའོ། །ཆོས་ཀྱི་སྐུ་ནི་ཡང་དག་པའི་ཡེ་ཤེས་ཉིད་ཙམ་དུ་གནས་པ་ལ་བྱའོ། །སྐུ་གཉིས་ནི་བཏགས་པ་ཙམ་མོ། །ཆོས་ཀྱི་སྐུ་ནི་ཡང་དག་པ་སྟེ་སྐུ་གཉིས་ཀྱི་གཞི་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དེ་བཞིན་ཉིད་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ན་སངས་རྒྱས་ཀྱི་ཆོས་མེད་པའི་ཕྱིར་རོ། །གསོལ་པ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་རྣམ་པར་མི་རྟོག་བཞིན་དུ་ཕྲིན་ལས་ལ་མངའ་བརྙེས་པ་གང་ལགས། བཀལ་བསྩལ་པ། དཔེར་ན་ཉི་ཟླ་དང་ཆུ་དང་མེ་ལོང་ལ་རྟོག་པ་མེད་ཀྱང་གཟུགས་བརྙན་འབྱུང་བ་བཞིན་དུ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱང་


JLAZ004_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོག་བཞིན་དུ་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་དོན་མཛད་དོ། །སྤྲུལ་པའི་སྐུ་ནི། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །ཆོས་ཀྱི་སྐུ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །ཞེས་སོ། །དེའང་རྒྱུད་བླ་མ་དང་མངོན་རྟོགས་རྒྱན་ལས་སྐུ་བཞིར་གསུངས་པ་མདོ་ལམ་དུ་དེ་ཉིད་ལྟར་བཤད་ཟིན་ལ། བསྡུ་བའི་སྒོ་ནས་གསུམ་དུ་གནས་པ་ནི་མདོ་སྡེའི་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་པ་ལྟར་རོ། །དེ་ལྟ་བུའི་སངས་རྒྱས་ལ་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་སུ་ཇི་ལྟར་བཞུགས་ན། འདྲེན་པ་རྣམས་ལ་མངོན་སུམ་གྱུར་པའི་གནས། །ཟབ་ཞི་གཞོན་ནུ་བུམ་པའི་ཁང་མཛེས་ནང༌། །དུས་གསུམ་སངས་རྒྱས་རྣམས་ནི་རྟག་བཞུགས་ཀྱང༌། །རྣམ་པའི་ཆ་ནས་གཅིག་གིས་གཅིག་མི་གཟིགས། །རང་བཞིན་སྤྲོས་བྲལ་དབྱིངས་ནས་དགོངས་ཀློང་གཅིག །འདི་ལྟར་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱི་ཆོས་ཉིད་ལ་


JLAZ004_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་པ། ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་གཞལ་མེད་ཁང་བསམ་གྱིས་མི་ཁྱབ་པས་ཟབ་པ། རང་བཞིན་གྱིས་རྣམ་པར་དག་པས་ཞི་བ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ཚེས་ཀྱི་སྔོན་རོལ་པའི་ཟླ་བ་ལྟར་ནང་གསལ། གཞོན་ནུ་བུམ་པའི་སྐུའི་ཁང་མཛེས་ན། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དང་གཉིས་སུ་མེད་པའི་དུས་གསུམ་གྱི་སངས་རྒྱས་རྣམས་དགོངས་པ་ལ་སྔ་ཕྱི་དང་མཐོ་དམན་མེད་པར་བཞུགས་ཀྱང༌། རང་སྣང་དབྱིངས་སུ་ཐིམ་པའི་ཞི་བ་ཆེན་པོ་ལ་རྣམ་པའི་ཆོས་མེད་པས་རྟེན་དང་བརྟེན་པར་ཐ་སྙད་ཙམ་གྱིས་མཚོན་པ་ལས་གཞན་སྣང་ལ་བལྟར་ཡོད་པ་གདུལ་བྱའི་འཁྲུལ་སྣང་གི་རང་གཟུགས་གནས་གཙང་མའི་སྟེང་གི་འོག་མིན་ལྟ་བུ་མ་ཡིན་པས། སངས་རྒྱས་ཉིད་ཀྱི་ཡེ་ཤེས་རང་སྣང་ཙམ་དུ་གནས་པའི་ཚུལ་ཀུན་བྱེད་ལས། སྟོན་པ་ཆོས་སྐུའི་གནས་ནི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། ཡང་དག་དོན་གྱི་འོག་མིན་དེ་རུ་བཤད། །ཅེས་དང༌། གཅིག་གིས་གཅིག་གཟིགས་པའི་ཡུལ་ལས་འདས་པའང༌། རྨད་བྱུང་རྒྱལ་པོ་ལས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཅིག་གིས་


JLAZ004_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མི་གཟིགས་པའི་ཚུལ་གྱིས་བཞུགས་ཏེ། ཞེས་སོ། །བཞི་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། མཁྱེན་ཆ་འགག་པ་མེད་པའི་རང་གདངས་ལས། །ཐུགས་རྗེ་ཕྱིར་གསལ་ལོངས་སྤྱོད་རྫོགས་པའི་སྐུ། །གནས་དང་དུས་དང་སྟོན་པ་ཆོས་དང་འཁོར། །ངེས་པ་ལྔ་ལྡན་སྐུ་དང་ཞིང་ཁམས་དང༌། །མཚན་དཔེ་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན། །དེ་ལ་ནང་དབྱིངས་སྤྲོས་བྲལ་ཆོས་ཉིད་ཀྱི་ངང་ལས་མི་གཡོ་ཡང་རང་བཞིན་དུ་འོད་གསལ་གྱི་མཁྱེན་ཆ་འགག་པ་མེད་པའི་གདངས་ཕྱིར་གསལ་ལོངས་སྤྱོད་རྫོགས་སྐུ་ངེས་པ་ལྔ་ལྡན་ནི། མཚན་དང་དཔེ་བྱད་རྒྱ་མཚོའི་བདག་ཉིད་ཅན་ཏེ། དེའི་ཐུགས་ཀྱིས་ཆོས་སྐུའི་ཆ་བཟུང་ལ་ཕྲིན་ལས་ཀྱིས་སྤྲུལ་སྐུའི་ཆ་བཟུང་བས་སྐུ་གསུམ་ཐ་མི་དད་པའི་རང་བཞིན་ཅན་ཡིན་པའང་མཚན་བརྗོད་ཀྱི་འགྲེལ་པར། རིག་པ་རང་བཞིན་གྱི་འོད་གསལ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ། རིག་པ་སྣ་ཚོགས་སུ་འཆར་བ་ནི་སྤྲུལ་པའི་སྐུ། ཇི་ལྟར་སྣང་ཡང་དོན་སྐྱེ་མེད་ལས་མ་འདས་པ་ཆོས་ཀྱི་སྐུའོ། །ཞེས་སོ། །དེ་ལྟར་ཡིན་པས་སངས་རྒྱས་ཀྱི་རང་སྣང་ཙམ་ལས་ཕྱོགས་ག་ཤེད་ན་ཡོད་པའི་རྟེན་དང་བརྟེན་པ་རང་མཚན་པར་མི་


JLAZ004_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ་སྒྱུ་འཕྲུལ་ལམ་རིམ་ལས། ལྷུན་རྫོགས་རིག་པ་རང་སྣང་བའི། །ཞིང་དང་གཞལ་ཡས་གདན་ཁྲི་རྒྱན། །འོད་ཟེར་དུ་མར་སྣང་བ་སྟེ། །ཞེས་སོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ། དང་པོ་གནས་ཕུན་སུམ་ཚོགས་པ་ནི། གནས་ནི་ལྷུན་རྫོགས་འོག་མིན་སྟུག་པོ་བཀོད། །ཡེ་ཤེས་ལྔ་ཡི་འོད་ཟེར་གསལ་འཚེར་འབར། །མཁའ་དབྱིངས་དབང་པོའི་མཚོན་ཆས་བཀབ་པ་བཞིན། །མནན་ན་ནེམ་ཞིང་བཏེག་ན་འཕར་བ་ལྟའི། །གཞལ་མེད་ཁང་མཛེས་སྒོ་འཕར་རྣམ་བཞིར་ལྡན། །རྟ་རྐང་རྒྱན་ལྡན་ཡེ་ཤེས་ལྔའི་བརྩིག་པ། །ཕ་གུ་དྲ་ཕྱེད་མདའ་ཡབ་པུ་ཤུ་ཅན། །སྣམ་བུར་འདོད་པའི་ཡོན་ཏན་མིག་ཡངས་མ། །བདེ་སྟོང་མཆོད་སྤྲིན་རྩེ་དགའ་གཡོ་བ་ཅན། །རྔ་ཡབ་འཕན་གདུགས་རྒྱལ་མཚན་ནོར་བུའི་ཏོག །བླ་བྲེ་ཟར་ཚགས་གཙང་ཁང་ཕྱུར་བུར་མཛེས། །མཆུ་ཞེང་སྲིད་དུ་མི་མངོན་གང་བལྟས་གང༌། །སྲངས་ཀྱིས་མི་གཏུགས་མཁའ་དབྱིངས་སྣོད་གྱུར་བཞིན། །རྟེན་གཞི་གཞལ་མེད་ཁང་པ་རེ་རེའི་ནང༌། །བརྟེན་པའི་གཙོ་བོ་ལྔ་ཡི་གདན་ཁྲི་ནི། །འཕྲོག་བྱེད་གཉིས་འཐུང་ཅང་ཤེས་ཟློས་གར་ཅན། །ཤང་ཤང་ཏེའུ་ཆུ་སྐྱེས་ཉི་


JLAZ004_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་སྟེང༌། །ཞེས་གཞུང་ཉིད་གྱིས་གསལ་བར་སྨོས་ཤིང༌། དེ་ཡང་ཀུན་རྫོབ་པའི་རྣམ་པ་གཞན་ཐམས་ཅད་ལས་ཁྱད་དུ་འཕགས་པའི་ལོངས་སྤྱོད་རྫོགས་པའི་རྟེན་དང་བརྟེན་པ་ནི་བྱང་ཆུབ་ཕྱོགས་ཀྱི་ཆོས་མཐའ་དག་དང་ཡོངས་སུ་འབྲེལ་བའི་རྣམ་པ་ཁྱད་པར་བ་ལས་གྲུབ་པས་གཞལ་མེད་ཁང་གི་བརྡའ་དོན་གྱི་དག་པའང་ལེའུ་བཅུ་པར་བཤད་པ་བཞིན་དྲན་པར་བྱ་ཞིང༌། དེ་ཡེ་ཤེས་ཀྱི་རང་སྣང་ཡིན་པས་མཆུ་ཞིང་དང་ཕྱོགས་སུ་རྒྱ་མ་ཆད་ཅིང༌། སྲིད་དུ་བལྟར་མི་མངོན་ལ། གཅིག་ཐ་དད་ཀྱི་ཕྱོགས་སུ་མ་ལྷུང་པའི་ཚུལ་ཡང་གུ་ཧྱ་གརྦྷ་ལས་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་པ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང༌། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དང༌། སོ་སོ་མ་ཡིན་ངོ་བོ་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཞེས་དང༌། གང་ལ་མངའ་བའི་ཡོན་ཏན་གྱི་དག་པ་གདན་ཁྲིས་མཚོན་པའི་ཚུལ་ཡང༌། མི་འཇིགས་པ་སེང་


JLAZ004_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་ཁྲི་དང༌། སྟོབས་གླང་པོ་ཆེའི་ཁྲི་དང༌། རྫུ་འཕྲུལ་རྟའི་ཁྲི་དང༌། དབང་རྨ་བྱའི་ཁྲི་དང༌། ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲི་དང༌། རང་བཞིན་གྱི་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང༌། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ། ཞེས་པས་གསལ་ལོ། །གཉིས་པ་དུས་ཕུན་སུམ་ཚོགས་པ་ནི། དུས་གསུམ་གཞིར་རྫོགས་ཀུན་ཏུ་བཟང་པོའི་དུས། །དེ་ལ་གདུལ་བྱའི་རྣམ་པར་རིག་པ་ཅན་གྱིས་དུས་གསུམ་དུ་ངེས་པ་འདྲེན་པ་ལས་འདས་པ་ནི་ཆོས་ཉིད་གཞིར་རྫོགས་ཀུན་ཏུ་བཟང་པོ་འདུས་མ་བྱས་པའི་དུས་ཏེ། དཔེར་ན་སངས་རྒྱས་ཀྱི་རང་བཞིན་ནི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཡིན་པས་བསམ་གྱིས་མི་ཁྱབ་པ་ཉིད་ལའང་སངས་རྒྱས་ཀྱི་དུས་ན་ཞེས་གཞལ་ཡུལ་ལ་ལྟོས་ནས་གཞག་པ་བཞིན། འདིར་ཡང་ཆོས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོ་དང་གནས་འཕོ་འགྱུར་མེད་པ་ངོ་བོ་ཉིད་ཀྱིས་རྟག་པའི་དུས་ལ་བརྡར་བཏགས་པ་སྟེ་འཇམ་དཔལ་ལས། དུས་གསུམ་དུས་མེད་རྟོགས་པའོ། །ཞེས་སོ། །འདི་ལྟ་བུའི་དུས་བཞིའི་ཚུལ་ནི་ཐུན་མོང་གི་མདོ་སྡེ་ལས་བཤད་པའི་ཚུལ་སྔར་ཡང་དྲངས་ཟིན་ལ་དེ་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང༌། འོད་སྲུང་སེམས་དང་ཆོས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་མ་འོངས་གང་དུ་ཡང་མ་སོང་གར་


JLAZ004_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་གནས་པས་ན་མ་ངེས་པ་སྟེ་བསམ་གྱིས་མི་ཁྱབ་པའི་དུས་སོ། །ཞེས་སོ། །གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་ནི། འཕོ་འགྱུར་བྲལ་བའི་མཚན་རྫོགས་སྟོན་པ་ལྔ། །རྣམ་སྣང་མི་བསྐྱོད་རྡོ་རྗེ་རིན་ཆེན་འབྱུང༌། །འོད་མཚན་སྟོང་འབར་དོན་ཡོད་གྲུབ་པ་ནི། །རང་རང་རིགས་ཀྱི་ཡུམ་དང་བཅས་པ་རྣམས། །ཁ་སྦྱོར་བདུན་གྱི་བདག་ཉིད་ཆེན་པོར་བཞུགས། །དེ་ཡང་ངོ་བོ་ཆོས་ཉིད་ལས་གཡོས་པ་མེད་པས་འཕོ་འགྱུར་དང་བྲལ་ལ། རང་བཞིན་དུ་མཚན་དཔེ་རྫོགས་པའི་སྐུར་སྣང་བས་ལོངས་སྤྱོད་རྫོགས་པ་ཆེན་པོ་སྟེ། གསང་བའི་སྙིང་པོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང༌། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང༌། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང༌། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང༌། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དང༌། དེ་དག་ཀུན་ཀྱང་མཐིང་ག་དང༌། དཀར་པོ་དང༌། སེར་པོ་དང༌། ལེ་བརྒན་དང༌། ལྗང་གུའི་མདོག་ཏུ་འཚེར་བ་བཙུན་མོ་དམ་པ་སྣང་བའི་དབྱིངས་དང༌། སྲ་བའི་དབྱིངས་དང༌། མཉེན་པའི་དབྱིངས་དང༌། དྲོ་བའི་དབྱིངས་དང༌། སྐྱོད་པའི་དབྱིངས་ལ་སོགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པར་ཆོས་དབྱིངས་ཀུན་ཏུ་མཐའ་ཡས་པར་ཁྱབ་པ་ནི་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གོང་བུ་བཞིན་


JLAZ004_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གང་ནས་ཁྱབ་པར་བཞུགས་སོ། །ཞེས་འཁོར་བའི་དུས་ཀྱི་ཕུང་པོ་ལྔ་པོ་ལས་འཕགས་པའི་ལྡན་ཆོས་རྒྱལ་པོའི་སྒྲས་སྨོས་པའི་རྒྱལ་བ་ལྔ་དང༌། ཁམས་ལྔ་པོ་ལ་དབྱིངས་ཀྱི་སྒྲས་འཕགས་ཆོས་ངོས་བཟུང་ནས་ཡུམ་ལྔའི་རང་བཞིན་དུ་གདོད་ནས་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཞིག་རང་རང་གི་རིགས་དང་མཚུངས་པའི་ལྷ་མོ་དང་སྙོམས་པར་ཞུགས་པས་ཁ་སྦྱོར་ཏེ། ཕར་ཕྱིན་གྱི་ལོངས་སྐུ་ཙམ་པོ་ལས་ཁྱད་པར་དུ་བྱས་པ་ནི་བདེ་སྟོང་གཉིས་སུ་མེད་པའི་ཁྱད་གཞིར་རང་བྱུང་བའོ། །དེའང་འདོད་ཁམས་པ་རྣམས་ནི་ལྷག་པར་རྗེས་སུ་ཆགས་པས་སྤྱོད་པ་ཡིན་པ་གང་ཞིག་རྗེས་སུ་གཟུང་བའི་ཕྱིར་རྒྱལ་བས་སྙོམས་པར་འཇུག་པ་བསྟན་པ་ལས། དབང་གསུམ་པས་ལུས་ཀྱི་བདེ་བ་ཉམས་སུ་མྱོང་བ་ནི་ཡིད་བདེ་བ་འབྱུང་བའི་རྒྱུ་དང་ཡིད་ཀྱི་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤར་བ་ལས་ཕུང་པོ་ལྔ་དང༌། རྣམ་པར་ཤེས་པའི་ཚོགས་བརྒྱད་སེམས་དང་སེམས་བྱུང་གི་སྤྲོས་པ་མཐའ་དག་འགགས་ནས་སངས་རྒྱས་རྣམས་ཀྱི་ཐུགས་དངོས་པོའི་དེ་ཁོ་ན་ཉིད་ལ་འཇུག་པས་འཁོར་བའི་སེམས་ཀྱི་ཟག་པ་ལས་གྲོལ་ཞིང་ཤིན་ཏུ་རྒྱ་ཆེ་བ་དང༌། གྱ་ནོམ་པའི་བདེ་སྟོང་གི་ཡེ་ཤེས་འཆར་བས་བདེ་བ་ཆེན་པོ་ཞེས་བྱའོ། །དེ་ལྟ་བུའི་བདེ་ཆེན་ཀྱང་རང་བཞིན་མེད་པ། རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཕྱིར། སྦྱོར་བ་བདུན་པ་ལས། དངོས་པོ་ཀུན་གྱི་ནང་ནས་


JLAZ004_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། །རང་བཞིན་མེད་པ་གཙོ་བོར་བཤད། །ཅེས་སོ། །དེའི་ངང་ལས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་རྣམ་པར་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་རང་འབྱུང་ལ། དེ་ཡང༌། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་པས། །མྱ་ངན་འདས་དང་འཁོར་མི་གནས། །ཞེས་པ་ལྟར། ཤེས་བྱ་ཤེས་བྱེད་ཀྱི་རྣམ་པར་རྟོག་པ་དང་བཅས་པས་སྲིད་པར་གནས་པའམ། ཐེག་དམན་གྱི་མྱང་འདས་ལྟར་ཞི་བ་ཕྱོགས་གཅིག་པའི་མཐའ་གཉིས་སུ་མ་ལྷུང་བཞིན་དུ་རང་ངོའི་ཡོན་ཏན་གྱི་རྒྱུན་ལ་རྟག་པར་འཇུག་ཅིང་བར་ཆད་མེད་པས་རྒྱུན་མི་འཆད་པ་དང༌། དེ་ཡང་ལོངས་སྐུ་དེ་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་ནས་རྣམ་པར་འཆད་པ་མིན་པའི་ཕྱིར་འགོག་པ་མེད་པ་སྟེ་ངག་གི་དབང་ཕྱུག་གིས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཅེས་སོ། །དེ་ལྟར་རྣམ་པ་ལོངས་སྤྱོད་རྫོགས་ཀྱང་དེས་ཆོས་ཀྱི་སྐུ་དང་སྤྲུལ་པའི་སྐུ་ཡང་བཟུང་བས་སྐུ་གསུམ་ཡན་ལག་བདུན་ལྡན་དུ་བཞུགས་པའི་ཚུལ། དམིགས་པ་མེད་པའི་ཐུགས་རྒྱུད་སྙིང་རྗེ་ཆེན་པོས་གང་བ་དང༌། དེའི་ཕྲིན་ལས་ཐུགས་རྗེའི་འཇུག་པ་


JLAZ004_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་ཁམས་ལ་རྒྱུན་མི་འཆད་པ་དང༌། འགོག་པ་མེད་པ་སྟེ་སྤྲུལ་སྐུའི་ཡན་ལག་གསུམ། ཡེ་ཤེས་ཀྱི་སྐུ་རང་འོད་ཀྱི་ལྷ་མོ་དང་སྦྱོར་བས་ཁ་སྦྱོར་དང༌། དེ་ལས་ཟག་པ་མེད་པའི་བདེ་བ་ཆེན་པོ་རྒྱུན་མི་འཆད་པ་དང༌། ཚིག་དང་ཡི་གེ་མེད་པ་དགོངས་རྒྱུད་ཀྱི་ཆོས་འཁོར་ལ་རྟག་པར་ལོངས་སྤྱོད་པ་སྟེ། ལོངས་སྐུའི་ཡན་ལག་གསུམ། རྣམ་པ་དེ་དག་དང་ལྡན་ཀྱང་རང་གི་ངོ་བོ་སྤྲོས་པ་ཀུན་གྱི་ཕ་རོལ་ཏུ་སོན་པས་རང་བཞིན་མེད་པ་ཆོས་སྐུའི་ཡན་ལག་གཅིག་སྟེ་སྤྱིར་བདུན་གྱི་བདག་ཉིད་ཅན་དུ་བཞུགས་པའོ། །བཞི་པ་འཁོར་ཕུན་སུམ་ཚོགས་པ་ནི། ཉིད་ལས་མི་གཞན་སེམས་དཔའ་སེམས་མའི་འཁོར། །སྒོ་བ་བཞི་དང་དེ་བཞིན་སོ་སོའི་ཡུམ། །དེ་སྐད་དུ་གསང་སྙིང་ལས། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང༌། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང༌། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་དང༌། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་དང༌། བཙུན་མོ་མཐོང་བར་བྱ་བ་དང༌། མཉན་པར་བྱ་བ་དང༌། བསྣམ་པར་བྱ་བ་དང༌། མྱོང་བར་བྱ་བའི་ཚོགས་དང༌། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང༌། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་དང༌། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དང༌། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དང༌། བཙུན་མོ་འདས་པ་དང༌། ད་ལྟར་དང༌།


JLAZ004_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དང༌། མ་བྱོན་པའི་ཚོགས་དང༌། འཇོམས་པ་ཆེན་པོ་རྡོ་རྗེ་རེག་པ་དང༌། འཇོམས་པ་ཆེན་པོ་རྡོ་རྗེ་རེག་བྱེད་དང༌། འཇོམས་པ་ཆེན་པོ་རྡོ་རྗེ་རེག་བྱ་དང༌། འཇོམས་པ་ཆེན་པོ་རྡོ་རྗེ་རེག་ཤེས་དང༌། བཙུན་མོ་རྟག་པར་མ་ཡིན་པ་དང༌། ཆད་པར་མ་ཡིན་པ་དང༌། བདག་ཏུ་མ་ཡིན་པ་དང༌། མཚན་མར་མ་ཡིན་ལ་སོགས་པ་དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །ཞེས་རྒྱུ་དུས་ཀྱི་མིག་ལ་སོགས་པའི་དབང་པོ་བཞི་འབྲས་བུའི་དུས་ན་ཕྱིའི་སེམས་དཔའ་བཞིར་གནས་དག་པའི་ཚུལ་ཡང་སངས་རྒྱས་ཀྱི་ས་ན་དབང་ཤེས་ལྔ་པོ་རེ་རེས་ཀྱང་ཡུལ་ལྔ་ལ་འཇུག་པའི་ཁྱད་པར་མདོ་སྡེའི་རྒྱན་ལས་ཀྱང༌། དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང༌། །ཞེས་བཤད་པ་ལྟར་རྡོ་རྗེའི་སྤྱན་སྒྲིབ་པ་མེད་པས་ཡུལ་ལྔ་འཛིན་པའི་རྟེན་བྱེད་པ་བྱམས་པ། སྙན་གྱི་དབང་པོ་ཉམས་པ་མེད་པས་ཡུལ་ལྔ་གསལ་བའི་རྟེན་བྱེད་པ་སྒྲིབ་པ་རྣམ་སེལ། ཤངས་ཀྱི་དབང་པོས་ཡུལ་ལྔ་འཛིན་པའི་རྟེན་བྱེད་པ་ཀུན་ཏུ་བཟང་པོ། ལྗགས་ཀྱི་དབང་པོས་ཆོས་ཀྱི་རོ་བྲོ་བའི་མཆོག་མཁྱེན་པ་འཇམ་དཔལ། རིགས་


JLAZ004_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཙུན་མོ་རྣམས་ཀྱང་རིམ་པ་བཞིན་འདས་པའི་དུས་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་གཟིགས་པ་བདུག་སྤོས་མ། ད་ལྟར་གྱི་དུས་ལ་ཆགས་ཐོགས་མེད་པར་གཟིགས་པ་མེ་ཏོག་མ། མ་འོངས་པའི་དུས་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་གཟིགས་པ་སྣང་གསལ་མ། མ་ངེས་པའི་དུས་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་གཟིགས་པ་དྲི་ཆབ་མ་སྟེ། ཕྱི་སྒེག་བཞིའོ། །དེ་བཞིན་དུ་རྒྱུ་དུས་ན་མིག་གི་རྣམ་ཤེས་ལ་སོགས་པའི་དབང་ཤེས་བཞི། འབྲས་བུའི་དུས་ན་ནང་གི་སེམས་དཔའ་བཞིར་གནས་དག་པའི་ཚུལ། སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་ཡུལ་ལྔ་ལ་འཇུག་པས་ཆོས་ཉིད་རོ་གཅིག་ཏུ་གཟིགས་པའི་རྡོ་རྗེ་མཐོང་བ་སའི་སྙིང་པོ། སངས་རྒྱས་ཀྱི་སྙན་གྱིས་ཡུལ་ལྔ་ལ་འཇུག་ཅིང་དེ་བཞིན་ཉིད་དུ་རོ་གཅིག་པར་གསན་པའི་རྡོ་རྗེ་ཐོས་པ་ཕྱག་ན་རྡོ་རྗེ། སངས་རྒྱས་ཀྱི་ཤངས་ཀྱིས་ཡུལ་ལྔ་ལ་འཇུག་ཅིང་སྐྱེ་མེད་རོ་གཅིག་ཏུ་ཚོར་བ་རྡོ་རྗེ་སྣོམ་པ་ནམ་མཁའི་སྙིང་པོ། སངས་རྒྱས་ཀྱི་ལྗགས་ཀྱིས་ཡུལ་ལྔ་ལ་འཇུག་ཅིང་གཉིས་མེད་རོ་གཅིག་ཏུ་མྱོང་བ་རྡོ་རྗེ་མྱོང་བ་སྤྱན་རས་གཟིགས། རིགས་ཀྱི་བཙུན་མོ་རྣམས་ཀྱང་རིམ་པ་བཞིན་མཐོང་བྱ་ཡེ་ཤེས་ཀྱི་སྣང་བས་ཡུལ་གཟུགས་སྒེག་མོ་མ། དེ་


JLAZ004_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་མཉན་པར་བྱ་བ་གླུ་མ། བསྣམ་པར་བྱ་བ་ཕྲེང་བ་མ། མྱང་བར་བྱ་བ་གར་མ་སྟེ་ནང་སྒེག་བཞིའོ། །དེ་དག་ནི་རྒྱུད་འགྲེལ་རྣམས་ལས་རིགས་སྡུད་པའི་དབང་དུ་བཤད་པའི་རྗེས་སུ་འབྲང་ལ། རྒྱུད་ཀྱི་དངོས་བསྟན་ལས་ནི་རྟོག་པའི་ཡུལ་དང་ཡུལ་ཅན་ཡབ་ཡུམ་དུ་སྟོན་པས་དེ་ལྟར་ན་གར་ཕྲེང་གཉིས་ཀྱང་ཐབས་ཤེས་སུ་འབྲེལ་བར་མ་མཐོང་ལ། དེའང་དུས་བཞི་ཡུམ་དུ་སྦྱོར་བ་ལ་གླང་པོ་རབ་འབོགས་དཔྱད་བཟོད་པའི་ཚུལ། འདས་པ་མེ་ཏོག་ལ་སྦྱར་བས་དེ་ཉིད་སྐྱེད་ཚལ་ནས་ཕྱུང་སྟེ་མཆོད་ཡུལ་ལ་ཕུལ་བས་རྒྱུ་འབྲས་གཉིས་ག་ལ་སྤྱད་ཚར་བ་མཚོན། དྷཱུ་པེ་ད་ལྟ་ལ་སྦྱར་བས་རྒྱུ་བསྲེག་བྱའི་དངོས་པོ་ཐལ་བ་དང༌། འབྲས་བུ་དྲི་མ་ལྷོངས་པ་དུས་མཉམ་པའི་ཕྱིར། མ་འོངས་པ་མར་མེ་ལ་སྦྱར་བ་རྒྱུ་འབྲས་གཉིས་ཀ་ཚོགས་ཀྱང་ད་དུང་སྤྱད་དུ་ཡོད་པས་སོ། །མ་ངེས་པ་དྲི་ཆབ་ལ་སྦྱར་བས་རྒྱུ་འབྲས་ཡོད་ལ་མ་ཚོགས་པ་ཉེ་བར་སྤྱད་པའི་རྣམ་པ་མ་ངེས་པའི་ཕྱིར་ཞེས་བཤད་ན་གཞུང་ལེགས་པ་ཡིན་ནོ། །དེ་བཞིན་དུ་བགེགས་ཀྱི་དགྲ་བོ་སྒོ་བ་ཡབ་ཡུམ་བཞི་ལ་འཇོམས་པའི་སྒྲས་ཐབས་ཡབ་ཀྱི་ཆ་དང༌། ཆེན་པོའི་སྒྲས་ཤེས་རབ་ཡུམ་གྱི་ཆར་བཏགས་པའི་ཐབས་


JLAZ004_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་གཉིས་མེད་ཀྱི་རྣམ་པར་འཕྲུལ་པ་ཆེན་པོས་བདུད་དང་གཤིན་རྗེ་ལ་སོགས་པའི་གདུག་པ་ཅན་ནམ་བགེགས་རྣམས་མ་ལུས་པའི་དགྲ་བོར་གྱུར་པས་ན་རྡོ་རྗེའོ། །དེའང་སྒོ་གསུམ་འཛིན་པ་དང་བཅས་པ་སྒོ་བར་གནས་གྱུར་པའི་ཚུལ་ནི། ཐ་མལ་པའི་དུས་ན་ལུས་ཀྱི་ཆའི་རེག་པས་ཚོར་བ་སྐྱེ་བ་ལ་རེག་བྱའི་ཡུལ་དང་རེག་བྱེད་ཀྱི་ལུས་ཕྲད་པ་ལས་རེག་བྱ་ཤེས་པ་ནི་ལུས་ཀྱི་རྣམ་ཤེས་ཏེ། སངས་རྒྱས་ཀྱི་དུས་ན་སྐུའི་རེག་བྱའི་ཁམས་ཡུལ་ལྔ་ལ་འཇུག་པའི་ཕྱིར། དེ་དག་གནས་སུ་དག་པ་ལས་བདུད་རྩི་འཁྱིལ་བ་དང༌། རྟ་མགྲིན་དང༌། སྟོབས་པོ་ཆེ་དང༌། གཤིན་རྗེ་གཤེད་དོ། །དེ་བཞིན་དུ་ཐ་མལ་པའི་ངག་གི་ཆའི་རེག་པ་སྒྲར་གྱུར་ཏེ། སྒྲའི་ཤེས་པ་སྐྱེ་བ་ལ། རྗོད་བྱེད་སྒྲ། བརྗོད་བྱ་ཡུལ། གཉིས་ཀའི་རྐྱེན་ཚོགས་པ་ལས་སྒྲ་ཤེས་སྙན་དང་མི་སྙན་བར་མ་གསུམ་དུ་འགྱུར་བ་ལས་ཁྱད་པར་དུ་བྱས་པ་སངས་རྒྱས་ཀྱི་དུས་ན་གསུང་གི་གདངས་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཡུལ་ལྔ་ལ་འཇུག་པའི་དོད་ཁྲོ་བོ་བཞིར་སྣང་བའོ། །ཡིད་ཀྱི་ཚེ་ཆོས་སུ་བསྒྱུར་ཏེ། ཡིད་ཀྱི་ཡུལ་ཆོས་ཀྱི་སྐྱེ་མཆེད་དུ་སྐྱེ་བ་ལ། རིག་བྱེད་ཡིད། རིག་བྱ་དོན་སྤྱིའི་རྣམ་པ་མ་ངེས་པ་ཡུལ། དེ་གཉིས་ཚོགས་པས་དགག་བསྒྲུབ་ཆགས་སྡང་ལ་


JLAZ004_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཤེས་པ་སྐྱེ་བ་ལས་འཕགས་པ། རྒྱལ་བའི་ཡེ་ཤེས་སྒྲིབ་པ་མེད་པ་དོན་སྤྱིའི་འཛིན་པ་ལ་མི་ལྟོས་པར་མངོན་སུམ་དུ་གྱུར་པས་ཆགས་སྡང་ལས་གྲོལ་བ་མཚོན་བྱེད་དུ་སྒོ་བ་ཁྲོ་བོ་བཞིར་སྣང་ཞིང་དེ་ཡང་སྐྱེ་འཇིག་མེད་པ་དང༌། བརྗོད་དུ་མེད་པ་དང༌། རྣམ་པར་རིག་བྱེད་མེད་པ་དང༌། རྣམ་པ་མེད་པར་རྟོགས་པའི་ཡེ་ཤེས་བཞིར་གནས་དག་པའོ། །དེ་དག་གི་ཡུམ་བཞི་ཡང་རིམ་པ་བཞིན་དུ་གཟུགས་རྟག་པ་མ་ཡིན་པ་གཟུགས་བརྙན་དང་འདྲ་བར་མཚོན་ཞིང༌། དེའི་རྣམ་པ་བྱམས་པ་ཚད་མེད་དང༌། སྦྱིན་པའི་དངོས་པོས་སེམས་ཅན་རྣམས་སྡུད་པའི་མཚོན་བྱེད་ལྕགས་ཀྱུ་མ། སྒྲ་ཆད་པ་མ་ཡིན་པའི་སྨིག་རྒྱུ་ལྟ་བུར་མཚོན་ཞིང༌། དེའི་རྣམ་པ་སྙིང་རྗེ་ཚད་མེད་དང་སྙན་པར་སྨྲ་བས་སེམས་ཅན་སྡུད་པའི་ཕྱིར་ཞགས་པ་མར་སྣང་བའོ། །ཡིད་བྱེད་པ་པོ་དགག་བསྒྲུབ་ཀྱི་གཟུང་དུ་མེད་པ་རྨི་ལམ་ལྟར་མཚོན་ཞིང༌། དེའི་རྣམ་པ་དགའ་བ་ཚད་མེད་དང་དོན་མཐུན་པས་འགྲོ་བ་དབང་དུ་བྱེད་པའི་བརྡར་ལྕགས་སྒྲོག་མའོ། །ཆོས་བྱ་བ་དངོས་མཚན་རང་གར་མ་གྲུབ་པས་སྤྲུལ་པ་ལྟ་བུར་རྫུན་ཞིང༌། དེའི་རྣམ་པ་བཏང་སྙོམས་ཚད་མེད་དང་དོན་སྤྱོད་པས་འགྲོ་བ་རྣམས་ཞི་བ་ལ་


JLAZ004_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་མཚོན་བྱེད་དྲིལ་བུ་མར་བསྟན་པའོ། །དེ་ལྟར་གནས་གྱུར་པའི་ཚུལ་ཡང་འོག་མ་རྣམས་སུ་ནི་རྒྱུ་འབྲས་སྤང་གཉེན་ཅན་སྦྱང་གཞི་དང་སྦྱོང་བྱེད་ཀྱང་དར་རས་ཚོན་གྱིས་བསྒྱུར་བ་ལྟ་བུར་འདོད་ལ། བདེན་པ་དབྱེར་མེད་དག་མཉམ་ཆེན་པོར་སྟོན་པའི་རྒྱུད་སྡེ་ཟབ་མོ་རྣམས་སུ་ནི། གཟོད་ནས་རང་བཞིན་འགྱུར་བ་མེད་ཅིང་དྲི་མ་དང་བྲལ་བའི་ཆོས་ཉིད་ལ། གློ་བུར་ཀུན་ཏུ་བརྟགས་པའི་རྟོག་པས་སྤགས་པས་འཁོར་བའི་དུས་ན་ལས་དང་བདེ་སྡུག་སྣ་ཚོགས་ཀྱི་རྟེན་བྱེད་ཀྱང༌། རང་ངོ་སྤང་བླང་དང་སྦྱང་བསྒྱུར་ལས་འདས་པར་རྟོགས་པས་ཆབ་རོམ་ཆུ་རྒྱུན་དུ་བཞུ་བ་ལྟར་འཁོར་བ་ཉིད་ཀྱང་མྱང་འདས་སུ་གྲོལ་བའི་ཚུལ་སངས་རྒྱས་མཉམ་སྦྱོར་ལས། ཨེ་མ་སངས་རྒྱས་ཀུན་གྱི་གསུང༌། །རྫོགས་པའི་སངས་རྒྱས་སྐྱེ་བ་མེད། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཅེས་དང༌། བརྟག་གཉིས་ལས། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པའི་ཕྱིར། །རང་གི་རིག་པའི་བདེ་བ་མཆོག །གཟུགས་ལ་སོགས་པའི་ཡུལ་རྣམས་དང༌། །གཞན་ཡང་རྣལ་འབྱོར་པས་མཐོང་བ། །དངོས་པོ་དེ་ཀུན་དག་པ་སྟེ། །འདི་


JLAZ004_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འགྲོ་བ་སངས་རྒྱས་འགྱུར། །ཞེས་པས་གསལ་ལོ། །ལྔ་པ་ཆོས་ཕུན་སུམ་ཚོགས་པ་ནི། རང་བཞིན་རྫོགས་པ་ཆེན་པོའི་ཆོས་འཁོར་ནི། །སྒྲ་ཚིག་མཚན་མའི་ཡུལ་ལས་འདས་པར་བསྐོར། །ཞེས་སྨོས་ཏེ། དེའི་ཚུལ་ཡང་སྟོན་པས་གསུང་བ་མེད་བཞིན་འཁོར་གྱི་སེམས་དཔའ་རྣམས་ལ་རང་ངོའི་ཤེས་རབ་ཀྱི་རྟོག་དཔྱོད་ལས་རྨི་ལམ་གྱི་ཚིག་ལྟར་སྣང་བའི་ཚུལ་ཀློང་དྲུག་པ་ལས། ཉིད་ཀྱིས་ཞལ་ནས་མ་གསུངས་པར། །རྨི་ལམ་ལྟ་བུའི་མཚན་ཉིད་དུ། །འཁོར་གྱི་སེམས་དཔའ་རྣམས་ལ་ནི། །ཤེས་རབ་རྟོག་དཔྱོད་བློ་ལ་སྣང༌། །ཞེས་དང༌། དེ་སྐད་དུ་མདོ་ལས་ཀྱང༌། རྒྱལ་བའི་སྲས་པོ་ཅང་མི་གསུང༌། །མ་གསུངས་པ་ཉིད་རྒྱ་ཆེར་གསུངས། །ཞེས་པ་ལྟར་སངས་རྒྱས་རྣམས་ཀྱི་དོན་དམ་པའི་ཆོས་ཀྱི་འཁོར་ལོ་ནི་སྐྱེས་བུའི་རྣམ་རིག་དང་འབྲེལ་པ་མ་གྲུབ་པས་སྒྲ་ཚིག་མཚན་མའི་སྤྱོད་ཡུལ་ལས་འདས་པའི་དོན་རང་བཞིན་རྫོགས་པ་ཆེན་པོ་བརྗོད་བྲལ་བློ་འདས་ཆེན་པོའི་ངོ་བོར་གནས་པ་ཡིན་ཏེ། ཀུན་བྱེད་ལས། ཆོས་ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ། །སྙིང་པོ་ལྷུན་འབྱམས་སྨྲ་བསམ་བརྗོད་ལས་འདས། །ཞེས་སོ། །དེ་ལྟ་བུའི་


JLAZ004_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་ལ་འགོག་ལམ་གྱི་བདེན་པ་མཐའ་དག་རྫོགས་པའི་ཚུལ་ཡང་ཟླ་བ་སྒྲོན་མ་ལས། གང་གིས་ཆོས་གཅིག་པོ་ཡོངས་སུ་བསླབས་པས་ཡོན་ཏན་གྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །གཅིག་པུ་གང་ཞེ་ན། གང་དེ་ཁོ་ན་ཉིད་དུ་ཤེས་པའོ། །ཞེས་སོ། །དེ་ལྟ་བུའི་ཡན་ལག་བདུན་ལྡན་གྱི་ལོངས་སྐུས་དོན་ལ་སྐུ་གསུམ་ཐམས་ཅད་ཀྱི་མཚན་ཉིད་གཟུང་བས་ལམ་དུས་ཀྱི་ལས་རླུང་དག་ནས་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྙིང་ག་ལས་བཏེག་སྟེ་རང་སྣང་སྤྲུལ་པའི་དཀྱིལ་འཁོར་བཀོད་པའི་ཚུལ་ལ་ཞི་ཁྲོ་གཉིས་ལས་དང་པོ་ནི། དཔལ་སྒྱུ་འཕྲུལ་དྲ་བ་དང་བསྟུན་ནས། སྟེང་ཁང་ཞི་བ་བྱང་ཆུབ་སྙིང་པོའི་གནས། །དབང་མཛད་ཞི་བ་བཞི་བཅུ་རྩ་གཉིས་ལས། །དམ་པའི་སྟང་དཔྱལ་གཉིས་ནི་སྤྲུལ་གཞི་སྟེ། །ཀུན་ལ་ཁྱབ་པར་གདལ་བས་ཆོས་ཀྱི་སྐུ། །འགྲོ་དྲུག་སོ་སོའི་གནས་སུ་དོན་མཛད་པའི། །རིག་པའི་སྐྱེས་བུ་དྲུག་ནི་སྤྲུལ་པར་ཤར། །རང་སྣང་ལོངས་སྐུའི་ཞིང་ན་སུམ་ཅུ་བཞི། །གཙོ་བོ་བཅུ་ལ་ཉེར་བཞི་འཁོར་གྱི་ཚུལ། །ཕུང་ཁམས་སྐྱེ་མཆེད་གནས་སུ་དག་པའི་ལྷ། །གདན་གསུམ་ཚང་བའི་


JLAZ004_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོ་ཡིན། །དེ་ལ་དབྱིངས་དང་རིག་པ་ཟུང་དུ་འཇུག་པ་ལ་དམ་པའི་སྟང་དཔྱལ་དུ་སྨོས་པ་ཀུན་བཟང་ཡབ་ཡུམ་ནི་ཆོས་ཀྱི་སྐུ་དམིགས་བསམ་སྤྲོས་པ་ལས་འདས་པ་ཡིན་པས་ཀུན་ལ་ཁྱབ་པར་གདལ་ཞིང་གཟུགས་སྐུ་གཉིས་ཀྱི་སྤྲུལ་གཞི་ཙམ་དུ་བཞུགས་པ་ལས་བཞིན་ལག་གི་རྣམ་པ་ཅན་གྱི་ལོངས་སྤྲུལ་འཆར་བའི་ཚུལ་སློབ་དཔོན་བཱི་མ་ལའི་རིན་ཆེན་སྒྲོན་མ་ལས་ཀྱང༌། མི་གནས་ཆོས་དབྱིངས་དཀྱིལ་འཁོར་ན། །ཀུན་བཟང་ཡབ་ཡུམ་ཞེས་བྱའོ། །དེ་ལས་ལོངས་སྐུར་བཞེངས་པ་ན། །རིགས་ལྔའི་སངས་རྒྱས་ཡིན་པར་གྲགས། །སྤྲུལ་པས་འགྲོ་དོན་སྤྱོད་པ་ན། །རྡོ་རྗེ་སེམས་དཔའི་རྡོ་རྗེ་འཛིན། །གྲངས་མེད་དཔག་གིས་མི་ལང་ངོ༌། །ཞེས་པ་ལྟར་རོ། །ཐུབ་པ་དྲུག་ནི་སངས་རྒྱས་ཀྱི་ཐུགས་རྗེའི་འཇུག་པ་གདུལ་བྱ་རང་རང་གི་བསོད་ནམས་ཀྱི་སྣང་བས་བསྡུས་པ་ཡིན་པས་འོག་མིན་དུ་མི་སྣང་ཡང་རྒྱལ་བའི་ཡེ་ཤེས་ཀྱི་ཐུགས་རྗེ་གདུལ་ཡུལ་དྲུག་ཏུ་འཇུག་པའི་ཕྲིན་ལས་ཀྱི་གཟུགས་བརྙན་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྣང་བའོ། །དེ་སྐད་དུ་ཕལ་པོ་ཆེ་ལས། ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་


JLAZ004_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང༌། །ཟླ་བ་གཉིས་སུ་གྱུར་པ་མེད། །དེ་བཞིན་ཆགས་མེད་མཁྱེན་ལྡན་རྣམས། །ཆགས་མེད་རྣམ་པར་འཚང་རྒྱ་བ། །ཞིང་ཁམས་ཀུན་ན་རབ་ཏུ་སྣང༌། །སངས་རྒྱས་ལ་ནི་གཉིས་སྣང་མེད། །ཅེས་པ་ལྟར་རོ། །བློ་གྲོས་ཕྱིན་ཅི་ལོག་དག་ཐུན་མོང་དུ་གྲགས་ཚོད་ཀྱི་སྟོན་པ་ཙམ་ལས་རྒྱལ་བའི་ཡེ་ཤེས་ལས་སྤྲུལ་པ་རིག་པའི་སྐྱེས་བུ་ལས་དང་ཉོན་མོངས་པ་ཐམས་ཅད་བཅོམ་པས་ཐུབ་པའི་མངོན་བརྗོད་དུ་གསལ་བ་འཇིག་རྟེན་དྲུག་གི་འདྲེན་པ་འདུལ་བ་རྣམ་པ་བཞིའི་ཕྲིན་ལས་ཅན་མི་སྲིད་པར་འགེགས་པ་ནི་རང་མཚང་སྟོན་པའི་རྣམ་འགྱུར་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས། འཇམ་དཔལ། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ཏུ་མཐོང་བས་གདུལ་བར་བྱ་བ་ཡིན་ན། དེ་བཞིན་གཤེགས་པའི་སྐུ་ཡང་གསེར་གྱི་ཁ་དོག་ཏུ་སྣང་ངོ༌། །དེ་བཞིན་དུ་བཻཌཱུརྱ་དང༌། ཨནྡ་རྙིལ་དང༌། སྤུག་དང༌། མུ་ཏིག་དམར་པོའི་ཁ་དོག་གིས་གདུལ་བར་བྱ་བ་ཡིན་ན། དེ་དག་གི་ཁ་དོག་ཏུ་བཞུགས་སོ། །དེ་བཞིན་དུ་འཇིག་རྟེན་སྐྱོང་བ་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། དབང་ཕྱུག་དང༌། ལྷ་མ་ཡིན་དང༌། མི་


JLAZ004_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དུད་འགྲོ་དང༌། དམྱལ་བ་དང༌། གཤིན་རྗེའི་འཇིག་རྟེན་པས་གདུལ་བར་བྱ་བ་ཡིན་ན་དེ་དག་གི་གཟུགས་སུ་ཞུགས་ནས་ཆོས་སྟོན་ཏོ། །ཞེས་པའི་དོན་ཕྱོགས་ཙམ་ཡང་མ་མཐོང་བས་རྨོངས་པར་ཟད་དོ། །གདུལ་བ་བཞི་ནི་བསོད་ནམས་ཀྱིས་གདུལ་བ་དང༌། དོན་ཐམས་ཅད་མངོན་སུམ་དུ་གྱུར་པས་གདུལ་བ་དང༌། རྫུ་འཕྲུལ་ཆེན་པོས་གདུལ་བ་དང༌། རིག་པས་གདུལ་བའོ། །དེ་བས་ན་རང་སྣང་དོན་གྱི་འོག་མིན་ན་བལྟར་མངོན་པའི་གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། སྒོ་བ་སྒོ་མ་སྟེ་གདན་གསུམ་སྤྱིར་དྲིལ་བའི་གཙོ་འཁོར་སུམ་ཅུ་རྩ་བཞི་པོ་ནི། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་གསུམ་པོ་འོག་མའི་ལུགས་ལྟར་གནས་སུ་དག་པའམ། དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་ལུགས་ཀྱི་ཆོས་ཉིད་དང་ཆོས་ཅན་སྣང་བ་ཉིད་ནི་རང་བཞིན་གྱི་རྡོ་རྗེ་ཕུང་པོ། དེའི་ཡན་ལག་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་པོ་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་དང༌། གཟུགས་ལ་སོགས་པའི་ཡུལ་དྲུག་ལ་མིག་ལ་སོགས་པའི་དབང་ཤེས་དྲུག་སྐྱེ་ཤིང༌། དེའི་སྐད་ཅིག་ཕྱི་མར་རྒྱུན་མཆེད་པས་སྐྱེ་མཆེད་བཅུ་གཉིས་སམ། མིག་དང༌། གཟུགས་དང༌། མིག་


JLAZ004_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་པར་ཤེས་པའི་ཁམས་ཞེས་གསུམ་ཚན་དྲུག་ཏུ་སྦྱར་བའི་ཁམས་བཅོ་བརྒྱད་པོ་བྱང་ཆུབ་སེམས་དཔའ་སྟང་དཔྱལ་བརྒྱད། འབྱུང་བ་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་ཡུམ་གྱི་ངོ་བོར་གནས་པས། ཕྱི་ནང་གི་འབྱུང་བ་དང་རྟོག་ཚོགས་ཀྱིས་བསྡུས་པའི་སྲིད་པ་གསུམ་པོ་འདི་ཡང་རྟོགས་པ་རྣམས་ཀྱི་ངོར་ཡེ་ནས་སངས་རྒྱས་ཀྱི་ཞིང་ཁམས་ཉག་གཅིག་ཏུ་གནས་པའི་ཚུལ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམ་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང༌། །ཞེས་སོ། །དེ་ལྟ་བུའི་དཀྱིལ་འཁོར་ལ་རང་སྣང་དང་གཞན་སྣང་གི་ཁྱད་དབྱེ་བའི་ཕྱིར། འདི་དག་སྒྱུ་འཕྲུལ་དྲ་བ་མཉམ་སྦྱོར་སོགས། །བླ་མེད་རྒྱུད་ལས་ལུས་གྲུབ་དཀྱིལ་འཁོར་ནི། །ཇི་སྙེད་བསྟན་དང་རྣམ་དག་མཚུངས་པ་ཡིན། །འདི་ལྟར་སྒྱུ་འཕྲུལ་དྲྭ་བ་དང༌། སངས་རྒྱས་མཉམ་སྦྱོར་དང༌། འདུས་པའི་རྒྱུད་སྔ་ཕྱི་གཉིས་ལ་སོགས་པའི་བླ་མེད་ཕལ་མོ་ཆེའི་ལུས་གྲུབ་ཀྱི་དཀྱིལ་འཁོར་རྣམས་ནི་རང་སྣང་གིས་བསྡུས་པའི་


JLAZ004_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་ཡིན་པས་རྣམ་དག་ཀྱང་མཚུངས་པ་ཡིན་ལ། གཞན་སྣང་ལ་ཤར་བའི་ཞི་བའམ། ཁྲོ་བོའི་དཀྱིལ་འཁོར་ནི་འོག་མིན་གྱི་ཞིང་ཁམས་ལས་གཞན་དུ་གྱུར་པ་སྟེ། དཔེར་ན་བསྒྲུབ་སྡེ་ལས་བགེགས་འདུལ་ཕྱིར་རྨི་ལམ་ལྟར་སྤྲུལ་པ་འཇིག་རྟེན་པའི་འཁོར་གཙོ་བོར་གྱུར་པའི་དཀྱིལ་འཁོར་གསུམ་དུ་བསྟན་པ་བཞིན་ཏེ་དེ་མ་ཐག་ཏུའང་འཆད་པར་འགྱུར་རོ། །ད་ནི་འོག་ཁང་ཁྲོ་བོའི་དཀྱིལ་འཁོར་འདུས་པ་མདོ་ལྟར་བསྟན་པ་ནི། འོག་ཁང་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ནི། །འབར་བའི་གཞལ་ཡས་ཕྱི་ནང་རིམ་པ་དགུ། །སྒོ་ཁྱམས་དགུ་པའི་ཕྱི་མར་རྒྱུ་འབྲས་ཀྱི། །རྟ་བབས་གཉིས་ལྡན་ཕོ་བྲང་དབུས་མའི་ནང༌། །རྡོ་རྗེའི་བྲག་ཆེན་པདྨ་སྟོང་བརྡལ་ལ། །ཐབས་ཤེས་ཉི་ཟླར་དབང་ཕྱུག་ཁྱོ་ཤུག་ནི། །ཉི་ཤུ་རྩ་གཅིག་སྟེང་དུ་དཔའ་གཏུམ་སྟག །འཇིགས་བྱེད་སེང་གེ་གདུག་པ་གཟིག་དང་ནི། །གཏུམ་པ་དོམ་དང་སྟོབས་ཆེན་གླང་པོ་དང༌། །བརྗིད་པའི་མ་ཧེ་འཛིན་པའི་ཆུ་སྲིན་དང༌། །ཞེ་སྡང་ལྟོ་འགྲོ་བྱོལ་སོང་གཙོ་བརྒྱད་རེས། །དྲེགས་པ་ཕོ་མོ་བཟུང་ཞིང་བརྫིས་པའི་སྟེང༌། འཁོར་འདས་ཀུན་གྱི་སྤྱི་དཔལ་བཅོམ་ལྡན་འདས། །


JLAZ004_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བའི་ཆེ་མཆོག་ཨིནྡྲ་ནཱི་ལའི་མདངས། །ཉི་མ་བྱེ་བའི་འོད་ལྡན་བདུན་གསུམ་ཞལ། །ཞབས་བརྒྱད་ཕྱག་ནི་བཞི་བཅུ་རྩ་གཉིས་ན། །ཞི་བ་ལྷ་ཚོགས་བཞི་བཅུ་རྩ་གཉིས་བསྣམས། །གནམ་ཞལ་ཡུམ་མཆོག་དབུ་དགུ་ཕྱག་བཅོ་བརྒྱད། །རྩ་བའི་ཕྱག་གཉིས་རྡོ་རྗེ་དུང་ཁྲག་འཛིན། །ལྷག་མ་གནས་ཡུལ་མ་མོ་ཕྲ་མེན་བསྣམས། །ཡབ་ཡུམ་ཁྲོ་མཁར་ཚུལ་ལམ་མཉམ་པར་སྦྱོར། །སྲིད་དང་ཞི་བའི་ཆོས་ཁམས་མ་ལུས་པ། །བཅོམ་ལྡན་འདས་ཀྱི་ཞབས་ཀྱི་གདན་ཁྲི་ནས། །དབུ་རྒྱན་འཁོར་ལོའི་བར་ལ་རང་བཞིན་རྫོགས། །དབང་མཆོག་དང་ནི་ཧེ་རུ་ཀ་དཔལ་དགུ། །གློ་འབུར་བཞི་དང་གྲུ་ཆད་རྣམ་བཞི་ལ། །རྣམ་ཤེས་ཚོགས་དག་གཽ་རི་ལ་སོགས་བརྒྱད། །དཀྱིལ་འཁོར་དང་པོའི་ཁྱམས་ལ་ཕྲ་མེན་བརྒྱད། །གཉིས་པའི་ཁྱམས་ལ་སྤོར་མ་རྣམ་པ་བརྒྱད། །གསུམ་པ་ཁྱམས་ལ་དབང་མོ་ཉི་ཤུ་བརྒྱད། །ཀུན་ལ་རང་རང་སྒོ་བ་བཞི་བཞིར་ལྡན། །འབར་བའི་རྣམ་རོལ་གར་དགུའི་ཉམས་ཀྱིས་བརྗིད། །འདི་དག་རང་སྣང་ལོངས་སྐུའི་དཀྱིལ་འཁོར་ཏེ། །གཞི་སྣང་ལྷུན་གྲུབ་དོན་གྱི་འོག་མིན་ཡིན། །བཞི་པའི་ཁྱམས་ལ་མཁའ་འགྲོ་སུམ་ཅུ་གཉིས། །ལྔ་པའི་ཁྱམས་ལ་མ་བདུན་སྲིང་མོ་བཞི། །


JLAZ004_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པའི་ཁྱམས་ལ་གིང་ཆེན་དྲུག་ཚན་གསུམ། །བདུན་པར་ཁྲོ་བོ་ཡབ་ཡུམ་བཅུ་ཕྲག་དྲུག །བརྒྱད་པར་ཕོ་ཉ་ཉིས་བརྒྱ་བཞི་བཅུ་སྟེ། །དགུ་པའི་ཁྱམས་ལ་མ་མོ་དྲུག་ཅུ་རྣམས། །ལོག་འདྲེན་གདུལ་ཕྱིར་སྤྲུལ་པས་བསྡུས་པའི་ཕྱིར། །བགེགས་སོགས་གདུལ་བྱ་སོ་སོའི་རང་ངོར་སྣང༌། །དེ་ཕྱིར་རང་སྣང་འོག་མིན་དཀྱིལ་འཁོར་མིན། །དེ་ལ་རྩ་བའི་རྒྱུད་ཀུན་འདུས་རིག་པར། །དཀྱིལ་འཁོར་གྱི་ལྟེ་བ་འཁོར་ལོ་དྲུག་བརྩེགས་ལ་རོལ་པའམ། ཆོ་འཕྲུལ་དམ་ཚིག་ལ་སོགས་པ་བརྟེན་པ་ལྷ་དྲུག་ཅུ་རྩ་བཞི་དང༌། གྲུ་ཆད་ལ་གནས་ཡུལ་སྒོ་སྐྱོང༌། དེའི་ཕྱི་རོལ་ཏུ་ཁྲོ་བཅུ་ནས་རིམ་པར་བཤད་ཅིང༌། དེའང་གབ་པའི་དབང་ལེ། ཧེ་རུ་ཀ་འདུས་པ་སོགས་དགོད་ཚུལ་གྱི་རྣམ་པ་ཐ་དད་པ་ལས་སྒོ་སྦྲག་དགུ་མ་དང༌། བཅུ་གཅིག་པ་གཉིས་སུ་གྲགས་ཀྱང་དང་པོའི་ཕྱོགས་བཙན་པའི་ཚུལ་ཀུན་འདུས་རིག་པའི་རྒྱུད་ལེའུ་དང་པོ་ལས། སྒོ་དགུས་ཀུན་ཏུ་གསལ་བར་གྱུར་པའི་གནས་ན་རྡོ་རྗེ་རྒྱལ་ཚབ་ཅེས་བྱ་བའི་ཞེ་སྡང་རྡོ་རྗེ་དང༌། ཞེས་པས་སོ། །དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བཅོམ་ལྡན་འདས་ཀྱི་གདན་ཁྲི་ནས་དབུའི་གཙུག་ཏོར་ལ་ཇི་ལྟར་རྫོགས་པའི་ཚུལ་ནི་


JLAZ004_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རྒྱུད་དེ་ཉིད་ལས། དེ་ནས་འདུས་པ་ཕལ་མོ་ཆེའི་འཁོར་རྣམས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོའི་ཞབས་ཀྱི་གདན་ཁྲི་ཡན་ཆད་ནས། དབུའི་གཙུག་ཏོར་མན་ཆད་དུ་རྫོགས་པར་མཐོང་ངོ༌། །དེ་ཡང་འཁོར་བ་འདོད་པ་ཁམས་ནི་ཁྲག་གི་རྒྱ་མཚོར་རྫོགས། འཁོར་བ་གཟུགས་ཀྱི་ཁམས་ནི་ཞིང་ཆེན་གྱི་ས་གཞི་བརྡལ་བ་ལ་རྫོགས་པར་མཐོང་ངོ༌། །ཀེང་རུས་ལ་གཟུགས་མེད་པའི་ཁམས་རྫོགས་པར་མཐོང༌། རི་རབ་ཀྱི་ཁ་མུ་ཏིག་གི་གཅལ་དང༌། ཨསྨ་གརྦྷ་འབར་བའི་འོད་འཁྲིགས་པའི་ནོར་བུ་རིན་པོ་ཆེ་འབར་བའི་བྲག་གཏམས་པ་ལ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་རྫོགས་པར་མཐོང་ངོ༌། །ནོར་བུ་རིན་པོ་ཆེའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་དང་རྩེ་ལྔའི་བྲག་གཏམས་པ་ལ་ཀྲི་ཡ་དང་ཨུ་པ་ཡ་དང་ཡོ་ག་རྣམས་རྫོགས་པར་མཐོང་ངོ༌། །རྡོ་རྗེ་བྲག་ཆེན་གྱི་སྟེང་ན་པདྨ་དཀར་པོའི་མཎྜལ་ལ་བསྐྱེད་པའི་རྣལ་འབྱོར་པ་ཐམས་ཅད་རྫོགས་པར་མཐོང་ངོ༌། །པདྨའི་སྟེང་ན་ཉི་མ་ཉི་ཤུ་རྩ་བཞི་དང༌། ཟླ་བ་ཉི་ཤུ་རྩ་བཞི་ཁ་སྦྱོར་དུ་བཀོད་ལ་དབང་ཕྱུག་ཕོ་ཉི་ཤུ་རྩ་བཞི་དང༌། མོ་ཉི་ཤུ་རྩ་བཞི་རྫོགས་པར་


JLAZ004_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ངོ༌། །དབང་ཕྱུག་ཕོ་མོའི་སྟེང་བྱོལ་སོང་གི་གཙོ་བོ་བརྒྱད་ནི་རིག་འཛིན་ཆེན་པོའི་རྣལ་འབྱོར་ཉོན་མོངས་པ་སྦྱངས་ནས་ཤེས་བྱའི་སྒྲིབ་པ་སྦྱང་བའི་ཕྱིར་དཔའ་གཏུམ་སྟག་དང༌། འཇིགས་བྱེད་སེང་གེ་དང༌། གདུག་པའི་གཟིག་དང༌། གཏུམ་པོའི་དོམ་དང༌། སྟོབས་ཀྱི་གླང་པོ་དང༌། བརྗིད་པའི་མ་ཧེ་དང༌། འཛིན་པའི་ཆུ་སྲིན་དང༌། ཞེ་སྡང་གི་སྦྲུལ་རྣམས་ལ་རིགས་འཛིན་ཐམས་ཅད་ལ་ཡོངས་སུ་རྫོགས་པར་མཐོང་ངོ༌། །གཞལ་ཡས་ཆེན་པོ་འབར་བ་ལ་ཡུམ་ཀུན་ཏུ་བཟང་མོ་རྫོགས་པར་མཐོང་ངོ༌། །མེ་དཔུང་ཆེན་པོ་དགུ་ལ་ཡེ་ཤེས་ཀྱི་སྒོ་དགུ་བརྩེགས་སུ་ཡོངས་སུ་འབར་བར་མཐོང་ངོ༌། །ཞབས་བརྒྱད་ལ་གསང་བའི་ཡུམ་བཞི་དང༌། སྒོ་མ་བཞི་རྫོགས་པར་མཐོང་ངོ༌། །དུར་ཁྲོད་ཀྱི་རྒྱན་ཆེན་པོ་བཅོ་བརྒྱད་ནི་མ་མོ་ཆེན་མོ་བརྒྱད་ཡོངས་སུ་རྫོགས་པར་གསལ་ལོ། །ཕྱག་མཚན་བཞི་བཅུ་རྩ་གཉིས་ནི་ཕྲ་མེན་མ་བཅུ་དབྱུག་པ་འཕྱར་བའི་ལག་ན་ཁྱུང་བཅུ་འབར་བའི་ཁ་ནས་མཚོན་ཆ་སྣ་ཚོགས་འཕྲོ་བ། མཁའ་འགྲོ་བརྒྱད་དབྱུག་པ་འཕྱར་བའི་ལག་ན་སེང་གེ་ཁ་གླལ་བ་བརྒྱད་ཀྱི་ཁ་ནས་རལ་གྲི་འབར་བ་བརྒྱད་འཕྲོ་བ། ཤུགས་འགྲོ་བརྒྱད་དབྱུག་


JLAZ004_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཕྱར་བའི་ལག་ན་སྟག་མཆེ་བ་གཙིགས་པ་བརྒྱད་ཀྱི་ཁ་ནས་རྡོ་རྗེ་སྣ་ཚོགས་འཕྲོ་བ། མ་མོ་བརྒྱད་དབྱུག་པ་འཕྱར་བའི་ལག་ནས་མགོ་བརྒྱད་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བཏགས་ནས་ཀླད་ལ་བསྐོར་བ། འབར་མ་བརྒྱད་དབྱུག་པ་འཕྱར་བའི་ལག་ན་མེ་དཔུང་འབར་བ་བརྒྱད་ལས་ཐོ་ལུམ་འཕྲོ་བ་སྟེ་བཞི་བཅུ་རྩ་གཉིས་སུ་གསལ་ལོ། །ཕྱག་བཞི་བཅུ་རྩ་གཉིས་ན་ཁྲག་འཐུང་འབར་བ་བཞི་གིང་ཕོ་དགུ་མོ་དགུ། ཟ་བྱེད་ཆེན་པོ་ཕ་བཅུ་གསོད་བྱེད་མ་བཅུ་སྟེ་བཞི་བཅུ་རྩ་གཉིས་སུ་གསལ་ལོ། །ཞལ་ཉི་ཤུ་རྩ་གཅིག་ནི་སྲིད་པ་ཟ་བྱེད་གསང་བའི་དུར་ཁྲོད་ཉི་ཤུ་རྩ་གཅིག་ཏུ་གསལ་ལོ། །སྤྱན་འབར་བ་དྲུག་ཅུ་རྩ་བཞི་ནི་ཧེ་རུ་ཀ་ཡབ་ཡུམ་དྲུག་ཅུ་རྩ་བཞིར་གསལ་ལོ། །དབུ་ཉི་ཤུ་རྩ་གཅིག་ནི་དུས་གསུམ་གྱི་སངས་རྒྱས་ཉི་ཤུ་རྩ་གཅིག་ཏུ་གསལ་ལོ། །གཡས་ཀྱི་དབུ་བདུན་གྱི་སྤྱི་གཙུག་ན་སངས་རྒྱས་ཀྱི་སྐུ་རེ་རེ་བྱུང་བའི་དབུ་ལ་འཁོར་ལོ་འོད་ཟེར་དང་བཅས་པ་རེ་རེ་འབར་བ། དབུས་ཀྱི་དབུ་བདུན་ལས་དབུ་རྒྱན་སངས་རྒྱས་ཀྱི་སྐུ་རེ་རེ་བྱུང་བའི་དབུ་ལ་རིན་པོ་ཆེའི་མཆོད་རྟེན་འབར་བ་བདུན་དུ་གསལ་བ། གཡོན་གྱི་དབུ་བདུན་ལས་དབུ་རྒྱན་སངས་ཀྱི་སྐུ་རེ་རེ་བྱུང་བའི་དབུ་ལ་ནོར་བུ་རིན་པོ་ཆེ་བདུན་


JLAZ004_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསལ་ལོ། །འཁོར་ལོ་དང༌། མཆོད་རྟེན་དང༌། རིན་པོ་ཆེ་དེ་དག་གི་ལྟེ་བ་དང༌། བུམ་པ་དང༌། རྩེ་མོ་ལས་རྒྱལ་མཚན་ཆེན་པོ་བཅུ་འབར་བ་ནི་རྒྱ་བྱེའུ་ལྕགས་ཀྱི་རྒྱལ་མཚན་དང༌། གདུལ་བྱ་ཤ་བའི་རྒྱལ་མཚན་དང༌། གཅན་གཟན་གཟིག་གི་རྒྱལ་མཚན་དང༌། སྤྲུལ་པ་རྡོ་རྗེ་རྒྱལ་མཚན་དང༌། རིན་ཆེན་སྦྲུལ་ནག་གི་རྒྱལ་མཚན་དང༌། དཔའ་བ་སྟག་གི་རྒྱལ་མཚན་དང༌། གཟི་མདངས་མིའི་རྒྱལ་མཚན་དང༌། དམར་གསལ་ཁྲག་གི་རྒྱལ་མཚན་དང༌། རྩལ་ཆེན་སེང་གེའི་རྒྱལ་མཚན་དང༌། གཏུམ་ཆེན་དོམ་གྱི་རྒྱལ་མཚན་དང༌། རྒྱལ་མཚན་དེ་རྣམས་ཀྱི་རྩེ་མོ་གཅིག་ཏུ་འདུས་ཏེ། གསེར་གྱི་གཙུག་ཏོར་ཏོག་སྟོང་འབར་བའོ། །དེ་ནས་འདུས་པ་ཕལ་མོ་ཆེའི་འཁོར་གྱིས་ཞབས་ཀྱི་གདན་ཁྲི་ཡན་ཆད་ནས་དབུའི་གཙུག་ཏོར་མན་ཆད་དུ་ཡོངས་སུ་རྫོགས་པར་མཐོང་ངོ༌། །དབུ་ལས་བྱུང་བའི་སངས་རྒྱས་ཉི་ཤུ་རྩ་གཅིག་དང༌། རྒྱལ་མཚན་ཆེན་པོ་བཅུ་ལ་རྫོགས་པའི་རྣལ་འབྱོར་ཡོངས་སུ་རྫོགས་པར་མཐོང་ངོ༌། །དབུའི་གཙུག་ཏོར་རྒྱལ་མཚན་གྱི་རྩེ་མོ་ལ་གསེར་གྱི་ཏོག་སྟོང་ནི། རྫོགས་པ་ཆེན་པོའི་རྣལ་འབྱོར་ཉིད་དུ་གསལ་བར་


JLAZ004_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ངོ༌། །དེ་ལྟར་མཐོང་ཞིང་གསལ་བར་གྱུར་པ་དང༌། ཆོས་ཐམས་ཅད་སྐུ་ལ་ཡོངས་སུ་རྫོགས་པའི་དོན་ལ་འཁོར་ཐམས་ཅད་ངོམས་ཤིང་ངོ་མཚར་སྐྱེས་པར་གྱུར་ཏོ། །ཞེས་སོ། །དེ་ཡང་ཁྱམས་བཞི་བ་ནས་དགུ་པའི་བར་སྤྲུལ་པས་བསྡུས་པའི་འཐད་པ་ཡང་སློབ་དཔོན་སངས་རྒྱས་གསང་བས་གོ་འཕང་མཆོག་དམན་ལ་ལྟོས་ནས་སྤྱན་འགྲེལ་དུ་འོག་མིན་ལ་རིགས་དྲུག་ཏུ་ཕྱེ་བའི་དོན་འདི་ལྟར། དོན་གྱི་འོག་མིན་དང༌། རྟགས་ཀྱི། རིག་པའི། གསང་བའི། རྟོག་པའི། འཇིག་རྟེན་གྱི་འོག་མིན་རྣམས་ལས། འདི་ནི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དམ་པའི་བཞུགས་གནས་དོན་སྤྱི་འཇལ་བྱེད་ཀྱི་རྟོག་པ་དེའི་གོང་ན་གཞན་མེད་པའི་འོག་མིན་དུ་སྣང་བས་སོ། །འདིར་འབྲས་བུའི་ཡོན་ཏན་བརྗོད་པའི་སྐབས་ཡིན་པས་མ་འབྲེལ་ཏོ་ཟེར་ན། ལམ་དུས་དེ་ལྟར་གོམས་པ་ལས་བར་ཆད་མེད་ལམ་མངོན་དུ་གྱུར་ནས་འབྲས་བུའི་དུས་གཞི་སྣང་ལྷུན་གྲུབ་རྟགས་ཀྱི་འོག་མིན་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རང་སྣང་ལོངས་སྤྱོད་རྫོགས་པའི་ཞིང་དུ་མངོན་པར་སངས་རྒྱས་ནས་ཆོས་ཀྱི་དབྱིངས་དོན་དམ་པའི་འོག་མིན་ལ་སྦྱོར་བའི་ཆ་ནས་སྐབས་འདིར་དོན་གྱི་འོག་


JLAZ004_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དུ་སྨོས་པའི་ཚུལ་སྒྱུ་འཕྲུལ་རྒྱ་མཚོ་ལས། རང་སྣང་རྒྱལ་བ་སེམས་སྩོགས་དང༌། །དང་པོའི་སངས་རྒྱས་ལ་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །ཞེས་སོ། །དེའི་ཕྱིར་ཁྱམས་བཞི་པ་ནས་དགུ་པའི་བར་གྱི་རྟེན་དང་བརྟེན་པ་ནི་ལོག་པར་འདྲེན་པའི་གཤེད་དུ་སྤྲུལ་པས་བསྡུས་པ་ཡིན་པས་རང་སྣང་གི་འོག་མིན་དུ་མི་བགྲང་ངོ༌། །དེ་ལྟ་བུའི་བརྟེན་པའི་ལྷ་ཚོགས་ཀྱི་རྣམ་འགྱུར་ཡང་ཞི་བ་རྣམས་ནི་ཚུལ་དགུ་དང་ལྡན་པ་སྟེ་རྔམ་གློག་ལས། དེ་ལྟའི་སྐུ་མཆོག་རེ་རེ་ལ། །ཚུལ་དགུ་དག་དང་ལྡན་པ་སྟེ། །གསལ་འཚེར་ལྷུན་སྟུག་གཟི་བརྗིད་འབར། །མཉེན་དང་ལྕུག་དང་འཁྲིལ་བ་དང༌། །ལྡེམ་བག་ཆགས་དང་གཞོན་ཚུལ་ཅན། །ཞེས་སོ། །ཁྲོ་བོ་རྣམས་ནི་གར་གྱི་ཉམས་དགུ་དང་ལྡན་པར་བཞུགས་ཏེ་གལ་པོ་ལས། སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་ཚུལ་གྱིས་བསྒྱིངས་པའོ། །ཞེས་པ་ལྟར་རོ། །དེ་ལ་གཙོ་བོ་ཡབ་ཡུམ་འཁྲིལ་སྦྱོར་རྣལ་མའམ། ཁྲོ་མཁར་ཚུལ་དུ་བཞུགས་ཚུལ་ནི་བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་སྦྱོར་བ་བརྒྱད་ལྡན་ལས་འཆི་མེད་བདུད་རྩིའི་དཀྱིལ་འཁོར་ལྟར་གྲུབ་ལ། དེ་ཡང་གཙོ་བོའི་དབུ་ཉི་ཤུ་རྩ་གཅིག་ས་ཉི་ཤུ་རྩ་


JLAZ004_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་སྦྱོར་བ་ལ་སོགས་པའི་རྣམ་དག་ནི་རང་གཞུང་གིས་སྲིད་པ་ཟ་བྱེད་གསང་བའི་དུར་ཁྲོད་ཀྱི་བརྡས་བསྟན་པ་ལྟར་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པས་བསྒྲུབ་སྡེའི་གཞུང་དུའང་གསལ་བར་བསྟན་པ་བཞིན་ནོ། །དེ་ལྟ་བུའི་ཞིང་ཁམས་ཀྱང་རང་ངོའི་སྒྲིབ་པ་ལས་གྲོལ་སྟོབས་ཀྱི་ཡོན་ཏན་ལས་བྱུང་བའི་རང་སྣང་ཆེན་པོར་བཀོད་པའི་ཚུལ། ཆོས་སྐུའི་ཡེ་ཤེས་ཕྱི་རུ་གསལ་བའི་མདངས། །ཕུན་ཚོགས་ལྔ་ལྡན་ལོངས་སྐུར་རྫོགས་པའི་གནས། །གང་དུ་སྒྲིབ་པ་མཐའ་དག་སྤངས་གྱུར་པའི། །སངས་རྒྱས་ཁོ་ནའི་རྒྱུད་ཀྱིས་བསྡུས་པ་ཡི། །རོལ་པ་ཉིད་ཕྱིར་གཙོ་འཁོར་མཆོག་དམན་མཉམ། །ཀུན་གྱི་ཐུགས་ཀྱང་རྣམ་པར་མི་རྟོག་ཅིང༌། །གསུང་ནི་བརྗོད་བྲལ་སྐུ་ནི་མཚོན་དཔེར་རྫོགས། །རང་སྣང་ཡེ་ཤེས་མཐོང་བ་དག་པའི་སྤྱན། །གཅིག་གིས་གཅིག་གཟིགས་ནམ་ཡང་སྒྲིབ་པ་མེད། །འདི་ལྟར་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་དེ་ཉིད་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་བསྟན་ཡང་གཙོ་འཁོར་ལ་མཆོག་དམན་མེད་ཅིང༌། ཆོས་དང་གནས་དུས་ལ་འདུས་བྱས་རང་མཚན་པའི་བློས་ཐུག་པ་མ་ཡིན་ཏེ། བདེ་གཤེགས་སྙིང་པོའི་ཁམས་ཀྱི་སྒྲིབ་པ་གློ་བུར་མཐའ་དག་དང་བྲལ་བ་ཆོས་སྐུ་ངོ་བོ་ཉིད་ཀྱི་


JLAZ004_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པའི་གདངས་ལས་ལོངས་སྤྱོད་རྫོགས་པའི་སྐུ་རྒྱུན་གྱིས་རྟག་པའི་ཞིང་ཁམས་སུ་ལྷུན་གྱིས་གྲུབ་ནས། སྤྲུལ་པའི་སྐུ་རྒྱུན་མི་འཆད་དུ་རྟག་པའི་འཆར་གཞིར་བཞུགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་དེའི་གཙོ་འཁོར་དང་ཞིང་ཁམས་ཀྱི་རོལ་པ་ནི་སངས་རྒྱས་ཉིད་ཀྱི་སྣང་བས་བསྡུས་པ་ཡིན་པས་རྨི་ལམ་གྱི་དུས་ན་སྣང་བའི་གཙོ་འཁོར་ལྟར་དོན་ལ་བཟང་ངན་བྱེ་བྲག་ཆད་པ་མེད་པའོ། །དེ་ལྟར་ལོངས་སྐུའི་དངོས་གཅིག་ལ་སྐུ་གསུམ་གྱི་ཆོས་ཉིད་རྫོགས་པའི་དབྱིངས་འཇལ་ཚུལ་ཀྱང་སྐུ་གསུམ་བསྟན་པའི་མདོ་ལས། ཆོས་ཀྱི་སྐུ་ནི་ངོ་བོ་ཉིད་ཀྱི་རྟག་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རྒྱུན་གྱི་རྟག་པའོ། །སྤྲུལ་པའི་སྐུ་ནི་རྒྱུན་མི་འཆད་པའི་རྟག་པའོ། །ཞེས་སོ། །དེ་ལྟ་བུའི་ལོངས་སྐུ་ནི་ཐུགས་ཆོས་སྐུའི་ངང་ལས་མི་གཡོ་བས་རྣམ་པར་མི་རྟོག་པ་དང༌། གསུང་སྒྲ་ཚིག་རང་མཚན་ལས་འདས་པས་བརྗོད་པ་བྲལ་བ་དང༌། སྐུ་མཚན་དང་དཔེ་བྱད་རྒྱ་མཚོའི་བདག་ཉིད་དུ་གསལ་བས་གཟི་བརྗིད་ཆེན་པོར་སྣང་བས། རང་སྣང་མཐོང་བ་དག་པའི་ཡེ་ཤེས་ཀྱི་སྤྱན་གྱིས་ཕན་ཚུན་སྒྲིབ་པ་མེད་པར་གཅིག་གིས་གཅིག་གཟིགས་པའི་ཚུལ་ཡོངས་གྲུབ་ཀྱི་བསྐྱེད་རིམ་གོམས་


JLAZ004_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྣང་བ་བཞིན་ནོ། །དེ་ལས་གཞན་དུ་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ས་བཅུའི་བྱང་སེམས་ཀྱིས་ཀྱང་མི་མཐོང་བའི་ཚུལ། དུས་གསུམ་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ནི། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །དག་པའི་སེམས་ཅན་ཆེན་པོ་རྣམས་ཀྱིས་ཀྱང༌། །མཐོང་བར་མི་ནུས་རྒྱལ་བའི་ཡེ་ཤེས་དང༌། །འགལ་བའི་སྒྲིབ་ཆས་ད་དུང་མ་སྤངས་ཕྱིར། །དེ་ལ་དུས་གསུམ་གཤེགས་ཤིང་བྱོན་པའི་རྒྱལ་བ་རྣམས་ཀྱི་ཁམས་དང་ཡོད་ཏན་གྱི་སྤྱོད་ཡུལ་ནི་ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན། བླ་ན་མེད་པ། གོང་ན་མ་མཆིས་པ། སྲིད་ཞི་གཉིས་ཀའི་ཕྱོགས་སུ་མ་ལྷུང་བས་རྟག་ཆད་ཀྱིས་མ་བསྡུས་པ། ངག་གི་བརྗོད་ཡུལ་ལས་འདས་ཤིང༌། དོན་དམ་པའི་མཐར་ཐུག་པ། རྟོག་པས་གཞལ་བྱ་དང༌། དཔེ་དང་ཐ་སྙད་ཀྱིས་མི་ཐུག་པས་ས་དང་པོ་ནས་ས་བཅུ་པའི་བར་གྱི་དབང་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་འམ། སེམས་ཅན་ཆེན་པོ་རྣམས་ཀྱིས་ཀྱང་སྒྲ་ཇི་བཞིན་པ་མཐོང་བར་མི་ནུས་ཏེ། ཅིའི་ཕྱིར་ན་ད་དུང་ཁམས་ཀྱི་སྒྲིབ་པ་མཐའ་དག་མ་སྤངས་ཤིང༌། རྒྱལ་བ་རྣམས་ཀྱི་ཇི་ལྟ་བ་དང༌། ཇི་སྙེད་པའི་ཡོན་


JLAZ004_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་མཐའ་དག་ལ་གཟིགས་པའི་བློ་མིག་མ་ཐོབ་པའི་ཚུལ། རྒྱུད་བླ་མ་ལས། བླ་མེད་ཡེ་ཤེས་ཐུགས་རྗེ་ཆེ་སོགས་ཡོན་ཏན་གྱིས། །ཡོན་ཏན་ཕ་རོལ་ཕྱིན་པའི་རྒྱལ་བ་བསམ་མི་ཁྱབ། །དེས་ན་རང་བྱུང་རྣམས་ཀྱི་ཐ་མའི་ཚུལ་འདི་ནི། །དྲང་སྲོང་ཆེན་པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན། །ཞེས་སོ། །དེ་བས་ན་རྒྱལ་བ་ཁོ་ནའི་སྤྱོད་ཡུལ་ཡིན་པར་སྟོན་པའི་ཚུལ། འདས་དང་མ་འོངས་ད་ལྟ་དུས་གསུམ་གྱི། །ངེས་པ་ལས་འདས་འོག་མིན་ཆེན་པོ་ན། །བཞུགས་པའི་སངས་རྒྱས་དུས་བཞིའི་བདག་ཉིད་ཅན། །གཙོ་འཁོར་ངོ་བོ་མཐུན་པའི་རང་སྣང་ངོ༌། །དེ་ལ་འདས་མ་འོངས་ད་ལྟར་ཏེ་འདུས་བྱས་ཀྱི་དུས་ཀུན་རྫོབ་པ་ལས་འདས་ཤིང༌། ཆོས་ཉིད་འདུས་མ་བྱས་པ་ཡོད་མེད་རྟག་ཆད་ལས་འདས་པས་བསམ་གྱིས་མི་ཁྱབ་པའི་དུས་བཞི་པའི་བདག་ཉིད་ཅན་གྱི་འབྲས་བུའི་སངས་རྒྱས་དེ་ནི་རང་སྣང་དོན་གྱི་འོག་མིན་ན་རྟག་པ་རྒྱུན་གྱི་འཁོར་མོར་བཞུགས་ཤིང་གཙོ་འཁོར་དགོངས་པ་མཉམ་པའི་རང་སྣང་སྟེ་གསང་སྙིང་ལས། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞིང་ཁམས་བསམ་ཡས་རྣམ་དག་དང༌། །རྒྱ་དང་བྲལ་བའི་གཞལ་ཡས་ཁང༌། །


JLAZ004_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བར་མཉེས་པ་དང༌། །རྒྱ་ཆེན་གསུང་ལས་དོན་འབྱུང་བའང༌། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་སོ། །ལྔ་པ་སྤྲུལ་པའི་སྐུ་བཤད་པ་ནི། དེ་ཉིད་ངང་ལས་སེམས་ཅན་གདུལ་བའི་ཕྱིར། །འདུལ་བྱེད་སྟོན་པ་གསུམ་དུ་བཀོད་པ་ནི། །རང་བཞིན་སྤྲུལ་པ་འགྲོ་འདུལ་སྤྲུལ་པ་དང༌། །སྣ་ཚོགས་སྤྲུལ་པ་གསུམ་ལས་རང་བཞིན་ནི། །རྒྱལ་བའི་ཡེ་ཤེས་སྣང་བ་འོག་མིན་གྱི། །དབྱིངས་སྣང་ལོངས་སྐུའི་དཔེ་བྱད་དངས་ཤེལ་ནང༌། །འཕོས་ལྟའི་གཟུགས་བརྙན་ཕྱེད་སྤྲུལ་ལོངས་སྐུའི་གནས། །དེ་ལ་རང་བཞིན་སྤྲུལ་པ་དང༌། འགྲོ་འདུལ་སྤྲུལ་པ་དང༌། སྣ་ཚོགས་སྤྲུལ་པ་གསུམ་ལས། དང་པོ་ནི། རྒྱས་སྲས་འཕགས་པ་ལ་སོགས་པ་གདུལ་བྱ་མཆོག་ལ་སྣང་བས་གཟུགས་བརྙན་ལོངས་སྐུའི་སྟོན་པར་ཡང་བརྗོད་ལ། རང་སྣང་ལ་དབྱིངས་ཀྱི་ལོངས་སྐུ་དང་ཆ་འདྲ་ཡང་དངོས་མ་ཡིན་པའི་དཔེར་ནི་ནམ་མཁའི་ཟླ་བ་དངོས་དང༌། དེའི་གཟུགས་བརྙན་གཉིས་པ་ཆུ་ནང་དུ་འཕོས་པ་ལྟ་བུ་སྟེ་རྩ་རྒྱུད་བླ་མར། ཇི་ལྟར་སྤྲིན་མེད་ནམ་མཁའི་ཟླ་བའི་གཟུགས། །སྟོན་གའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར། །


JLAZ004_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་རྒྱལ་སྲས་རྣམས་ཀྱི་ཁྱབ་བདག་གཟུགས། །རྫོགས་སངས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། །ཞེས་སོ། །དེའི་ཕྱིར་དབྱིངས་ཀྱི་ལོངས་སྐུ་ནི་སངས་རྒྱས་ཉིད་ཀྱི་རང་སྣང་ཙམ་དུ་ཟད་ལ། གཟུགས་བརྙན་གྱི་ལོངས་སྐུ་གཉིས་པ་ནི་སེམས་དཔའ་སར་གནས་པས་མཐོང་བས་སྤྲུལ་པའི་མིང་གིས་བསྡུས་པའི་ཁྱད་པར་ཏེ། དེ་ལྟ་བུའི་ལོངས་སྤྱོད་རྫོགས་སྐུ་གཉིས་པས་སེམས་དཔའ་ཆེན་པོ་རྣམས་ཚིམ་པར་བྱེད་པས་ཉེ་བ་ཞེས་བརྗོད་ལ། དེའི་ཆ་མཐུན་མཚན་དཔེས་སྤྲས་པའི་མཆོག་གི་སྤྲུལ་པའི་སྐུ་རྣམས་ནི་རྣམ་པར་དག་པའི་དབྱིངས་ལ་བརྟེན་པས་རིང་བ་ཞེས་བརྗོད་པའི་ཚུལ་རྒྱུད་བླ་མ་ལས། མཐོང་ན་ཚིམ་བྱེད་ཡོན་ཏན་གང༌། །སུམ་ཅུ་རྩ་གཉིས་ཞེས་བྱ་བ། །སྤྲུལ་པ་ཆོས་ལ་རྫོགས་པར་ནི། །ལོངས་སྤྱོད་གཟུགས་སྐུ་གཉིས་ལ་བརྟེན། །དག་ལས་ཉེ་དང་རིང་རྣམས་ལ། །འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁར་ཟླ་གཟུགས་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཞེས་སོ། །རང་བཞིན་རྒྱས་པར་བཤད་པ་ལ་གནས་དང༌། སྟོན་པ་དང༌། ཡེ་ཤེས་དང༌། འཁོར་དང༌། དུས་དང༌། སྦྱང་བྱའི་ཁྱད་པར་དང་དྲུག་ལས་དང་པོ་ནི། གཙང་


JLAZ004_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིགས་ཀྱི་འོག་མིན་ལས་ཁྱད་པར་དུ་འཕགས་པའི་གནས་ཕུན་སུམ་ཚོགས་པ་དབང་ཕྱུག་ཆེན་པོའི་འོག་མིན་བླ་ན་མེད་པ་སྟེ། དབུས་ན་འོག་མིན་ཤར་ན་མངོན་པར་དགའ། །ལྷོ་ན་དཔལ་ལྡན་ནུབ་ན་པདྨ་བརྩེགས། །བྱང་ན་ལས་རབ་གྲུབ་པ་རྣམ་པ་ལྔར། །ཞེས་པས་གསལ་ལོ། །གཉིས་པ་ནི། གཟུགས་ཀྱི་རྒྱལ་པོ་ལ་སོགས་སྟོན་མཆོག་ལྔ། །མཚན་དཔེ་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན། །ཞི་དང་ཁྲོ་བོའི་རྣམ་འགྱུར་དཔག་མེད་ཅིང༌། །འདི་ལྟར་དབུས་ན་རྣམ་སྣང༌། ཤར་ན་མི་བསྐྱོད་པ། ལྷོ་ན་རིན་འབྱུང༌། ནུབ་ན་སྣང་མཐའ། བྱང་ན་དོན་ཡོད་གྲུབ་པ་ལྔར་སྣང་བའང་འཁོར་གྱི་སེམས་དཔའ་ཆེན་པོ་དེ་དག་གི་རྒྱུ་ལམ་གྱི་སྒྲིབ་པ་ཕྲ་མོ་ཚུན་ཆོད་སྦྱངས་པའི་མཐར་སྐུ་ལྔ་དང་ཡེ་ཤེས་ལྔ་ཐོབ་པར་བྱེད་པ་ལ་ལྟོས་ནས་རང་སྣང་བ་སྟེ། དེ་དག་གི་མཚན་དཔེ་ནི་མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པའི་ཚུལ་སྔར་བཤད་པ་ལྟར་རོ། །རྒྱུད་གཞན་ལས་གཙོ་བོ་མི་བསྐྱོད་པར་བཤད་ན་འདིར་རྣམ་སྣང་འབྱུང་བའི་རྒྱུ་གང་ཡིན་ཟེར་ན། རྔམ་གློག་ལས།


JLAZ004_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་རྣམ་པར་སྣང་མཛད་གཙོ། །ཞེས་པ་དང་འཆད་མ་ཐག་པས་ཀྱང་ཤེས་པར་འགྱུར་རོ། །དེའང་ཀུན་མཁྱེན་ཆེན་པོ་ནི་རྣམ་པར་ཤེས་པའི་རང་བཞིན་ཐ་དད་དུ་འཆར་ཞིང་མེ་ལོང་དུ་གཟུགས་བརྙན་འཛིན་པ་ལྟ་བུའི་ཡེ་ཤེས་དང་ལྡན་པ་རྣམ་པར་སྣང་མཛད་དུ་ཐུན་མོང་མ་ཡིན་པའི་རྒྱུད་སྡེར་འགྲེལ་ཏོ། །གསུམ་པ་ནི། ཡེ་ཤེས་རྣམ་པ་ལྔ་པོ་རེ་རེ་ལའང༌། བཞི་བཞིའི་འཁོར་དང་བཅས་པས་ཉི་ཤུ་ལྔ། །ཆོས་དབྱིངས་ཡེ་ཤེས་གཡོ་བ་མེད་པ་ནི། །ནམ་མཁའི་གཟུགས་བཞིན་ཤེས་བྱའི་མཐའ་ལས་འདས། །མེ་ལོང་ཡེ་ཤེས་གཟུང་འཛིན་རྡུལ་བྲལ་ནི། །མངོན་པར་འདུ་བྱེད་མེད་བཞིན་མཆེད་པའི་གཞི། །མཉམ་ཉིད་ཡེ་ཤེས་ཆོས་ཀུན་མཚན་ཉིད་མེད། །སྲིད་ཞི་དབྱེར་མེད་ཞི་བའི་དབྱིངས་སུ་བཞུགས། །སོར་རྟོག་ཡེ་ཤེས་ཆོས་ཉིད་ཇི་ལྟ་དང༌། །ཆོས་ཅན་ཤེས་བྱ་ཇི་སྙེད་རྟག་ཐོགས་མེད། །བྱ་གྲུབ་ཡེ་ཤེས་ཕྲིན་ལས་གཞན་ཕན་ཅན། །ཆགས་ཐོགས་སྤངས་པའི་མཛད་པ་ལྷུན་གྱིས་གྲུབ། །དེ་ལྟར་སྟོན་པ་ལྔ་པོ་རེ་རེ་ལའང་རང་བཞིན་རྒྱུད་གཅིག་པའི་ཡེ་ཤེས་ལྔ་ལྔ་སྟེ་སྤྱིར་ཉི་ཤུ་རྩ་ལྔར་ལྡན་པའི་ཚུལ་དབྱེ་བསྡུའི་ཁྱད་པར་ལས་ཡིན་པའང༌། རང་ཤར་ལས། ཡེ་ཤེས་དབྱེ་


JLAZ004_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་ལྟ་སྟེ། ཉི་ཤུ་རྩ་ལྔའི་ངོ་བོ་ལས། །བསྡུ་ན་རྣམ་པ་ལྔར་འདུས་སོ། །ཞེས་སོ། །དེ་ལ་གཙོ་བོའི་ཡེ་ཤེས་ནི་རྣམ་སྣང་ནས་རིམ་པར་ཕྱེ་བའི་ཚུལ་ཡང་སངས་རྒྱས་ཀྱི་སའི་མདོ་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་དཔེར་ན་ནམ་མཁའི་གཟུགས་སུ་གྱུར་པ་ཐམས་ཅད་ན་ཡོད་ཀྱང་དེའི་རང་བཞིན་བརྗོད་པར་བྱ་བ་མ་ཡིན་པས་སྣ་ཚོགས་སུ་མེད་པ་རོ་གཅིག་གོ །དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་ཤེས་བྱ་ཐམས་ཅད་ལ་ཡོད་ཀྱང་བརྗོད་པར་བྱ་བ་མ་ཡིན་པས་སྣ་ཚོགས་མ་ཡིན་པའི་ཕྱིར་རོ་གཅིག་གོ །མེ་ལོང་ལྟ་བུའི་ཡེ་ཤེས་ནི་དཔེར་ན་མེ་ལོང་གི་ངོས་ལ་གཟུགས་བརྙན་སྣང་ཡང་ཡོད་པ་མ་ཡིན་ཏེ་རྩོལ་བ་ཡང་མེད། མངོན་པར་འདུ་བྱ་བ་ཡང་མེད་དོ། །དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་ཐམས་ཅད་མཁྱེན་པའི་གཟུགས་བརྙན་སྣ་ཚོགས་བྱུང་ཡང་ཡོད་པ་མ་ཡིན་ཏེ་རྩོལ་བ་དང༌། མངོན་པར་འདུ་བྱ་བ་མེད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད་ཁོང་དུ་ཆུད་ཅིང་བདེ་བ་དང་སྡུག་བསྔལ་རོ་གཅིག་པས་མཉམ་པར་གྲུབ་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་དཔེར་ན་འཇིག་རྟེན་གྱི་ཁམས་ནི་གླིང་དང་ཉི་ཟླ་ལ་སོགས་པས་སོ་སོར་ཕྱེ་བ་ཡིན་ནོ། །དེ་བཞིན་དུ་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང༌། རྒྱུ་དང་འབྲས་བུར་


JLAZ004_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་སེམས་དཔའ་ཡང་དག་པར་གྲུབ་པ་སོ་སོར་མཁྱེན་ཏོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་དཔེར་ན་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་གྲུབ་པར་བྱེད་དོ། །དེ་བཞིན་དུ་བྱ་བ་གྲུབ་པའི་ཡེ་ཤེས་ནི་སྐུ་དང་གསུང་དང་ཐུགས་ཀྱིས་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་མཛད་པའོ། །ཞེས་པས་ཤིན་ཏུ་གསལ་ལོ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཀུན་ཁྱབ་བརྗོད་པ་དང་བྲལ་བ་ཉིད་ཡིན་ལ་མེ་ལོང་ཡེ་ཤེས་ནི་མངོན་པར་འདུ་བྱ་བ་མེད་བཞིན་དུ་ཡེ་ཤེས་གཞན་གསུམ་པོའི་ཡང་འཆར་གཞིར་གྱུར་ཅིང་རྣམ་པ་ཀུན་གྱི་མཆོག་ལྡན་དམ་པའི་རྟེན་གཞིར་གྱུར་པའི་ཚུལ་མདོ་སྡེའི་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་ཉིད་ཡེ་ཤེས་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་སོ། །བཞི་པ་ནི། འཁོར་ནི་ས་བཅུའི་སེམས་དཔའ་འབའ་ཞིག་ལ། །སྐུ་ཡིས་ཆོས་རྣམས་འཇལ་བའི་འོད་བཀྱེ་བས། །བྱད་ཀྱི་དྲི་མ་མེ་ལོང་ནང་གསལ་ལྟར། །ད་དུང་བདག་དང་སྟོན་པའི་ཁྱད་མཐོང་ནས། །བྱང་ཆུབ་སྒྲིབ་པ་གཏིང་དཔག་དཀའ་བ་དག །སྦྱངས་ནས་བཅུ་གཅིག་ཀུན་ཏུ་འོད་ལ་འགྲོ། །དེ་ལ་འཁོར་ནི་སྟོན་པ་རང་ལས་རྒྱུད་གཞན་གྱིས་བསྡུས་པའི་སར་


JLAZ004_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་གཅིག་ཏུ་བཞུགས་ནས། ཆོས་ཕུན་སུམ་ཚོགས་པ་སྐུ་ལས་འོད་ཟེར་བཀྱེ་བའི་ལོངས་སྤྱོད་ཀྱི་དགའ་བདེ་ལ་ཉེ་བར་སྤྱོད་པའི་ཚུལ་འགྲེལ་ཆུང་ལས། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་རྣམས་དང༌། ཐབས་གཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ལ་ཉེ་བར་སྤྱོད་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །ཞེས་སོ། །དེའི་ཚུལ་ཡང་སྒྱུ་འཕྲུལ་པའི་ལུགས་ཀྱི་འདི་ལྟར་མེ་ལོང་བལྟས་པས་བྱད་ཀྱི་དྲི་མ་རང་སྟོབས་ཀྱིས་སྦྱོང་ནུས་པ་ལྟར། ས་བཅུ་པའི་བྱང་ཆུབ་སེམས་དཔའ་དེས་སྤྲུལ་པའི་ལོངས་སྐུ་ལ་བལྟས་པས་རང་གི་ས་ལ་ཇི་ལྟར་ཡོད་པའི་སྒྲིབ་པའི་ཁྱད་པར་དེའི་སྐུ་ལ་སྣང་བ་ལྟར་མཐོང་བ་ནི་སྐུའི་བརྡས་འཇལ་བའི་ཆོས་ཏེ། དེའི་ཚེ་ས་དེ་དག་གི་དྲི་མ་སྦྱོང་བ་ལ་བརྩོན་ནོ། །དེའང་ས་དང་པོར་སེར་སྣ། གཉིས་པར་ཚུལ་འཆལ། གསུམ་པར་ཁོང་ཁྲོ། བཞི་པར་ལེ་ལོ། ལྔ་པར་རྣམ་གཡེང༌། དྲུག་པར་ཤེས་འཆལ། བདུན་པར་ཐབས་ལ་མི་མཁས་པ། བརྒྱད་པར་གཞན་དོན་གྱི་སྙིང་སྟོབས་ལ་སྒྲིབ་པ། དགུ་པར་སྨོན་པའི་དོན་ལ་


JLAZ004_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གཡེལ་བ། བཅུ་པར་ཤེས་སྒྲིབ་ཕྲ་མོའི་ས་བོན་དང་བཅས་པ། ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། སའི་ཡོངས་སུ་སྦྱང་བས་ལྷག་མེད་དུ་སྦྱངས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་ཚུལ་གསང་སྙིང་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །འཁོར་གྱིས་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང༌། །དེ་ནས་ས་བཅུ་རིམ་གྱིས་འབྱང༌། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་སོ། །ལྔ་པ་ནི། དུས་ནི་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས། །འཇིག་རྟེན་མགོན་པོ་ངོ་བོ་མེད་པའི་དབྱིངས། །མི་ཟད་རྒྱན་འཁོར་སྐུ་གསུང་ཐུགས་ཀྱི་ངང༌། །སྟོན་འཁོར་དགོངས་པ་གཅིག་ཏུ་མ་གྱུར་པར། །འཆི་བའི་བདུད་བཅོམ་འཇིག་རྟེན་འབྱོར་སླད་རྟག །དེ་ལ་གཟུགས་བརྙན་ལོངས་སྐུའི་སྟོན་པ་དེ་ནི་རང་གི་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས། དེ་བཞིན་གཤེགས་པའི་སྐུ་


JLAZ004_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ངང་དུ་ཆོས་ཉིད་ངོ་བོ་མེད་པར་འདྲེས་ནས་སྟོན་འཁོར་དགོངས་པ་གཅིག་ཏུ་མ་གྱུར་པ་དེ་སྲིད་དུ། དུས་མི་ཟད་པ་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པ་ཡིན་པའི་ཚུལ་རྒྱུད་བླ་མར། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང༌། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་སོ། །དྲུག་པ་སྤང་གཉེན་ཆོས་མཚུངས་པའི་ཞིང་དང་སྟོན་པས་སྦྱང་བའི་ཚུལ། གདུལ་བྱའི་གཏི་མུག་ལ་སོགས་ཉོན་མོངས་ལྔ། །གང་གི་གཉེན་པོར་ཆེ་བའི་ཞིང་ཁམས་དང༌། །སྟོན་པར་བསྟན་པའི་སྐུ་ལྔ་ཆོས་རབ་ལྔ། །གནས་འགྱུར་ཡེ་ཤེས་རྣམ་པ་ལྔ་པོ་ཡང༌། །མཐོང་ལམ་ནས་བཟུང་ས་བཅུ་རྒྱུན་མཐའི་བར། །རིམ་རྫོགས་རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་དག་གི་གཏི་མུག་ལ་སོགས་པའི་སྦྱང་བྱའི་དྲི་མ་བག་ལ་ཉལ་ལྔ་ལ་ལྟོས་ནས་སྦྱོང་བྱེད་འོག་མིན་ལ་སོགས་པའི་ཞིང་ཁམས་ལྔར་རྣམ་པར་སྣང་མཛད་ལ་སོགས་པའི་སྟོན་པ་ལྔ་དང༌། ཆོས་དབྱིངས་ཡེ་ཤེས་ལ་སོགས་པ་སྒྲ་ཚིག་ཐ་སྙད་ལས་འདས་པའི་ཆོས་རབ་ལྔར་སྣང་བས་གནས་གྱུར་ལྔ་འཐོབ་པའི་ཚུལ་ཡང་སྒྱུ་འཕྲུལ་བརྒྱད་ཅུ་པར། འདོད་ཆགས་ལ་སོགས་ཉོན་


JLAZ004_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་ལྔ། །རྣམ་དག་ཡེ་ཤེས་ལྔར་བཤད་དོ། །ཞེས་སོ། །དེའང་གཏི་མུག་གི་དྲི་མ་སྦྱོང་དུས་བཅོམ་ལྡན་འདས་གཟུགས་ཀྱི་རྒྱལ་པོ་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེ་བཞིན་དུ་ཞེ་སྡང་ལ་རྣམ་པར་ཤེས་པའི་རྒྱལ་པོས་མེ་ལོང་ཡེ་ཤེས། ང་རྒྱལ་ལ་ཚོར་བའི་རྒྱལ་པོས་མཉམ་ཉིད་ཡེ་ཤེས། འདོད་ཆགས་ལ་འདུ་ཤེས་ཀྱི་རྒྱལ་པོས་སོར་རྟོག་ཡེ་ཤེས། ཕྲག་དོག་ལ་འདུ་བྱེད་ཀྱི་རྒྱལ་པོས་བྱ་གྲུབ་ཡེ་ཤེས་ཀྱི་ཆོས་རབ་ལྔ་བསྟན་པས་གནས་གྱུར་ལྔ་ཐོབ་པ་ཡིན་ནོ། །དེ་ལྟར་ལྔ་ཚན་ལྔ་ཡང་ས་བཅུ་པོ་དང་སྦྱར་ནས་གསུངས་པའི་ཚུལ། མཐོང་ལམ་གྱི་དུས་སུ་ཀུན་བརྟགས་ལས་གྱུར་པའི་གཏི་མུག་གནས་གྱུར། ཀུན་གཞི་དབྱིངས་སུ་ནུབ་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ས་དང་པོ་རབ་ཏུ་དགའ་བ་ཐོབ། རྣམ་སྣང་མཐོང༌། དེ་བཞིན་དུ་འཕགས་པའི་བསྒོམ་ལམ་ཆུང་ངུ་གསུམ་དུ་ང་རྒྱལ་གནས་གྱུར། ཡིད་ཀྱི་རྣམ་ཤེས་དབྱིངས་སུ་ནུབ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་བརྙེས། དྲི་མ་མེད་པ་དང༌། འོད་བྱེད་པ་དང༌། འོད་འཕྲོ་གསུམ་ཐོབ། རིན་ཆེན་འབྱུང་ལྡན་མཐོང༌། འབྲིང་པོ་གསུམ་དུ་རྣམ་པ་ཐམས་ཅད་པའི་ཆགས་རྟོག་གནས་གྱུར། ཉོན་མོངས་པ་


JLAZ004_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཡིད་དབྱིངས་སུ་ནུབ་པ་སོ་སོར་རྟོག་པའི་ཡེ་ཤེས་ཐོབ། སྦྱང་དཀའ། མངོན་གྱུར། རིང་དུ་སོང་བ་གསུམ་ཐོབ། སྣང་བ་མཐའ་ཡས་མཐོང༌། ཆེན་པོའི་གསུམ་ལས་ས་བརྒྱད་པ་ལ་ཞེ་སྡང་གི་ས་བོན་རྟོག་པའི་ཟུག་རྔུ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་འཆར་གཞིར་གྱུར་ཀྱང་རྣམ་པར་མི་རྟོག་པའི་བདག་ཉིད་ཐོབ། མི་བསྐྱོད་པ་མཐོང༌། དགུ་པ་དང་བཅུ་པར་ཕྲག་དོག་གི་ས་བོན་དག །སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་ནས་སོ་སོ་ཡང་དག་རིག་པ་བཞིས་འགྲོ་བ་རྒྱ་མཚོའི་དོན་བྱེད་པའི་ཕྲིན་ལས་རླབས་པོ་ཆེའི་བདག་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་ཐོབ། དོན་ཡོད་གྲུབ་པའི་སྐུ་མཐོང༌། དེ་ལྟར་ས་བཅུ་རྒྱུན་མཐའི་བྱང་ཆུབ་སེམས་དཔའ་དེ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྨིན་མཚམས་ནས་འོད་ཟེར་ཆེན་པོའི་དབང་བསྐུར་བ་སྤྱི་གཙུག་ཏུ་ནུབ་པའི་མོད་ལ། རྡོ་རྗེ་ལྟ་བུའི་ཏིང་འཛིན་ལ་སོགས་ཡོན་ཏན་བརྗོད་དུ་མེད་པ་སྙེད་ཐོབ་པའི་ཚུལ་མདོ་སྡེའི་རྒྱན་ལས། བསྒོམ་པ་ཐ་མ་རྫོགས་ནས་ནི། །འོད་ཟེར་ཆེན་པོའི་དབང་བསྐུར་བ། །ཞེས་སོ། །དེའི་ཚེ་རང་ལ་ཡོད་པའི་ལྷུན་གྲུབ་ཀྱི་ཡོན་ཏན་ཅི་ཡིན་པ་མངོན་དུ་


JLAZ004_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས་དབྱིངས་ཀྱི་འོག་མིན་དུ་རྒྱལ་བའི་མཛད་པ་ཆེན་པོ་རྫོགས་པའི་ཚུལ་སྒྱུ་འཕྲུལ་མངོན་བྱང་ལས། །དག་པ་ས་ཡི་དབང་ཉིད་ཕྱིར། །སྟོན་པ་ལྔ་དང་ཆོས་རབ་ལྔ། །ཡེ་ཤེས་ལྔ་ཡོངས་རྫོགས་པ་ལས། །རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ། །ཞེས་སོ། །དེ་ལྟ་བུའི་ཞིང་ཁམས་ལ་ཕྱེད་སྤྲུལ་དུ་གདགས་པའི་འཐད་པ། ཞིང་འདི་ས་བཅུའི་བྱང་ཆུབ་སེམས་དཔའ་ལས། །གཞན་གྱི་སྤྱོད་པའི་ཡུལ་དུ་སྣང་མིན་ཞིང༌། །དེ་བཞིན་སྟོན་པ་ལོངས་སྤྱོད་རྫོགས་ན་ཡང༌། །འཁོར་སོགས་རང་སྣང་མ་ཡིན་རྒྱུད་གཞན་པས། །བསྡུས་ཕྱིར་ཕྱེད་སྣང་རང་བཞིན་སྤྲུལ་པ་ཞེས། །ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་ཀྱིས་བསྟན། །དེ་ལ་སྔར་བཤད་དབྱིངས་ཀྱི་ལོངས་སྐུ་མཚན་ཉིད་པའི་ཞིང་རྣམས་ནི་སངས་རྒྱས་ཉིད་ཀྱི་སྣང་བས་བསྡུས་པ་ཡིན་པས་སྟོན་འཁོར་དུ་བསྟན་ཡང་དོན་ལ་བཟང་ངན་དང་འཕོ་འགྱུར་མེད་པས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་སྣང་ལ། དེའི་ངང་ལས་སྤྲུལ་པ་ཆེན་པོ་དང༌། སྤྲུལ་པ་སྣ་ཚོགས་པས་གདུལ་བྱའི་དོན་མཛད་པ་ལས། སྤྲུལ་པ་ཆེན་པོ་ནི་སེམས་དཔའ་ལ་སྣང་བའི་ལོངས་སྐུ་ཡིན་ལ། སྣ་ཚོགས་པ་ནི་མཆོག་གི་སྤྲུལ་པ་ལ་སོགས་པ་ཐ་མལ་པ་ཡང་སྣང་བས་སོ། །དེ་བས་ན་སེམས་དཔའ་ལ་སྣང་


JLAZ004_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལོངས་སྐུ་ནི་མཚན་དཔེ་ལ་སོགས་པ་དབྱིངས་ཀྱི་ལོངས་སྐུ་དང་མཚུངས་ཀྱང༌། ཟླ་བ་དངོས་དང་ཆུ་ཟླ་ལྟར་དེའི་གཟུགས་བརྙན་ནམ་སྤྲུལ་པ་བསྒོམ་ལམ་ས་བཅུ་པའི་སྣང་བས་བསྡུས་པ་ཡིན་པས་སྟོན་འཁོར་ཡང་མཆོག་དམན་དུ་སྣང་བས་ཕྱེད་སྤྲུལ་ལོངས་སྐུ་ཞེས་ཉི་ཟླ་ཁ་སྦྱོར་ལ་སོགས་པའི་རྒྱུད་ཀྱིས་བསྟན་ལ། དེ་ཡང་སློབ་ལམ་གྱི་གནས་སྐབས་ཕྱི་མའི་རང་སྣང་ཙམ་གྱིས་རྣམ་པར་འཕྲུལ་ཞིང་སྤྲུལ་པའི་འོག་མིན་ཡིན་པས་རང་བཞིན་སྤྲུལ་པའི་ཞིང་ཞེས་ཀྱང་བརྗོད་པའོ། །དེ་ལ་ས་དང་པོ་ནས་རྣམ་སྣང་ལ་སོགས་པ་རིམ་པར་མཐོང་བ་དང༌། ས་བཅུ་པའི་སྣང་བ་འབའ་ཞིག་གིས་བསྡུས་པའི་ཕྱོགས་གཉིས་འདོད་པ་ཡང༌། དང་པོ་ནི་ཟབ་མོའི་རྒྱུད་འགྲེལ་གྱི་དགོངས་པ་སྟེ། དེའི་ཁུངས་ཀྱང་ཀུན་བྱེད་ལས། སྟོན་པ་ལོངས་སྤྱོད་རྫོགས་སྐུའི་འཁོར་བསྟན་པ། །མོས་དཔྱོད་བཞི་ཡི་ས་ལས་འདས་པ་ཡིས། །དང་པོ་རབ་ཏུ་དགའ་བའི་ས་མནན་ནས། །ས་བཅུ་ཆོས་ཀྱི་སྤྲིན་གྱི་ས་པ་སྟེ། །དེ་ནི་ལོངས་སྤྱོད་རྫོགས་པའི་འཁོར་དུ་བསྟན། །ཞེས་འཇིག་རྟེན་ལས་འདས་པའི་གནས་ཀྱི་འོག་མིན་ཁང་བུ་བརྩེགས་པའི་སྟོན་འཁོར་གྱི་རང་བཞིན་བཤད་ནས་ས་བཅུ་གའི་སེམས་དཔའ་ལ་རིམ་བཞིན་སྣང་བའི་ལོངས་སྐུ་ནི་སྤྲུལ་པ་ཆེན་


JLAZ004_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ལོངས་སྐུར་བསྟན་པ་ཡིན་ནོ། །གཉིས་པ་ནི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་སྟེ། དེ་ཡང་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལ་སོགས་པའི་རྒྱུད་སྡེ་གོང་མས་ཡས་གཞལ་ན་རང་བཞིན་ལ་བགྲངས་པ་དང་གནས་པ་གཉིས་སུ་འདོད་པའི་སྔ་མ་ནི་ཕ་རོལ་ཏུ་ཕྱིན་པའི་ས་ལམ་གྱིས་བགྲངས་པའི་རང་བཞིན་སྤྲུལ་པ་ཡིན་ནོ། །དེ་ལྟ་ནའང་རང་ལུགས་སུ་སྤྲུལ་པར་དམ་མི་འཆའ་བས་འབྲས་བུའི་ས་བཅུ་གཅིག་ཀུན་ཏུ་འོད་བརྙེས་པ་དེའི་ཚེ་འོག་མིན་དུ་སངས་རྒྱས་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་བྱང་སེམས་ས་བཅུ་པའི་སྣང་བ་ལ་སྣང་ཞིང༌། སྤྲུལ་པས་སེམས་ཅན་གྱི་དོན་བྱེད་པར་འདོད་དོ། །དེའང་རང་ལམ་གྱི་སེམས་དཔའ་དེ་དག་གིས་སངས་རྒྱས་ཀྱི་གསུང་ནི་ཐོས་ལ། ཤེས་བྱའི་སྒྲིབ་པས་བསྒྲིབས་པས་སྐུ་ནི་མི་མཐོང་སྟེ། སྐུ་ནམ་མཐོང་བ་ན་ཤེས་བྱའི་སྒྲིབ་པ་ཟད་ནས་འཚང་རྒྱ་བར་འདོད་པས་ལོངས་སྐུ་ནི་ས་བཅུ་པའི་སྣང་བ་འབའ་ཞིག་གིས་བསྡུས་པའི་ཁྱད་པར་རོ། །ཕྱི་མ་ནི། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོ་ཡི། །རང་སྣང་ཡེ་ཤེས་དཀྱིལ་འཁོར་དམ་པ་རུ། །མཆོག་གཟིགས་བླ་མས་དབང་བསྐུར་མ་ཉམས་ལ། །ཉིན་དུས་རང་སྣང་མངོན་སུམ་འོད་གསལ་དང༌། །མཚན་མོ་སྙིང་གའི་འོད་གདངས་


JLAZ004_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པ་རྣམས། །རྟོགས་པའི་རང་བཞིན་ཚད་དུ་མ་ཕྱིན་ཡང༌། །ཆོས་ཉིད་བདེན་པ་བླ་མའི་བྱིན་རླབས་ཀྱིས། །ས་ཐོབ་རྣམས་དང་སྐལ་པ་མཚུངས་གྱུར་ནས། །གཞི་སྣང་ལྷུན་གྲུབ་ཕྱོགས་བཅུ་སྤྲུལ་པར་འགྲོ། །དེ་ལ་གནས་པའི་རང་བཞིན་བགྲོད་པ་ནི་ས་ཐོབ་པའི་ངེས་པ་ལ་མ་ལྟོས་ཏེ། ལམ་དུས་སུ་སྙིང་ག་ན་ཡོད་པའི་ཆོས་ཉིད་མངོན་སུམ་པའི་རང་གདངས་མཆོག་གཟིགས་ཀྱི་བླ་མ་དམ་པས་ཕྱིན་ཅི་མ་ལོག་པར་ངོ་སྤྲད་ཅིང༌། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ལྟ་སྟངས་དང་གཟིགས་སྟངས་ལ་སོགས་པའི་ཐབས་ཀྱིས་བཅུན་ནས་ཐོད་རྒལ་རིག་པའི་རྩལ་དབང་བསྐུར་བའི་བྱིན་རླབས་དང༌། དེའི་སྲོག་དམ་ཚིག་རྣམ་པར་དག་ཅིང་ཉིན་དུས་ཟེར་གདངས་ཀྱི་འོད་གསལ་དང༌། མཚན་དུས་ཤེས་བྱ་བུམ་འཇུག་གི་མན་ངག་ལ་གོམས་པ་དང༌། ཆོས་ཉིད་བདེན་པའི་བྱིན་རླབས་རྣམས་ཟུང་དུ་འཇུག་པ་ལས་ལུས་རྟེན་གྱི་རྒྱ་ལས་གྲོལ་བའི་ཚེ་སྤྲུལ་པའི་ཞིང་ཡིད་ལ་དྲན་པའི་དེ་མ་ཐག་ས་ཐོབ་པའི་སེམས་དཔའ་རྣམས་དང་སྐལ་པ་མཚུངས་པར་གྱུར་ནས། ཕྱོགས་བཅུ་སྤྲུལ་པའི་ཞིང་མཐོང་བའི་མོད་ལ་བཅུ་གཅིག་ཀུན་ཏུ་འོད་དུ་དབུགས་འབྱིན་པའི་ཚུལ་ཨ་ཏི་བཀོད་པ་ཆེན་པོ་ལས། སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་བའི་སྙིང་པོ་འདི་ནི་མི་ཡུལ་


JLAZ004_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སྣང༌། །དེ་རྗེས་འཛིན་པའི་གང་ཟག་སྐལ་པ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་གྱུར་པ། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མ་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདེང་དུ་མ་གྱུར་ཀྱང༌། །འདི་ཉིད་མཐོང་བས་དབུགས་ཆེན་ཉིད་འབྱིན་པ། །བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང༌། །བརྫུས་སྐྱེས་དག་པས་མངལ་གྱི་རྒྱ་དང་བྲལ། །ཞེས་སོ། །དེ་ཡང་སྤྱིར་ཞིང་བཅུ་དུར་ཁྲོད་མེ་རི་འབར་བ་དང་བཅུ་གཅིག་ཡོད་ཀྱང༌། རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔའི་བཀོད་པ་ནི། ཁྱད་པར་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔ། །ཤར་ནས་རིམ་བཞིན་ཤེལ་དང་སུ་ཝརྞ། །པད་རག་ཨིནྡྲ་ནཱི་ལའི་གཞལ་མེད་ཁང༌། །སྒོ་ཁྱམས་རྟ་བབས་སྣང་བྱེད་བ་ལང་མིག །ཟུར་བཞིར་མུ་ཏིག་མཆོད་རྟེན་དྲིལ་བུ་དང༌། །གཡེར་ཁས་སྦྲེལ་བའི་དཔྱང་ཐག་རླུང་བསྐྱོད་སྒྲ། །རྣམ་ཐར་གསུམ་ལྡན་ཆོས་དབྱངས་དར་དིར་སྒྲོག །ཕྱོགས་བཞིར་སྤོས་སྤྲིན་གཡོ་བའི་བ་དན་བཞི། །ཕྱི་རིམ་ཡན་ལག་བརྒྱད་ལྡན་རྫིང་བུའི་འགྲམ། །ཏ་ལའི་ལྗོན་པ་དྲ་ཕྱེད་འཕྱང་འཕྲུལ་ཅན། །ཤང་ཤང་ཏེའུ་རྨ་བྱ་ཀ་ཏ་རི། །ནེ་ཙོ་མི་སྐད་འབྱིན་དང་ངང་པ་གཞོན། །རི་སྐེགས་ཟེར་མོ་སྦབ་དང་ཀངྐ་རི། །ལྷའི་བྱ་དྲིལ་བུའི་སྒྲ་ཅན་ཁུ་བྱུག་


JLAZ004_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །གསེར་གྱི་རྡོ་རྗེའི་གཟུགས་ཅན་ཀྲི་ཏི་པ། །གཡུ་དང་བྱེ་རུ་ཨིནྡྲ་ནཱི་ལ་དང༌། །དུང་ལྟར་ཁ་དོག་ཕྱེད་པའི་བྱ་ཚོགས་ཀྱིས། །སྙན་སྒྲོག་མགྲིན་པའི་རྒྱུད་མང་ཀུན་ཏུ་འཁྲོལ། །དེ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས། །ཉོན་མོངས་གནོད་པ་ཞི་བའི་ཆུ་ཀླུང་ལ། །སྤྱད་པ་ཙམ་གྱིས་འདུ་བའི་ནད་མི་འབྱུང༌། །ཡིད་ལ་ཅི་བསམ་དྲན་པའི་མོད་ལ་འབྱུང༌། །སུམ་ཅུ་རྩ་གསུམ་ལྷ་དང་ལོངས་སྤྱོད་མཉམ། །ཕྱི་རིམ་རིན་ཅེན་སྣ་བདུན་ཕ་གུ་ཅན། །ཞིང་མཆོག་དེ་ན་རིགས་བཞིའི་སྟོན་པ་ཡིས། །དུས་བཞིར་ཆོས་ཀྱི་སྒྲ་སྒྲོག་རྒྱུན་མི་ཆད། །ཀུན་གྱི་བར་སྣང་ཧེ་རུ་ཀ་དཔལ་ཞིང༌། །དུར་ཁྲོད་ཆེན་པོ་མེ་རི་འབར་བ་ན། །སྟོན་པ་གཞོན་ནུ་དཔའ་བོ་བཅོམ་ལྡན་འདས། །ལག་ན་རྡོ་རྗེ་ལ་སོགས་དཔའ་བོ་དང༌། །མཁའ་འགྲོའི་སྤྲིན་ཕུང་འཕྲོ་བའི་དབུས་ཉིད་ན། །འབྲས་བུ་བླ་ན་མེད་པའི་ཆོས་འཁོར་བསྐོར། །པདྨ་ལས་སྐྱེས་རྒྱལ་སྲས་དཔག་ཏུ་མེད། །ཀུན་ཀྱང་ལྷ་དང་ལྷ་མོ་ཁྱེའུ་དང༌། །བུ་མོའི་རྣམ་པ་དྲང་སྲོང་གྲུབ་པ་ཅན། །རྣམ་པར་རྟོག་པ་མེད་ཅིང་སེམས་གསུམ་མེད། །ཡིད་དྲུག་དང་ནི་ཉོན་མོངས་དྲུག་ཀྱང་མེད། །མ་རིག་པ་མེད་རྐྱེན་བཞི་ཡོད་མ་ཡིན། །དེ་དང་མཚུངས་པར་ལྡན་པ་རྣམས་ཀྱང་མེད། །སྟོན་པ་རྡོ་


JLAZ004_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཆང་གི་བྱིན་རླབས་ལས། །རང་བཞིན་ཉིད་དུ་བཀོད་ཕྱིར་རང་བཞིན་ནི། །སྤྲུལ་པའི་ཞིང་ཞེས་རྒྱལ་སྲས་རྣམས་ལ་གྲགས། །རང་བཞིན་རྫོགས་པ་ཆེན་པོའི་གསང་ལམ་དུ། །རིག་པ་རང་ཤར་ཆེན་པོའི་རྒྱུད་ལས་བསྟན། །དེ་སྐད་དུ་རང་ཤར་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པའི་ཞིང་ཁམས་དེ་ན། སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་དམ་པ་ཐོབ་པའི་གནས་དེ་ན། གཞལ་ཡང་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་སྒོ་བཞི་དང་ལྡན་པ། རིན་པོ་ཆེའི་རྟ་བབས་དང་ལྡན་པ། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ། བལྟ་ན་སྡུག་པ། ཐེམ་སྐས་དང༌། སྐར་ཁུང་དང་ལྡན་པ། ཕྱོགས་བཞི་ན་གསེང་སྐར་ཆེན་པོ་བཞི་ཡོད་པ། གསེང་སྐར་ནས་ཉི་མ་འཆར་བས་རིན་པོ་ཆེ་ཤེལ་ལས་གྲུབ་པ་ལ་ཕོག་ནས། ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷུག་པར་འཆར་རོ། །གཞལ་ཡས་ཁང་དེའི་ཕྱི་རིམ་ན་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཡོད་


JLAZ004_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཆུ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་པ་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་རིམ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ན་བྱ་སྐད་སྙན་པ་སྣ་ཚོགས་ཏེ་དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང༌། མཐིང་རིལ་དང༌། བྱ་ཀ་ཏ་རི་དང༌། ནེ་ཙོ་མི་སྐད་ཤེས་པ་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་དང༌། རི་སྐེགས་དང༌། དེ་ལ་སོགས་ཏེ་བྱ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང་ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང༌། སྦབ་དང༌། ཟེར་མོ་དང༌། ལྷའི་བྱ་དྲིལ་བུའི་སྐད་ཅན་དང༌། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང༌། དུང་གི་མདོག་ལྟར་དཀར་བ་དང༌། བྱེ་རུའི་མདོག་ལྟར་དམར་བ་དང༌། ཨིནྡྲ་ནཱི་ལ་ལྟར་ལྗང་བ་ལ་སོགས་ཏེ། ཡིད་དུ་འོང་བ་དང༌། སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱིར་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་འཆད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་སྲོད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་སྔགས་ཕྱིའི་ཆོས་འཆད་དོ། །


JLAZ004_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཐོ་རངས་ནང་གི་ཆོས་འཆད་དོ། །ཉི་མ་ཕྱེད་ན་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཆོས་འཆད་དོ། །དེ་ལྟར་ཞག་རེ་རེ་ལ་ཆོས་ཐུན་བཞི་བཞི་འབྱུང་ངོ༌། །དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ ། ལོ་ཡང་ལྔ་བརྒྱ་ལྔ་བཅུ་ཐུབ་བོ། །ཞིང་ཁམས་དེ་ན་ཟས་དང་སྐོམ་ཡང་ཡིད་ལ་དྲན་པ་ཙམ་གྱིས་ཚིམ་པ་ཡོད་དོ། །དེ་ན་ནད་མེད་པས་མཆོག་ཏུ་བདེ་ལ། བྱུང་སྲིད་ན་ཡང་ཆུ་ཡན་ལག་བརྒྱད་དང་ལྡན་པ་དེ་འཐུངས་པས་ནད་སེལ་ཏོ། །མེ་ཏོག་སྣ་ཚོགས་ཀྱིས་སྤྲུལ་པའི་སྐུ་དེ་ལ་མཆོད་པ་ཆེར་བྱེད་པ་ཤ་སྟག་གོ །གཞལ་ཡས་ཁང་དེའི་ཟུར་བཞི་ན་མུ་ཏིག་ལས་གྲུབ་པའི་མཆོད་རྟེན་བཞི་ཡོད་དོ། །དེ་བཞིའི་བར་ན་དྲིལ་བུ་གཡེར་ཁའི་དྲ་བའི་ཐག་པ་སྦྲེལ་ནས་ཡོད་དོ། །ཐག་པ་དེ་རླུང་གིས་བསྐྱོད་པ་དང༌། དྲིལ་བུའི་སྒྲ་ཡིད་དུ་འོང་བ་སྣ་ཚོགས་འབྱུང་ངོ༌། །ཕྱོགས་བཞི་ན་དར་སྣ་ཚོགས་ཀྱི་བ་དན་བཞི་ཡོད་དེ། དེ་རླུང་གིས་བསྐྱོད་པ་ལས་དྲི་ཞིམ་པ་སྣ་ཚོགས་འབྱུང་ངོ༌། །གཞལ་ཡས་ཁང་དེ་ནི་འདི་ནས་ཤར་ཕྱོགས་ན་དཔག་ཚད་ལྔ་བརྒྱ་འདས་པའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་


JLAZ004_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་གསུམ་གྱི་ལྷ་དང་ལོངས་སྤྱོད་མཉམ་མོ། །ཤར་ཕྱོགས་ཀྱི་སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་དེ་བཞིན་དུ་ཡོད་དོ། །འདི་ནས་ལྷོ་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ཁམས་སྤྲུལ་པ་སྐུའི་གནས་དེ་ནའང་རིན་པོ་ཆེ་གསེར་ལས་གྲུབ་པའི་ཁང་པ་གྲུ་བཞི་པ་བ་གམ་དང་བཅས་པ། སྒོ་བཞི་རྟ་བབས་དང་བཅས་པ། ཟུར་བཞི་མཆོད་རྟེན་དང་བཅས་པ། ལོགས་བཞི་བ་དན་དང་བཅས་པ། ཕྱོགས་བཞི་གསེང་སྐར་དང་བཅས་པ། མཚོ་བདུན་བྱ་དང་བཅས་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུ་ལྕགས་རི་དང་བཅས་པ། ཁྲི་དང་ཆོས་ཀྱང་གོང་ལྟར་བཤད་དོ། །བྱང་ཆུབ་སེམས་དཔའ་དེ་དག་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ །སྤྲུལ་པའི་སྐུ་རིན་པོ་ཆེ་འབྱུང་ལྡན་གྱི་ཞིང་ཁམས་དེ་ན་ཡོན་ཏན་དེ་ལྟ་བུ་ཡོད་དོ། །འདི་ནས་ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་ན། སྤྲུལ་པའི་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་ཡོད་དེ། དེ་ན་ཡང་གོང་གི་ཡོན་ཏན་དང་མཉམ་པ་ཡོད་དོ། །འདི་ནས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བ་ཡོད་དེ། དེ་ནའང་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བའི་ཞིང་ཁམས་དེ་ན། གཞལ་ཡས་ཁང་གི་ཡོན་ཏན་འདི་ལྟ་བུ་ཡོད་དེ། རིན་པོ་ཆེ་ཨིནྡྲ་ནཱི་ལ་


JLAZ004_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲུབ་པའི་ཁང་པ་གྲུ་བཞི་དང་ལྡན་པ་ཡོད་དེ། དེ་ཡང་ཕྱོགས་བཞི་ན་གསེང་སྐར་ཆེན་པོ་བཞི་ཡོད་ལ། དེ་ནས་ཉི་མ་ཤར་བས་འོད་ལྗང་གུས་ནང་ཁེངས་ནས་ཡོད་དོ། །ས་གཞི་ཐམས་ཅད་ཀྱང་ཨིནྡྲ་ནཱི་ལ་ལས་གྲུབ་ནས་ཡོད་དོ། །དེའི་ཕྱི་རིམ་ན་ཆུ་ཡན་ལག་བརྒྱད་དང་ལྡན་པ། ཆུ་དེ་ཡང་རེག་ན་བདེ་བ། འཐུངས་ན་ནད་ཐམས་ཅད་སེལ་བ་ཡོད་དོ། །དེའི་ཕྱི་རིམ་ན་མཚེའུ་བདུན་ཡོད་དེ། དེའི་ནང་ན་བྱ་སྐད་སྙན་པ་རྣམ་པ་སྣ་ཚོགས་པ་གནས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང༌། མཐིང་རིལ་དང༌། བྱ་ཀ་ཏ་རི་དང༌། རྨ་བྱ་དང༌། ནེ་ཙོ་མི་སྐད་ཤེས་པ་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་དང༌། རི་སྐེགས་དང༌། དེ་ལ་སོགས་ཏེ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང༌། ཟེར་མོ་དང༌། སྦབ་དང༌། ལྷའི་བྱ་དྲིལ་བུའི་སྐད་ཅན་དང༌། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་དང༌། དེ་ལ་སོགས་ཏེ་གཡུའི་མདོག་ལྟར་སྔོ་བ་དང༌། དུང་གི་མདོག་ལྟར་དཀར་བ་དང༌། བྱེ་རུའི་མདོག་ལྟར་དམར་བ་དང༌། ཨིནྡྲ་ནཱི་ལའི་མདོག་ལྟར་ལྗང་བ་དང༌། དེ་དག་ལ་སོགས་ཏེ་ཡིད་དུ་འོང་བ་དང༌། སྐད་སྙན་པ་


JLAZ004_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་པ། དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་མར་གད་ལས་གྲུབ་པའི་ཁྲི་ཆོས་བཤད་པའི་སྟན་དང་བཅས་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བ་དེ། སྲོད་ལ་གདམས་ངག་གི་ཆོས་སྟོན་ཏོ། །ནམ་ཕྱེད་ན་དབང་གི་ཆོས་སྟོན་ཏོ། །ཐོ་རངས་སྤྱོད་པའི་ཆོས་སྟོན་ཏོ། །ཉི་མ་ཕྱེད་ན་ལྟ་སྒོམ་གྱི་ཆོས་སྟོན་ཏོ། །དེ་ལྟར་ཞག་རེ་ལ་ཆོས་ཐུན་བཞི་བཞིས་འཁོར་རྣམས་ཀྱི་རྒྱུད་འགྲོལ་ཏོ། །དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ །ལོ་ཡང་སྟོང་ཐུབ་བོ། །ཞིང་ཁམས་དེ་ན་ཟས་དང་སྐོམ་ཡིད་ལ་དྲན་པ་ཙམ་གྱིས་ཚིམ་པ་ཡོད་དོ། །དེ་ན་བད་ཀན་ལས་གྱུར་པ་དང༌། རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པའི་ནད་མེད་དོ། །མེ་ཏོག་སྣ་ཚོགས་ལས་སྤྲུལ་པའི་སྐུ་དེ་ལ་མཆོད་པ་རྒྱ་ཆེར་བྱེད་པ་ཤ་སྟག་གོ ། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཁ་དོག་ལྗང་གུ་ཤ་སྟག་གོ །རྟ་དང་བཞོན་པ་ཡང་ལྗང་གུ་ཤ་སྟག་གོ །ཁྱེའུ་དང་བུ་མོའི་གཟུགས་སུ་སྣང་བ་ཤ་སྟག་གོ །ཀུན་ཀྱང་སེམས་ཀྱི་རྣམ་པར་


JLAZ004_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་མེད་པའོ། །ཞིང་ཁམས་དེ་ན་སེམས་རྣམ་པ་གསུམ་མེད་དོ། །ཡིད་དྲུག་མེད་དོ། །ཉོན་མོངས་པ་དྲུག་མེད་དོ། །མ་རིག་པ་མེད་དོ། །རྐྱེན་བཞི་དང་བཅས་པ་མེད་དོ། །མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་མེད་དོ། །ཀུན་ཀྱང་རྣམ་རྟོག་དང་བྲལ་བ་ཤ་སྟག་གོ། གཞལ་ཡས་ཁང་གི་འཁོར་གྱི་ཡོན་ཏན་ནི། གཞལ་ཡས་ཁང་དེའི་གྲུ་བཞི་ན་རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་ཁྲི་འཕང་དགུ་པ་ཞིག་ཡོད་དེ། དེ་དག་གི་བར་རྣམས་གསེར་གྱི་དྲིལ་བུ་གཡེར་ཁའི་དྲ་བས་སྦྲེལ་ནས་ཡོད་དེ། དེ་དག་རླུང་གིས་བསྐྱོད་པ་ལས་དྲིལ་བུའི་སྒྲ་སྙན་པ་སྣ་ཚོགས་འབྱུང་ངོ༌། །མཆོད་རྟེན་བཞི་ལ་ཉི་མ་ཕོག་པས་འོད་ལྔའི་ཞགས་པས་འབྲེལ་ནས་ཡོད་དོ། །ཕྱོགས་བཞི་ན་རྨ་བྱའི་བ་དན་བཞི་ཡོད་དོ། །དེ་རླུང་གིས་བསྐྱོད་པས་ཡིད་དུ་འོང་བ་དང་མཛེས་པ་སྣ་ཚོགས་འབྱུང་ངོ༌། །ཡོན་ཏན་དཔག་ཏུ་མེད་པ་དེ་ལྟ་བུ་ཡོད་དོ། །གཞལ་ཡས་ཁང་དེ་ནི་འདི་ནས་བྱང་ཕྱོགས་ན་དཔག་ཚད་ལྔ་བརྒྱའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་གཟུགས་ཁམས་ཀྱི་ལྷ་དང་ལོངས་སྤྱོད་མཉམ་མོ། །བྱང་ཕྱོགས་ཀྱི་སྤྲུལ་པའི་ཞིང་ཁམས་དེ་ན་དེ་བཞིན་དུ་ཡོད་


JLAZ004_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཞིང་ཁམས་དེ་དག་གི་མདུན་གྱི་བར་སྣང་ལ་སྤྲུལ་པའི་སྐུ་ཁྲོ་བོའི་ཞིང་ཁམས་ཡོད་དེ། དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་འདི་ཡོད་དེ། དེ་ཡང་གཞལ་ཡས་ཁང་འདི་ལྟ་བུ་ཡོད་དོ། །ཐོད་པའི་ཁང་པ་གྲུ་བཞི་དང་ལྡན་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། ཐོད་པ་སྐམ་པོས་འབྲས་བུ་བྱས་པ། ཤ་ར་རི་ཡོད་པས་རྩིག་པ་བྱས་པ། བྷན་དྷ་ལྕང་ལོ་ཅན་གྱིས་ཁ་པད་བྱས་པ། རྒྱ་དང་དཔངས་སུ་དཔག་ཏུ་མེད་དེ། གནམ་ལྕགས་ཀྱི་གཟེར་བཏབ་པ། རཀྟའི་ཞམ་ཆུ་འབབ་པ། ཉི་ཟླའི་ཀ་གདན་བྱས་པ། ཆུ་སྲིན་ཁའི་ཀ་གཞུ་བྱས་པ། ལྷ་ཆེན་པོ་བརྒྱད་གདུང་དུ་བྲེས་བ། མཆོག་ཆེན་པོའི་གྲབ་བཏང་པ་ཡོད་དོ། །ཉིན་མོ་རླུང་འཚུབ་པ། མཚན་མོ་མེ་འབར་བ། གཞལ་ཡས་ཁང་དེའི་གྲུ་བཞི་ན་ཞིང་ཆེན་གྱི་གདུགས་ཕུབ་པ། ལྷ་མོ་ལྔ་གར་བྱེད་པ། ས་གཞི་ཐམས་ཅད་ཀྱང་རཀྟའི་རྦ་ཀློང་འཁྲུགས་པའོ། །གཞལ་ཡས་ཁང་དེའི་ནང་ན་བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བ། ཐུགས་ཞི་བ་ལས་མ་གཡོས་ཀྱང༌། སྐུ་ཁྲོ་བོའི་ཆ་བྱད་དུ་བསྟན་པ། མཁའ་འགྲོ་མ་དང་ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་ཡོད་དེ། དེ་ཡང་འདི་ལྟ་སྟེ། མཁའ་འགྲོ་མ་པུརྞ་ཉེ་བར་ཞི་


JLAZ004_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཚངས་པ་དུང་མགྲིན་ཅན་དང༌། དྲང་སྲོང་ཟླ་འོད་གཞོན་ནུ་དང༌།ཡང་འཁོར་གྱི་མཁའ་འགྲོ་མ་ཨེ་ཀ་ཙ་ཏི་སྤུན་དྲུག་དང༌། དེའི་བྲན་མོ་བཅུ་བཞི་དང༌། གཡོག་མོ་ལྔ་བཅུ་རྩ་བརྒྱད་དང༌། ཡང་གཡོག་འབུམ་ཁྲི་འབུམ་སྟོང་ལ་སོགས་ཏེ་མཁའ་འགྲོ་མའི་འཁོར་དཔག་ཏུ་མེད་པས་བསྐོར་བའོ། །བཅོམ་ལྡན་འདས་དེའི་ཐུགས་ལས་སྤྲུལ་པའི་འཁོར་ཕྱག་ན་རྡོ་རྗེ་ལ་སོགས་ཏེ་ཁྲོ་བོའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ། དགའ་རབ་རྡོ་རྗེ་ལ་སོགས་ཏེ་མིའི་འཁོར་དཔག་ཏུ་མེད་པས་བསྐོར་བའོ། །འཁོར་རྣམས་ལ་འབྲས་བུ་གསང་སྔགས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས། ཞི་བ་སྤྲུལ་པའི་སྐུའི་བྱང་ཆུབ་སེམས་དཔའ་རྣམས་གྲོལ་བར་བྱེད་པ། ཐམས་ཅད་ཀྱང་ཁྲོ་བོའི་གཉེར་མ་དང་ལྡན་པ་ཤ་སྟག་གོ །གཞལ་ཡས་ཁང་དེ་ཤིན་ཏུ་ཡངས་པ་དང་ལྡན་པའོ། །དབང་པོ་ཐ་མའི་གང་ཟག་དེ་དག་ནི། དེར་བྲེད་ཅིང་སྔངས་ནས་སྤྲུལ་པའི་སྐུའི་ཞིང་ཁམས་སུ་སྐྱེ་བ་ཤ་སྟག་གོ །ཞེས་པས་གསལ་ལོ། །ཚུལ་འདི་ནི་གསང་སྔགས་ཐུན་མོང་དུ་དག་པ་མཁའ་སྤྱོད་དང༌། ས་སྤྱོད་ལ་སོགས་པའི་ཞིང་དུ་གྲུབ་མཐའ་སྙོགས་པར་གྲགས་པ་དང་རྣམ་པ་ཙམ་དུ་མཐུན་


JLAZ004_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ། གཞན་དུ་བདེ་ཆེན་མཁའ་ལ་སྤྱོད་པ་དང༌། །ས་སྤྱོད་ཞེས་གྲགས་དོན་གྱི་འོད་གསལ་ལ། །དབང་ཐོབ་ལྷན་ཅིག་སྐྱེས་པའི་ཌཱཀྐི་དང༌། །ཡུལ་ཆེན་ཉེར་བཞིར་སྤྱོད་པའི་ཞིང་སྐྱེས་མ། །ལ་སོགས་དཔའ་བོ་རྣལ་འབྱོར་མ་ཚོགས་དང༌། །སྐལ་བ་མཉམ་པའི་རིག་འཛིན་གྲལ་གང་དུ། །ལས་ཀྱི་འཕྲོ་སྦྱོང་རིག་པ་འཛིན་པ་ཡི། །རྡོ་རྗེའི་བླ་མ་རྣམས་ནི་རབ་བཞུགས་ནས། །སྔགས་ཀྱི་ལྟ་སྤྱོད་རླབས་པོ་ཆེ་ལ་སྤྱོད། །འདི་དག་རང་སྣང་དག་པའི་ས་བོན་དང༌། །བསྐྱེད་རྫོགས་ཟབ་མོའི་བརྟུལ་ཞུགས་མཐར་སོན་པའི། །གསང་སྔགས་གྲུབ་པ་རྣམས་ལ་སྣང་བ་ལས། །རྟོག་འདོད་ཅན་གྱིས་ཕྱིན་དུ་ཡོད་པ་ཡི། །རིས་ཆད་ཅན་དུ་བསམ་པར་མི་བྱའོ། །དེ་ཡང་གསང་སྔགས་གྲུབ་པ་རྣམས་ལ་གྲགས་ཤིང་མངོན་སུམ་དུ་སྣང་བའི་མཁའ་སྤྱོད་དང༌། ས་སྤྱོད་ལ་སོགས་པའི་ཞིང་ནི་བསྐྱེད་རྫོགས་གོམས་པའི་རང་སྣང་ཕྱིར་གསལ་དུ་མངོན་པའི་ཞིང་ཁམས་བཀོད་པ་མཛེས་ཤིང་བལྟ་ན་སྡུག་པ་རྣམས་ཏེ། དེ་ཁོ་ན་ཉིད་ཀྱི་བདེན་པ་ལ་སྔགས་སྤྱིའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཏུ་གྲགས་པའམ། འདི་ལྟར་རིག་པ་འཛིན་པའི་ས་ལ་བཞུགས་པའི་སྐྱེ་བུ་རྣམ་པར་སྨིན་པ་དང༌། ཚེ་


JLAZ004_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་བ་དང༌། ཕྱག་རྒྱ་ཆེན་པོ་སྟེ་སློབ་ལམ་བཞིའི་ཡོན་ཏན་ཁྱད་པར་བ་ཐོབ་པ་རྣམས་མཐོང་སྤངས་དང་བསྒོམ་སྤངས་ཀྱི་དྲི་མ་སྦྱོང་ཕྱིར་འདོད་གཟུགས་ཀྱི་ལྷ་དང་རྗེས་མཐུན་པའི་ལུས་རྟེན་བྱེ་བྲག་པ་ཐོབ་པ་ལ་སོགས་པས་མངོན་སུམ་དུ་མཁའ་སྤྱོད་ཀྱི་གྲུབ་མཐའ་སྙོགས་ནས་མཁའ་ལ་འགྲོ་བ་དང༌། ས་ལ་སྤྱོད་པ་དང༌། དོན་གྱི་འོད་གསལ་ཐོབ་པའི་ལྷན་ཅིག་སྐྱེས་མ་དང༌། ཡུལ་ཉེར་བཞིར་སྤྲུལ་པ་བཟུང་བའི་ཞིང་སྐྱེས་མ་དང༌། སྔགས་ལས་སྐྱེས་པ་དང༌། གྲུབ་པ་ཅན་ལ་སོགས་པ་ས་ཐོབ་པའི་རྣལ་འབྱོར་དབང་ཕྱུག་གཞན་དག་དང་སྐལ་པ་མཚུངས་བས་རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་དང༌། དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་དང་ལྷ་མོའི་རྣམ་འགྱུར་ཞི་ཁྲོ་གང་དང་ཉེ་བར་བསྙེན་པ་དེའི་ཞིང་དང༌། སྟོན་པ་དང༌། འཁོར་གྱི་བཀོད་པ་ཅན་གྱི་དག་ཞིང་དུ་སོང་ནས་ཆོས་དང་ཚོགས་ཀྱི་དགའ་བ་དང༌། ལྟ་བ་དང༌། ཏིང་ངེ་འཛིན་མཐུན་པའི་སྔགས་ཀྱི་ལྟ་སྤྱོད་རླབས་པོ་ཆེ་ལ་སྤྱོད་ཅིང༌། དེ་ཡང་ཉིང་མཚམས་སྦྱོར་ཁར་ཞིང་དེ་དག་གི་དཔའ་བོ་དང༌། མཁའ་འགྲོ་མའི་ཚོགས་ཀྱིས་གདུགས་དང༌། རྒྱལ་མཚན་དང༌། རོལ་མོའི་སྤྲིན་ཕུང་གིས་བསུ་ཞིང༌།


JLAZ004_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་གྱི་ས་ལ་མངོན་སུམ་དུ་བཞུགས་པའི་རྡོ་རྗེའི་བླ་མ་དམ་པ་རྣམས་ཀྱིས་དབུགས་དབྱུང་བ་དང༌། གཟེངས་བསྟོད་པ་དང༌། གོ་འཕང་ཁྱད་པར་ཅན་ལ་འཇོག་པའི་གནས་རྣམས་ལ་བདེ་ཆེན་མཁའ་སྤྱོད་ཅེས་གྲགས་པའི་ཚུལ་རིན་ཆེན་རྒྱ་མཚོ་ལས། སར་བཞུགས་རྣམས་ལ་སྣང་བ་བཞིན། །རིག་པ་འཛིན་ལ་ཁྲོ་བོའི་ཞིང༌། །མཁའ་སྤྱོད་ཡོན་ཏན་ཚོགས་ཆེན་པོ། །གྲུབ་པའི་མཚན་མས་བརྒྱན་པ་ཞིག །དངོས་གྲུབ་ཡ་མཚན་ཆེན་པོར་སྣང༌། །ཞེས་སོ། །ཚུལ་དེ་ལྟ་བུའི་གནས་དང་ཡོན་ཏན་གྱི་བཀོད་པ་ཡང་སངས་རྒྱས་ཀྱི་སྤྲུལ་པ་དང༌། ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་མཐུ་དང༌། བྱང་ཆུབ་སེམས་དཔའ་རང་རང་གི་བསྐྱེད་རྫོགས་ཟབ་མོ་ལ་སོགས་པའི་དགེ་བའི་རྩ་བ་རྨད་དུ་བྱུང་བས་བསྐྲུན་པའི་ཉེར་ལེན་ལས་སེམས་དཔའ་སར་གནས་རྣམས་ལ་ཕྱེད་སྤྲུལ་ཏུ་སྣང་བ་ལྟར་གྲུབ་པའི་ཚུལ། བདེ་བ་ཅན་དང་མི་འཁྲུགས་པའི་ཞིང་གི་ཡོན་ཏན་གྱི་བཀོད་པ་ལ་སོགས་པའི་མདོ་ལས་རྒྱས་པར་འབྱུང་བས་མཚོན་ལ། དེར་ཡང་མ་ཟད་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། སྐྲ་རྩེའི་ཁྱོན་ལ་སངས་རྒྱས་མང་པོ་ནི། །གངྒའི་ཀླུང་གི་བྱེ་མ་ཅི་ཡོད་སྙེད། །རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དེ། །


JLAZ004_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་མཚན་ཉིད་མི་འདྲ་སྐལ་མི་མཉམ། །ཞེས་པས་དེ་བཞིན་གཤེགས་པ་རྣམས་ནི་ཇི་ལྟ་བའི་ཡེ་ཤེས་ཆོས་ཀྱི་དབྱིངས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངང་དུ་སྤྲོས་པ་བྲལ་བར་བཞུགས་བཞིན་དུ། ཇི་སྙེད་པའི་ཡེ་ཤེས་མེ་ལོང་ལྟ་བུ་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པའི་མཁྱེན་ཆས་ཐམས་ཅད་གཟིགས་ཤིང༌། ཐུགས་རྗེ་ཚད་མེད་པས་ཡུངས་འབྲུ་གཅིག་གི་གོ་ནའང༌། དག་པ་དང་མ་དག་པའི་སྣོད་བཅུད་ཀྱི་རྣམ་པ་གྲངས་མེད་པར་སྣང་བར་མཛད་ནས། སེམས་ཅན་ཐམས་ཅད་ལ་རྣམ་པར་གྲོལ་བའི་ཆོས་བསྟན་ནས་སོ་སོའི་སྐལ་བ་དང་མཚུངས་པའི་བྱང་ཆུབ་གསུམ་ལ་འགོད་པའི་ཕྲིན་ལས་ཚད་མེད་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ཀྱི་ཐུགས་རྗེས་སྤྲུལ་པའི་ཞིང་ཁམས་རང་སྣང་དགེ་བའི་བསོད་ནམས་ཀྱི་ཚོགས་བླ་ན་མེད་པའི་ཐབས་ཀྱིས་མངོན་དུ་བྱས་པ་ལས། གང་ཟག་རང་རྒྱུད་ལྡན་ལ་མཐུན་སྣང་གྲུབ་པའི་རྫས་ཡོད་མ་ཡིན་པས། རང་བཞིན་མ་དག་པའི་རྟོག་འདོད་ཅན་གྱིས་ཕྱིན་དུ་ཡོད་པའི་གནས་རིགས་རིས་ཆད་ཅན་དུ་བསམ་པར་མི་བྱ་བའི་ཚུལ་གསང་སྙིང་ལས། དཔག་བསམ་ཤིང་དང་ཡིད་བཞིན་གྱི། །རིན་པོ་ཆེ་དང་འབྱུང་བ་ཀུན། །


JLAZ004_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟས་པ་ཡིན། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང༌། །ཞེས་སོ། །འགྲོ་འདུལ་སྤྲུལ་པའི་ཁྱད་པར་ནི། དེ་ཉིད་ངང་ལས་ལོངས་སྤྱོད་རྫོགས་པ་ཡི། །ཡི་གེའི་སྤྲིན་གྱི་འོད་ཟེར་རབ་འཕྲོས་པས། །འཇིག་རྟེན་འདུལ་བྱེད་སྤྲུལ་པའི་སྐུ་མཆོག་ནི། །གནས་རིགས་དྲུག་གི་གདུལ་བྱའི་སྣང་བ་ལ། །རང་རང་མིང་གི་མངོན་བརྗོད་རྗེས་འགྲོ་བའི། །འདུལ་བྱེད་རིག་པའི་སྐྱེས་བུ་ཐུབ་པ་དྲུག །ཕྱོགས་བཅུ་མཐའ་ཡས་མུ་མེད་སྟོང་གསུམ་གྱི། །སྟོང་ཆེན་སྙེད་དང་མཉམ་པར་རབ་སྤྲུལ་ནས། །གདུལ་བ་བཞི་ཡི་འགྲོ་དོན་བསམ་མི་ཁྱབ། །དེ་ལ་འགྲོ་བ་སོ་སོའི་གནས་རིས་སུ་དེ་དང་དེའི་སྣང་བ་དང་མཐུན་པས་དོན་མཛད་པའི་ཚུལ་ནི། གསང་སྙིང་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །འཐོན་ནས་ཀྱང་ལས་ཀྱི་དབང་གིས་སྣྲེལ་ཞི་དང་ཡས་མན་གྱི་འཇིག་རྟེན་


JLAZ004_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེ། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་པ་བཞིས་འགྲོ་བའི་དོན་མཛད་དེ། ཞེས་པ་ལྟར་འོག་མིན་ན་བཞུགས་པའི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་སྐུའི་གནས་དྲུག་གི་འོད་ཟེར་ལས་ཡི་གེ་ཕྲེང་བའི་འཁོར་ལོ་སྤྲོས་པ་འགྲོ་བ་དྲུག་གི་གནས་སུ་རང་རང་འདུལ་བྱེད་ཀྱི་སྤྲུལ་པར་ཤར་བའི་ཚུལ་ལས། ལྷའི་གནས་སུ་དབང་པོ་ལ་སོགས་པའི་མིང་གི་མངོན་བརྗོད་དྲུག་དང་རྣམ་འགྱུར་ནི་དཀྱིལ་འཁོར་གང་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་དང་ཕྲིན་ལས་ཚད་མེད་པ་མངོན་རྟོགས་ཀྱི་སྒོ་ནས་མཚོན་པ་ཙམ་སྟེ། ངོ་བོ་དབྱིངས་ནས་སྤྲུལ་པའི་སངས་རྒྱས་ཡིན་ལ། སྤྲུལ་པ་དེས་ཀྱང་སེམས་ཅན་གྱི་ངོར་ཡང་སྤྲུལ་ཚད་མེད་པ་བཀྱེ་ནས་དོན་མཛད་པའི་ཚེ། གནས་རིགས་དེ་དག་ཏུ་རྣམ་པར་ཡང་དེ་ཁོ་ནར་མ་ངེས་པའི་ཚུལ་ཕལ་པོ་ཆེ་ལས། ཀྱེ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་གིས་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། །འདི་ལྟ་སྟེ། དབང་བསྒྱུར་གྱི་གནས་སུ་ནི་ལྷའི་བདག་པོ་དབང་བསྒྱུར་དུ་སྤྲུལ་ནས་དགེ་བ་


JLAZ004_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་ལས་ཀྱི་ལམ་ཡང་དག་པར་ལེན་དུ་འཇུག །ཅེས་པ་ནས། དགེ་སྦྱོང་དང༌། བྲམ་ཟེ་དང༌། ཡི་དྭགས་དང༌། དམྱལ་བ་པའི་གཟུགས་ཀྱིས་འདུལ་བ་རྣམས་ལའང༌། དེའི་གཟུགས་སུ་སྤྲུལ་ཞིང་དོན་མཛད་པའོ། །ཞེས་སོ། །ཚུལ་འདི་ལྟ་བུས་ཆོས་ནི་ཚིག་ལ་མི་རྟོན། དོན་ལ་རྟོན་པའི་ཤེས་བྱ་ལ་རྨོངས་པར་གྱུར་ཏེ་གནས་རིགས་དེ་དག་ཏུ་གཟུགས་བརྙན་དེ་འདྲའི་སྟོན་པ་ཡོད་དོ་བར་འཁྲུལ་ནས་རྒྱུད་སྡེ་ཟབ་མོ་ལ་སྐུར་བ་དག་ནི་ཆོས་ཀྱི་ཚིག་དོན་འཇལ་བ་ལ་བློ་ཁ་མ་ཕྱོགས་བཞིན་དུ་ད་དུང་མཁས་སུ་རེ་བའི་ཀུན་འབྱུང་བསྒོམ་པ་མཚར། དགོངས་འདུས་ལས། ཐེག་པ་ཆེན་པོ་གསང་སྔགས་ནི། །མཐུན་འཇུག་ཐབས་ཀྱི་སྒྲར་བསྟན་པ། །ཚིག་དང་དོན་ལ་བློ་མི་བཞག །ཅེས་པའི་དོན་སྤྱི་ཙམ་ལའང་གོ་བ་མ་ཆགས་པའི་བཞིན་བཟང་ཁྱོད་ལ་ད་དུང་དོགས་པའི་རྣམ་གྱུར་བག་ལ་ཉལ་བསླང་བར་འོས་ཏེ། འདི་ལྟར་སྔགས་རྒྱུད་རྣམས་སུ་ཕྱོགས་སྐྱོང་བཅུའི་མགོ་བོ་ཁྲོ་བཅུས་གཟིར་ནས། བགེགས་ཀྱི་སྡེ་ཚན་དུ་བཞག་པ་དང༌། དེ་དག་ལ་སོགས་པའི་མགོན་པོ་བདུན་ཅུ་རྩ་ལྔ་ཐེག་པ་ཆེན་པོའི་དགེ་འདུན་དཀོན་མཆོག་གི་ངོ་བོ་ཆོས་སྐྱོང་བའི་སྲུང་མ་ཁྱད་པར་ཅན་དུ་བཞག་པའང་ཁྱོད་ཀྱིས་འགལ་བ་ལུང་མེད་དུ་མཐོང་


JLAZ004_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། དེ་དག་གི་དགོས་པའང་རིག་པར་མི་འགྱུར་བས་བཞད་གད་ཀྱི་གནས་ཙམ་ལས་དགག་བསྒྲུབ་མི་དགོས་པའི་ཚུལ་ཆོས་ཀྱི་གྲགས་པས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་པ་ལྟར་རོ། །དེ་ཡང་སྣྲེལ་གཞི་དང་ཡན་མན་གྱི་སྒྲར་བྱུང་བ་ཕྱོགས་བཞི་དང་སྟེང་འོག་ཏུ་འཁྲུལ་ནས་འགྲོ་བ་དྲུག་ཏུ་འདོད་པ་ནི་རང་ལུགས་པས་ཀྱང་གཞུང་གི་ཕྱོགས་མ་མཐོང་ཞིང༌། འགྲོ་བ་བཞི་ཕྱོགས་བཞིར་སྡེ་ཚན་དུ་ཆད་པའི་སྐྱོན་ཡོད་ལ། དེའི་ཚུལ་ནི་ཕལ་པོ་ཆེ་ལས། ལས་ཀྱི་བྱེ་བྲག་བསམ་མི་ཁྱབ། །དམྱལ་བའི་འཇིག་རྟེན་ཐུར་འཕྱང་ཞིང༌། །གཤིན་རྗེའི་འཇིག་རྟེན་སྣྲེལ་གཞི་སྟེ། །བྱོལ་སོང་ལྷ་མི་གྱེན་དུ་འགྲོ། །ཞེས་པས། མཐོ་རིས་གཉིས་མགོ་གྱེན་ལ་བལྟ་བ་དང༌། དམྱལ་བ་ཐུར། གཤིན་རྗེའི་འཇིག་རྟེན་ཏེ་ཡི་དྭགས་དངོས་སུ་སྨོས་ནས་སྣྲེལ་གཞིའི་སྒྲས་བྱོལ་སོང་སྟེ་འགྲོ་བ་ལྔ་དང༌། ལྷ་མིན་ནི་དཀོན་མཆོག་བརྩེགས་པ་ལས་ངན་འགྲོ་བཞི་པར་ཡང་བཤད་པ་ཡིན་ནོ། །དེ་ལྟ་བུའི་ཐུབ་པ་དྲུག་ཏུ་སྣང་བའི་སྤྲུལ་གཞི་ལས་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་དོན་མཛད་པའི་ཡུལ་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་སྟེ། དེའི་ཚུལ་ཡང་འཕགས་པ་


JLAZ004_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་རྒྱལ་པོ་ལས། སྐྲ་རྩེའི་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། །སེམས་ཅན་དམྱལ་དང་དུད་འགྲོའི་འགྲོ་བ་དང༌། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་བཞུགས། །འདྲེས་པ་མེད་ཅིང་གནོད་པར་གྱུར་པ་མེད། །དེ་དག་གནས་སུ་མཚོ་དང་རྒྱ་མཚོར་བཅས། །ཆུ་ཀླུང་དེ་བཞིན་མཚོ་དང་ལྡེང་ཀ་དང༌། །འདྲེས་པ་མེད་ཅིང་གནོད་པར་གྱུར་མེད་དོ། །དེ་ལྟར་རྒྱལ་བའི་ཆོས་ནི་བསམ་མི་ཁྱབ། །དེ་ཡི་གནས་སུ་རི་བོ་དུ་མ་སྟེ། །ཁོ་ར་ཁོར་ཡུག་ལྷུན་པོ་རབ་ལྷུན་དང༌། །བཏང་བཟུང་དང་ནི་བཏང་བཟུང་ཆེན་པོ་དང༌། །འབིགས་བྱེད་བྱ་རྒོད་ཕུང་པོ་གངས་ཀྱི་རི། །གནས་དེར་སེམས་ཅན་དམྱལ་བ་མི་བཟོད་པ། །ཚ་དང་རབ་ཏུ་ཚ་བ་ཉམས་མི་དགའ། །དེ་ནས་སེམས་ཅན་དམྱལ་བའི་ཚོར་བ་ནི། །སྡུག་བསྔལ་དེ་དག་རྗེས་སུ་མྱོང་བར་བྱེད། །དེ་ཡི་གནས་ན་ལྷ་ཡི་གཞལ་མེད་ཁང༌། །དེ་དག་དཔག་ཚད་བཅུ་གཉིས་དབྱིངས་དགའ་བ། །ལྷ་རྣམས་སྟོང་ཕྲག་མང་པོ་དག་གིས་ཀྱང༌། །ལྷ་ཡི་དགའ་བ་ཤིན་ཏུ་བདེ་བ་མྱོང༌། །དེ་ཡི་གནས་སུ་སངས་རྒྱས་རྣམས་སྐྱེ་ཞིང༌། །འཇིག་རྟེན་རིག་པའི་བསྟན་པ་འབར་བ་སྣང༌། །དེ་ཡི་གནས་ཉིད་ན་ཡང་ཆོས་ནུབ་ཅིང༌། །འདྲེན་པ་མྱ་ངན་འདས་པའི་སྒྲ་ཡང་ཐོས། །མི་དག་བདག་གི་ཁྱིམ་ན་རྨི་ལམ་


JLAZ004_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །འདོད་པའི་ཡོན་ཏན་དག་ལ་དགའ་མྱོང་ནས། །ཕྱིར་སད་ན་ཡང་དེ་ཡི་འདོད་མ་མཐོང༌། །དེ་ནི་རྨི་ལམ་ཡིན་པ་དེ་ཡིས་ཤེས། །དེ་བཞིན་མཐོང་ཐོས་རིག་དང་བྱེ་བྲག་ཕྱེད། །འདི་དག་ཐམས་ཅད་མི་བདེན་རྨི་ལམ་བཞིན། །ཞེས་པ་ལྟར་བདག་ཅག་གི་འཇིག་རྟེན་འདི་ཡང་རྣམ་སྣང་གང་ཆེན་མཚོའི་ཕྱག་ན་རྡུལ་ཕྲ་རབ་གཅིག་གི་ནང་ན་ཡོད་པ་ལྟར། ཆུང་ངུའི་ངོར་ཆེན་པོ་ཆུང་བའི་མེད་པ་གསལ་སྣང་ནི་སེམས་ཅན་གྱི་འཁྲུལ་པ་ཚད་མེད་པ་དང༌། དབང་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་སྣང་བ་ལས་འཆར་བར་རུང་ལ་དེའི་ཚུལ། ས་ལ་སོགས་པ་འབྱུང་བ་བཞིའི་རྡུལ་དང༌། ནམ་མཁའ་ཁབ་ཀྱི་མིག་ཙམ་ནའང་ལས་མཐུན་པར་བསགས་པའི་སེམས་ཅན་དང་བཅས་པས་སྣོད་བཅུད་དུ་སྣང་བའི་འཇིག་རྟེན་གྲངས་མེད་པ་སྣང་བ་ཐམས་ཅད་དུ་རྒྱལ་བའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པས་དོན་མཛད་པ་ཡིན་ལ། དེ་ལྟར་དོན་མཛད་ཡུལ་གྱི་སྟོང་གསུམ་ཡང་ཕྱི་རོལ་པའི་དྲང་སྲོང་དང༌། ཉན་རང་དགྲ་བཅོམ་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་རྣམས་ཀྱི་ཚུལ་གོང་ནས་གོང་དུ་ཆེ་ཆེར་མང་ཁྱད་ཞུགས་པར་


JLAZ004_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའང༌། སངས་རྒྱས་ཡུལ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་མདོ་ལས། སྟོང་གསུམ་གྱི་ལྷ་དང་མི་རྣམས་ནི་ཆེས་ཉུང་གིས། ཕྱི་རོལ་པའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་གྱི་སའི་ཁྱོན་ལ་སེམས་ཅན་མཐོང་བ་ནི་དེ་བས་ཆེས་མང་ངོ༌། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་ནི་ཉན་ཐོས་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་གང་ཟག་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ༌། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི། བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ༌། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི། དེ་བཞིན་གཤེགས་པའི་སྤྱན་གྱིས་ཤིང་རྟའི་འཕང་ལོ་ཙམ་གྱི་སའི་ཁྱོན་ལ་གཟིགས་པ་ཆེས་མང་ངོ༌། །ཞེས་སོ། །དེ་ལྟ་བུའི་སེམས་ཅན་གྱི་ཁམས་ཚད་དང་མུ་མེད་པའི་གནས་རིས་སུ་འདུལ་བ་རྣམ་པ་བཞིའི་སྒོ་ནས་འགྲོ་དོན་མཛད་ཚུལ་ཡང༌། དེ་ཡང་བསོད་ནམས་ཆེན་པོའི་འདུལ་བ་ནི། །སྐུ་ཡི་མཛད་པ་ཆེན་པོ་བཅུ་གཉིས་ཡིན། །གསུང་གི་མཛད་པ་ཐེག་པ་གསུམ་མམ་གཅིག །གང་ཡང་འདུ་ཤེས་རྗེས་འགྲོ་སེམས་ཅན་གྱི། །ཉོན་


JLAZ004_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་གཉེན་པོར་དགོངས་ཏེ་གསུངས་པ་ལ། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གྲངས། །གསུང་ལྟར་སྣང་ཡང་སྒྲ་ཚིག་རང་མཚན་པ། །མ་ཡིན་སེམས་ཅན་ཁམས་ལ་བྱིན་བརླབས་མཐུས། །རྣམ་པར་རིག་པ་ཉིད་དང་མཐུན་པར་ཤར། །ཐུགས་ཀྱི་གདུལ་བ་དུས་གསུམ་མཁྱེན་ཅིང་གཟིགས། །དུས་ཀྱང་སོ་སོར་མི་རྟོག་དུས་མེད་དུས། །རང་བཞིན་གདོད་མའི་གནས་སྐབས་ཀུན་ཏུ་བཟང༌། །གཞན་གྱི་སེམས་རྒྱུད་མཁྱེན་དང་དེ་བཞིན་དུ། །རྫུ་འཕྲུལ་ཆེན་པོའི་སྤྱན་དང་སྙན་ལ་སོགས། །མངོན་ཤེས་དྲུག་པོ་དུས་ལས་ཡོལ་བ་མེད། །ཕྲིན་ལས་གདུལ་བ་ཀུན་ཏུ་སྐུ་དང་ནི། །ཀུན་ཏུ་ཐུགས་དང་དེ་བཞིན་ཀུན་ཏུ་ཞལ། །ཀུན་ཏུ་གསུང་གི་གསང་བ་བསམ་མི་ཁྱབ། །སྐུ་གསུང་ཐུགས་ཀྱིས་དངོས་སུ་དོན་མཛད་ལ། །ཕྲིན་ལས་ཀྱིས་ནི་དངོས་བརྒྱུད་ཀུན་ཏུ་མཛད། །དེ་ལྟར་དབྱིངས་ལས་སྤྲུལ་པའི་སྐུ་མཆོག་རྣམས། །ཆོས་ཉིད་ལ་ལྟོས་ཇི་ལྟའི་ཡེ་ཤེས་དང༌། །ཆོས་ཅན་ལ་ལྟོས་ཇི་སྙེད་མཁྱེན་པ་ཡི། །ཡེ་ཤེས་གཉིས་ཀྱིས་གདུལ་བྱའི་རྒྱུད་འགྲོལ་ཞིང༌། །ཉེ་བར་ཞི་དང་མ་འདྲེས་ཆོས་ཚུལ་སྟོན། །དེ་ལ་སྐུ་བསོད་ནམས་ཆེན་པོས་འདུལ་བ་མཛད་པ་བཅུ་གཉིས་ལ་སོགས་པས་འདུལ་བ་


JLAZ004_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་གྱིས་རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་སོ། །གསུང་ཐེག་པ་སྣ་ཚོགས་པས་འདུལ་བ་ནི་གསང་སྙིང་ལས་འདུལ་བའི་དབང་གིས་ལྷ་མིའི་ཐེག་པ་དང༌། ཉན་ཐོས་ཀྱི་ཐེག་པ་དང༌། རང་བྱང་ཆུབ་ཀྱི་ཐེག་པ་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་དང༌། བླ་ན་མེད་པའི་ཐེག་པས་མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་ཕུང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ༌། །གསུང་བར་འགྱུར་རོ། །ཞེས་སོ། །དེ་ཡང་གདུལ་བྱའི་རྣ་བར་ཚིག་སྡེབ་སྦྱོར་ལེགས་


JLAZ004_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཚངས་པའི་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པར་ཐོས་པའི་ཚུལ་ཐལ་འགྱུར་ལས། གསུང་ནི་ཚིག་སྦྱོར་ལེགས་པ་ལ། །ཚངས་པའི་དབྱངས་ནི་ཡན་ལག་དྲུག །ཅེས་སོ། །དེ་ལྟར་གསུངས་པ་ཡང་གདུལ་བྱ་རང་རང་གི་མོས་པའི་སྐལ་པ་ཅི་ཡོད་པ་དང་མཐུན་པར་སོ་སོའི་རྣམ་རིག་གིས་ཐོས་པ་ལས་གསུང་སྒྲ་ཚིག་རང་མཚན་པར་མ་ཡིན་པའི་ཚུལ། དཀོན་བརྩེགས་ལས། འགྲོ་བའི་བསོད་ནམས་ལས་དག་ལས། །རྒྱལ་བའི་གསུང་དབྱངས་གཅིག་སྣང་ལ། །མོས་པའི་དབང་གིས་སོ་སོར་ཐོས། །འདི་ཡང་གསུང་གི་གསང་བའོ། །ཞེས་པས་མཚོན་ནོ། །ཐུགས་མངོན་པར་ཤེས་པ་ཆེན་པོས་འདུལ་བ་ནི། དུས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་མཁྱེན་པས་སྔོན་གནས་རྗེས་སུ་དྲན་པ་དང༌། གསུམ་པོའང་སྐྱེ་བ་མེད་པར་རྟོགས་པས་རྣམ་པར་མི་རྟོག་བཞིན་དུ་གཞན་གྱི་སེམས་རྒྱུད་པྲ་ཕབ་པའི་རྣམ་པ་ལྟར་མཁྱེན་པ་དང༌། དེ་བཞིན་དུ་གཟིགས་པ་ལྷའི་མིག་གིས་མངོན་ཤེས་ཀྱིས་དག་མ་དག་གི་འཇིག་རྟེན་གྱི་འཆི་འཕོ་དང༌། སྐྱེ་བ་ལ་སོགས་མཁྱེན་པ་དང༌། གསན་པ་རྣ་བའི་མངོན་ཤེས་ཀྱིས་འཇིག་རྟེན་ཁམས་ཀྱི་སྒྲ་སྐད་ཆེ་ཆུང་ཐམས་ཅད་མཁྱེན་པ་དང༌། རྫུ་འཕྲུལ་གང་གིས་འགྲོ་བ་འདུལ་བ་


JLAZ004_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྟོན་པའི་མངོན་ཤེས་ཀྱིས་འགྲོ་བའི་མོས་པ་དང་མཐུན་པའི་དོན་སྤྱོད་པ་དང༌། སྒྲིབ་གཉིས་བག་ཆགས་དང་བཅས་པ་དབྱིངས་སུ་དག་པ་ཟག་པ་མེད་པའི་མངོན་ཤེས་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྤྱོད་པ་ཡོངས་སུ་རྫོགས་པ་དང་དྲུག་གིས་ཐུགས་ཀྱི་རྗེས་སུ་འགྲོ་ཞིང་དུས་ལ་ཡོལ་བ་མེད་པས་སེམས་ཅན་གྱི་དོན་མཛད་པ་ནི་ཐུགས་ཀྱིས་འདུལ་བ་ཡིན་པའི་ཚུལ་སྒྱུ་འཕྲུལ་ལས། དུས་བཞི་ཀུན་ཏུ་མཁྱེན་པ་དང༌། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་མཁྱེན་པ་དང༌། རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་ཀུན་ཏུ་གཟིགས་པ་དང༌། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་ཏུ་གསན་པ་དང༌། རྫུ་འཕྲུལ་གྱི་ཆོ་གས་ཀུན་ཏུ་དོན་སྤྱོད་པ་དང༌། ཟག་པ་མེད་པའི་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་པའི་མངོན་པར་ཤེས་པ་ཆེན་པོ་དྲུག་དང༌། ཞེས་པ་ལྟར་རོ། །ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འདུལ་བ་ནི། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་གཟུགས་སྐུ་མཚན་དང་དཔེ་བྱད་དུ་གསལ་བ་དང༌། སྐུ་གཅིག་ལས་ཞལ་མང་པོར་སྟོན་པ་དང༌། རྣམ་པར་སྣང་མཛད་གང་ཆེན་མཚོའི་ཕྱག་གི་པདྨའི་སྟེང་ནས་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔའི་ཞིང་ཁམས་ཡོངས་སུ་བཀོད་པའི་རྒྱན་དང༌། ཆོས་ཀྱི་སྐུ་སྤྲོས་པ་མཐའ་དག་ཉེ་


JLAZ004_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཞི་བའི་རང་བཞིན་ཅན་ནོ། །གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་དབྱངས་ཀྱི་ཡན་ལག་རྒྱ་མཚོས་འགྲོ་དྲུག་སོ་སོའི་སྐད་དུ་མ་འདྲེས་པར་སྟོན་པས། བརྡའི་གསུང་བརྡའ་དང་རྣམ་འགྱུར་བསྟན་པས་དོན་གོ་བར་མཛད་པ་དང༌། མཛད་པ་ཆེན་པོའི་གསུང་སེམས་ཅན་གྱི་མོས་པ་ལྟར་གང་ལ་གང་འདུལ་གྱི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་འཁོར་ལོ་དང་བཅས་པའོ། །ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི། སྤངས་པ་དང་རྟོགས་པའི་རང་བཞིན་ཚད་མེད་པ། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་རྒྱ་མཚོའི་སྙིང་པོ་གང་ཆེན་མཚོ་ལ་སོགས་པས་འདུལ་བའོ། །དེ་དག་ཀུན་ལ་ཁྱབ་པའི་ཡོན་ཏན་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྟེ། སྔ་མ་ལས། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང༌། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང༌། ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པ་དང༌། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང༌། བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ། །ཞེས་སོ། །དེ་ཡང་སྐུ་གསུང་ཐུགས་གསུམ་གྱིས་དངོས་སུ་དོན་མཛད་ལ། ཕྲིན་ལས་ཀྱིས་དངོས་བརྒྱུད་


JLAZ004_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་མཛད་པས་ན་སྔ་མ་ནི་མིའི་ཐུབ་པའི་མཛད་པ་དང་འབྲེལ་ཆེ་ལ། ཕྱི་མ་ནི་ལྷག་མ་ལྔ་པོའི་གདུལ་བ་གཙོ་བོར་ཤེས་པ་བྱུང་ན་སྐྱེས་བུ་ཤེས་རབ་ཅན་དུ་རིག་པར་བྱའོ། །དེའང་རྒྱལ་བའི་ཡེ་ཤེས་ལས་སྤྲུལ་པའི་རིག་པའི་སྐྱེ་བུ་དྲུག་པོས་ཡེ་ཤེས་གཉིས་ཀྱི་སྒོ་ནས་དོན་མཛད་པའི་ཚུལ་ནི་ངོ་བོ་ཆོས་སྐུའི་ཀློང་ན་ཇི་ལྟ་བའི་ཆོས་ཉིད་ལས་མི་གཡོ་བཞིན་དུ། རྟོག་པའི་འོག་མིན་དུ་རང་སྣང་ནས། རང་བཞིན་ཇི་སྙེད་པའི་མཁྱེན་པས་ཤེས་བྱའི་ཆོས་རྒྱ་མཚོ་ལྟ་བུ་དང༌། སེམས་ཅན་གྱི་གནས་རིས་དང༌། བདེ་སྡུག་གི་ཆོས་རྟོག་པ་མེད་བཞིན་དུ་ལག་མཐིལ་ན་སྐྱུ་རུ་ར་བཞག་པ་ལྟར་མཁྱེན་པས་དེ་དག་གི་ལས་དང་ཉོན་མོངས་པ་སེལ་བའི་ཐུགས་རྗེ་དུས་ལས་མི་ཡོལ་བའི་ཕྲིན་ལས་ཚད་མེད་པ་རྒྱུན་མི་འཆད་པའི་ཕྱིར་རོ། །ད་ནི་འགྲོ་འདུལ་གྱི་སྤྲུལ་པ་དེ་དག་ལས་ཡང་སྤྲུལ་འབྱུང་ཚུལ་སྟོན་པའི་ཕྱིར། དེ་ལས་ཡང་སྤྲུལ་རྣམ་པ་བརྗོད་མི་ལང༌། །འགྲོ་བ་དྲུག་གི་གནས་རིགས་དེ་སྙེད་དུ། །ལྷ་རྣམས་གདུལ་བྱེད་ཚངས་དབང་བདེ་འབྱུང་སོགས། །མི་ལ་ཉན་རང་བྱུང་སེམས་འཁོར་ལོས་བསྒྱུར། །དེ་བཞིན་ལྷ་མ་ཡིན་ལ་ཐགས་བཟང་རིས། །བྱ་ལ་ཤིང་རྟ་མོ་དང་རི་དྭགས་ཕྱིར། །


JLAZ004_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེའི་རྒྱལ་པོ་ཡི་དམ་བརྟན་པ་སོགས། །མདོར་ན་དམྱལ་བ་ཡི་དྭགས་གང་དང་གང༌། །འདུལ་བྱེད་དེ་དང་དེ་འདྲའི་གཟུགས་སྤྲུལ་ནས། །སེམས་ཅན་དོན་ལ་ནམ་ཡང་གཡེལ་བ་མེད། །འདི་ནི་འཇིག་རྟེན་དྲུག་གི་ཞིང་རྣམས་སུ། །ལས་དང་བག་ཆགས་དགེ་སྡིག་རྒྱུ་འབྲས་ཀྱི། །གནས་རིགས་བདེ་སྡུག་མཐོ་དམན་ལྟར་སྣང་བའི། །རང་སྣང་མཐུན་པའི་སྟོན་པས་དོན་མཛད་ཅིང༌། །ཆོས་ཀྱང་མ་ངེས་གདུལ་བྱའི་བློ་རྟོག་ལྟར། །དུས་ཀྱང་རང་རང་སྐལ་པའི་རྗེས་འགྲོ་བ། །མ་དག་ཞིང་གི་འགྲོ་ལ་དེ་ལྟར་སྣང༌། །དེ་ལ་སེམས་ཅན་གྱི་ཁམས་བསམ་གྱིས་མི་ཁྱབ་ཀྱང་གནས་རིགས་དྲུག་ཏུ་འདུས་པ་ལ་དགོངས་ནས་དེ་དག་འདུལ་བྱེད་ཀྱི་སྤྲུལ་གཞིའི་ཐུབ་པ་དྲུག་ཏུ་རྣམ་པར་སྤྲུལ་པ་ལས་ཀྱང༌། ཡང་སྤྲུལ་དུ་སྣང་བ། ལྷའི་གནས་སུ་རྒྱལ་ཆེན་རིགས་བཞི་ནས་འོག་མིན་གྱི་བར་དུ་ཚངས་པ་དང༌། དབང་པོ་དང༌། བདེ་འབྱུང་ལ་སོགས་པས་སོ་སོའི་གནས་རིས་ཀྱི་གཙོ་བོས་འཁོར་རྣམས་ཀྱི་རྒྱུད་ལ་སྡིག་པ་སྤོང་བའི་ཚེས་སེམས་ཅན་སོ་སོའི་སྐད་དུ་མཐུན་པར་སྟོན་པའམ། སྡུག་བསྔལ་སེལ་བར་བྱེད་ལ། དེ་བཞིན་དུ་མིའི་འཇིག་རྟེན་དུ་ཉན་རང་དང༌། བྱང་ཆུབ་སེམས་དཔའ་ལ་སོགས་


JLAZ004_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་གང་ཟག་གམ། འཁོར་ལོས་སྒྱུར་བ་དང༌། ཁམས་ཀྱི་རྒྱལ་ཕྲན་དང༌། བྲམ་ཟེ་དང༌། རྔོན་པ་དང༌། སྨད་འཚོང་མ་ལ་སོགས་ཆགས་སྡང་ཅན་གྱི་རྣམ་པས་འདུལ་བའི་ཚུལ་ཡང༌། དཔུང་བཟང་ལས། གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང༌། །ཆགས་པ་ཅན་ལ་ཆགས་བཅས་ལྟར་སྟོན་ཞིང༌། །གདུག་པ་འདུལ་ཕྱིར་ཁྲོ་ལ་ཁྲོར་སྟོན་པ། །ཐབས་ཀྱིས་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །དེ་བཞིན་དུ་ལྷ་མ་ཡིན་ལ་ཐགས་བཟང་རིས་དང༌། བྱ་ལ་ཤིང་རྟ་མོ་དང༌། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དང༌། སྲེག་པ་ལ་སོགས་པ་དང༌། རི་དྭགས་ཀྱི་ཕྱིར་སེང་གེའི་རྒྱལ་པོ་ཡི་དམ་བརྟན་པ་དང༌། ཤ་ར་བྷ་དང༌། ཀུནྡ་དང༌། དམྱལ་བ་ལ་གྱད་འབག་ཤི་ཏ་དང༌། ཡི་དྭགས་ལ་སོགས་པ་མདོར་ན་སྐྱེས་པ་རབས་ཀྱི་རྒྱུད་དུ་གསལ་བ་དཔེར་མཚོན་ཏེ། འདུལ་བྱེད་དང་མཐུན་པའི་རིགས་དྲུག་སོ་སོའི་གཟུགས་མཐའ་མི་འཚལ་ཞིང་གནས་རིགས་དང་བདེ་སྡུག་སྣ་ཚོགས་ལྟར་སྣང་བའི་ཚུལ་གསེར་འོད་དམ་པ་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་སྟོན། །ཞེས་སོ། །དེ་བཞིན་དུ་ཐེག་པ་ཆེ་ཆུང་གི་ཆོས་ཀྱི་རྣམ་གྲངས་དང་ཐ་སྙད་ལའང་


JLAZ004_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མ་ངེས་ཏེ། གང་ན་སྡིག་པ་སྤོང་ཞིང་གནས་སྐབས་དང་མཐར་ཐུག་སེམས་ཅན་ལ་ཕན་པའི་ཕྱོགས་སུ་ཉེ་ན་ཟ་མ་ཏོག་བཀོད་པར་བདུད་སྡིག་ཅན་རིན་པོ་ཆེའི་ཁྲི་ལ་འདུག་པས་ཆོས་བསྟན་པ་དེ་ཉིད་ཀྱང་སངས་རྒྱས་པའི་མདོ་སྡེར་བཞག་པ་ལྟར་གནས་གང་དུ་སྟོན་འཁོར་གྱི་རྟེན་ཅིང་འབྲེལ་འབྱུང་ཚོགས་པའི་དུས་ན་སེམས་ཅན་རང་རང་གི་སྐལ་བ་དང་འཚམ་པར་ཐོས་པའི་ཆོས་ཀྱང་མ་ངེས་པ་སྟེ། ཅིའི་ཕྱིར་ན། དེ་བཞིན་གཤེགས་པའི་བསྟན་པ་ནི་བདག་རྐྱེན་གྱི་སྒོ་ནས་རྣམ་པར་གཞག་པའི་ཚེ་ཞལ་ནས་གསུང་པ་དང༌། བྱིན་གྱིས་བརླབས་པ་དང༌། རྗེས་སུ་གནང་བའི་བཀའ་གསུམ་དུ་ངེས་པའི་ཕྱིར་རོ། །དེ་ཡང་ཆོས་སྐུའི་གནས་དོན་དམ་པའི་འོག་མིན་དུ་སྟོན་པ་ཀུན་ཏུ་བཟང་པོས་ཡེ་ཤེས་རྒྱ་མཚོའི་འཁོར་ལ་རང་གི་ངོ་བོས་གསུངས་པ་དང༌། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པས་ལྷུན་སྟུག་པོ་བཀོད་པའི་འོག་མིན་ལོངས་སྤྱོད་རྫོགས་པའི་ཞིང་ལྔ་དང༌། གསང་བའི་འོག་མིན་རྡོ་རྗེ་བཙུན་མོའི་བྷ་ག་ལ་སོགས་པར་རང་སྣང་རིག་པའི་འཁོར་ལ་སྒྲ་ཚིག་བརྗོད་བྲལ་དུ་གསུངས་པ་དང༌། སྤྲུལ་པ་སྐུའི་གནས་ཐ་དད་པར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཁོར་རྣམ་པ་བཞི་ལ་ཚིག་སྡེབ་སྦྱོར་ལེགས་པས་གསུངས་པ་རྣམས་སོ། །གཉིས་པ་


JLAZ004_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྐུས་བྱིན་གྱིས་བརླབས་པའི་བཀའ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་སྤྱི་བོར་ཕྱག་གིས་རེག་པའི་མོད་ལ་མདོ་སྡེ་ས་བཅུ་པ་འཆད་པའི་སྤོབས་པ་སྐྱེས་ཤིང༌། རྣམ་པར་གྲོལ་བའི་ཟླ་བས་དྲིས་པ་ལྟ་བུའོ། །གསུང་གིས་བྱིན་གྱིས་བརླབས་པའི་བཀའ་ནི་འཇམ་དཔལ་ལ་མ་སྐྱེས་དགྲའི་འགྱོད་པ་སོལ་ཅིག་ཅེས་བཀའ་བསྩལ་པས། དེའི་མདོ་བྱུང་བ་ལྟ་བུའོ། །ཐུགས་ཀྱིས་བྱིན་གྱིས་བརླབས་པ་ནི་བཅོམ་ལྡན་འདས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་བཞུགས་ནས། ཤཱ་རིའི་བུ་དང་སྤྱན་རས་གཟིགས་ལ་བྱིན་གྱིས་བརླབས་པས། དེ་གཉིས་གཅིག་ཤོས་ཀྱིས་འདྲི་བ་དང༌། གཅིག་ཤོས་ཀྱིས་ལན་ལྡོན་པའི་སྤོབས་པ་ཐོབ་ནས་ཤེས་རབ་སྙིང་པོ་བྱུང་བ་ལྟ་བུའོ། །ཡོན་ཏན་དང་ཕྲིན་ལས་ལྷུན་གྱིས་གྲུབ་པའི་བྱིན་རླབས་ལས་རང་བྱུང་བ་ནི་བཤད་སྦྱར་ལས། སྟོན་པ་འདི་ཡི་བྱིན་རླབས་ཀྱིས། །བྱའམ་ཤིང་བུ་རྡེའུ་དང༌། །པདྨོ་དག་དང་དཔག་བསམ་ཤིང༌། །རྔ་བོ་ཆེ་ལས་བྱུང་བ་ཡང༌། །རྒྱལ་བས་བྱིན་གྱིས་བརླབས་པའི་ཕྱིར། །དེ་དག་བཀའ་ཞེས་བྱ་བར་འདོད། །ཅེས་པ་དང་མཚུངས་པར་ཨ་ར་ལི་ལས་ཀྱང་བཤད་དོ། །མདོར་བསྡུ་ན་བཀའི་དངོས་པོར་འགྲུབ་པ་གང་དག་ཆོས་སྨྲ་བ་དང༌། སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་ལ་སོགས་པ་ཅི་


JLAZ004_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་གཟུགས་ཀྱིས་བྱུང་ཡང་དེ་དག་དེ་བཞིན་གཤེགས་པའི་ཕྲིན་ལས་ཆེན་པོའི་མཐུས་སྟོན་པ་ཉིད་ལས་རང་སྟོབས་ཀྱི་མ་ཡིན་པས་བཀར་བཞག་པའི་ཚུལ། སྡུད་པ་ལས། རྒྱལ་བའི་ཉན་ཐོས་གང་དག་ཇི་སྙེད་ཆོས་སྟོན་དང༌། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པ་སྐྱེས་བུའི་མཐུ། །ཅི་ཕྱིར་ཞེ་ན་རྒྱལ་བས་ཆོས་ཚུལ་གང་བསྟན་པ། །དེ་ལ་མི་མཆོག་སློབ་མར་གྱུར་པས་མངོན་བསླབས་ཤིང༌། །མངོན་སུམ་བྱས་ནས་བསླབ་པ་ཇི་བཞིན་སྟོན་བྱེད་པ། །སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱི་མཐུས་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཚིག་དོན་གཉིས་ཀའི་ཆ་ནས་ནོར་བ་དང༌། འབྲས་བུ་ལ་བསླུ་བ་རྣམས་ཀྱང་བཀར་བཞག་ཏུ་རུང་ངམ་ཞེ་ན། དེ་ནི་མ་ཡིན་ཏེ། འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །ཞེས་པས་བཀའི་དངོས་པོར་མི་འགྲུབ་པའི་མི་མཐུན་ཕྱོགས་ཞར་ལ་བསྟན་པ་ཡིན་ནོ། །གསུམ་པ་ནི། སྟོན་པ་མྱ་ངན་ལས་འདའ་ཁར། ང་ཡོངས་སུ་མྱ་ངན་ལས་འདས་ནས་འདུལ་བ་ལ་སྣང༌། མདོ་སྡེ་ལ་


JLAZ004_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག །ཆོས་ཉིད་དང་མི་འགལ་ན་བཀའ་ཡིན་པར་བཟུང༌། ཞེས་པས་རྗེས་སུ་གནང་བའི་བཀའི་སྡོམ་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཀུན་བྱེད་ལས། སྤྲུལ་པའི་སྐུ་ཡིས་འདུལ་བའི་ཞིང་ཁམས་ནི། །སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱ་སོགས། །རང་བྱུང་ཡེ་ཤེས་ཐུགས་རྗེས་རྒྱུད་དྲུག་འདུལ། །ཞེས་པ་ལྟར་སྤྲུལ་སྐུའི་གདུལ་ཞིང་མ་དག་པའི་འཇིག་རྟེན་སྟོང་གསུམ་བྱེ་བ་ཕྲག་བརྒྱ་གྲངས་མེད་པ་སྙེད་དུ་གདུལ་བར་བྱ་བའི་ཁམས་དང༌། དེས་འདུལ་བའི་ཐབས་དང༌། དེ་དག་སོ་སོའི་གཉེན་པོ་དང༌། གདུལ་ཚུལ་ལ་བསྙེལ་བ་མི་མངའ་བས་ངན་སོང་ནི་མཐོ་རིས་སུ་འདྲེན། མཐོ་རིས་པ་ནི་ཐར་པ་དང་རྣམ་མཁྱེན་ལ་བཀྲི་བའི་ཚུལ་གྱིས་དོན་མཛད་ལ། དེ་དག་གི་ཚུལ་ཡང་རྒྱུད་བླ་མར་བརྒྱ་བྱིན་གྱི་རྔ་སྒྲ་ལ་སོགས་པའི་དཔེ་དགུས་སྟོན་པའི་ཚུལ་མདོ་ལམ་དུ་དྲངས་ཟིན་པ་ལྟར་གྱིས་གཞན་དོན་མཛད་པ་སྟེ། དེ་ལྟར་མཛད་ཀྱང་མཛད་ཡུལ་སེམས་ཅན་དང་མཛད་པོ་སངས་རྒྱས་ཉིད་ཀྱང་དོན་ལ་རང་བཞིན་མ་གྲུབ་པ་རྨི་ལམ་ལྟ་བུ་ཡིན་པའི་ཚུལ། གང་ཞིག་རྨི་ལམ་ནང་དུ་སངས་རྒྱས་མཐོང༌། །རྨི་ལམ་ལྟ་བུར་སྤྲུལ་པའི་ཆོས་བསྟན་ཡང༌། །ངོ་བོ་ཉིད་མེད་རང་བཞིན་མ་གྲུབ་ལ། །བདག་མེད་སྟོང་པ་གསོག་


JLAZ004_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རིག་བྱ་ཞེས། །ཟབ་མོའི་མདོ་སྡེ་དག་ལས་གསུངས་པས་ན། །འཁོར་འདས་རྨི་ལམ་ལྟ་བུའི་རོལ་པ་ལ། །སྣང་བའི་སངས་རྒྱས་ངོ་བོ་དག་ན་ཡང༌། །རྣམ་པ་གདུལ་བྱ་ཉིད་ལྟར་སྣང་བའི་ཕྱིར། །མ་དག་ཐུགས་རྗེ་རོལ་པའི་སྤྲུལ་པ་ཡང༌། །ཇི་སྲིད་འཁོར་བའི་རྗེས་འགྲོ་རྒྱུན་མི་འཆད། །དེའང་གདུལ་བྱ་ལ་ལྟོས་ན་བདེ་གཤེགས་སྙིང་པོའི་རང་བཞིན་གློ་བུར་གྱི་དྲི་མས་ཕྱོགས་བསླད་དེ་ཡུལ་དང༌། དོན་དང༌། སེམས་སུ་བག་ཆགས་ནས་གཟུང་འཛིན་གྱི་སྣང་བས་བཀོད་པའི་འཁོར་བའི་གནས་རིགས་བདེ་སྡུག་སྣ་ཚོགས་སུ་ཤར་བ་དེ་ཡང་མེད་སྣང་འཁྲུལ་པའི་རང་གཟུགས་རྨི་ལམ་ལྟ་བུའི་རོལ་པ་ལས་བདེན་པར་གྲུབ་པ་རྡུལ་ཙམ་མ་མཆིས་པའི་ཚུལ་དྲན་པ་ཉེར་གཞག་ལས། སྣ་ཚོགས་ལུས་དང་ལོངས་སྤྱོད་དང༌། །བདེ་སྡུག་ཉིད་དུ་སྣང་བ་ནི། །སེམས་ཀྱིས་སྤྲུལ་ཞིང་སེམས་ཀྱིས་བྱས། །སེམས་ལས་གཞན་དུ་ཅུང་ཟད་མེད། །དཔེར་ན་རྨི་ལམ་ཇི་བཞིན་ནོ། །ཞེས་སོ། །དེ་བཞིན་དུ་འདུལ་བྱེད་ལ་ལྟོས་ཀྱང་དྲི་མ་མཐའ་དག་དང་བྲལ་བས་རང་གི་རང་བཞིན་ཤེས་པའི་སངས་རྒྱས་རྣམས་ཀྱི་བྱིན་རླབས་དང༌། སེམས་ཅན་སོ་སོའི་སྨོན་ལམ་དང༌། དགེ་བའི་ལས་སྣང་གིས་ནང་གསལ་དབྱིངས་ཀྱི་སྐུ་གསུམ་


JLAZ004_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཐུགས་རྗེ་གཞན་སྣང་ལ་ཕྱིར་གསལ་དུ་ཤར་བ་ཡེ་ཤེས་ཕྲིན་ལས་དག་པའི་གཟུགས་སྐུ་གཉིས་དང་ཁྱད་པར་སོ་སོ་སྐྱེ་བོ་ལའང་སྒྲིབ་མེད་དུ་གསལ་བའི་མཆོག་གི་སྤྲུལ་པའི་སྐུ་རྒྱལ་བ་ཤཱཀྱ་སེང་གེ་ལ་སོགས་པས་མངོན་གྱུར་དུ་སེམས་ཅན་རྣམས་ཀྱི་དོན་མཛད་པ་དེ་ཡང་རང་བཞིན་གྱིས་མ་གྲུབ་པ་རྨི་ལམ་གྱི་དུས་ན་སངས་རྒྱས་མཐོང་བ་ལྟ་བུ་སྟེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། ངས་ནི་རྨི་ལམ་ལྟ་བུའི་འགྲོ་བ་ལ། །རྨི་ལམ་ལྟ་བུར་སྤྲུལ་ནས་ཆོས་བསྟན་ཡང༌། །ངོ་བོ་མེད་དེ་རང་བཞིན་གཉིས་སུ་མེད། །བདག་མེད་སྟོང་པ་གསོག་ཏུ་རིག་པར་བྱ། །ཞེས་སོ། །དེ་བས་ན་འཁོར་བའི་རང་བཞིན་འཁྲུལ་སྣང་གི་བཀོད་པས་སྣོད་བཅུད་ཀྱི་སྣང་བ་རྫུན་པའི་རང་བཞིན་ཅན་ན། དེ་ཉིད་འདུལ་བྱེད་ཀྱིས་སྤྲུལ་པའི་སངས་རྒྱས་ཀྱང་ངོ་བོ་དག་པ་གཉིས་ལྡན་གྱི་ཆོས་སྐུ་ལས་མི་གཡོ་ཡང༌། རྣམ་པའི་གཟུགས་བརྙན་སེམས་ཅན་གྱི་འཁྲུལ་ངོ་ཙམ་དུ་སྡུག་བསྔལ་བདེན་པས་བསྡུས་པ་ལྟར་སྟོན་པས་གཉིས་ཀའང་མེད་བཞིན་སྣང་བ་རྨི་ལམ་དང་སྒྱུ་མའི་རྟ་གླང་ལྟ་བུ་སྟེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་


JLAZ004_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་སྒྱུ་མ་ལྟ་བུ། ཞེས་སོ། །དེ་ལྟར་གདུལ་བྱ་འདུལ་བྱེད་གཉིས་ཀྱང་དབྱིངས་གཅིག་ལས་མ་གཡོས་བཞིན་དུ་དྲི་མ་དང་ལྡན་གྲོལ་གྱི་ཁྱད་པར་ལས་འཁོར་འདས་སོ་སོའི་རྣམ་འགྱུར་དུ་ཤར་བའི་གནས་ལུགས་གཤིས་ཐོག་ཏུ་ཕེབས་པ་ལ་དེ་ཁོ་ན་ཉིད་མཐོང་བའི་སྐྱེས་བུ་ཞེས་བྱ་སྟེ། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་ལས། སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་སུས་ཤེས་དེ་ནི་མཁས་པ་ཡིན། །སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་གསུངས། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་དེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །དེ་ལྟར་སུས་ཤེས་སྐྱེས་བུ་མཆོག་ཏུ་འགྱུར། །ཞེས་སོ། །སྣ་ཚོགས་སྤྲུལ་པ་ནི། དེ་ཉིད་ངང་ལས་སྣ་ཚོགས་སྤྲུལ་པ་ནི། །རང་བཞིན་བྱོན་དང་འདུ་བྱེད་ལས་བྱུང་བ། །འབུར་དུ་བྱས་དང་རིས་སུ་བྲིས་པ་དང༌། །གནྡྷོ་ལ་དང་ཁང་བཟང་སྐྱེད་མོས་ཚལ། །མྱ་ངམ་ཐང་ལ་སྤྲུལ་པའི་གྲོང་ཁྱེར་དང༌། །པདྨ་དཔག་བསམ་ཤིང་དང་ཡིད་བཞིན་ནོར། །གྲུ་གཟིངས་ཟམ་པ་ཤིང་རྟ་ཟས་གོས་སོགས། །སེམས་མེད་བེམ་པོའི་ཚུལ་དུ་སྣང་བ་དང༌། །སྐྱེ་བ་མུ་


JLAZ004_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་ཚེ་ན་ཉ་བོ་ཆེ། །ནད་ཀྱིས་གདུངས་ལ་སྲོག་ཆགས་དེས་པ་དང༌། །སྲིན་མོའི་གླིང་དུ་ཅང་ཤེས་བ་ལ་ཧ། །མི་གཙང་འདམ་དུ་གསེར་གྱི་བུང་བ་སོགས། །སྤྲུལ་པ་སྣ་ཚོགས་རྣམ་ཀུན་བདེ་བའི་གཞིར། །རྟོག་པ་མེད་ཅིང་གཡོ་བ་མེད་པ་ལྟས། །དོན་ཆེན་གྱིས་ནི་དཔལ་དུ་ཉེ་བར་གནས། །དེ་སྐད་དུ་མདོ་སྡེའི་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་ནོ། །ཞེས་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པའི་འཁྲུལ་སྣང་དང་མཚུངས་པར་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའང་དེ་སྙེད་དུ་འཆར་བས་དོན་མཛད་པའི་བྱེ་བྲག་ཡིད་ཀྱིས་བྱེད་པ་པོ་དང༌། ཆོས་སུ་བྱ་བ་མེད་བཞིན་དུ་རང་བཞིན་གྱིས་རི་བྲག་དང་ཡུལ་ལྗོངས་ལ་སོགས་པར་སྐུ་གསུང་ཐུགས་ཀྱི་རྟེན་རང་བྱོན་དུ་སྣང་བ་དང༌། ཡུལ་ཉེར་བཞི་ལ་སོགས་པའི་བཀོད་པ། སྐྱེས་བུའི་རྩོལ་བ་དང་འདུ་བྱེད་ལས་བཟོ་གནས་སྤྲུལ་བར་ཤར་བས་འབུར་དུ་དོད་པ་དང༌། རིས་སུ་བྲིས་པ་དང་ཐགས་སུ་བཏགས་པ་ལ་སོགས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་མངོན་གྱུར་པ་སྟེ། སྤྱི་མདོ་དགོངས་འདུས་ལས། ལངྐའི་བདག་པོ་གཟུགས་


JLAZ004_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་གྱི་སྤྲུལ་པ་ནི་ཐ་དད་དོ། །ཞེས་སོ། །དེ་བཞིན་དུ་རིགས་ལྔའི་རང་བཞིན་ཕྱག་རྒྱ་དང་རྣམ་བཅས་ཀྱིས་བསྡུས་པ་སྐྱེད་མོས་ཚལ་དང༌། ཁང་བཟང་དང༌། པདྨ་དང༌། དཔག་བསམ་གྱི་ཤིང་དང༌། ནོར་བུའི་བྱེ་བྲག་དང༌། གྲུ་གཟིངས་དང༌། ཟམ་པ་དང༌། ཤིང་རྟ་དང༌། ཟས་གོས་དང༌། ཆུ་ཀླུང་དང༌། བྲག་རིའི་ཕུག་ལ་སོགས་པ་སེམས་མེད་བེམ་པོའི་ཚུལ་དུ་སྣང་ནས་དོན་མཛད་པའི་ཚུལ་ཡང་འདི་ལྟར་གཙུག་ལག་ཁང་ངམ། སྐུ་གསུང་ཐུགས་ཀྱི་རྣམ་པ་གང་ཞིག་མཐོང་བ་ཙམ་གྱིས་དད་པའི་རྣམ་འགྱུར་དང་གདུང་ཤུགས་གཡོ་བས་དེའི་རྒྱུད་ཀྱི་སྒྲིབ་པ་འཛད་ཅིང༌། བསོད་ནམས་སུ་བྱ་བ་འཕེལ་ནས་ཐར་པའི་ས་བོན་བསྐྲུན་པའི་ཚུལ་ཕལ་པོ་ཆེ་ལས། ལན་གཅིག་ཙམ་ཡང་དད་པ་སྐྱེས་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་པས་མཚོན་ནོ། །དེ་བཞིན་དུ་ནོར་བུ་དང་དཔག་བསམ་གྱི་ཤིང་ལས་དགོས་འདོད་འབྱུང་བ་དང༌། གྲུ་གཟིངས་དང་ཟམ་པ་ལ་སོགས་ཀྱིས་འདོད་པའི་གནས་སུ་བདེ་བར་ཕྱིན་པ་དང༌། ཟས་གོས་དང་ཆུ་ཀླུང་ལ་སོགས་པས་ཚིམ་པ་ཐོབ་པ་དང༌། ནགས་ཚལ་དང་བྲག་རིའི་ཁང་བཟང་ལ་སོགས་པས་གདུང་བ་དང་འཇིགས་པ་ལས་སྐྱོབ་པ་སྟེ། ཡེ་ཤེས་


JLAZ004_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས། སྐྱེད་མོས་ཚལ་དང༌། ནོར་བུ་དང༌། སྨན་དང༌། རིག་སྔགས་དང༌། ཉེ་བར་མཁོ་དགུའི་ཡོད་བྱད་དུ་སྣང་བས་གདུལ་བར་བྱ་བ་ཡིན་ན་དེ་དང་དེའི་གཟུགས་དང་ཁ་དོག་དུ་སྣང་ངོ༌། །ཞེས་སོ། །སྐྱེ་བ་སྤྲུལ་པ་ནི་འགྲོ་བ་ཕལ་པའི་ལུས་སུ་སྤྲུལ་ནས་དངོས་སམ་བརྒྱུད་ནས་ཕན་འདོགས་པ་སྟེ། འདི་ལྟར་ཉ་བོ་ཆེ་དང༌། གླང་པོ་དང༌། སྲོག་ཆགས་དེས་པར་སྐྱེས་པའི་རབས་དང༌། དེ་བཞིན་དུ་འཕགས་པའི་བྱིན་རླབས་དང་རྫུ་འཕྲུལ་སྲིན་མོའི་གླིང་དུ་ཅང་ཤེས་བ་ལ་ཧ་དང༌། མི་གཙང་བའི་འདམ་དུ་གསེར་གྱི་བྷྲ་མ་ར་ལ་སོགས་པ་བཞིན་ཏེ་དེ་སྐད་དུ། སྒྱུ་འཕྲུལ་བླ་མ་ལས། སྣ་ཚོགས་སྤྲུལ་པ་རྒྱུན་མི་འཆད། །རྔོན་དང་སྨད་འཚོང་ལ་སོགས་པར། །བསྒྱུར་ནས་སེམས་ཅན་དོན་མཛད་དོ། །ཞེས་སོ། །བྱང་ཆུབ་མཆོག་གི་སྤྲུལ་པ་ནི་སྔར་བཤད་ཟིན་ལ། དེ་ཡང་ཐུན་མོང་མ་ཡིན་པ་རང་བཞིན་རྫོགས་པ་ཆེན་པོའི་ལུགས་ཀྱི་རྣམ་པར་འཕྲུལ་པ་གདུལ་བྱའི་དབང་དུ་བྱས་ན། མི་མཇེད་འདིར་སྤྲུལ་པ་སྐུའི་ཆོས་སྐུ་དཔལ་རྡོ་རྗེ་འཆང་ཆེན་པོ་སྐྱེ་བ་བཞིའི་ལུས་སུ་རྣམ་པར་འཕྲུལ་ཏེ་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན་ནས་སྟོང་གསུམ་གྱི་སྟོང་བྱེ་བ་ཕྲག་བརྒྱའི་ཞིང་ལ་སོགས་པ་ཚངས་ཆེན་གྱི་བསྐལ་


JLAZ004_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་གིས་བསྡུས་པ་ལ་མངའ་མཛད་ཅིང༌། དེའང་གནས་མེ་ཏོག་པདྨ་སྟོང་དང་ལྡན་པ། འཁོར་སྐྱེ་བ་བཞིར་བསྡུས་པའི་འགྲོ་བ། བསྟན་པ་སྡེ་སྣོད་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར། དུས་ཚེ་ལོ་དཔག་ཏུ་མེད་པའི་དུས་ན་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་མཛད་པའི་ཆོས་འཕྲུལ་ཚད་མེད་དེ། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བ་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་སོ། །དེ་ལྟར་སྤྲུལ་པའི་རོལ་པ་དེ་དག་གིས་ཀྱང་གནས་སྐབས་སུ་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་ཅིང་མཐུན་པ་དང་ལྡན་པའི་བདེ་བ་ཆེན་པོ་སྟེར་བ་དང༌། རྒྱུད་ནས་བྱང་ཆུབ་གསུམ་གྱི་གོ་འཕང་ལ་འགོད་པའི་དོན་ཆེན་གྱི་དཔལ་དུ་ཉེ་བར་གནས་ཀྱང༌། སྤྲུལ་གཞིའི་ངོ་བོ་ཉིད་ནི་རྣམ་པར་རྟོག་པ་དང་བྲལ་བ་ཡིན་པས་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཆེན་པོ་སྟེ་རྒྱུད་བླ་མ་ལས། སྣང་བ་དེ་ནི་ཤིན་ཏུ་ཡང༌། །རྟོག་པ་མེད་ཅིང་གཡོ་བ་མེད། །དེ་ལྟ་མོད་ཀྱི་ས་སྟེང་ན། །དོན་ཆེན་གྱིས་ནི་ཉེ་བར་གནས། །ཞེས་སོ། །དེ་ལྟ་བུའི་སངས་རྒྱས་རྣམས་ཀྱི་མཛད་པ་ཕྲིན་ལས་དང་པོར་ཡང་དབྱིངས་ལས་བྱུང་ཞིང་མཐར་ཡང་


JLAZ004_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་སྤྲོས་པ་ཉེ་བར་ཞི་བའི་ཚུལ། གལ་ཏེ་གདུལ་བར་བྱ་བའི་དུས་ཡོལ་ན། །འདུལ་བྱེད་དབྱིངས་སུ་ནུབ་པའི་མཚོན་དཔེ་ནི། །ཇི་ལྟར་ཆུ་སྣོད་མེད་ཚེ་ཆུ་ཟླའི་གཟུགས། །སྤྲུལ་གཞིའི་ཟླ་བ་ཉིད་ལ་ཐིམ་པ་ལྟར། །གདུལ་བྱའི་སྣང་བས་བསྡུས་པའི་སྤྲུལ་པ་རྣམས། །རང་སྣང་ལོངས་སྤྱོད་རྫོགས་པའི་དབྱིངས་སུ་ཐིམ། །དེ་ཡང་གནམ་སྟོང་ཟླ་བ་གཅིག་ཤོས་ནས། །གཅིག་ཏུ་ཐིམ་པ་མེད་ཀྱང་ཕྱིར་གསལ་གདངས། །ནང་དབྱིངས་སྤྲོས་པ་མེད་པའི་ངང་ཐིམ་ལྟར། །ལོངས་སྤྱོད་རྫོགས་པའི་རང་སྣང་ཆོས་ཀྱི་སྐུའི། །ཡེ་ཤེས་ཆེན་པོར་འཁྱིལ་བ་དེ་ཉིད་ལ། །དབུ་མ་པ་རྣམས་འཇུག་པ་ཆོས་དབྱིངས་སུ། །ཞི་བའི་འགོགས་པ་དམ་པ་ཞེས་འདོད་ལ། །འདིར་ནི་སོ་སོ་རང་རིག་ཡེ་ཤེས་ཉིད། །ཕྲ་བའི་ཡེ་ཤེས་ནང་གསལ་ཆོས་ཀྱི་དབྱིངས། །ཐིམ་ལ་མ་རྨུགས་གཞོན་ནུ་བུམ་པའི་སྐུ། །གང་དུ་གདུལ་བྱ་སྣང་བའི་མོད་ཉིད་ལ། །འགག་མེད་ཐུགས་རྗེའི་ཡེ་ཤེས་མཆེད་པའི་གཞི། །ཤིན་ཏུ་མཉམ་པར་གཞག་པའི་ཆོས་ཉིད་ནི། །འབྲས་བུ་ལྷུན་གྲུབ་ཆེན་པོའི་གོ་འཕང་ཡིན། །དེ་ལ་ཆུ་སྣོད་ལྟ་བུའི་གདུལ་བྱ་མེད་ན་སྤྲུལ་པའི་གཟུགས་བརྙན་ཆུ་ཟླ་ལྟ་བུ་ཡང་སྤྲུལ་གཞིའི་ཟླ་བ་ལ་རང་ཐིམ་པ་ལྟར། གདུལ་བྱའི་རང་སྣང་གིས་བསྡུས་པའི་སྤྲུལ་པ་རྣམས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་


JLAZ004_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་སྣང་དབྱིངས་ཀྱི་ལོངས་སྐུ་ལ་ཐིམ་པ་ལྟར་གནས་པས་ཐུགས་རྗེ་ཕྱིར་གསལ་གྱི་སྤྲུལ་པ་ཡང་བལྟར་མི་མངོན་ནོ། །དེའང་ཚེས་ཀྱི་སྔ་རོལ་པའི་ཟླ་བ་གཅིག་ནས་གཅིག་ཤོས་སུ་ཐིམ་པའམ་གཏན་མེད་དུ་སོང་བ་མེད་ཀྱང་གསལ་ཆ་དབྱིངས་སུ་ཐིམ་པ་ལྟར། ཆོས་སྐུའི་གདངས་ལོངས་སྤྱོད་རྫོགས་པར་ཤར་བའི་ཕྱི་གསལ་གྱི་ཆ་དེ་ཡང་ནང་དབྱིངས་སྤྲོས་པ་མེད་པའི་ཀློང་དུ་ཉེ་བར་ཞི་བ་ལ་ཆོས་སྐུའི་ཡེ་ཤེས་ཀློང་དུ་འཁྱིལ་བ་ཞེས་བྱ་སྟེ། སྒྲོན་མ་སྣང་བྱེད་ལས། ཆོས་སྐུའི་ཡེ་ཤེས་གཞི་གནས་ཏེ། །ཤེས་པའི་ཆ་ནི་གསལ་བྱེད་ལ། །འཛིན་པ་རགས་པའི་རྟོག་པ་མེད། །ངང་ངམ་ཤུགས་ཀྱི་ཐུགས་རྗེའོ། །གསལ་ཞིང་ཤེས་པ་རིག་དང་བཅས། །ཆ་ལ་འདྲེས་པ་མེད་པར་གནས། །ཞེས་སོ། །འདིའི་ཚེ་དབུ་མ་པ་རྣམས་ཤེས་བྱའི་འཇུག་པ་ཆོས་ཀྱི་དབྱིངས་སུ་ཞི་ནས་འགོག་པ་དམ་པའི་ངང་ལ་མཉམ་པར་གཞག་པ་འདོད་དེ་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་དུ་མཛད། །ཅེས་སོ། །དེའི་མཚན་ཉིད་ཀྱང་རང་ལུགས་སུ་འགགས་གཞི་རྣམ་པར་


JLAZ004_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་ཚོགས་བརྒྱད་དང༌། ཁམས་གསུམ་གྱིས་བསྡུས་པའི་སེམས་དང་སེམས་བྱུང་གི་བག་ཆགས་ཕྲ་རགས་པ་སྟེ། བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་པ་དེ་འགགས་པ་ལས་སོ་སོ་རང་རིག་པའི་ཡེ་ཤེས་ནང་གསལ་ཐིམ་ལ་མ་རྨུགས་པའི་ཆ་གཏན་འགགས་པ་ནི་མ་ཡིན་ཏེ། དེ་ལྟར་འགགས་ན་མྱ་ངན་ལས་འདས་པའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཤིན་ཏུ་རྒྱས་པའི་ཆ་དང༌། ཡེ་ཤེས་ཀྱི་ཆོས་ཉིད་ཉི་མ་དང་འོད་ཟེར་ལྟར་གནས་པའི་འཆར་གཞི་འགག་པ་མེད་པའང་རྒྱུན་ཆད་པར་འགྱུར་བས་སོ། །དེ་བས་ན་རྟེན་དབྱིངས་ལ་བརྟེན་པ་ཡེ་ཤེས་ཀྱི་ཆོས་རང་བཞིན་ལྷུན་གྲུབ་ཀྱི་རིག་པ་དང་དབྱེར་མེད་ཡེ་ལྡན་དུ་ཡོད་ཀྱང༌། སློབ་ལམ་དུ་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་ཕུང་པོ་ལྔའི་ཉེར་ལེན་གྱི་སྒྲིབ་པས་བསྒྲིབས་ནས་ལྐོག་ཏུ་གྱུར་པའི་ཚུལ་ཡང་ཀུན་གསལ་ལས། གནམ་སྟོང་ནུབ་མོ་ཟླ་བ་ཡོངས་རྫོགས་ཀྱང་། །ཉི་མའི་སྟོབས་ཀྱིས་མངོན་དུ་མི་མི་སྣང་བས། །ཚེས་གཅིག་གོང་ནས་བཅོ་ལྔར་རྫོགས་གྱུར་ཏེ། །དེ་ནས་ཟླ་བ་བསྐྱེད་དུ་མེད་པ་ལྟར། །རིན་ཆེན་བུབས་ལ་འདུ་འབྲལ་མེད་ཀྱིས་ཀྱང༌། །འཁྲུལ་པའི་སྟོབས་ཀྱིས་མངོན་


JLAZ004_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསལ་མ་ནུས། །དང་པོའི་ས་ནས་བཅོ་ལྔར་ཡོངས་རྫོགས་ཏེ། །དེ་ལས་ཡར་གཤེགས་གུང་ལ་ཤུལ་མི་མངའ། །ཞེས་སོ། །དེ་བས་ན་ཟླ་བ་རང་སྟོབས་ཀྱིས་ཉ་གང་བ་ལྟར་སྤངས་རྟོགས་མཐར་ཕྱིན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་ཡེ་ཤེས་ཀྱི་མཚན་ཉིད་སུ་ཞིག་གིས་མཐོང་ཞེ་ན། ཤིན་ཏུ་མཉམ་པར་གཞག་པ་སྟེ་མཉམ་པར་མ་གཞག་པ་མེད་པ་ནི་སངས་རྒྱས་ཁོ་ནའི་མ་འདྲེས་པའི་ཡོན་ཏན་ཡིན་པས་དེའི་ཆོས་ཉིད་ལ་འབྲས་བུ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་ཡོན་ཏན་རྫོགས་པའི་ཚུལ་སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞི་དབྱིངས་སུ་ནུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཀུན་གཞིའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་ཤེས་དབྱིངས་སུ་ནུབ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་དབྱིངས་སུ་ནུབ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་སོ། །དེ་ལྟར་ལྔ་པོའང་ཆོས་དབྱིངས་དང༌། མཉམ་པ་ཉིད་ནི་ཇི་ལྟ་བའི་མཁྱེན་པའི་ཡེ་ཤེས་སུ་འདུ་བས་མཁའ་མཉམ་སྤྲོས་པ་དང་བྲལ་བ་ཆོས་སྐུའི་ངོ་བོ་ཉིད་ཡིན་ལ།


JLAZ004_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་གསུམ་པོ་ནི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་འདུ་ཡང༌། མཁྱེན་ཆ་ནང་གསལ་གྱི་ཚེ་མེད་ཅེས་གཞག་ཀྱང་རང་བཞིན་དུ་ཆོས་ཉིད་ཞི་བའི་ངང་ན་རྣམ་པ་ཐམས་ཅད་མཁྱེན་པའི་འཆར་གཞིར་བཞུགས་ནས་སེམས་ཅན་གྱི་ཁམས་ལ་དམིགས་པ་མེད་པའི་ཐུགས་རྗེ་རྒྱུན་མི་འཆད་པ་ཡིན་ནོ། །དེའི་ཚུལ་ཡང་འདུས་པ་མདོར། གསང་བའི་བདག་པོ་སངས་རྒྱས་དང་སེམས་ཅན་ཀུན་སྟོང་ན་གང་གི་ཐུགས་རྗེ་ཆེན་པོས་གང་ལ་ཇི་ལྟར་མཛད། ཐུགས་རྗེ་ཆེན་པོ་དེ་གང་གི་ཚིག་བླ་དྭགས་ལགས། སྨྲས་པ། ལངྐའི་བདག་པོ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་རང་བཞིན་གྱིས་གནས་པ་ན་གཉིས་སུ་མ་མཐོང་བས་སྙིང་རྗེའི་ཡུལ་མེད་པ་ནི་ཐམས་ཅད་ཀྱི་བྱང་ཆུབ་ཏུ་ཡོ་བསྒྲལ་བའི་སྙིང་རྗེ་ཆེན་པོ་ཡིན་ལ། བྱིས་པའི་སྙིང་རྗེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་གྱི་སྲོག་བཏོན་པ་དང༌། གང་ཐར་པར་བཏོན་པ་དེ་ནི་སྙིང་རྗེ་ཆུང་ངུར་རིགས་པར་བྱའོ། །ཞེས་སོ། །དེ་ལྟ་བུའི་སངས་རྒྱས་ཀྱི་རང་བཞིན་ཡང་གློ་བུར་གྱི་དྲི་མ་དག་སྟོབས་ཀྱིས་རང་ངོ་ལ་ཡོད་པའི་ཡོན་ཏན་མངོན་དུ་གསལ་བ་ཉི་མ་ཤར་བ་ན་འོད་ཟེར་ལྷན་ཅིག་ཏུ་འབྱུང་བ་ལྟར་ས་ལམ་གྱི་རྟོགས་པ་ཐོབ་པ་དང་སྤངས་རྟོགས་ཀྱི་ཡོན་ཏན་བལྟར་མངོན་པ་ཉིད་ལས་གཞན་


JLAZ004_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གི་འབྲས་བུར་མི་བསམ་པའི་ཚུལ་རྒྱུད་བླ་མའི་འགྲེལ་པ་ལས་ངེས་དོན་གྱི་མདོ་སྡེ་སངས་རྒྱས་ཕལ་པོ་ཆེའི་དགོངས་པ་སྟོངས་གསུམ་དར་ཡུག་ཆེན་པོའི་དཔེས་འཆད་པའི་སྔོན་རོལ་ན། འདི་སྐད་དུ། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི། གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོ་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེར་མེད་པའི་ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པ་ཡོད་པའི་ཕྱིར་གནས་པ་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་དག་ནི་སེམས་ཅན་གྱི་རིགས་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་བྱེད་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས། རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པར་རབ་ཏུ་འབྱུང་ངོ༌། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་མཉམ་པའི་དར་ཡུག་ཆེན་པོ་གཅིག་ཡོད་པར་གྱུར་ལ། དར་ཡུག་ཆེན་པོ་དེ་ལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྫོགས་པར་བྲིས་པར་གྱུར་ཏེ། འདི་ལྟ་སྟེ་ཁོར་


JLAZ004_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཡུག་ཆེན་པོའི་ཚད་ནི་ཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཚད་ནི་ས་ཆེན་པོ་བྲིས། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཚད་དུ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས། སྟོང་གི་འཇིག་རྟེན་གྱི་ཚད་དུ་ནི་སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞིའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས། རྒྱ་མཚོ་ཆེན་པོའི་ཚད་དུ་རྒྱ་མཚོ་ཆེན་པོ། འཛམ་བུ་གླིང་གི་ཚད་དུ་ནི་འཛམ་བུ་གླིང༌། ཤར་གྱི་ལུས་འཕགས་ཀྱི་ཚད་དུ་ནི་ཤར་གྱི་ལུས་འཕགས་གླིང༌། ནུབ་ཀྱི་བ་གླང་སྤྱོད་ཀྱི་ཚད་དུ་ནི་ནུབ་ཀྱི་བ་གླང་སྤྱོད། བྱང་གི་སྒྲ་མི་སྙན་གྱི་ཚད་དུ་ནི་བྱང་གི་སྒྲ་མི་སྙན། རི་རབ་ཀྱི་ཚད་དུ་ནི་རི་རབ། ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང༌། འདོད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་འདོད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང༌། གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་བྲིས་སོ། །དར་ཡུག་ཆེན་པོ་དེ་ཡང་ཆུ་ཞེང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་གྱུར་ལ། དར་ཡུག་ཆེན་པོ་དེ་ཡང་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་བཅུག་པར་གྱུར་


JLAZ004_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །འདི་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་པོ་བཅུག་པ་དེ་བཞིན་དུ། རྡུལ་ཕྲ་རབ་ཀྱི་རྡུལ་མ་ལུས་པ་རྣམས་སུ་དེའི་ཚད་ཀྱི་དར་ཡུག་ཆེན་པོ་ནང་དུ་བཅུག་པར་གྱུར་ཏོ། །དེ་ནས་མཁས་པ་མཛངས་པ་གསལ་བ་ཡིད་གཞུངས་པ། དེར་ཉེ་བར་ཞུགས་པའི་སྤྱོད་པ་ལྡན་པའི་སྐྱེས་བུ་འགའ་ཞིག་སྐྱེས་ཏེ། དེའི་མིག་ལྷའི་མིག་ཏུ་གྱུར་ཅིང་ཀུན་ཏུ་ཡོངས་སུ་དག་པ་འོད་གསལ་བར་གྱུར་པ་ཅིག་ལ། དེས་ལྷའི་མིག་གིས་རྣམ་པར་བལྟས་ཏེ། འདི་ལྟ་བུར་གྱུར་པའི་དར་ཡུག་ཆེན་པོ་འདི་རྡུལ་ཕྲ་རབ་ཀྱི་རྡུལ་ཆུང་ངུ་འདི་ཉིད་ལ་གནས་ཏེ། སེམས་ཅན་འགའ་ལ་ཡང་ཉེ་བར་འཁོར་བ་མ་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་མ་ལ་གང་དག་གིས་བརྩོན་པ་ཆེན་པོའི་སྟོབས་དང་མཐུས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་སྟེ། དར་ཡུག་ཆེན་པོ་འདི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་སྙམ་པས། དེ་བརྩོན་འགྲུས་ཆེན་པོའི་སྟོབས་ཀྱི་མཐུ་བསྐྱེད་དེ་རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་ནས་བསམ་པ་ཇི་ལྟ་བཞིན་དུ། དར་ཡུག་ཆེན་པོ་དེས་འགྲོ་བ་མཐའ་དག་ཉེ་བར་འཚོ་བར་བྱེད་ཅིང་གཅིག་ལས་ཇི་ལྟ་བ་དེ་བཞིན་དུ་རྡུལ་ཕྲ་རབ་ལུས་པ་མེད་པ་མཐའ་དག་ལ་དེ་ཁོ་ན་བཞིན་


JLAZ004_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །ཞེས་སོ། །དེ་བས་ན་ངོ་བོ་ཉིད་མེད་པ་ནམ་མཁའ་ལྟ་བུ་ལ་ལྟོས་ན་ཡོན་ཏན་གྱི་ཆོས་འོད་ཟེར་ལྟར་རང་དང་ངོ་བོ་གཅིག་པར་ལྡན་པའི་ཚུལ་དུ་ལྷུན་གྱིས་གྲུབ་པས་སྐྱོན་གྱིས་གོས་མ་མྱོང་ལ། རྣམ་པའི་ཆ་འགག་པ་མེད་པ་ལ་ལྟོས་ན་འཁོར་བའི་ཆོས་ཉི་མ་དང་སྤྲིན་བཞིན་བསྒྲིབ་བྱ་སྒྲིབ་བྱེད་དུ་ལྡན་པས་འཁོར་བ་དང་མྱང་འདས་གཉིས་ཀའི་འཆར་གཞིར་གྲུབ་པ་ནི་ཐ་སྙད་ཀྱི་བརྗོད་པའི་སྟེང་དུ་འགལ་བ་ལྟར་སྣང་ཡང་གཤིས་ཐོག་དུ་བསམ་གྱིས་མི་ཁྱབ་པའི་ཚུལ་ཡང་འགྲེལ་པ་དེ་ཉིད་ལས། དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་སྔར་དྲི་མས་ཀུན་ནས་ཉོན་མོངས་པར་མ་གྱུར་ལ། ཕྱིར་རྣམ་པར་དག་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་བོ། །ཞེས་སོ། །དེ་བས་ན་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ནི་ཆོས་སྐུའི་ངོ་བོ་དག་པ་གཉིས་ལྡན་ལས་གཞན་དུ་མི་


JLAZ004_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བས་དེ་ཉིད་མཐོང་བའི་ཐབས་སུ་སེམས་ཀྱི་དེ་ཁོ་ན་ཉིད་ལ་གོམས་པར་བྱ་བ་ཁོ་ན་སྟེ། དེ་ལྟར་གོམས་པ་ལས་ཆོས་ཉིད་ཀྱི་བདེན་པ་མཐོང་སྟེ་སྤངས་པ་གཉིས་ལ་བརྟེན་ནས་ཉོན་ཤེས་ཀྱི་སྒྲིབ་པ་བཅོམ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་འགྱུར་བའི་ཚུལ། དཔལ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་ཀྱང༌། གསང་ཆེན་འདི་ཡི་དོན་བསླབས་ནས། །རང་གི་སེམས་ལ་གོམས་བྱས་ན། །ཆོས་ཉིད་བདེན་པའི་དོན་མཐོང་སྟེ། །ཆོས་རྣམས་ཀུན་ལ་མཁས་པར་འགྱུར། །སེམས་ལས་ཆོས་འབྱུང་འབུམ་ཕྲག་ཡས། །ཆོས་ཀྱི་རྒྱལ་པོར་དེ་གྱུར་ནས། །སངས་རྒྱས་སྨྲ་བའི་སེང་གེ་ཞེས། །ཞིང་ཁམས་ཀུན་ཏུ་གྲགས་པར་འགྱུར། །ཞེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་ལས། འབྲས་བུ་ལྷུན་གྲུབ་ཆེན་པོའི་རྣམ་པར་བཞག་པ་སྟེ་ལེའུ་བཅུ་གསུམ་པའི་འགྲེལ་བ་རྫོགས་སོ། །རྒྱལ་བའི་གཞུང་ལུགས་ཡོན་ཏན་གྲུ་འཛིན་ཐེག་པ་རིན་ཆེན་ཟ་མ་ཏོག །སྐུ་གསུམ་སྟོན་པའི་ཆོས་ཆར་བདུད་རྩི་མ་ལུས་ལུས་པ་མེད་པའི་མཛོད། །བདེན་


JLAZ004_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་དང་རྣམ་པ་ཀུན་མཁྱེན་ཤིང་རྟའི་སྒྱུ་ཐབས་ལ་དྲངས་པ། །འདི་ནི་སྣོད་དང་སྐལ་པ་སྣ་ཚོགས་གདུལ་བྱའི་རྗེས་འགྲོ་དགའ་བའི་ཆར། ༡ ། མཐའ་ཡས་ཐེག་པའི་འབྲས་བུའི་ཐེག་པ་འཕགས་ལམ་ཡེ་ཤེས་རྫོགས་པ་ཆེའི། །ལམ་སྲོལ་ཁུར་བཟོད་གླང་ཆེན་ཐལ་ཀར་ཞིང་ཁམས་གཞན་དུ་གཟིགས་གྱུར་ཀྱང༌། །ལྷ་བརྒྱའི་མདུན་ས་སྐལ་ངན་མི་བགྱིད་མ་རྒྱལ་ལས་རྒྱལ་ཆོས་འཁོར་ལྟར། །ཡོན་ཏན་རིན་ཆེན་མཛོད་ཀྱི་མཆོད་སྡོང་བཤད་རླབས་གཡོ་བའི་ཤིང་རྟས་དྲངས། ༢ ། ཀུན་འབྱུང་འདྲེན་པའི་ཐེག་པ་རྒྱ་མཚོའི་གདུལ་ཞིང་རྣམ་སྣང་གང་ཆེན་མཚོར། །དཀའ་ཐུབ་རིག་བྱེད་ཞིང་ཁམས་བཀོད་ལེགས་ཕྲ་རབ་རྡུལ་སྙེད་གྲངས་ལྡན་ཡང༌། །དབང་བསྒྱུར་ཐབས་ཀྱི་རྩེ་མོ་ལས་གཞན་རྒྱུ་འབྲས་ཐེག་པ་ཀུན་རྫོབ་པས། །གདུལ་མིན་དམ་བཅའི་རི་མོ་འགོད་ལ་ཀུན་མཁྱེན་ཡེ་ཤེས་འཇིགས་མེད་གླིང༌། ༣ ། འདི་ན་འཁོར་བའི་རང་བཞིན་གཏིང་ཟབ་འདུ་བྱེད་རླབས་ཀྱིས་དཀྲུགས་པ་ནི། །ལས་ཀྱི་ཆུ་སྲིན་གདུག་པའི་ལྟོ་བར་དམ་ལ་མ་བཞག་ཡོད་མིན་པ། །གང་ལས་དབུགས་འབྱིན་ཆོ་ག་མཁན་པོ་དོན་དམ་དེ་ཉིད་ལས་


JLAZ004_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མེད། །དེ་ཡི་གནས་ཀྱང་ཀུན་འབྱུང་རྒྱ་མཚོའི་དབྱེན་གྱི་ཐལ་འགྱུར་མང་པོ་དཀྲུགས། ༤ ། ངེས་པར་རྒྱལ་བའི་སྤངས་རྟོགས་གཟུགས་གྱུར་མ་བྱོན་སངས་རྒྱས་རི་དབང་རྒྱལ། །ཞིང་འདིར་པདྨའི་ཞལ་སྐྱིན་མངོན་སུམ་མཛད་པ་ཐ་མའི་ནང་དབྱིངས་ནས། །བགྲོད་པ་རྣམ་གཉིས་བརྒྱ་ཕྲག་བརྒྱད་དུ་ཉེ་བའི་དུས་ནའང་ཡེ་ཤེས་ལུས། །མངོན་དུ་བསྟན་ནས་སྒྲིབ་མེད་གསུང་གིས་ཆོས་མིག་རྡུལ་བྲལ་གནས་ལ་སྦྱར། ༥ ། གང་ཚེ་ལོངས་སྤྱོད་འཁོར་ལོའི་རྩ་གཟུགས་ཡི་གེ་ཚོགས་པའི་སྤྲིན་ཆེན་པོ། །འགྲོ་འོང་མེད་པའི་ཡེ་ཤེས་བཞོན་པས་རང་དབང་ཉིད་དུ་མངོན་བྱས་པས། །སོ་སོ་རང་རིག་སྤོབས་པའི་གཏེར་མཛོད་དགྲོལ་ལ་གཞན་དྲིང་མི་འཇོག་པ། །བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡོན་ཏན་བླ་མའི་དྲིན་གྱིས་མཐོང་ལས་བྱུང༌། ༦ ། རང་ཕྱོགས་འཕྱར་བའི་བསམ་པས་མ་ཡིན་རྒྱལ་བསྟན་ཆུ་ལྷར་ཕྱོགས་པ་དང༌། །འབྲས་བུའི་བསྟན་པ་གཟུགས་བརྙན་གྱུར་ལ་རྙོག་བྲལ་དམ་པའི་སེམས་བསྐྱེད་ནི། །ཉི་ཟླའི་རྗེས་སོང་དེ་ཕྱིར་འདི་ཡི་སྣོད་དུ་མ་གྱུར་འགའ་མེད་ཀྱང༌། །


JLAZ004_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བས་བསྡུས་དང་སྨོན་པའི་འཁྲི་ཤིང་ཅན་ནི་མཚོ་ལ་ངང་ངུར་བཞིན། ༧ ། དེ་ཡི་དགེ་ཚོགས་རྙོག་པ་མེད་པའི་ཀླུང་ཆེན་ནི། །ཕན་བདེའི་གཞུང་ཤིང་ནུབ་པ་མེད་པའི་རྒྱལ་བསྟན་གཟིངས། །འགྲོ་ཀུན་ཉེར་འཚོའི་རྟ་གདོང་རྣ་རྒྱན་གཡོ་བ་དེའི། །བཞོན་པར་གྱུར་ནས་རིན་ཆེན་ཞི་བའི་གླིང་ཕྱིན་ཤོག །༨ ། སློབ་པ་ལམ་གྱི་གནས་སྐབས་ན་ཡང་རང་གཞན་དོན་ལ་གཡེལ་དེ་སྲིད། །བསླུ་བའི་ཆོས་ཅན་དབང་པོ་དྲུག་ཡུལ་ཚར་བཅད་དཔའ་བོའི་གནས་ཐོབ་སླད། །སེམས་ཀྱི་གླང་པོས་ཉེ་བར་སྤྱད་པའི་འདུ་འཛི་བརྒྱ་ཕྲག་ལས་ཐར་ནས། །ཞི་བའི་ནགས་སུ་ངེས་འབྱུང་འབའ་ཞིག་བརྩོན་འགྲུས་དམ་པའི་སྐུལ་མར་ཤོག །༩ ། ཚོར་བ་སིམ་པའི་བྲག་རིའི་ཁང་བཟང་སྨན་ཤིང་མེ་ཏོག་མྱུ་གུར་ལྡན། །བྱིས་དང་སྡིག་གྲོགས་རིང་པོར་བསྲིངས་ན་གསོག་དང་བསྲུང་དང་སྤེལ་བའང་མེད། །ཆགས་སྡང་ཚིག་གི་ཚེར་མ་གཞར་ལ་འབབ་ཆུ་ལྷུང་སྒྲ་སྒྲོག་པ་བཞིན། །བྱ་དང་རི་དྭགས་ཁྲོ་བ་མེད་དང་ལྷན་ཅིག་བསམ་གཏན་རོ་མྱོང་ཤོག །༡༠ ། མཁའ་ལྟར་རྒྱ་ཆེའི་རྣམ་མཁྱེན་ཤེས་རབ་ཞི་བདེའི་གནས་ལས་རིང་གྱུར་ནས། །བྱང་ཆུབ་


JLAZ004_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་བསླབ་པ་གསར་པ་སྟོན་ཟླའི་མཛེས་པ་ལས་འགོང་ཞིང༌། །ནོར་བུ་རིན་ཆེན་འབར་བའི་དཔལ་ལྟར་གཞན་ཕན་ཆོས་ཀྱི་འཁོར་ལོ་དང༌། །རླབས་ཆེན་ཕྲིན་ལས་ཞིང་ཁམས་རྒྱ་མཚོའི་རྡུལ་ལས་འདས་པའི་གནས་ཐོབ་ཤོག །༡༡ ། རྒྱུ་མེད་པར་ཡང་འགྲོ་ལ་མཉེས་གཤིན་རྒྱལ་དང་དེ་སྲས་མངོན་བརྗོད་དེ། །གང་ལས་ཤིན་ཏུ་ལུགས་ལྡོག་སྤྱོད་པ་སེམས་ཅན་རྣམས་ཀྱི་ཆོས་ཉིད་ཕྱིར། །བསླབ་པ་མཆོག་ལྡན་འོད་སྲུང་རྒྱལ་དེར་སེམས་ཀྱི་དམ་པ་མཆོག་བརྙེས་པས། །འཇུག་པའི་སྤྱོད་ལ་ཁྲོ་ཞིང་གཤུང་བའང་བདེ་བའི་ལམ་འབྲེལ་དོན་ཡོད་ཤོག །༡༢ ། ཆེས་དཀར་ལས་དང་མི་སྲུན་སྨོན་པས་མཚམས་སྦྱར་གང་ཡང་བྱང་ཆུབ་སེམས་དཔའི་ཕྲིན་ལས་ཕྱིར། །བདག་ཉིད་མཐོང་ཐོས་དྲན་ནམ་རེག་གམ་ལེགས་བཤད་ཐོས་དང་གཤེའམ་མི་སྙན་བརྗོད་ཀྱང་རུང༌། །མིག་མི་འཛུམས་པ་རྔ་སྒྲའི་དབྱངས་སྙན་བདེ་གཤེགས་རྒྱལ་བ་ཅན་དུ་དབུགས་དབྱུང་དེར་གྱུར་ཚེ། །འདུས་པ་དང་པོའི་འཁོར་དུ་ལྡན་ལ་རྣམ་མཁྱེན་བདུད་རྩིའི་དགའ་སྟོན་འགྱེད་པའི་བཀྲ་ཤིས་ཤོག །༡༣ ། ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྨད་ཆའི་ཡལ་འདབ་བཞི་ལ་འབྲས་བུ་སྔགས་ཀྱི་ཐེག་པ་རྒྱ་མཚོ་


JLAZ004_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་གཏན་ལ་དབབ་པའི་རྒྱ་ཆེར་འགྲེལ་རྣམ་པ་ཐམས་ཅད་མཁྱེན་པའི་ཤིང་རྟ་ཞེས་བྱ་བ་འདི་སྔོན་ནས་ས་སྐྱ་གོང་མ་རིན་པོ་ཆེའི་བཀའ་གནང་གི་ཐོག་སྐལ་ལྡན་གྱི་སློབ་མ་དམ་པ་ཆོས་རྗེ་བྲག་ཕུག་པས་རིན་ཆེན་གཉིས་པའི་མཎྜལ་བཀྲ་ཤིས་ཀྱི་རྟགས་ལྡན་མེ་ཏོག་ཁོར་ཡུག་ཅན་ལ་ནཻ་པ་ལའི་དོང་རྩེ་བརྒྱ་ཕྲག་གི་ཚོམ་བུར་ལྡན་པ་བཟང་གོས་ཀྱི་ལྷ་རྫས་བཟང་པོས་བཏེག་ནས་ནན་ཏན་ཆེན་པོས་གསོལ་བ་བཏབ་ཅིང༌། ཟིན་རིས་ལས་ཡི་གེ་གཉིས་པར་འབེབས་པའི་ངལ་བ་དང་ལེན་གྱི་རྟེན་ཅིང་འབྲེལ་འབྱུང་ཚོགས་པ་ལས། བ་ལང་ལྟ་བུའི་སྐྱེ་བོ་རྣམས་ཀྱིས་ཚུར་མཐོང་གི་སྣང་བ་དང་སྐལ་བ་མཉམ་པར་འགྲོགས་ཤིང༌། རྗེས་ལ་ཐོབ་པའི་ཤེས་རབ་ཀྱང་སྐྱོ་ཤས་དང་ངེས་འབྱུང་གིས་བསྲུང་བའི་བསམ་


JLAZ004_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་ངང་དུ་ཡིད་སྡུད་པ་ལས་ཉེ་བར་སློང་བའི་གྲུབ་འབྲས་རྒྱལ་བའི་ཕྲིན་ལས་སུ་ཤར་བ་འདི་ནི། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པས་རྗེས་སུ་བཟུང་བའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་ལྷས། དཔལ་ལྡན་པདྨ་འོད་གླིང་ཞེས་བྱ་བའི་བས་མཐའི་གཙུག་ལག་ཁང་དུ་སྦྱར་བའོ།། །།སྡེ༷་བཞིའི་རྒྱ་མཚོར་དགེ་བཅུའི་རི་དབང་སྟེང༌། །བསོད་ནམས་ཚོན་སྣ་བརྒྱ་ཡིས་རབ་མཛེས་པའི། །རྣམ་དཀར་དྲི་མེད་ཨ༷་མོ་ལི་ཀའི་ངོས། །འདོད་རྒུ་འཛོམ་པའི་གཟུགས་བརྙན་པ༷ར་གྱིས་ངོམ། །ཞེས་སོ།། །།


previousལེའུ་བཅུ་གསུམ་པའི་འགྲེལ་པ།next