Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
  collapse section
   
   
ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
   
   


 
previousཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།next

ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།


JLAZ004_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཀྱིས། །སྦྱིན་སོགས་སྤྱོད་པ་ཕལ་ཆེར་ཁྱད་བསད་ནས། །ལྟ་སྤྱོད་ཟུང་དུ་མ་འབྲེལ་ཆོས་ལུགས་ཤིག །སྔོན་དུས་བྱུང་མོད་དུས་འདིར་སུན་དབྱུང་ཟིན། །སྤྱོད་པ་མཆོག་ཏུ་འཛིན་པའི་བརྟུལ་ཞུགས་ཀྱིས། །སྟོང་ཉིད་ཟབ་མོའི་ལམ་ལ་སྐུར་པ་འདེབས། །འབྲས་དུས་སྐུ་གཉིས་ཟུང་འཇུག་ཐོབ་འདོད་ན། །རྒྱུ་དུས་ལྟ་སྤྱོད་ཟུང་འབྲེལ་ཉམས་སུ་མྱོང་། སྟོང་པར་འཛིན་པའི་རྟག་འཛིན་རྟོག་པ་དང་། །གསལ་ཆ་དོར་བའི་འཛིན་མེད་ལྟ་བ་གཉིས། །མཆོག་འཛིན་མང་ཡང་མཐར་ལྟའི་གཡང་དུ་ལྷུང་། །ལུང་རིག་མྱོང་བའི་ཡིད་ཆེས་བྲལ་བ་ཡི། །སྤྲོས་བྲལ་ལྟ་བའི་གྱ་ཚོམ་སྨྲ་བ་དག །རྒྱུ་འབྲས་ཆོས་ཀུན་སྟོང་པར་བལྟ་བ་ཡི། །སྤྲོས་བྲལ་ལྟ་བ་ཚུ་རོལ་མཛེས་པའང་སྨྲ། །གང་ཤར་སེམས་སུ་ལྟ་བས་གྲོལ་འདོད་ནི། །སྣོད་དང་བཅུད་ཀྱི་འཇིག་རྟེན་མ་ལུས་པ། །རྟག་བདག་གཅིག་པུ་དག་གི་རང་བཞིན་དུ། །འདོད་སེམས་ཉིད་སེམས་སྣང་གི་ཁྱད་པར་མ་ཕྱེད་པ། པའི་མུ་སྟེགས་གསལ་བ་ཅིས་མི་གྲོལ། །སྒྱུ་མར་ལྟ་བ་མུ་སྟེགས་བྱེད་ལའང་ཡོད། །མཐོང་བའི་ལམ་གྱུར་རྣམ་འགྱུར་སྒྱུ་མའི་དངོས། །གཙོ་བོའི་ངང་དུ་རྣམ་འགྱུར་ཀུན་ཐིམ་པས། །དེ་ལ་གྲངས་ཅན་


JLAZ004_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་ཐར་པ་ཟེར། །སྤྲོས་བྲལ་འདི་པ་ཁོ་ནའི་ཁྱད་ཆོས་མིན། །ཆོས་ཀུན་གདོད་ནས་རང་བཞིན་རྣམ་དག་དང་། །བྱང་བྱ་དོར་བྱའི་སྤྲོས་པ་ཀུན་བྲལ་བ། །ལྟ་བའི་ཡུལ་དུ་ཚངས་པ་པ་ཡང་འདོད། །མཐའ་བྲལ་ལྟ་བའང་ཕྱི་ནང་གཉིས་ཀ་འདོད། །རིག་བྱེད་མཐའ་བྲལ་བསྒྲུབ་པའི་མཐུན་དཔེར་ནི། །རྨི་ལམ་དྲི་ཟའི་གྲོང་ཁྱེར་འཛིན་པ་སོགས་དེ་འདྲའི་རྣམ་བཞག་རིག་བྱེད་པ་ཡང་སྨྲ། །སྟོང་པ་ཉིད་དང་སྤྲོས་ཀུན་བྲལ་བ་དང་། །གཉིས་མེད་བདེ་བ་ཟབ་ལམ་མཆོག་ཡིན་ཞེས། །ཐོས་ཆུང་གང་དག་མཆོག་ཏུ་འཛིན་ན་ཡང་། །དབང་ཕྱུག་པས་ཀྱང་དེ་ཀུན་གསལ་བར་འདོད། །རང་བཞིན་མ་གྲུབ་འཛིན་མེད་མི་རྟོག་ཅིང་། །ཅིར་ཡང་མ་གྲུབ་དྭངས་ལ་འགགས་མེད་པའི། །ལྟ་བའི་ཉམས་ལེན་ཞང་ཞུང་བོན་ལའང་ཡོད། །ལམ་གནད་འཁྲུལ་པས་གྲོལ་བ་ག་ལ་འགྱུར། །བདག་མེད་ལྟ་བ་ཐལ་རང་ལུགས་སོ་ཞེས། །འཆད་བྱེད་དེ་དག་ཐོས་པའི་རྣ་བ་བྲལ། །དེ་ཉིད་ཐེག་ཆེན་ཁོ་ནའི་ཁྱད་ཆོས་མིན། །དངོས་སྨྲའི་གཞུང་ལས་རང་རྒྱུད་བདེན་མེད་བཤད། །གང་ཤར་རང་སེམས་མདོ་སེམས་ཐུན་མོང་བ་། །གཟུང་འཛིན་འགོག་པ་རྣམ་རྫུན་དབུ་མའི་ལུགས། །གཉིས་


JLAZ004_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡེ་ཤེས་བདེན་གྲུབ་འགོག་པ་ཡི། །ལྟ་བའི་རྣམ་གཞག་དབུ་མ་ཆེན་པོར་འདོད། །འདུས་བྱས་མི་རྟག་ཕུང་སོགས་བདག་མེད་དུ། །ལྟ་བའི་རིམ་པས་འཇིག་ཚོགས་སྤོང་མི་ནུས། །འཛིན་སྟངས་འགལ་ཕྱིར་མ་རིག་འཇོམས་ནུས་པས། །དེ་དག་ནང་ནས་སྟོང་ཉིད་ལྟ་བ་མཆོག །མན་ངག་ལུགས་ལའང་བདག་དང་རྣམ་རིག་སོགས། །ཕྱི་ནང་འཚོལ་བའི་ལག་ལན་མང་མོད་ཀྱི། །ད་ལྟ་བོད་ན་གྲགས་པའི་སེམས་འཚོལ་གཅིག །བསམ་གཏན་དཀྲོག་པའི་རྣམ་གཡེང་ཆོས་སུ་མཐོང་། །གང་ཤར་སེམས་དང་སེམས་ཉིད་རང་ལུས་ཀྱི། །ཕྱི་ནང་ཀུན་ལ་རྣམ་པར་བཙལ་བ་ན། །བཙལ་བས་མ་རྙེད་ཡུལ་ཅན་ཤེས་རབ་སོགས། གནས་སྐབས་ཤིག་ཏུ་ལྟ་བར་འདོད་ན་ཡང་། །བློས་བྱོས་གཟུང་འཛིན་སྤྲོས་པ་ཀུན་བྲལ་བའི། །གཉུག་མའི་ཡེ་ཤེས་རང་ངོ་འཕྲོད་པ་ཡི། །ཤེས་པ་གསལ་དྭངས་རྟོག་མེད་ཡེ་ཤེས་དེ། །སྒྲུབ་བརྒྱུད་ཀུན་གྱི་བསྟན་པའི་གཙོ་བོ་ཡིན། །རྗེས་ཐོབ་དུས་སུ་ཐ་སྙད་དེ་ལྟ་ནའང་། །མཉམ་གཞག་དུས་སུ་མཐའ་བྲལ་ནམ་མཁའི་དབྱིངས། །བལྟ་བྱ་བྱ་བྱེད་སྒྲ་རྟོག་འཇུག་ཚུལ་ཡིན། །


JLAZ004_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའི་དོན་དུ་ཆུ་དང་དཔའ་རླབས་བཞིན། །ཞེས་གསུངས་པས་གོ་ལ། འདིར་རང་བཞིན་འོད་གསལ་བའི་སོ་སོར་རྟོག་པའི་ཤེས་རབ་ནི་གང་ཡིད་ལ་བྱར་མེད་པ་དང་། །དྲན་པ་མེད་པས་ཀྱང་སེམས་མེད་པའི་གནས་སྐབས་ལྔ་ལྟར་མ་སྤངས་ལ། མ་སྤངས་པའི་ཁས་ལེན་ལ་རོ་མྱང་བའི་འཛིན་སྟངས་ལ་སོ་སོར་རྟོག་པའི་ཤེས་རབ་ཏུ་མིང་སྙན་པོར་བཏགས་པའི་ཤེས་བྱའི་སྒྲིབ་པའང་མཐན་ཉིད་སྒོམ་སྟོབས་ཀྱིས་དག་པས་གླེན་པ་གོམས་པའི་ཡིད་ལ་བྱེད་པ་མེད་པ་དང་། དྲན་པ་མེད་པའང་མ་ཡིན་པས་ཆོས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་ཀྱིས་མ་གྲུབ་པའི་བརྗོད་བྲལ་དབུ་མ་ཆེན་པོའི་ལྟ་བ་ལུང་རིག་དང་འབྲེལ་བ་ཉིད་མན་ངག་རྫོགས་པ་ཆེན་པོའི་སྒོམ་པ་ཡིད་བྱེད་དང་བྲལ་བས་བསྐྱང་བ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། སེམས་ནི་སངས་རྒྱས་ཐམས་ཅད་ཀྱི། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །རང་བཞིན་མེད་པའི་རང་བཞིན་ལ། །ཅི་ལྟ་བུ་ཞིག་གཟིགས་པར་འགྱུར། །ཞེས་དང་། ཨ་ཏི་ཤས། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་ཅི་ཡང་མི་གཟིགས་ཏེ། །དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱི་ཡུལ་མི་མངའ་བའི་ཕྱིར་རོ། །ཞེས་པ་ལ་སོགས་ཅིག་ཆར་འཇུག་པའི་གྲུབ་


JLAZ004_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཁས་བླང་པ་ཡིན་ནོ། །ཞེས་པའང་མདོ་ཁམས་པ་དགེ་སློང་གཅོད་པ་ཅན་བཞིས་བསྐུལ་ཞིང་དྲིས་པའི་དོར་ལྔ་བརྒྱར་ཐ་མ་ལ་གངས་རིའི་ཁྲོད་ན་རང་བཞིན་རྫོགས་པ་ཆེན་པོའི་གྲུབ་མཐའ་འཛིན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱིས་གདམས་པའོ། །སྐྱབས་བསླུ་མེད་ཀྱི་མགོན་པོ་ཨོ་རྒྱན་རྗེ། །དྲིན་འཁོར་མེད་ཀྱི་རྒྱལ་བ་ཀློང་ཆེན་པ། །དུས་རྟག་པར་སྙིང་ལ་འདུ་འབྲལ་མེད། །དེ་རིང་སྤྱི་བོའི་རྒྱན་དུ་བཞུགས། །དབུས་གཡོ་རུའི་སུལ་གྱི་རྣལ་འབྱོར་དང་། །བྱང་ས་མཐར་སྐྱེས་པའི་ཨ་དྲག་པ། །སྔར་གོ་ཐོས་མེད་ལ་ཕྲད་པ་འདི། །ཚེ་སྔོན་གྱི་ལས་འབྲེལ་ཞིག་ཡིན་ལས་ཆེ། །དོན་རིག་ཐོག་ཏུ་ཉམས་རྟོགས་ཤན་ཕྱེད་པའི། །ངའི་དམ་ཆོས་རྫོགས་པ་ཆེན་པོ་འདི། །མི་ཁྱོད་ལ་སྦ་བསྲི་མེད་པར་བསྟན། །རིག་པ་ཅེར་མཐོང་དུ་མཁྱེན་ལགས་སམ། །ཁྱོད་གཅིག་ཏུ་མི་ལུས་རིན་ཆེན་ཐོབ། །གཉིས་སུ་དམ་པའི་ཆོས་དང་མཇལ། །གསུམ་དུ་མན་ངག་ཐོས་པ་འདི། ད་ལོང་ཡོད་དུ་ཕྱི་ཐལ་བྱས་ན་ཕངས། མི་མང་པོའི་གསེབ་ཏུ་ཆགས་སྡང་འཕེལ། །ཡུལ་གྱི་སྣང་བ་བསླུ་བྲིད་མཁས། །བསམ་པ་བཟང་པོའང་རྐྱེན་གྱིས་འགྲིབ། །བློ་ཐག་ཆོད་ལ་དབེན་


JLAZ004_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

པར་སོང་། །གནས་གང་དུ་སླེབས་པ་ཙམ་གྱིས་ཀྱང་། །དལ་འབྱོར་རྙེད་དཀའ་འཇིག་སླ་དང་། །ལས་འབྲས་ཀྱི་བླང་དོར་ཤུགས་ལ་འབྱུང་། །འཁོར་འདས་ཀྱི་སྐྱོན་ཡོན་མཚང་རིག་པ། །རང་གཅིག་པུར་བསྡད་པའི་ཡོན་ཏན་ཡིན། །ངན་སོང་གི་སྡུག་བསྔལ་ལྟ་ཅི་སྨོས། །ཁོང་འཇིག་རྟེན་པའི་དཀའ་ལས་ཙམ་མཐོང་ཡང་། །ཆོས་མི་བྱེད་པའི་རང་དབང་ག་ལ་ཡོད། །རང་ཞི་བདེ་དོན་གཉེར་དང་མ་ནོར་བ་གཅེས། །དཀོན་མཆོག་ལ་སྙིང་ནས་བློ་ཁེལ་བ། །ཀུན་རྫོབ་ཀྱི་སྐྱབས་འགྲོའི་མདོ་འགག་ཡིན། །སྐྱབས་ཡུལ་རང་སེམས་སུ་རྟོགས་ཙ་ན། །ཆོས་ཉིད་ཀྱི་བདེན་པ་མཐོང་བ་ལགས་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་སེམས། །སྙིང་རྗེ་མེད་ན་ཉན་རང་དུ་གོལ། །གཞན་དོན་དུ་ལུས་སྲོག་འདོར་ཕོད་པ། །དེ་སྲིད་དུ་སེམས་བསྐྱེད་དང་མི་འབྲལ་འཚལ། །སྙིང་རྗེ་མེད་པའི་སྟོང་ལྟ་དང་། །བསྐྱེད་རྫོགས་བཟླས་བརྗོད་ཀྱིས་ལམ་མི་ཆོད། །མོས་གུས་མེད་པའི་བླ་གྲུབ་ཀྱང་། །ཉམས་རྟོགས་སྐྱེ་བ་ལ་ཕན་རྒྱུ་ཆུང་། །མོས་གུས་ཀྱི་བླ་མ་དབང་དུ་འདུ། །ཐུགས་ཡིད་གཅུག་ཏུ་འདྲེས་ཙ་ན། །བླ་མའི་རྟོགས་པ་སློབ་མ་ལ་འཕོ། །རང་བྱུང་ཡེ་ཤེས་བློ་ལས་འདས། །སྣང་བའི་བདེན་


JLAZ004_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་མ་ལོག་ན། །འཁོར་འདས་རུ་ཤན་འབྱེད་པ་དང་། །སྟོང་པའི་ཉམས་ལ་ཞེན་གྱུར་ན། །གསལ་ཆ་ལྷ་ཀུན་ལྟ་བ་ཟབ། །རིག་པ་གཤིས་ཐོག་ཏུ་མ་ཕེབས་ན། །ཚིག་དོན་གོ་བ་སྤྲོས་པ་ཡིན། །ཡིད་ལ་བྱེད་པ་རྣམ་རྟོག་ལགས་བལྟ་བྱ་ལྟ་བྱེད་དེ་སྲིད་དུ། །གནས་ལུགས་རྟོགས་པ་ངས་མ་མཐོང་། །ཀུན་འབྱུང་སྒོམ་པའི་སྒོམ་ཆེན་ལ། །རྫོགས་ཆེན་གྱི་ལས་འཕྲོ་ཅིག་མེད་ཀྱིས་དགོས། །དེ་བས་གནད་དོན་འདི་ཉོན་ཅིག །ཅེར་གྱིས་ཟིན་པའི་རིག་པ་ལ། །ངོ་བོ་ངོས་གཟུང་ཐ་སྙད་མེད། །ཡོད་དང་མེད་པའི་མཐའ་ལས་གྲོལ། །ཡིན་དང་མ་ཡིན་གཉིས་སུ་མེད། །དྭངས་ལ་ཡུལ་མེད་ཟང་ཐལ་ལེ། །གསལ་ལ་འཛིན་མེད་རྗེན་ལྷག་གེ། །རང་བཞིན་མེད་ལ་མ་འཁྲུལ་བ། །ལྟ་བ་ཡིན་ལ་མཁྱེན་པར་མཛོད། །དེ་ལྟར་རྟོགས་པའི་ཆོས་ཉིད་ལ། །བཅོས་བསླད་མེད་པའི་དྲན་པ་འདི། །བྱིང་རྒོད་མེད་པར་རང་གསལ་ལ། །སྒོམ་པའི་ཐ་སྙད་ཙམ་ཏུ་བཏགས། །ཅིག་ཅར་བ་ལ་རླུང་སེམས་ཀྱིས། །སྤུར་བའི་སེམས་རྒྱུན་མ་མཆིས་པས། །རིག་པ་ཅེར་ཡན་ཤེས་པས་ཆོག །རིམ་གྱིས་པ་ནི་བློ་དངོས་ཀྱི། །ཞི་ལྷག་ཟུང་འབྲེལ་སྒོམ་པ་


JLAZ004_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གནད། །ཤེས་པ་རྩེ་གཅིག་གཞི་གནས་ལ། རང་བཞིན་ཤེས་པ་ལྷག་མཐོང་ཡིན། །རྣམ་པ་དཔྱོད་ན་དེ་ཡི་སྐྱོན། །ཚོགས་དྲུག་འགགས་པའི་དྲན་མེད་དང་། །དྲན་ཀྱང་ཡུལ་སྣང་འགགས་པ་ནི། །ཞི་གནས་རྐྱང་པར་གོལ་བ་སྟེ། །སྐྱེ་མཆེད་མུ་བཞིའི་སེམས་ཡིན་ནོ། །གསལ་སྟོང་ཙམ་དུ་ངོས་ཟིན་ཡང་། །རིག་པའི་རང་བཞིན་བློ་འདས་ཀྱི། །སྤྲོས་བྲལ་ཆེན་པོར་མ་རྟོགས་མ། །གཟུགས་ཁམས་བསམ་གཏན་ཉིད་དུ་གོལ། །དེ་ཕྱིར་དབང་པོ་མ་འགགས་ལ། །ཤེས་པ་ཡུལ་དང་མ་འདྲེས་ན། །དབང་སྐྱེས་བློ་ཡི་རྣམ་པ་མེད། །ང་ནི་སེམས་ལས་འདས་པ་ཡི། །རིག་པ་བློ་འདས་ཆེན་པོ་སྟེ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །གཤེགས་ཤུལ་ཡིན་ནོ་སྙིང་ལ་ཕུར། །དེ་ཚེ་རྣམ་རྟོག་ཅི་ཤར་ཡང་། །རྗེས་སུ་མི་འབྲེང་སྤང་མི་བྱ། ། དགག་དང་བསྒྲུབ་པ་གཉིས་ཀ་མིན། །ཤར་ས་སྐྱེ་མེད་བློ་བྲལ་གྱི། །རང་བཞིན་ཉིད་ལས་མ་གཡོས་བཞིན། །ཆུ་དང་རླབས་བཞིན་རོ་གཅིག་འགྱུར། །དེ་ལ་ཤར་གྲོལ་རིས་མེད་ཟེར། །དེ་ལྟར་གོམས་ན་སྣང་སེམས་གཉིས། །ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དུ་མ་རོ་གཅིག་འདྲེས་གྱུར་ནས། །ལས་དང་བག་ཆགས་


JLAZ004_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་སྟོངས་ཤིང་། །གཟུང་འཛིན་གཉིས་མེད་ཆོས་སྐུའི་ཞལ། །ད་ལྟ་ཉིད་དུ་མཐོང་འགྱུར་པ། །རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན། །འདི་དོན་རྟོགས་ནས་ཚེ་གཅིག་ལ། །གྲོལ་བའི་འབྲས་བུ་ཐོབ་པར་ཤོག །ཅེས་བའང་འབྲི་གུང་ཡང་རི་སྒར་པ་དཀོན་མཆོག་ཆོག་ཆོས་དར་གྱིས་བསྐལ་བའི་ངོར་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་ལྷས་པདྨ་འོད་གླིང་དུ་སྙིང་གཏམ་དུ་གདམས་པའོ། རྒྱལ་བ་གཉིས་པའི་ཞབས་ལ་འདུད། །ཁྱེད་ལྷོ་རྒྱུད་ནས་བྱོན་པའི་བུ་སློབ་གཉིས། །འགྲོ་ཁའི་ཞལ་གདམས་སྙིང་ལ་ཕུར། །སླར་དལ་རྟེན་ཙམ་ཐོབ་པ་མང་ལགས་ཏེ། །འབྱོར་པའི་ཁྱད་པར་ཚང་བ་ནི། །ཆོས་པའི་ཁྲོད་ནའང་ཉུང་བ་འདིར། །དཔྱད་ནས་ཆོས་ལ་བརྩོན་འགྲུས་ཀྱི། །བསྐུལ་མ་ཞར་དང་ཞོར་ལ་མཛོད། །སྙིགས་མའི་དུས་ཀྱི་བསྟན་པ་ཡང་། །སྡེ་དང་དཔུང་དང་གཟི་བརྗིད་ལ། །རེ་བ་འདི་ནི་སྐྱོ་བའི་གནས། །དེ་ཕྱིར་རང་རེ་དབེན་པ་ལ། །སྤྲོ་བ་གཅུག་པུའང་ཚེ་སྔོན་གྱི། །ལེགས་སྨོན་སྔོན་དུ་སོང་བའི་ཕྱིར། །རང་རྒྱུད་ཆོས་དང་ཅི་འདྲེས་མཛོད། །ཚེ་འདིར་འབའ་ཞིག་དོན་གཉེར་བཞིན། །ཆོས་བརྒྱད་སྒྲུབ་པའི་ཐོས་བསམ་དང་། །སྦྱིན་དང་ཚུལ་ཁྲིམས་ལ་སོགས་ཀྱང་། །ཐར་


JLAZ004_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་རུ་མི་འགྲོ་བས། །ཆོས་ཀྱི་གནད་འགག་ཤེས་ཀྱང་འཚལ། །ངེས་འབྱུང་བློ་དང་མ་འབྲེལ་ན། བཙུན་ཚུགས་ལྟར་སྣང་མཛེས་ཁྲིགས་དང་། །དབེན་པར་རི་ཚུགས་ཟིན་པ་ཡང་། །མངོན་པའི་ང་རྒྱལ་སྐྱེད་པའི་རྒྱུ།་།དེ་ཕྱིར་རྣམ་པ་ཐམས་ཅད་དུ། །གོང་མའི་ཡོན་ཏན་དཔེར་བཞག་ནས། །རང་རྒྱུད་ཆོས་དང་འདྲེས་མ་འདྲེས། །འདི་ལ་རྟོག་དཔྱོད་མཛོད་ཅིག་ཨང་། །བྱ་བ་ཅི་བྱེད་གཞན་ཕན་དང་། །འབྲེལ་བའི་སེམས་ཀྱིས་མ་ཟིན་ན། །སྙིང་རུས་ཆེ་ཡང་ཐེག་དམན་གོལ། །དེ་ཕྱིར་བྱང་ཆུབ་སེམས་གཉིས་ལ། །ཆོས་དོན་གནས་པ་མཁྱེན་པར་མཛོད། །དབེན་པར་ཆོས་བཞིན་སྤྱད་ན་ཡང་། །ཉམ་ཆུང་གྱུར་ན་སུན་འབྱིན་ཞིང་། །གཞན་ཕན་འགྲུབ་ན་གཉའ་གནོན་པའི། །རིགས་འདི་དེང་སང་མང་བའི་ཕྱིར། །དེ་ལ་ལོག་སྒྲུབ་བཟོད་པ་ཡི། །སྙིང་སྟོབས་གོ་ཆ་བགོས་དགོས་སོ། །ཚེ་ནི་མི་རྟག་མགྲོན་པོ་འདྲ། །བློ་ནི་འགྱུར་བཅས་ཤིང་ཁའི་བྱ། །དེ་བཞིན་དགྲ་གཉེན་ཕྱོགས་རིས་ཀྱང་། །ཡིད་བརྟན་མེད་པའི་གནས་ཚུལ་ལ། །རྟག་བརྟན་ཐེར་ཟུག་སྤོངས་ཤིག་ཨང་། །གཞན་གྱིས་བསྙེན་བཀུར་བྱུང་བའི་ཚེ། །མངོན་པའི་ང་རྒྱལ་སྐྱེས་དོགས་དང་། །སེམས་ཅན་གཞན་དོན་འགྱུར་སྲིད་ན། །བློ་སྣ་ཧ་ཅང་གཏུམ་མ་དྲག །


JLAZ004_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་སྙིང་རྗེ་རྒས་པ་ནི། །ཞེ་སྡང་འགྱུར་པའི་དཔེ་ཚུལ་འདི། །ལེགས་པར་བརྟགས་ནས་ཆོས་ལམ་དང་། །མཐུན་པའི་དམ་བཅའ་འབྲལ་མི་བྱ། །ཀུན་ཏུ་འགྱུར་བ་མེད་པ་ནི། །རིག་པའི་དེ་བཞིན་ཉིད་ཡིན་པས། །གནས་ཚུལ་གཤིས་ལ་ཕེབས་པའི་ཚེ། །གང་ལྟར་བྱས་ཀྱང་ཉམ་ང་མེད། །ཁོ་བོ་རང་ལོ་དྲུག་པ་ནས། །སངས་རྒྱས་བསྟན་པའི་སྒོ་རུ་བཞུགས། །ཞུགས་ཙམ་ཉིད་ནས་སྐྱོ་ཤས་དང་། །ངེས་འབྱུང་སྙིང་རྗེ་ལྡན་མོད་ཀྱང་། ཀྱང་། བློ་དང་ཆོས་སུ་འདྲེས་པ་ནི། །ཉི་ཤུ་རྩ་ལྔ་ལོན་ལོན་མེད། །རྩ་ལྔའི་ལོ་ལ་གཞི་གནས་ཀྱིས། །འཇོག་ཚུལ་ཅུང་ཟད་ཤེས་ན་ཡང་། །ཉི་ཤུ་རྩ་བརྒྱད་ལོན་གྱི་བར། །འཇིག་རྟེན་པ་ཡི་བསམ་གཏན་ལས། །རིག་པ་འདི་ཉིད་དངོས་མ་མཐོང་། །དེ་ལྟའི་དུས་ནའང་སེམས་ཉིད་ཀྱིས། །གནས་འགྱུར་ང་གྲོལ་ཤེས་པ་ལས། །འདི་ལས་ལྷགས་པའི་གནས་ལུགས་ནི། རྟོགས་སུ་མེད་མཉམ་ཡོད་པའི་ཕྱིར། །དེ་ག་ཤེས་བྱའི་སྒྲིབ་པ་ནི། །ཆེ་ཤོས་ཉིད་དུ་སྣང་བའི་ཚེད། །ཀུན་མཁྱེན་ཉིད་དང་མཇལ་ནས་རྟོགས། །བསྒོམ་བྱ་སྒོམ་བྱེད་དངོས་བྲལ་བའི། །རྟོགས་པ་བརྒྱད་ལ་སྐྱེས་པའི་ཚེ། །རེ་དོགས་རང་བཞིན་མེད་པར་


JLAZ004_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ། །ཆོས་རྣམས་ཀུན་གྱི་དེ་ཉིད་ཤེས། །བླང་དོར་མེད་པར་སྤྱོད་པ་བསྐྱངས། །སྒྲོ་བཀུར་བྱུང་ཡང་ཉམ་ང་མེད། །གཞན་ཕན་འབའ་ཞིག་རྒྱུད་ལ་འཆར། །དེ་ཚེ་ཁྱོད་ཅག་དང་བཅས་པའི། །སློབ་མ་ཆོ་ག་དོན་གཉེར་བ་ཡང་། །དབུས་གཙང་ཁམས་གསུམ་ཀུན་ནས་འདུས། །ཀུན་ལ་ཕན་སེམས་འབའ་ཞིག་བྱས། །སྐྱིད་ལ་སོས་དལ་རྣལ་འབྱོར་ང། །ད་ལྟ་ཤི་ཡང་མི་འགྱོད་ཙམ། །དེ་ཕྱིར་ཁྱོད་ཅག་དད་ལྡན་ཡང་། །ཕ་རྗེས་བུ་ཡིས་ཟིན་པར་མཛོད། །ཅེས་པའང་ལྷོ་རྒྱུད་འབྲུག་པའི་ཕྱོགས་ཀྱི་སྙིང་གི་བུ་སློབ་ཝང་འཇིགས་མེད་ཀུན་གྲོལ་དང་། རིན་ཆེན་རྡོ་རྗེ་དེངས་ཁར་ཞལ་གདམས་ཤིག་བསྐུལ་བའི་དོན་དུ་རིག་འཛིན་འཇིགས་མེད་གླིང་པས་སོ། བདེ་གཤེགས་སྙིང་པོ་ཟེར་བ་དེ། མ་བཅོས་སྤྲོས་བྲལ་གྱི་ལྟ་བ་ཡིན། །དེ་སེམས་དང་སེམས་བྱུང་གི་བག་ཆགས་གློ་བུར་བ་དང་འདྲེས་པའི་སེམས་ཅན་དུ་སོང་བ་ལ་འཁོར་བར་འཁྱམས་པ་ཟེར། །དེའི་ཡིན་ལུགས་བླ་མས་ངོ་སྤྲད། །དབང་བསྐུར་ནས་རྒྱུད་བྱིན་གྱིས་བརླབས་པ་དེ་སྒྲིབས་གཡོག་གསལ་བ་ལྟ་བུ་ཡིན། །སེམས་ངོ་ཕྲོད་པ་དེ་དྲན་པས་བསྐྱངས་དགོས་པས་སྙིང་གར་བླ་མ་དང་དྲན་པ་གཉིས་མེད་གཅིག་


JLAZ004_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དྲན་ཤེས་ན་དེ་ལ་མོས་གུས་ལམ་དུ་ལྷོངས་པ་ཟེར། མོས་གུས་ལྷང་ངེ་བ་དེ་ག་མ་བརྗེད་ཕྱིན་སྟོང་སང་ངེ་བ་ཞིག་དེའི་བླ་ལ་མི་དགོས། །མོས་གུས་དེའི་གྲོགས་བརྩོན་འགྲུས་ཡོད་པའི་མི་ལ་བླ་མའི་གདམས་ངག་དྲན་པ་དྲན་བཞེས་བྱ་བ་དེ་ཡང་ཡོང་། དེ་བྱུང་ན་དང་པོར་དབང་བའི་དད་པས་བྱིན་བརླབས་འཇུག་ཅིང་། ངེས་སྒྲིབ་པ་དག་པའི་རྒྱུ་བྱས། འཆི་ཀའམ། བར་དོ་ལ་སོགས་སྟུག་ཐུག་པའི་སྐབས་སུའང་བླ་མ་དྲན་ཡོད་པས་དེ་ཙ་ན་དད་པས་ཁམས་གསོས་པ་ཞེས་པ་དེ་རྒྱུད་ལ་ཁེལ་ཡོད། དེའི་ཚེ་ན་སེམས་ཅན་གཞན་གནས་ལུགས་མ་རྟོགས་པ་དང་། སྐྱེས་བུ་དམ་པ་ལ་མི་རྟེན་པ་རྣམས་སྡུག་བསྔལ་གྱིས་རྒྱུ་འབྲས་ལ་ལྡོག་མི་ཤེས་པ་རྣམས་ལ་སྙིང་རྗེ་དབང་མེད་དུ་སྐྱེ། དེས་བསོད་ནམས་ཀྱི་ཚོགས་རླབས་པོ་ཕྲལ་ལ་རྫོགས་ནས་འབྲས་བུའི་བདག་ཉིད་བློ་འདས་ཀྱིས་དྲན་པ་ཡོད་མི་ཤེས་པ་ཞིག་ནང་ནས་འཆར། དེ་གའི་ངང་ལ་ཞག་པས་ས་ལམ་གྱི་ཡོན་ཏན་ཐ་སྙད་ཙམ་དུ་སོང་ནས་བླ་མའི་རྟོགས་པ་སློབ་མ་ལ་འཕོས་ནས་སྒོམ་བྱ་སྒོམ་བྱེད་མེད་པའི་རྟོགས་པ་གཤིས་ཐོག་ཏུ་ཕེབས་པ་ལ་ཐུགས་ཡིད་འདྲེས་པ་ཟེར། སྙིང་གཏམ་ཡིན་ནོ། བསླབ་


JLAZ004_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྙིང་གི་མུན་སེལ། དུས་གསུམ་སངས་རྒྱས་ཀུན་གྱིས་ཕྲིན་ལས། །གཅིག་བསྡུས་རིག་འཛིན་པདྨ་ཀཱ་ར། །གནགས་རིའི་ལྗོངས་ཀྱིས་རེ་ལྟོས་འཆའ་ས། །ཁྱེད་ལ་གུས་པས་གསོལ་བ་འདེབས་སོ། །རྗེས་འཇུག་བུ་ལ་ཀྠུགས་རྗེས་གཟིགས་ཤིག །བག་ཡོད་དད་ལྡན་ནོར་བུའི་མཚན་ཅན། །གྱ་གྱུའི་འདུ་ཤེས་རྣལ་མར་ཞིག་ལ། །བརྩེ་གདུང་གུས་པའི་འདུན་པ་དྲག་པོས། །བྱ་བྲལ་ཁོ་བོའི་དག་ལ་ཉོན་དང་། །ཐོག་མཐའ་མེད་པར་འཁོར་བའི་རྒྱ་མཚོར། །བསྒྱུར་མཁན་མ་རིག་བདག་འཛིན་ཡིན་ནོ། །ང་མེད་ཅིག་ལ་ང་ཡིར་གཟུང་ནས། །རིག་པ་ཡུལ་གྱིས་རྐྱེན་ལ་ཤོར་བས། །ལས་ལུས་བླངས་ཏེ་དུཁས་མནར་རོ། །ཚེ་འདིའི་བྱ་བ་རྨི་ལམ་སྒྱུ་མ། །ཤིན་ཏུ་མི་རྟག་རྩ་ཟིལ་གློག་དང་། །ཆུ་བུར་ལྟ་བུར་ཡེ་མ་བརླ་ཡང་། །རྟོག་པར་བཟུང་ནས་གཅེས་སྤྲས་བྱས་པས། །ལས་ཉོན་སྡིག་སྒྲིབ་གཉའ་བར་ཞོན་འདུག །སོ་དཀར་གཞོན་པའི་མི་ཚེ་ཡད་ཡུད། །མ་ཚོར་ངང་ལ་ཟད་ནས་གདའ་བས། །འཆི་བདག་བདུད་པོ་ནམ་ཡོང་མེད་པ། །དུར་ཁྲོད་ཤི་བའི་རོ་ལ་གཟིགས་དང་། །ཅུང་ཟད་འཚོ་རིང་བགྱི་བ་མཐའ་དག །ངན་འགྲོ་འཁོར་བ་སྡུག་བསྔལ་བསྒྲུབ་བཞི། །དགྲ་གཉེན་མི་རྟག་ནམ་མཁའི་འཇའ་


JLAZ004_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན། །ངན་སྤྲོད་རི་རུངས་སྣ་དགུ་དར་བས། །སྙིགས་མའི་ལུང་བསྟན་ཐོག་ཏུ་འབབ་འདུག །ཅིས་ཀྱང་དགོས་མེད་འཆི་བ་སོགས་ཤིག །དུས་ངན་ལོ་རེ་ལོ་རེར་འབྱིན་འདུག །མི་སྤྱོད་ཟླ་རེ་ཟླ་རེར་འགྱུར་ཅིག །འཆི་བདག་ཞག་རེ་ཞག་རེར་ཉེ་བས། །འཁོར་བ་འདི་ལ་ཆགས་དགོས་མི་འདུག །ཕ་བཞིས་འཛིན་ལ་སྙིང་སྟོབས་བསྐྱེད་ཀྱང་། །བསྐལ་པར་བསགས་པའི་སྡིག་ལྟུང་མི་འདག །གཉེན་བཤེས་བུ་ལ་དུང་སེམས་ཆེ་ཡང་། །ལམ་སྣ་མི་འདྲེན་འཁོར་བའི་གཏིང་རྡོ། །འདི་འདྲ་མཁྱེན་ནས་ཟས་གཙང་སྲས་པོས། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བཞག་ནས། །ནགས་ཁྲོད་དབེན་པར་ཆོས་ལ་བྲོས་སོ། །འཆི་བ་མི་དྲན་རང་རྒྱུད་གྱོང་པོའི། །འདུས་བྱས་དགེ་རྩ་མིག་རུ་ཟང་ཟང་། །བྱས་ཀྱང་ང་རྒྱལ་འཁོར་བའི་རྒྱུ་ལས། །དུག་ལྔའི་གཉེན་པོར་སོང་བ་མ་ལགས། །ད་ལྟ་གསོན་དུས་ལྷ་ཆོས་མེད་པའི། །ཤི་ནས་རོ་ལ་བྱང་ཆོག་དབང་བསྐུར། །ཕན་ཕན་འདྲ་ཡང་ཆུས་ཁྱེར་གླིང་ལ། །རགས་རྒྱགས་བཞིན་དུ་འཕྱིས་ནས་མི་འདུག །མི་ཁོམས་བརྒྱད་དུ་སྐྱེ་བ་བླངས་ན། །ཆོས་དང་ལས་འབྲེལ་ཡོད་པ་མ་ལགས། །གངས་ཅན་མུན་གླིང་དམ་ཆོས་དར་བས། །དགའ་


JLAZ004_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཙམ་བྱུང་མཁྱེན་པ་ལགས་སམ། །ལས་ཀྱི་འཇུག་སྒོ་སྐྱབས་འགྲོ་སེམས་བསྐྱེད། །ཁ་སྟོན་བྱས་པ་གཅིག་པོས་མི་མཆོག །དེ་ཡི་སྤང་བླང་བསླབ་བྱའི་ཚོགས་ལ། །ཕྲ་ཞིབ་མཛེས་པ་དོན་གྱི་སྙིང་པོ། །འཇིག་རྟེན་དཔོན་དང་ལྷ་འདྲེ་ཆེན་པོས། །འཁོར་བའི་སྡུག་བསྔལ་སྐྱོབ་པ་མ་ལགས། །མཆོག་གསུམ་རྩ་གསུམ་སྐུ་གསུམ་རྒྱ་མཚོར། །ཁྱེད་ཤེས་དད་པས་བློ་རྩ་ཐོད་ཅིག །ཕ་མར་མ་གྱུར་སེམས་ཅན་མེད་པ། །རྒྱལ་བས་གསུང་རབ་ཀུན་ཏུ་སྔགས་མོད། །དེ་ཕྱིར་ངན་སེམས་འབུར་འཇོམས་བཏང་ནས། །དགྲ་བརྙན་བར་མར་ཕན་སེམས་སྒོམས་ཤིག །སྔོན་བྱོན་རྒྱལ་དང་གྲུབ་ཐོབ་གོང་མས། །ལུས་སྲོག་གཞན་དོན་བྱིན་པར་ནུས་མོད། །སོ་སོའི་སྐྱེ་བོས་དེ་ལྟར་དཀའ་ཡང་། །བཟོད་པ་བསྒོམས་ལ་ཕྱི་ཐག་སྲིང་ཞིག །མི་དཔོན་ཆེན་པོའི་སྡེ་རིས་ཐམས་ཅད། །ཉམས་ཆུང་འབངས་ལ་ཉལ་ཐག་གཅོད་ལ། །སྙིང་རྩེའི་སེམས་དང་བྱམས་སྐྱོངས་མི་འདུག །རང་དཔེ་ལོང་ལ་གཞན་གནོད་སྤོངས་ཤིག །སྡིག་སྒྲིབ་ཉེས་ལྟུང་འཁོར་བའི་ས་བོན། །བྱས་དང་དེ་བཞིན་བསམ་གྱིས་མི་ཁྱབ། །སྟོབས་བཞིའི་མན་ངག་གནད་དུ་ཚུད་ནས། །ཡིག་


JLAZ004_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱའི་གཉེན་པོས་མཐའ་འདོད་མཐོང་ཞིག །སངས་རྒྱས་ཐོབ་ལ་ཚོགས་གཉིས་བསགས་དགོས། །དེ་ཡིས་གནད་ཟབ་མཎྚལ་འབུལ་བ། །ཡིད་ཀྱིས་སེར་སྣའི་བདུད་པ་ཁྲོལ་ལ། །དབང་ཟབ་ལོངས་སྤྱོད་ཚེས་ཕྱིར་ཕུལ་མཛོད། །དད་པ་མེད་ན་བྱིན་རླབས་མི་འཇུག །དམ་ཚིག་ཉམས་ན་དངོས་གྲུབ་མེད་པས། །རྒྱལ་ཀུན་འདུས་ཞལ་རྩ་བའི་བླ་མར། །ངོ་ལྐོག་མེད་པའི་གསོལ་འདེབས་རེམས་ཤིག །བསྐྱེད་རིམ་བསྒོམས་པ་གཟུགས་སྐུའི་ཉེ་ལམ། །རྫོགས་རིམ་བསྒོམ་པ་ཆོས་སྐུའི་ངོ་བོ། །ཡ་བྲལ་མ་ཡིན་སྙན་བརྒྱུད་བཞིན་དུ། །ཨ་འཐས་གཉིས་སྣང་ཟུང་འཇུག་སྒོམས་ཤིག །མདོ་སྔགས་རབ་འབྱམས་ཆོས་སྒོ་མཐའ་དག །རྒྱལ་བའི་གདུལ་བྱའི་བློ་ངོར་བསྟན་མོད། །ལོག་ལྟ་ཅན་གྱི་རྗེས་སུ་འབྲངས་ནས། །ཆོས་ལ་གཤེ་བའི་ལས་ངན་སྤོངས་ཤིག །སེམས་ཀྱི་འབྱུང་གནས་འགྲོ་གསུམ་བརྟགས་པའི། །མ་གྲུབ་སྟོང་སྐད་ཧར་པོ་འདི་བཀོས། །ལས་འབྲས་ཁྱད་གསོད་རྟེན་བྱེད་མང་བས། །སྟོང་ཉིད་རྒྱུ་འབྲས་ཤར་བར་མཛོད་ཅིག །དང་པོའི་ལས་ཅན་ཇི་ལྟར་བཟང་ཡང་། །ཉོན་མོངས་རང་གྲོལ་


JLAZ004_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དཀའ་བས། །བདེ་སྡུག་བཟང་ངན་དགྲ་མཉེན་ཤར་ཚེ། །དེ་ལ་བྱུང་གནས་འགྲོ་གསུམ་འཚོལ་ཞིག །བཟང་བོར་ཤར་ཡང་སེམས་ཀྱིས་ཆོ་འཕྲུལ། །ངན་པར་ཤར་ཡང་ཤེས་པའི་རང་གདངས། །དཔྱད་ན་ངོས་བཟུང་མེད་པ་ལགས་པས། །བདེན་འཛིན་འཆིང་བའི་ཞགས་པ་ཁྲོལ་ཞིག །ཁྱད་པར་དུག་ལྔའི་རྣམ་རྟོག་རགས་ཚེ། །དེ་གོ་སེམས་དང་ལྷན་སྐྱེས་ལགས་པས། སྔོན་བསུ་རྗེས་དཔྱོད་བརྟག་དཔྱད་སྤངས་ནས། །དྲན་པ་རང་ལོག་ངོ་བོར་ལྟོས་ཤིག །ལེགས་ཉེས་བཟང་ངན་ཅི་བྱུང་ཐམས་ཟད། །འབྱུང་རྒྱལ་མི་གཏོང་གཉེན་པོས་མི་འཇུག །རང་ངོ་ལྷིང་བའི་ངོ་བོར་བཞག་ནས། །དེ་ལ་དེ་དག་གྲུབ་པ་ལགས་མཆོད་སྦྱིན་རྒྱ་མཚོའི་དགེ་རྩར་འབད་ཅིང་། །ལྟ་རྟོགས་རང་གི་སེམས་ལ་བཏང་ནས། །བླ་མས་བསྒོས་པའི་དམ་བཅའ་བསྒྲུབ་ན། །སྒྲ་གཅོད་མིང་བསྒྱུར་དགོས་པ་མ་ཡིན། །སྒོམ་པའི་རྩ་བ་དྲན་པ་ལགས་ཤིང་། །མཉམ་གཞག་རྗེས་ཐོབ་ངོ་བོས་བསྐྱངས་ན། །ལས་དང་བག་ཆགས་ལྕགས་ཟད་བརྡར་ཟད། །གྱུར་ནས་དྲན་མཁན་ཆོས་སྐུར་གྲོལ་ལོ། །དེ་སྐད་རྒྱ་ཆེའི་དག་གིས་བཀྲལ་ཡང་། །ཚིག་གིས་མཐའ་ལ་ཟད་མ་མེད་པས། །དོན་གྱི་སྙིང་པོར་


JLAZ004_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་ཆོས་ཀུན། །ཉོན་མོངས་གཉེན་པོར་ཁྲིལ་གྱིས་འགྲོ་ཞིང་། །ཤི་ཡང་འགྱོད་མེད་སྣང་བློ་བདེ་བའི། གདེང་ཞིག་སྨེས་ལ་ཁེལ་བ་དགོས་སོ། །ད་རེས་དམ་པའི་ལྷ་ཆོས་མེད་ན། །ཕྱི་ནས་འདི་འདྲ་རྙེད་པ་མ་ཡིན། །འཁོར་བའི་སྡུག་བསྔལ་བཟོད་ཐབས་གར་ཡོད། །ཉེ་འཁོར་ལོངས་སྤྱོད་སྐྱིད་པོའི་མལ་ནས། །མར་གྱི་གསེབ་ནས་སྤུ་བཏོན་ཇི་བཞིན། དུ་སྡངས་མཆི་མའི་རྒྱངས་ཀླུ་ལེན་ཞིང་། །འཕྲང་རིང་བར་དོའི་གཅོང་རོང་འགྲིམ་དུས། །ཤིན་ཏུ་འགྱོད་པའི་དུས་ཤིག་འོང་ངེས། །དེ་ལ་དགོངས་ནས་ཁོ་བོའི་སྙིང་གཏམ། །ཚིག་ཙམ་ཡི་གེའི་ལམ་དུ་མ་བཞག་། །བཞེ་ནས་སྐྱོ་ཤས་ངེས་འབྱུང་བློ་ཡིས། །བརྒྱུད་ལ་བཅག་འདེབས་ནན་ཏན་མཛོད་དང་། །ཟློས་པའི་གཏམ་ལ་ཁྱོད་ཀྱིས་གསན་ན། །ལས་དང་རྒྱུ་འབྲས་བདེན་པ་ཆེ་བས། །ཕྱི་མའི་སྐྱིད་སྡུག་ང་རང་ཤེས་སོ། །དེ་སྐད་སྒྲུབ་གནས་འདི་ཡི་ནུབ་ཕྱོགས། །གཙང་སྟོད་རྒྱལ་རྩེའི་འཛིན་མའི་ཆ་ནས། །དད་ལྡན་སྔགས་སྐྱོང་ཁྱིམ་བདག་ཤྲཱི། །བྷ་དྲའི་མིང་གིས་འཕྲིན་ཡིག་ལམ་ནས། །ཆེད་དུ་བསྐུལ་ཚེ་དུས་མཐའི་ལྡོམ་པོ། །བློ་བདེ་གུ་ཡངས་བྲག་ཕུག་བྱ་བྲལ། །ཀློང་ཆེན་མཁྱེན་བརྩེའི་འོད་ཟེར་དེ་ཡིས། །འོག་མིན་


JLAZ004_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱིས་བསམ་ཡས་མཆིམས་ཕུའི། །དབེན་པའི་གནས་ཁྲོད་བྲག་རིའི་བ་གམ། །ལྗོན་པའི་བསིལ་གྲིབ་ཏིང་འཛིན་གསང་ཕུག །བྱ་ཚོགས་མང་པོ་གླུ་དབྱངས་བསྒྱུར་ཞིང་། །བུང་བ་མང་པོ་འཕུར་ལྡིང་གཡོ་ལ། །ལྕུགས་ཕྲན་ར་བས་ཡོངས་སུ་བསྐོར་བའི། །ལཱ་ཝའི་ལྡིང་གུར་དཀར་པོའི་འོག་ནས། །གང་ཤར་ཇི་བཞིན་ཐང་དམར་གདམས་སོ། །དགེ་བས་མ་རྒན་འགྲོ་བ་མཐའ་དག །དུཁར་སྤྱོད་པའི་གདུང་བ་ཞི་ནས། །རྣམ་བྱང་མཆོག་ལ་འཁོད་པར་གྱུར་ཅིག །དགེ་རྒན་ཏིང་འཛིན་ལ་གདམས་པ། །ཁྱོད་རྡོ་ཡུལ་ཆོས་མི་དྲན་པའི་ས་ཆ་ནས་དམ་པའི་ཆོས་དང་མཇལ་བ་འདི་བསོད་ནམས་ཆེ་བའི་ཚད་ལ་ཐུག །ད་མི་ཚེའི་ལྷག་མ་འདིར་ཆོས་སྒྲུབ་པའི་གེགས་ཆེ་ཤོས་སྦྱིན་བདག་ལ་ངོ་འཛིན་མ་ཆེ། སྐུ་རིམས་དང་གྲོང་ཆོག་ལ་མ་དགའ། །རང་མཐོང་དང་ང་རྒྱལ་མཆེ། །དབེན་པའི་རི་ཁྲོད་གཅུག་ཏུས་ཟུག་ནས་ད་ལྟ་རང་ཤི་བ་ཤར་ན་གདེང་ཅི་འདུག །འགྱོད་པ་དང་འཚེར་སྣང་ཨེ་ཡོད། །བར་དོར་བཙན་ས་ཨེ་ཟིན་ལྟ་རྟོག་ལེགས་པར་མཛོད། །སེམས་རང་ངོ་ཤེས་པ་གཅིག་པུས་མི་ཁྱོགས། །དེའི་རྒྱུན་ནམ་ཉིན་ལྟོས་མེད་ཆུ་བོའི་རྒྱུན་ལྟར་སྐྱོང་དགོས། །འཁོར་བ་ཐོག་མ་མེད་པ་ནས་


JLAZ004_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་བག་ཆགས་དང་། །ད་ལྟ་སེམས་ལ་རང་བཞིན་མེད་པར་གོ་བའི་ཉམས་གཉིས་ཤེད་བསྡུར་བས་ག་ལ་མཉམ་དེ་མ་མཉམ་པས་ད་ལྟ་དྲན་པས་ཟིན་རུང་ལ་ད་ལྟ་རང་འཁྲུལ་འགྲོ་བ་འདི་བྱུང་བ་ཡིན། འཁྲུལ་ཚད་འཁོར་བ། དྲན་ཚད་ལས། རྟོགས་ཚད་མྱང་འདས་ཡིན་པས། ད་ལྟ་དྲན་པ་ལམ་གྱི་རྩ་བར་གཟུང་། །དྲན་པ་མེད་ལ་འཁྲུལ་པའི་ཚེ་མྱང་འདས་ཀྱི་དགོངས་པ་ལེན་པ་ལགས། ལར་དེ་ཙམ་ལའང་ཡ་མི་ཆ། གཟུགས་མེད་བཞི་དང་། བསམ་གཏན་བཞི་དང་། འགོག་པའི་གཅིག་སྟེ་སྙོམས་འཇུག་དགུའི་སེམས་དང་འཛོལ་ས་ཆེན་པོ་ཡོད་པས་ཐོས་པ་མེད་པའི་སྒོམ་ཆེན་ཀུ་སུ་ལུ་པ་རྣམས་སེམས་ཅན་སྙིང་རྗེ་བསྒོམས་པའི་བསོད་ནམས་ཀྱིས་ཚོགས་རྫོགས། བླ་མ་ལ་མོས་གུས་བསྐྱེད་དེ་ཐུགས་ཡིད་འདྲེས་པའི་ངང་ལ་མཉམ་པར་བཞག་ན་ཡེ་ཤེས་ཀྱིས་ཚོགས་རྫོགས་ན་དོན་དམ་པའི་བདེན་པ་མ་འཁྲུལ་པ་རང་བྱུང་དུ་འཆང་དགོས་པས་དེ་གཉིས་དང་མ་བྲལ་བ་མཛོད། དེ་སྐད་དུ་ཆུ་ཀླུང་ཆེན་པོའི་རྒྱུད་ལས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་རྫོགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་


JLAZ004_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་པ་འདི་སེམས་ལ་ཞོགས། བླ་མ་རྗེ་ལ་འཚལ་ལོ། །རིག་འཛིན་འཇིགས་མེད་གླིང་པ་ལ། །ཧོར་པས་ཞལ་གདམས་ཞུའོ་ཟེར། །ཧོར་ལ་རྣམ་པ་མང་མོད་ད། །མདའ་གཞུ་འཛོམ་པ་ཤིན་ཏུ་ཉུང་། །ཁྱོད་ཀྱིས་གཞུ་འདི་རྡལ་རྟེན་ལ། །མདའ་ནི་འབྱོར་པའི་ཆོས་བཅུ་ཡིན། མདའ་གཞུ་ཐབས་ཤེས་འབྲེལ་དུས་འདིར། འཁོར་བའི་རི་དྭངས་མཐའ་ལ་གཅུར་བ་འདྲ། །བློ་སྣ་ཆོས་ལ་འགྱུར་བ་འདི། །རི་དྭངས་མཐའ་ལ་གཅུར་བ་འདྲ། །བློ་རྩེ་གཅིག་ལ་མ་གཏད་ན། །སེམས་ཀྱིས་རྣ་རྒན་ཅོལ་ཆུང་འདི། །གྲོང་ཡུལ་འགྲིམ་ཉེན་ཡོད་དོ་ཨང་། །ཕྱི་མར་ཕན་པ་དམ་ཆོས་ཡིན། །ཆོས་ལ་ངོ་ལྐོག་བྱེད་པ་དང་། །སྡིག་པའི་གྲོགས་པོའི་དབང་སོང་ན། རང་ཕུང་རང་གིས་བྱེད་དོ་ཨང་། །བླ་མས་ཁྲིད་ལ་ཤར་བའི་ཚེ། འཁོར་བའི་ཉེས་དམིགས་ལ་སྐྱོ་ཡང་། །རང་ཡུལ་གྱི་དགྲ་གཉེན་མཐོང་བའི་ཚེ། །མི་འགྱུར་དགུ་འགྱུར་སྤོངས་ཤིག་ཨང་། །དེ་ལྟར་རང་དོན་སྒྲུབ་པའི་སྐབས། །གཞན་ཕན་སེམས་ཀྱིས་སྨོན་པས་མཆོག །ཟང་ཟིང་ཆེད་དུ་བཙལ་ནས་ནི། །


JLAZ004_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཡེང་རྒྱ་ལ་མ་འཛུལ་ཨང་། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་སོགས། །གཅིག་གི་གྲོགས་སུ་གཅིག་དགོས་པས། །ཐམས་ཅད་ཁྱད་དུ་མ་བསད་པར། །རྒྱུད་ལ་འདྲེས་པར་གྱིས་ཤིག་ཨང་། །ཁྱད་པར་མེད་དུ་མི་རུང་བ། །བྱང་ཆུབ་སེམས་གཉིས་བསྐྱེད་པ་དང་། །བླ་མའི་མོས་གུས་མ་བྲལ་བ། །ཆོས་དོན་ཡིན་པར་ཟུང་ཞིག་ཨང་། །དེ་ལ་ཀུན་རྫོབ་བྱང་ཆུབ་སེམས། །གཞན་ཕན་བསམ་པ་བཟང་པོ་ཡིན། །སྙིང་རྗེ་མེད་པའི་ཆོས་སྐད་འདིས། །ཉན་རང་ཕྱོགས་སུ་གོལ་ལོ་ཨང་། །སྙིང་རྗེ་རྒྱུད་ལ་སྐྱེས་ཙ་ན། །སྟོང་ཉིད་འཆར་བའི་སྔ་ལྟས་ཡིན། །དེ་ཉིད་གོལ་སར་མི་འགྲོ་བས། །བླ་མའི་བྱིན་ལ་རག་གོ་ཨང་། །བྱིན་བརླབས་ཆེ་ཆུང་ཡོང་བ་དེ། །མོས་གུས་ཆེ་ཆུང་ཡོད་པས་ལན། །རྟོགས་པར་ལྡན་པའི་བླ་མ་དང་། །ཐུགས་ཡིད་འདྲེས་པ་དགོས་སོ་ཨང་། །ཐུགས་ཡིད་འདྲེས་པ་སྐད་པ་དེ། །ངོ་འཛིན་ཟོལ་སྦྱོར་ཙམ་གྱིས་མིན། །ཅི་གསུང་དང་དུ་ལེན་ནུས་ན། །ཉམས་རྟོགས་ནང་ནས་ཤར་ཡོང་ཨང་། །སྐྱིད་ན་བླ་མའི་ཐུགས་རྗེར་བསྒོམས། །སྡུག་བ་རང་གི་ལས་ངན་ཡིན། །ལས་ངན་ཟད་ཐབས་མོས་གུས་ཀྱིས། །ལྷོངས་ཚེ་ལོག་ལྟ་མ་སྒོམ་ཨང་། །ཐག་རིང་


JLAZ004_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་པའི་དཀའ་ལས་ལ། །བསམས་ནས་རང་སེམས་ལྟ་རྟོག་མཐོང་། །ལམ་ཕྲང་གཤག་པའི་སྡུག་ཡུལ་ལ། །བསམས་ནས་དགོན་པར་བཙན་ས་ཟུང་། །སེམས་འཚོལ་བྱེད་པའི་དཀའ་ལས་ལ། བསམས་ནས་རིག་པ་ཅེར་འདེད་མཐོང་། །ངན་སོང་འགྲོ་བའི་འདུག་ལུགས་ལ། །བསམས་ནས་ལས་འབྲས་དཔང་པོར་ཞོག །ཡི་དམ་གུ་རུ་ཞི་དྲག་བསྒོམས། དེ་ཡང་རང་གཟུགས་བསྒྱུར་བ་ཙམ། །ཀུན་འབྱུང་ཡིན་གྱི་བསྐྱེད་རིམས་མིན། །སྟོང་པའི་གསལ་སྣང་ལྷར་ཤར་དགོས། །འགྲངས་རྟོགས་སྙོམས་པའི་དུས་ཚོད་ལ། །གཏུམ་མོ་བསྒོམས་ལ་རིག་པ་སྒིམས། །བར་རླུང་ཐུན་མཚམས་ཀུན་ཏུ་བསྒོམས། །དྲན་པའི་རྟེན་ཀྱང་དེ་ལ་ཆོལ། །དགོན་པར་མཚམས་ལ་སྡོད་ཙ་ན། །མི་དང་མ་ཕྲད་ངག་མ་གཏང་། །ཕལ་ཆེར་བྱིས་དང་སྡིག་གྲོགས་ཕྱིར། །གེགས་དང་གོལ་ས་དེ་ལས་འབྱུང་། །རྣམ་པ་ཀུན་ཏུ་ཁ་ཉུང་ཞིང་། །ཀུན་དང་གྲོགས་སུ་བདེ་བར་བྱ། །འཁོན་གྱིས་རྩ་བ་ངག་ཡིན་ལ། འཁྲུལ་དང་རྣམ་རྟོག་རྒྱུར་ཡང་འདི། །དེ་ཕྱིར་ལུས་ནི་མཚམས་ཁང་སྟེ། །མཚམས་ནི་དྲན་པ་སྐྱོད་པ་ཡིན། །རྣམ་རྟོག་རང་ཤར་རང་གྲོལ་ནས། །ཧ་ཅང་རིང་བ་མ་ཡིན་ན། །སྐྱེ་བ་མེད་པའི་ཆོས་


JLAZ004_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ། །བཟོད་ཐོབ་བདེ་གཤེགས་སྙིང་པོའི་ཞལ། །མངོན་སུམ་བཞུགས་དང་འཇལ་ནས་ཀྱང་། །འཁོར་བ་དོང་ནས་སྤྲུགས་པར་སྨོན། །ཞེས་རྒྱ་བོད་མཚམས་ནས་ལྷགས་པའི་ཧོར་བསྟན་དར་ལ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། ཁྱོད་ཕ་མའི་གཅེས་ཕྲུག་བྱས། །བླ་མའི་དཔོན་པོར་སྐྱེས་པ་དེ་ལ་རྟེན་འབྲེལ་གཉིས་ཡོད། །བསོད་ནམས་དེ་ལམ་དུ་སོང་ན་ཆུང་དུས་ནས་སྐྱིད་ཚར། །ཆོས་དང་རང་ཤུགས་སུ་འཇལ་བས་གོ་བཅད། །རྗེ་བཙུན་གྲགས་པ་དང་ས་པཎ་ཁུ་དབོན། །ཟུར་ཆུང་དང་གསང་བདག་སྒྲོ་ཕུག་པ་ཕ་བུ་ཡིན་པ་ལྟ་བུ་ཡོང་། །ལམ་དུ་མ་སོང་ན་སྐྱིད་པོ་བྱུང་བ་དེ་ངན་ཡང་ཨང་མི་ཁུག་པའི་རྒྱུ། །ཆུང་དུས་ནས་གྲྭ་སར་ཞུགས་པ་དེ་ངེས་འབྱུང་དང་དག་སྣང་གི་གེགས་སུ་སོང་། །དགེ་བའི་བཤེས་གཉེན་དང་ཉེ་དུར་བྱུང་བ་དེ་མིག་འདྲིས་དང་བརྙས་ཐབས་ཀྱི་རྒྱུར་སོང་ནས་ཡོན་ཏན་སྣ་གཅིག་ཀྱང་མི་སྐྱེ་བ་དེ་བྱུང་བ་མང་བས་རྒྱུད་སྡེ་རྣམས་ནས་ཕ་བུའི་བླ་སློབ་དང་། གཉེན་ཤེས་ཀྱིས་བླ་སློབ་བཀག་པའི་དགོངས་པ་དེ་ཡིན། །རིགས་རུས་དང་ཚེ་འཕྲང་གཅིག་ཀྱང་སེམས་བརྒྱུད་ཐ་དད་པ་ཡིན་པ་ལྷས་བྱིན་དང་བཅོམ་ལྡན་འདས་ལྟ་བུའི་ཁྱད་པར་ཤེས་པར་གྱིས་ལ་བླ་མ་ཕྲིན་ལས་འོད་ཟེར་གྱིས་དག་ལ་ཉོན། །


JLAZ004_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དང་ཀུན་དགའ་བོའི་རྣམ་ཐར་སྐྱོར་ཤིག་གུ། མི་ལུས་ཐོབ་པའི་དགའ་ལུགས་ལ། །བསམས་ནས་དམ་ཆོས་ཁོ་ན་མཛོད། །ཆོས་བཞིན་སྤྱོད་པའི་ཉུང་ལུགས་ལ། །བསམས་ནས་ཆོས་བརྒྱད་ཆམ་ལ་ཕོབ། །བླ་མ་མཇལ་བའི་དཀོན་ལུགས་ལ། །བསམས་ནས་མན་ངག་ཐོབ་པར་མཛོད། །དལ་བ་ཐོབ་པ་མང་ལགས་ཏེ། འབྱོར་པ་ཚང་བ་ཉུང་ལགས་སོ། །དལ་འབྱོར་མིན་པའི་ལུང་བསྟན་གྱི། །ཆོས་དེ་གཟུགས་བརྙན་ཁོ་ན་ཡིན། །བླ་མ་རྗེ་དང་མཇལ་བ་དེ། །སྔོན་དུ་ལེགས་སྨོན་སོང་བའི་རྟགས། །མང་པོ་ཚོགས་པའི་དགྲ་ཚོགས་ཁྲོད། །ཆགས་སྡང་ཆོས་སུ་འཁྲུལ་ཉེན་ཡོད། །དེ་བས་གོང་མའི་རྣམ་ཐར་ལ། །བསམས་ནས་མི་ལུས་དོན་ལྡན་མཛོད། །ཅེས་པའང་ལྷོ་བྲག་བདུད་འཇོམས་གླིང་ཨེམ་ཆི་ཅན་གྱི་ངོར་རྫོགས་ཆེན་པ་འཇིགས་མེད་གླིང་པས་སོ། འཇིགས་མེད་ཕྲིན་ལས་འོད་ཟེར་ལ་གདམས་པ། །སྐྱེ་འགགས་གཉིས་མེད་ཞེས་པ་འདི་ནང་པ་སངས་རྒྱས་པའི་ལུགས་སུ་ཆོས་ཉིད་ཀྱིས་གནས་ལུགས་གཏན་ལ་འབེབས་པའི་ཚིགས་བླ་དྭགས་སུ་སྣང་ཡང་ཕལ་གྱིས་དེའི་དོན་ཐ་སྙད་ཙམ་དུ་འཛིན་པ་ལས་ཤིས་ཐོག་ཏུ་རང་གི་ངོ་བོས་ཉམས་སུ་མ་མྱོང་


JLAZ004_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བ་མང་། དེ་ལ་སྐྱེ་བ་མེད་པ་ནི་བློ་རྩལ་གྱིས་བཞག་པའི་མེད་དགག་ཙམ་མ་ཡིན་པར་འཇོགས་ཡུལ་རང་ངོ་ནས་རང་བཞིན་གྱིས་མ་གྲུབ་པའི་སྟོང་ཉིད་སྨྲ་བསམ་བརྗོད་འདས་སོ། །འགག་པ་མེད་པ་ནི་ཆོས་ཉིད་རང་གསལ་བའི་གདངས་མི་ཤེས་པས་འཁོར་འདས་ཀུན་ཏུ་འགྲོ་བའི་ཁྱབ་བྱེད་ཅན། མ་ཡིན་དགག་གིས་རྣམ་པར་རིག་བྱའི་གཉིས་མེད་དང་། ཟུང་འཇུག་ལ་སོགས་པའི་སྒྲོ་བཏགས་ཀྱི་བློ་དང་མ་འདྲེས་པའོ། །དེང་སང་གིས་སྤོང་བ་བསམ་གཏན་པ་རྣམས་ནི་གསལ་བས་སྟོང་པ་སྒྲུབ། སྟོང་པས་གསལ་བ་ལ་རྒྱས་བཏབ་པས་སྐྱེ་འགགས་གཉིས་པོའང་དབྱེན་ལ་སྦྱར། ཀློག་པ་ཐོས་བསམ་པ་རྣམས་ནི་ཞི་གནས་ལྷག་མཐོང་ཐུན་གཅིག་ཀྱང་རང་ཉམས་སུ་མི་མྱོང་བའི་གོ་ཡུལ་དང་། མཉམ་གཞག་རྗེས་ཐོབ་ལ་ཕོ་ཚོད་ཀྱིས་སྦྱང་པ་བྱེད་པས་ཆོས་ཉིད་བསམ་བརྗོད་ལས་འདས་པ་བསམ་ཡོད་བརྗོད་ཡོད་དུ་སོང་འགའ་ཞིག་གིས་བསམ་བརྗོད་ལས་འདས་པ་གཉིས་ཐུག་དང་འདྲ་ཟེར་བ་དྲིས་འདུག་ཀྱང་། རང་རེས་ཐོས་བསམ་མཛད་པ་ལ་རྗེས་སུ་ཡི་རང་སྟེ། བསམ་གྱིས་མི་ཁྱབ་པའི་དོན་ལ་བསྒོམ་པའི་ཤེས་རབ་ཀྱིས་ཆོས་མིག་རྡུལ་བྲལ་ཐོབ་པའི་གེགས་


JLAZ004_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་དེ་མ་རིག་པར་འདུག་གོ །དེས་ལྟ་སྒོམ་གྱི་དབྱིངས་མཇལ་ལུགས་ཤེས་པར་བྱས་ནས། ཁྱེད་རང་ལ་སྔར་བླ་མ་རྣམ་པས་སེམས་ངོ་བསྟན་ཚུལ་དེ་ཚོ་སེམས་ཡིན་ཡང་ཡེ་ཤེས་མིན། མིང་བཞི་འདུས་པའི་ཕུང་པོས་སྐྱེ་འགག་གྲངས་སུ་བཏབ་པའི་བསམ་གཏན་འདྲ་ཅོག་པ་ཡིན། འོན་ཀྱང་ལས་དང་པོ་པ་དང་། སྒོམ་ཉམས་མཐུ་ཆུང་བ་རྣམས་ལ་དེག་ལས་གདམས་ངག་འདེབས་མི་ཤེས་པ་ཡོད་ཙ་རིར་སྣང་སེམས་ཞགས་གསུམ་འདྲེས་ཚུལ་ད་གནས་བསྐོར་གྱིས་སྡིག་སྒྲིབ་དག་པས་རླུང་སེམས་དར་དབུ་མར་བཞུགས་པའི་གསལ་ཉམས་ལས། ལྟ་ཐོག་ནས་འདྲེས་པ་ག་ལ་ཡིན། །དེ་དུས་སྣང་བ་དང་སྣང་ཡུལ་ཙམ་ཡང་ཕྱེད་པར་མི་འདུག་པ་ཡོན་ཏན་རིན་པོ་ཆེའི་མཛོད་ལ་གཟིགས། ངས་སྟོང་ཉིད་རྟོགས་སོ་སྙམ་པ་དང་། །ངའི་སྒོམ་ལྟ་བུ་སུ་ལ་ཡོད་སྙམ་པའི་ཚེ་ཉམས་ཀྱིས་རྟོགས་པའི་རང་ཞལ་བསྒྲིབས་པའི་ཚུལ། ཐེག་དམན་གྱི་ལྟ་བ་ལའང་ངས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ་སྙམ་ན། དེ་ག་དེའི་སྒྲིབ་པར་འགྱུར་བར་གསུངས་པས་སོ། །དེ་ནས་གངས་སྟོངས་སུ་འཇིགས་སྐྲག་གི་རྐྱེན་ལས་མཐར་གྱི་འཇིགས་པར་སྣང་བ་དང་། འཇིགས་


JLAZ004_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཛིན་གྱིས་གཉིས་སུ་མེད་པ་ལ། འཇིགས་སྐྲག་གི་རྣམ་པར་མ་འགགས་པར་ཤར་བ་ན་རྐྱེན་དྲག་པོ་དེ་ལམ་དུ་བསླངས་པས་དབང་ཤེས་ཐ་མལ་ལས་ལོག་པའི་བདམ་གཏན་རྣལ་མའི་ཕྱོགས་མཐོང་བ་ཡིན། །གངས་རིའི་ཁྲོད་ན་འདི་ཙམ་ལ་ཆོས་ཉིད་བདེན་པ་རྣལ་མ་མཐོང་བར་བརྩི་བ་ཡང་སྣང་སྟེ། དེས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ད་དུང་མ་རྟོགས་པས་ང་དང་ཁྱོད་ཀྱིས་ཁྱད་པར་ལ་ལ་ལྟོས། །དེ་ལན་གྱིས་ཞུ་པའི་སྙིང་པོར་ཡེངས་མ་ཡེངས་ཀྱིས་དོགས་སེལ་ལ། ཡེངས་པ་དེ་ག་ཡུལ་ཡིན་པའི་ཕྱིར་ཤེལ་སྤྲིང་དུ་ཡུལ་གྱིས་ཉེས་དམིགས་དེ་ཙམ་གསུངས་པ་ལས། །འདི་ནི་དམིགས་པའི་ཡུལ་ཤིན་ཏུ་ཕྲ་བ་ལ། ངོས་འཛིན་དགོས་པས་མ་ཡེངས་པའི་དུས་ཡུལ་ཡོད་པ་ག་ལ་སྲིད། ཡེངས་ཡུལ་སྣང་བའི་ཆ་ལ་ཡུལ་ཅན་རྣམ་ཤེས་ཚོགས་བརྒྱད་ཀྱིས་ཉེར་ལེན་བྱས་པས་འཁོར་བར་ཞེས་པའི་བརྩོན་དོང་འདིར་ཆགས་སོ་ལྕོག་ལ་སོ་སོ་སྐྱེ་བོ་ཞེས་བྱ་ལ། ཡེངས་ཡུལ་ཆོས་ཉིད་དུ་སོང་བ་ནི་འཕགས་པ་སྟེ། རྒྱ་གར་སློབ་དཔོན་ཀླུ་སྒྲུབ་རྩོད་པ་མེད་པས་སློབ་དཔོན་འཕགས་པ་ཞེས་ཀུན་གྱིས་གྲོགས་ལ། བོད་ཡུལ་འདིར་ནི་ཚོགས་ཀྱི་སྣ་མ་ཟིན་པའི་གང་ཟག་ལའང་སྐྱེས་བུ་དམ་པ་དང་། སངས་རྒྱས་


JLAZ004_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པར་སྒྲོག་པ་ངོ་མཚར་ཆེའོ། ད་བཅར་གྱིས་དྲིལ་ན་དབང་ཤེས་ཐ་མལ་ལས་ལོག་པའི་གང་ཟག་གཅིག་ལ་འཁོར་འདས་ལག་པའི་ལྟོ་རྒྱབ་ལྟ་བུ་ལས་མེད་པས་རིག་མ་རིག་གི་ཁྱད་པར་ཙམ་ཡིན། འོན་ཀྱང་ད་ལྟ་རླུང་སེམས་ཀྱིས་སླད་པ་དང་བཅས་སངས་རྒྱས་ཀྱི་སྤངས་རྟོགས་ནི་བལྟར་མི་མངོན་པས་བདེ་གཤེགས་སྙིང་པོའི་ཆོས་ཉིད་མཐོང་བ་ཞེས་བྱ་ལ། སྣང་སེམས་རང་རྒྱུད་དུ་འཛིན་པའི་ལྟ་སྒོམ་ནི་ཇི་ལྟར་བཟང་ཡང་དེའི་རིག་ཆ་ཡང་རྣམ་ཤེས་ཚོགས་བརྒྱད་དང་བཅས་པའི་འདུས་བྱས་ཡིན་པས་མྱ་ངན་ལས་འདས་པའི་བདག་ཉིད་དུ་མི་བཟུང་ཞིང་། ཚོགས་ལམ་གྱིས་དྲན་པ་ཉེར་བཞག་དང་ཕྱོགས་མཐུན་པ་ཡིན་ནོ། །གོ་མྱོང་འདི་ཙམ་ཆགས་པའི་སྒོམ་ཆེན་བྱུང་ན། ཡེངས་མ་ཡེངས་ཟེར་བ་འདི་ཡང་ངོ་བོའི་བཞུགས་ཚུལ་དམིགས་གཏད་ཡོད་པའི་གཏམ་ཡིན་པས་བྱང་ཆུབ་ཆེན་པོའི་ཡན་ལག་བློ་འདས་ཀྱི་དྲན་པ་ལ་འཇུར་བྲན་གྱིས་སླད་པ་མ་འཇུག་ཅིག །འདི་ལུང་མ་བསྟན་གྱི་གེགས་ལྟར་མི་མངོན་པ་ཅིག་དང་མི་ནོར་བའི་ཕྱིར་སྙོམས་འཇུག་དགུའི་ནང་གསས་བསམ་གཏན་གྱིས་རང་བཞིན་རྣམ་མཁྱེན་ཤིང་རྟ་ལ་ལེགས་པར་བསྟན་ཡོད་པས་དེ་ཉིད་ལ་བསམ་པའི་ཤེས་རབ་ཀྱིས་དཔྱོད་ཅིང་ཁྱད་པར་


JLAZ004_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་སུའི་འཇོག་སྒོམ་ལ་གཞོལ་བའི་དུས་ན་བླ་མའི་མོས་གུས་ཁོ་ན་ལ་རྟེན་ནས་གྲོལ་བའི་ཚུལ། ཀུན་དགའ་བོ། དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཞེས་པས་ཟབ་མོའི་དེ་ཁོ་ན་ཉིད་གཟིགས་པ་བླ་མ་ལ་མོས་གུས་དང་། ཐུགས་ཡིད་འདྲེས་པའི་ཐབས་ལ་འབད་ཅིང་། དེའི་གྲོགས་སུ་སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྒོམ་ལ་འཇུག་པའི་སྤྱོད་པ་ལ་སྤོབས་ཤིག་དེས་ཚོགས་རྫོགས་ཤིང་། སྒྲིབ་པ་འདག །མོས་གུས་དེ་ཉིད་ཀྱིས་མཚམས་སྦྱར་ནས་བླ་མའི་རྟོགས་པ་སློབ་མ་ལ་འཕོས་པའི་ཚེ་དོན་དམ་པའི་ཐུགས་ཡིད་འདྲིས་པ་ཞེས་པ་དེ་ཁྱོད་ཀྱིས་རྒྱུད་ལ་སྨིན་པར་གྱུར་ཅིག་། ཅེས་པའང་རིག་འཛིན་འཇིགས་མེད་གླིང་པས་སོ། སངས་རྒྱས་ལ་ཕྱག་འཚལ་ལོ། གྲ་སར་ཞུགས་ནས་ལྟོ་རྒྱབ་དོན་གཉེར་བས། ལེགས་སྨོན་ཁྲིམས་ཀྱིས་ཕྱི་མའི་དོན་མི་འགྲུབ། ད་ལྟའི་མུ་བཞིན་ངེས་འབྱུང་སྐྱོ་ཤེས་ཀྱིས། རང་བརྒྱུད་བསྐུལ་ལ་དལ་འབྱོར་རྙེད་དཀའ་སེམས། རྟག་པར་ནམ་འཆི་ཆ་མེད་དྲན་གྱུར་ན། ཆོས་ལ་བརྩོན་འགྲུས་ཞར་དང་གཞོར་གྱི་འབྱུང། གྲྭ་གཞོན་གཟན་ཤམ་གཅུ་པའི་བྲེལ་སྤོངལ། གཅིག་པུར་བློ་སྦྱོང་ངང་


JLAZ004_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དགེ་སྦྱོར་རེ་མས། གཞན་ལ་མེད་པའི་རིང་ལུགས་ཡིན་ནོ་ཞེས། ཆོས་དང་སེམས་སུ་འཛོལ་བའི་ང་རྒྱལ་དང། ཆོ་ག་དབྱངས་ལ་རེ་བའི་སྒྲམ་བརྗིད་ཀྱིས། །ས་ལམ་བགྲོད་པར་དཀའ་བས་གནས་ལུགས་སྐྱོངས། །གནས་ལུགས་དེ་ཡང་སྟོང་ལྟ་རེངས་པོ་དང་། །ཐ་སྙད་ཚིག་ལ་འཁྲུལ་པས་མི་རྟོགས་ཀྱིས། །བླ་མར་མོས་གུས་ལྕགས་ཀྱུས་དྲངས་པ་ཡི། །ཡོངས་གྲུབ་དྲན་པའི་རྩི་དང་མ་བྲལ་མཛོད། །དེ་ཉིད་ལམ་དུ་སོང་ན་སྙིང་རྗེ་དང་། །མོས་གུས་ཤུགས་ནས་འཆར་ཞིང་ཞེན་ལོག་གིས། །དྲངས་པའི་ལམ་རྟགས་ཡོན་ཏན་ཐུགས་ལ་འཆར། །དེ་སྐད་རྒྱང་རྩེ་བརྩེ་ཆེ་ཆོས་སྡེ་ནས། །དད་གུས་ལྡན་པའི་དགེ་འདུན་མིང་ཅན་གྱིས། །བསྐུལ་ངོར་པདྨ་འོད་ཀྱིས་གླིང་དེ་ནས། །ཀློང་ཆེན་སྒྱུ་མའི་རྣལ་འབྱོར་དེ་ཡིས་སྤྲིང་། །སངས་རྒྱས་ལ་ཕྱག་འཚལ་ལོ། །དབང་ཕྱུག་ལང་ཚོར་ལྡན་པའི་ལུང་བསྟན་ཡང་། །དལ་བརྒྱད་འབྱོར་པའི་ཡོན་ཏན་རྫོགས་པ་དཀོན། །དེ་ཕྱིར་འཁོར་གསུམ་སྟག་ཆས་མཛེས་པ་ལས། །རྒྱལ་བའི་བསྟན་ལ་ཞུགས་པ་བསོད་ནམས་ཆེ། །མྱུ་གུ་གསར་པ་ལྟ་བུའི་ན་ཚོད་ལ། །ཡི་གེ་འབྲི་ཀློག་ཁ་བཏོན་འཛིན་པ་སོགས། །ཆོས་སྤྱོད་བཅུ་ལ་


JLAZ004_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

འབད་པས་མ་སྦྱངས་ན། །ལང་ཚོ་ཡོལ་བའི་དུས་ན་འགྱོད་ཀྱང་ཕྱིས། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་འཇིགས་བྱེད་ཅིང་། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་གྱུར་པ། ནག་པོའི་རྩ་ལག་ཆང་ལ་དད་ཆེས་ན། །ལེགས་པས་ཡོན་ཏན་ཐམས་ཅད་འགྲིབ་པས་སྤངས། །གཉིད་དང་སྙོམས་ལས་ལེ་ལོ་སྡིག་པའི་གྲོགས། །ཐོས་ཆུང་ང་རྒྱལ་ལྷ་མཐོང་འདྲེ་མཐོང་དང་། །ཕྱོགས་རིས་བདག་སྟོད་གཞན་སྨོད་ལྷུར་བྱེད་པ། །དམ་པའི་རྣམ་ཐར་འཇིགས་པའི་ཐོ་བ་ཡིན། །མདོར་ན་དལ་འབྱོར་རྙེད་དཀའ་ནས་གཟུང་སྟེ། །དགེ་བའི་གཤེས་གཉེན་བརྟེན་པའི་བར་རྣམས་ཀྱིས། །ཆོས་དང་རང་རྒྱུད་ཞུས་དག་ཕེར་མཛད་ནས། །བསྐྱེད་རྫོགས་ཟབ་མོའི་དོན་ལ་གཅིག་ཏུ་སྒྲིམས། །དེ་ཡི་དམ་བཅས་ཀླུངས་སུ་ཕེབས་པའི་ཕྱིར། །ཟླ་རེའི་ནང་དུ་བདུན་ཕྲག་རེ་ཡི་མཚམས་ངག་བཅད་དཀའ་ཐུབ་བཟོད་ལ་བསླབས་གྱུར་ན། །ཆེར་སོན་གོམས་ནས་བརྟུལ་ཞུགས་ལྡན་པར་གྱུར། །རྟག་ཏུ་ངེས་འབྱུང་རྒྱུད་ལ་བརྟེན་མཛད་ནས། །གཞན་ཕན་བྱང་སེམས་ངང་རྒྱུད་རིང་བ་དང་། །དེ་ཡི་གྲོགས་སུ་ཕ་རོལ་ཕྱིན་པ་དྲུག །བསྟེན་ཞིང་དྲན་པའི་རྩི་དང་མ་བྲལ་མཛོད། །སེམས་


JLAZ004_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་འཕྲོད་ཀྱང་དྲན་པས་མ་བསྦྱངས་ན། །འཁོར་བའི་ས་བོན་རྣམ་རྟོག་མི་ཟད་ཅིང་། ཆགས་སྡང་རྨོངས་གསུམ་རྒྱུན་མི་ཆད་པ་མི། །དལ་འབྱོར་མི་ལུས་དོན་མེད་ཟད་ཉན་ཡོད། །བླ་མར་བཏགས་ཀྱང་དམ་པའི་སེམས་མེད་ན། །དཀོར་གྱི་ནུས་པས་རང་རྒྱུད་ཆུད་འཛའ་བས། །རྟག་ཏུ་རང་རྒྱུད་ཡོན་ཏན་ལྡན་ནམས་མིན། །བརྟ་དཔྱོད་སྒོ་ནས་བླང་དོར་གནས་ལ་སྒྲིམས་དེ་ལྟར་མང་དུ་སྨོས་པའི་སྙིང་པོ་ཡང་། །ཐོས་བསམ་ལེ་ལོའི་དབང་དུ་མ་སོང་དང་། །ཐེག་ཆེན་ལམ་གྱི་ངོ་བོ་སྙིང་རྗེ་དང་། །དྲན་དང་ཤེས་བཞིན་ལྡན་པས་ཁྱོད་ལ་སྲུངས། །དཔལ་སྡིངས་སྐུ་སྐྱེ་རིན་པོ་ཆེར་བསླབ་བྱ་ནང་མའི་ཚུལ་དུ་གདམས་པ་རིག་འཛིན་འཇིགས་མེད་གླིང་པས་སོ། །སྟོང་ཆེན་རབ་འབྱམས་ལས། །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །ཞེས་སོགས་ཀྱི་ཤིས་བརྗོད་ཅིག་གསུངས་བ་དེ་ལ། འགྲོ་བ་ཤིག་དང་མི་འགྲོ་བ་སྲོ་མ་ཡིན་ཟེར་བས་མཚོན། །སོ་སོ་སྐྱེ་བོའི་ཕོ་ཚོད་ལ་རྒྱུ་མཚན་ཅི་ཡོད། །དེ་ལྟ་ན་མིང་བཞི་ཕལ་ཆེར་དང་བྲལ་བའི་གཟུགས་སམ། །གཟུགས་དང་བྲལ་བའི་མིང་བཞི་འདུས་པ་ཅན་བར་སྲིད་དང་། གཤིན་རྗེའི་འཇིག་རྟེན་དང་། གཟུགས་མེད་ཀྱི་ལྷ་དང་། ངན་སོང་གི་ནང་ནའང་ཡོད་པས་དེ་


JLAZ004_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱང་འགྲོ་བ་དྲུག་གི་སྒྲས་བསྡུས་པས་མི་འགྲོ་བའི་ཐ་སྙད་ག་ལ་རུང་། རྒྱལ་བའི་བཀའ་དང་བསྟན་བཅོས་ཚད་མའི་ལུང་ནི་སྔར་མ་རྙེད། རིག་པས་དཔྱད་ན་ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཞེས་པ་ལྟར། འགྲོ་བ་ནི་སྲོག་དང་རླུང་གི་བདག་ཉིད་ཅན་ཕུང་པོའི་རིགས་འདྲ་གནས་པའི་རྟེན་འདོད་གཟུགས་གཉིས་སུ་དྲོད་དང་རྣམ་ཤེས་ཀྱིས་རྟེན་བྱེད་ལ། གཟུགས་མེད་དུ་རྣམ་ཤེས་ཁོ་ནའི་རྟེན་ཅན་མཐའ་དག་དང་། མི་འགྲོ་བ་ནི་སྲོག་དང་རླུང་གི་གཡོ་བ་བྲལ་བའི་འཁོར་འདས་གང་རུང་ལ་བརྗོད་ན་ལེགས་ཏེ་མདོ་དེ་ཉིད་ལས། ཇི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཞིའི་རླུང་རྣམས་ཀྱིས་ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱི་དམ་པ་ཐོབ་པ་ཡི། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །ཞེས་པ་འདིས་ངེས་པའི་དོན་གྱི་དབྱིངས་གཞལ་ནས། རེ་ཞིག་དྲང་བའི་དོན་དུ་ཕྱི་ནང་གི་འབྱུང་པོ་རྣམས་འཁྲུགས་པར་གྱུར་པ་དང་། རྟེན་ཅིང་འབྲེལ་འབྱུང་ལོག་པ་ལས་སེམས་ཅན་རྣམས་ལ་མི་མཐུན་པ་སྟེར་བས་ན། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། ཞེས་པ་ལྟར་རྟེན་དང་བརྟེན་པའི་བདག་ཉིད་གཉིས་ཀ་བདེ་བར་གཤེགས་པ་བརྗོད་པའོ། །ཞེས་པའང་རྒྱ་དྲུང་བྱང་


JLAZ004_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་རྒྱལ་མཚན་དང་། མདོ་ཁམས་པ་གཉིས་ཀྱིས་ནན་ཏན་དྲིས་པའི་ལན་དུ་གང་ཟག་རྫོགས་པ་ཆེན་པོ་ཨ་བྷ་ཡ་དྭཱི་པས་སོ། གང་མཚན་དཔལ་གྱི་དུམ་བུའི་ཨུཏྤལ། །ངང་ཚུལ་བྱང་ཆུབ་རྒྱལ་མོའི་རྣ་ལུང་དུ། །སེམས་བསྐྱེད་སྨོན་པས་དཔྱངས་པའི་དགེ་མཚན་གྱིས། །བརྒྱད་གཉིས་འཇིགས་པའི་ཚ་གདུང་བཅིལ་བར་མཛོད། །སྡུག་བསྔལ་བདེན་པའི་རང་གཟུགས་སྲིད་བཅས་ཀྱི། །ཤེས་པས་བདེ་གཤེགས་སྙིང་པོ་དཀྲིས་གྱུར་ཀྱང་། །ཆོས་ཉིད་སྟོང་གསལ་མཐའ་དབུས་བྲལ་བ་ལ། །གོས་པ་སྤངས་པ་དྲན་རིག་ཡེ་ཤེས་ཡིན། །མངོན་མཐོའི་རི་དབང་རྩེ་མོར་སོན་པ་ཡང་། །ལེགས་བྱས་མིག་སྟོང་བགྲད་པའི་གཟུགས་ཡིན་ན། །གཞན་ལ་དངོས་སུ་ཕན་པ་མ་མཆིས་ཀྱང་། །དེ་ཡི་སེམས་ཀྱིས་འཇུག་པའི་སྦྱོར་བར་བརྩོན། །སེམས་ཅན་བསམ་པ་མི་མཐུན་ཐ་དད་པས། །འགྲོ་འདི་རྣམ་སྣ་ཚོགས་བྱས་པའི་ཕྱིར། །གང་ལ་བརྟེན་པའི་ཡུལ་རྐྱེན་ཐ་དད་པའང་། །རྨི་ལམ་དུ་རང་བཞིན་མེད་པར་སྒོམ། །ཁྱད་པར་སྔོན་འདས་རྟོག་པའི་རྗེས་དཔྱོད་དང་། །ཕྱིན་ཆད་སྔོན་བསུའི་ཀུན་འབྱུང་བརྒྱ་ཕྲག་གིས། །ཉེར་ལེན་ཕུང་པོའི་སྡུག་བསྔལ་འདུ་བྱེད་པས། །རང་བཞིན་མེད་པའི་ཆོས་ཉིད་དྲན་པ་སྐྱོངས། །


JLAZ004_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱང་ཞེས་བྱ་བ་རྟོག་པའི་བླ་དྭགས་ཏེ། །ཅེར་གྱིས་བལྟས་པའི་རིག་པ་གཟོ་མེད་ནི། །མ་མཐོང་བ་ཡི་མཐོང་བ་ཆེན་པོ་སྟེ། །རྟོག་པའི་ཕུང་པོ་བརྒྱ་ཕྲག་ཡོད་ཀྱང་འཇིགས། །སྐྱེ་བ་མེད་པས་རྟག་པའི་མཐའ་བསལ་བ། །རང་གསལ་འགག་མེད་ཆད་པའི་མཐའ་ལས་གྲོལ། །རྟག་ཆད་གཉིས་མེད་ངེས་པའི་དེ་ཉིད་ནི། །བདེ་གཤེགས་སྙིང་པོའི་བཞུགས་ཚུལ་དྲན་པས་སྐྱོངས། །ཆོས་དང་ཆོས་ཀྱི་རྣམ་གཞག་མང་ལགས་ཀྱང་། །ངན་འགྲོ་གོག་ཅིང་མཐོ་རིས་དམ་པའི་སྐབས། །བསོད་ནམས་ཚོགས་དང་ཡེ་ཤེས་སྣང་བའི་མཛོད། །རྒ་ཤིའི་རྩ་བ་གཅོད་པ་བྱང་སེམས་བསྐྱེད། །ཀུན་བརྗོད་རྟེན་འབྲེལ་བདེན་པ་མི་འགོག་པས། །གུ་རུ་ཡབ་ཡུམ་བསྐྱེད་རིམ་བཟླས་བརྗོད་དང་། །ཚོགས་གཏོར་མེ་མཆོད་རྒྱུན་མི་འཆད་པ་དང་། དུས་ཁྲིམས་ཡན་ལག་བརྒྱད་པའང་རྟག་ཏུ་བསྟེན། །ཁྱད་པར་ཐེག་པ་ཆེན་པོའི་ལྟ་སྤྱོད་ནི། །ཁྱིམ་ན་གནས་ཀྱང་བརྟེན་གོམས་བྱར་ཡོད་པས། །རྟག་ཏུ་བསོད་ནམས་འཕེལ་བའི་བསག་སྦྱང་དང་། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྒོམ་འཚལ་ལོ། །དེ་སྐད་རིག་འཛིན་མཁྱེན་བརྩེའི་ལྷས། །ལྷ་ལྕམ་ངང་ཚུལ་རྒྱལ་མོ་ལ། །སྙིང་ནས་བརྩེ་


JLAZ004_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སེམས་ཀྱིས་གདམས། །བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག་རྨོངས་དང་མ་རིག་གཉིས་པའི་སྣ་ཞགས་ནི། །མཁྱེན་རབ་གདོང་ལྔས་གཟིར་བའི་གདན་ཁྲི་ལ། །ཇི་ལྟ་ཇི་སྙེད་གཟིགས་པའི་ཟུར་ཕུང་ཅན། །འཇམ་དཔལ་སྨྲ་བའི་སེང་གེས་བྱིན་གྱིས་རློབས། །བདེ་བ་ཆེན་པོའི་ཡེ་ཤེས་ནི། །མཆོག་ཏུ་གྱུར་བ་མེད་པ་སྟེ། །རྣམ་པ་ཀུན་གྱི་མཆོག་ལྡན་ཡང་། །རང་སེམས་ལྷན་ཅིག་སྐྱེས་པའོ། །དེ་ཉིད་ལས་གཞན་འཁོར་བ་ནི། །སྡུག་བསྔལ་བདེན་པའི་མངོན་རྟོགས་ཅན། །སྡུག་བསྔལ་དེ་ཡང་རང་རྒྱུད་དུ། །གྲུབ་པ་མིན་པའི་རང་ཚད་ནི། །སེམས་ཀྱི་གནས་ལུགས་རྟོགས་ལགས་སོ། །སེམས་ལ་བརྟགས་ན་ངོས་གཟུང་མེད། །ངོས་བཟུང་མེད་དྲ་དྲན་པའི་རྩིས། །རྟག་ཏུ་ཡེང་མེད་མ་བསྐྱངས་ན། །ཡེངས་ཚད་ཀུན་གཞི་ལུང་མ་བསྟན། །དེ་ཡི་ངོ་བོ་མ་རིག་པ། །མ་རིག་ལས་ནི་རྣམ་ཤེས་སྐྱེ། །དེ་ལས་ཡུལ་དུ་གཟུང་བ་དང་། །ཡུལ་ཅན་འཛིན་པའི་བློ་སྐྱེས་པས། །ཉེ་བར་ལེན་པའི་ཕུང་པོ་ལྔ་། །འཁོར་བའི་རང་བཞིན་ཉིད་དུ་གྲུབ། །དེ་ཕྱིར་རྟོག་པ་གང་ཤར་ཡང་། །ཤར་བའི་ཡུལ་ལ་མི་དཔྱོད་པར། །ཤར་མཁན་ཉིད་


JLAZ004_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚུར་བརྟགས་ན། །རང་བཞིན་མེད་པ་ཆོས་ཀྱི་སྐུ། །ཐོས་པའི་ཤེས་བྱས་ཟབ་གསལ་དང་། །ངོ་བོ་ཉིད་གསུམ་སྤྲོས་བྲལ་སོགས། །བསམ་བྱུང་རིག་པས་དཔྱད་དྲགས་ན། །སྒོམ་པའི་ཤེས་རབ་བློ་དང་འདྲེས། །བློ་ནི་དོན་དམ་བདེན་པ་དང་། །འགལ་བ་ཞི་བའི་ལྷ་ཡིས་མཁྱེན། །དེ་ཕྱིར་བླ་མ་ས་སྐྱ་པས། །ཡོད་པར་འཛིན་ལ་ཐར་པ་མེད། །མེད་པར་འཛིན་ལ་མཐོ་རིས་མེད། །གཉིས་ཀར་འཛིན་ལ་མི་རིག་པས། །གཉིས་མེད་དང་ལ་གང་དགའ་ཞོག །གསུང་འདི་བདེན་པ་གཟིགས་པ་ཡི། །མངོན་རྟོགས་ཞལ་ནས་བྱོན་པ་ལགས། །ཞེས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་ས་སྐྱ་གོང་མ་ལ་ཕུལ། སྟོན་པ་སངས་རྒྱས་སྤྱི་བོས་མཆོད། །གང་གི་འབྲས་བུ་ཐོབ་པའི་རྒྱུ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཏེ། །བསོད་ནམས་ཚོགས་ལ་སྨོན་འཇུག་སེམས། །དམ་པའི་ནང་ནས་དམ་པ་ལགས། །ཡེ་ཤེས་ཚོགས་ལ་སྟོང་ཉིད་ཀྱི། །ལྟ་བ་བློ་ལས་འདས་པ་ཡང་། །ཧྲིག་གིས་རིག་པའི་དྲན་པ་ནི། །ཚོགས་བརྒྱད་བློ་དང་མ་འདྲེས་པ། །གདོད་ནས་དག་པའི་ངང་སྒོམ་ལ། །ཡེ་གྲོལ་ཡིན་ཕྱིར་དཔྱད་སྒོམ་གྱི། །ཡང་གྲོལ་ལྷན་ཐབས་མི་བསྣན་འཚལ། །


JLAZ004_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྣོད་མཁྱེན་པས་མི་མཆོག་གི་།འཆི་ཁར་བློ་གདེང་ཁེལ་བ་གཅེས། །ཉེས་སྤྱོད་སྣ་གཅིག་སྡོམ་གཟུགས་ཙམ། །བྱང་ཆུབ་སེམས་དང་འབྲལ་མི་འཚལ། །སྦྱིན་སོགས་ཕ་རོལ་ཕྱིན་པ་ལྔ། །ཤེས་རབ་དོན་དུ་གསུང་པ་དེ། །ཁྱེད་ཀྱི་ཐུགས་ལ་ཆུབ་པའི་ཕྱིར། །དོན་དམ་འདུས་མ་བྱས་པའི་སེམས། །ཆོས་ཉིད་དྲན་པ་ཉེར་གཞག་ལ། །མཉམ་པར་བཞག་ན་བདག་ཅག་དང་། །གང་ཉིད་འདུ་འབྲལ་མེད་པ་ལགས། །དཔལ་ལྡན་ས་སྐྱའི་མཁན་ཆེན་ཁྲི་ཐོག་པ་ཨ་ནནྟའི་ཞལ་སྔ་ལ་རིག་འཛིན་འཇིགས་མེད་གླིང་པས་སོ། རྙོག་བྲལ་ཆུ་སྐྱེས་དྲང་སྲོང་ཕུར་བུས་སྤུན་ཟླར་པོས་པས་རྒྱལ་ཁབ་ཆེན་པོའི་མཁས་གནས་ཤིང་། །རྙེད་ལ་བརྐམ་པའི་སྟོན་པ་མི་ཡང་ངེས་འབྱུང་བྱང་སེམས་དྲི་བགྱེད་པའི་ཆོ་ག་མཁན། །རྣམ་རིག་གཙུག་ལག་ཆུ་གཏེར་ལས་བརྒལ་ལེགས་སྦྱར་བང་རི་ཀུན་གྱི་རྩེར་ཕྱིན་ང་ལས་ནུ། །གང་ལ་ཐུགས་ཡིད་འདྲེས་པའི་མེ་ཏོག་དང་དེ་རིང་གཏོར་བས་དུས་གསུམ་ཀུན་ཏུ་བསྟན་གཅིག་ཤོག །སྐུ་ཚེ་དགེ་བ་རྣམ་བྱང་གི་ཕྱོགས་ལ་འདུན་པའི་རིང་ནས་ཕྱག་བྲིས་ལེ་ཚན། །དངུལ་སྲང་ཉི་ཤུ་རྩ་ལྔ་བཅས་ཉམས་མེད་དུ་འཕྲོད་པས་ངོས་མཇལ་ལྟ་བུའི་སྤྲོ་བ་ཐོབ། འདིར་ཀྱང་ན་ཚོད་


JLAZ004_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བས་དབང་པོ་ལྡོངས་པ་ཙམ་ལས་བྱང་ཆུབ་ཀྱི་སེམས་ཉིད་མ་ཉམས་ཤིང་གཞན་ཕན་གྱི་སྨོན་འཇུག་སྟབས་ཅིག་པར་གནས། །ཆེད་དུ་དམ་པ་བྱིན་པ་ནི། །གང་དངོས་ལེགས་སྨོན་སྔོན་དུ་སོང་བསད་རེས་ཀྱི་སྲིད་པ་རྣམ་པར་དཔྱོད་པའི་བློ་དང་ལྡན་པས་ཕྱི་ནང་རིག་པའི་དེ་ཁོ་ན་ཉིད་བལྟ་བའི་མིག་བུ་ཕྱེ་ཞིང་། དམ་པའི་དམ་པ་སོ་ཐར་གྱི་ངོ་བོ་ངེས་འབྱུང། ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས། ངོ་བོ་ཉིད་ཀྱི་འབྲས་བུ་སྟོང་པ་ཉིད་ཀྱི་ལྟ་བ་གསུམ་ལ་མི་འཕྲོགས་པའི་དད་པ་དང་། ངེས་ཤེས་སྐྱེས་པ་དེ་ཁྱིམ་ན་གནས་ཀྱང་དམ་པའི་ཆོས་དང་འབྲེལ་ཞིང་། བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་པ་ཡིན་པས་རྗེས་སུ་ཡི་རངས། འབྱུང་འགྱུར་གྱི་ཆ་ལའང་། ཐེག་པ་ཆེན་པོའི་སྡེ་སྣོད་ལ་སྔར་བཞིན་བློ་སྦྱོང་། །སྟོང་ཉིད་ཀྱི་ངོ་བོ་ལ་སྟོང་པར་མ་འཛིན། དང་པོའི་ངོ་སྤྲོད་ཀྱི་གསལ་ཧྲིག་རྗེན་པ་ཞེས་པའི་གོ་མྱོང་ཡང་གློད། །སྒོམ་རྒྱུ་མེད་ལ། ཡང་དུ་གཏན་ནས་མེད་པའི་དྲན་པ། སོ་མ། ངང་བཞག །རང་བབས། བློའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་རང་བཞིན་ཡོངས་གྲུབ་ཆེན་པོའི་དགོངས་པ་སྟེ། ང་ཉིད་ཀྱི་ཞལ་སྐྱིན། བླ་མས་སྔས་མགོ །འཁྲིད་ཡིག་ཡེ་ཤེས་བླ་མའང་ཕུལ་


JLAZ004_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་འདི་ལ་ཐུགས་དམ་དུ་མཛད་པ་ནས། སླད་དུའང་། དགེ་བའི་གསུང་འོས་སྔར་བཞིན་ནང་མར་ཞུ་འཚལ། རྟེན་སྲུང་ངམ། སངས་རྒྱས་གསེར་ཐུབ་ཀྱི་རིང་བསྲེལ་བཅས་ཡོད། །སྡེ་དགེའི་དྲུང་ཡིག་ལའོ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་ཁྱོད་ལས་སྐྱེས། །སློབ་ལམ་བཞི་ཡི་རྩ་བ་དང་། །སློབ་པ་མིན་པའི་འབྲས་བུའོ། །ཚེ་འདིའི་བྱ་བ་ལེགས་ཉེས་དང་། །དགོན་གནས་འཛིན་པའི་ཆགས་སྡང་དང་། །རྙེད་འཚོལ་སྙན་གྲགས་སྒྲུབ་པ་ཀུན། །བྱང་ཆུབ་ལམ་གྱི་བགེགས་ཡིན་པས། །ངེས་འབྱུང་སྐྱོ་ཤས་བསྐྱེད་འཚལ་ལོ། །སང་བྱ་གནད་བྱའི་དལ་ཁོམ་གྱིས། །དལ་རྟེན་རིན་ཆུད་འཛའ་བས། །འགྲོ་འདུག་སྤྱོད་ལམ་ཐམས་ཅད་ལ། །དགེ་བའི་ཆོས་རྣམས་སྡུད་པ་གཅེས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་ལ་ཀུན་རྫོབ་དོན་དམ་གཉིས། །ཀུན་རྫོབ་སྨོན་དང་འཇུག་པའི་སེམས། །དོན་དམ་སྟོང་ཉིད་སྤྲོས་དང་བྲལ། །རང་སེམས་གདོད་ནས་མ་བཅོས་པ། །དྲན་པའི་རྒྱུན་གྱིས་ལ་བཟླ་བའི། །གནས་ལུགས་རྟོགས་པར་མ་གྱུར་ན། །སྟོང་པ་སྒོམ་པ་ཆད་ལྟ་དང་། །གསལ་བ་སྒོམ་པ་ལྟག་ལྟ་ལགས། །


JLAZ004_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་བརྒྱད་སྤྲོས་བྲལ་བློས་བཅོས་ནས། །དབུ་མར་འདོད་པའི་ཟུང་འཇུག་ཙམ། །མུ་སྟེགས་ཚངས་པའི་རྗེས་འབྲང་ལའང་ཡོད། །དེ་བས་ཅེར་གྱིས་བལྟས་པ་ཡི། །རིག་པ་བསམ་བརྗོད་འདས་པ་འདི། །དྲན་པ་རྒྱུན་གྱིས་བསྐྱངས་ན་ལེགས། །དེ་ཙམ་བློ་རུ་མ་ཆུད་ན། །གསལ་ལ་སྟོང་པ་གཞི་གནས་དང་། །དེ་ཉིད་རང་ངོ་རང་ཤེས་ཀྱི། །ལྷག་མཐོང་དྲན་པས་བསྐྱངས་བྱས་ནས། །ཚོགས་གཉིས་རྫོགས་པའི་རྟེན་འབྲེལ་ལས། །བྱིས་པ་ཉེར་སྤྱོད་བསམ་གཏན་དེ། །དོན་རབ་འབྱེད་པར་གནས་འགྱུར་ནས། །ཆོས་མིག་རྡུལ་བྲལ་རིམ་གྱིས་ཐོབ། །དེ་ཡི་ཐབས་སུ་མོས་གུས་དང་། །སྙིང་རྗེ་སྒོམ་པ་ཁྱད་པར་འཕགས། །བསྐྱེད་རྫོགས་ལམ་གྱི་སྲོག་ཤིང་ཡིན། །སྣང་ཆ་ལྷ་སྐུར་གསལ་བ་དང་། །སྒྲ་གྲགས་སྔགས་སུ་ལྡམ་དུ་ཁྱེར། །དྲན་པ་རང་གྲོལ་དེ་བཞིན་གཤེགས། །རྗེས་ཐོབ་ཀུན་ལ་རང་གི་རྒྱུད། །ཆོས་དང་འདྲེས་མིན་ཞུ་དག་མཛོད། །རང་འདོད་གཏིང་ནས་ཟད་པའི་ཚེ། །གཞན་དོན་བྱ་བའི་དུས་ཡིན་གྱི། །དེ་ལས་གཞན་དུ་སྒར་སྐོར་དང་། །སྲོག་ཆགས་བསད་པའི་ལོངས་སྤྱོད་ལས། །དབང་བཞི་མ་ཎི་འབུམ་སྒྲུབ་


JLAZ004_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །དགེ་སྡིག་གང་འགྲོ་མི་ཤེས་པས། །སྔོན་བྱོན་བྱང་ཆུབ་སེམས་དཔའ་དང་། །ཀློང་ཆེན་རབ་འབྱམས་རྣམ་ཐར་སྐྱོངས། །རང་དོན་ཚགས་སུ་ཚུད་པའི་ཚེ། །གཞན་དོན་ཤུགས་ལ་འགྲུབ་པ་འདི། །ཐུབ་པ་ཆེན་པོའི་རང་ལུགས་ཡིན། །ཞེས་པའང་ཟེ་ཆེན་སྐུ་སྐྱེ་རིན་པོ་ཆེར་འཛིན་འཇིགས་མེད་གླིང་པས་སོ། ཞི་བ་དམ་པ་ཆོས་སྐུའི་དབྱིངས་ལ་བདུད། །སྐྱེས་ནས་རྒ་ན་འཆི་བའི་འཁྲུལ་འཁོར་ལ། །སྤྱོད་འདི་འཁོར་བའི་འཁོར་ལོ་ཡིན་པའི་ཕྱིར། །སྡུག་བསྔལ་བདེན་པའི་གནས་ལ་སྐྱོ་བར་མཛོད། །འཁོར་བར་འཁྱམས་དང་གྲོལ་བའི་མདོ་འགག་ནི། །རིག་དང་མ་རིག་གཉིས་ལས་གཞན་མེད་པས། རྟག་ཏུ་དྲན་དང་ཤེས་བཞིན་རིག་པའི་གདངས། །མཉམ་གཞག་རྗེས་ཐོབ་ཀུན་ཏུ་འདྲེས་པར་མཛོད། ཤེས་པ་ཡུལ་ལ་མ་རྟེན་རྩེ་གཅིག་ལ། །གསལ་སྟོང་བློ་འདས་དྲན་པ་སྤྲོས་བྲལ་ངང་། །བླང་དོར་དགག་བསྒྲུབ་མེད་པ་རོ་གཅིག་སྟེ། །སྒོམ་མེད་ཡེངས་སུ་མེད་པའི་ཆོས་སྐུའི་ཞལ། །དེ་ལྟ་མོད་ཀྱི་བློ་ཡིས་དཔྱད་བཟོད་པའི། །གོ་མྱོང་རྟོགས་པ་མཐའ་དག་ལམ་བདེན་ཕྱིར། །འདུས་བྱས་ཉིད་དེ་དོན་དམ་བདེན་པ་ནི། །འཕགས་ལམ་རྫོགས་པ་ཆེན་པོ་མན་ངག་སྡེ། །གང་ཞིག་སེམས་དང་


JLAZ004_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བྱུང་ལས་འདས་པའི། །ཡང་དག་ལྷན་ཅིག་སྐྱེས་པའི་བདེ་ཆེན་ནི། །བྱང་ཆུབ་སེམས་དང་མོས་གུས་ཁོ་ན་ལས། །ཐབས་གཞན་དག་གིས་རྙེད་པ་མ་ཡིན་ནོ། །གྲོང་ཁྱེར་རྩ་ཅན་དང་ཉེ་བའི་ཡུལ་ནས་འཚོ་བྱེད་དགེ་སློང་བདེ་ལེགས་དབང་ཕྱུག་གི་ངོར་རྫོགས་ཆེན་པར་བྱུང་རྡོ་རྗེས་སོ། །དྲན་པ་བརྟེན་པའི་སོ་བཙུགས་སྐབས། །ངོས་གཟུང་དང་ཁྱབ་པ་གང་ཡང་མེད་པའི་ཧང་ཧང་པོ་དེ་ལ་རིག་པའི་དངས་ཆ་འདུག་ཕྱིན་དྲན་མེད་ཧང་པོའི་ལྷང་ཡོད་མི་སྲིད། །འོག་འགྱུ་རྗེས་ལ་ཚོར་བའི་ཡེངས་མ་ལམ་དང་། །བོག་པ་ལྟ་བུའི་ཚོགས་དྲུ་གི་དངས་ཆ་འགགས་པ་མི་འདུག་བྱིན། །བསམ་རྒྱུ་མེད་པ་དེ་ག་སྤྲོས་བྲལ་གྱི་གཤིས་ལུགས་ཡིན་ཚུལ་མོད་ལས། །བསམ་དུ་མེད་པའི་ཆོས་ཉིད་ལ། །བསམ་དུ་མེད་པའི་བློ་བཞག་ན། །བསམ་དུ་མེད་པའི་ཉམས་མྱོང་འབྱུང་། །ཞེས་པའི་དོན་གོ་བདེ་བར་བརྗོད་ན་ཆོས་ཉིད་གཟིགས་པ་མི་ལས། བསམ་རྒྱུ་མེད་པར་སྒོམ་ཤེས་ན། །ཉོན་མོངས་གྲི་ཟད་བརྡར་ཟད་ཡིན། །བསམ་བློ་མང་པོ་སྐྱེས་ཕྱིན་ཆད། །ཇི་ལྟར་བསྒོམས་ཀྱང་གྲོལ་མི་ནུས། །ཞེས་གསུངས་པས་བསམ་མདོ་མེད་ཚད་དྲན་མེད་ག་ལ་ཡིན། །འོན་ཀྱང་རྣལ་འབྱོར་ཀུ་སུ་ལུ་པ་རྣམས་ཀྱི་ལུང་འདི་ཚིག་མི་བཙུན་པས། རྟོག་དཔྱོད་ལ་བསམ་


JLAZ004_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དུ་འདོད་པའི་རྟོག་གེ་བ་རྣམས་ཡིད་མཆིས་ཤིང་ད་དུང་ཆོས་ཉིད་དེ་ཡང་རིག་ཤེས་ཀྱིས་དཔྱད་ནས། །རྣམ་དཔྱོད་ནི་ཤེས་བྱ་ཡིན་ཏེ་སོ་སོ་རང་རིག་བདེན་པ་གཟིགས་པ་རྣམས་ཀྱི་ཡུལ་དུ་རུང་བའི་ཕྱིར་རོ་ཟེར་ཡང་དེ་ནི་བློས་བསམས་པའི་སྤྲོས་པ་ལ་སོ་སོ་རང་རིག་ཏུ་མིང་བཏགས་ནས་ཁ་ཕྱིར་བལྟས་ཀྱི་བསམ་ཤེས་རྣམ་པར་རྟོག་པ་དང་རྫས་མི་འགལ་བ་ལས་ཟུང་ཟད་ཀྱང་མ་འཕགས་པའི་ཕྱིར་རོ། །དེས་ན་ལས་དང་པོ་པའི་གནས་སྐབས་འདིར་རིག་པ་དྭངས་མ་ཡོད་པའི་རྒྱུན་ལ་དྲན་པ་བརྟེན་ཐུབ་ན་དེ་ལ་ནོར་འཁྲུལ་མི་སྲིད། དེ་ཡང་སྒོམ་འཛིན་གྱི་རྣམ་རྟོག་ཅན་ཕལ་ཆེར་ལ་རང་ཤུགས་ཀྱི་བློ་ལྷན་སྐྱེས་རང་ཉིད་ནི་ད་ངོས་འཛིན། སེམས་ནི་ང་དང་ང་ཡི་རབ་ཡིན་ཕྱིར། དེ་ཉིད་གཏན་ནས་མེད་པ་ལྟ་བུའི་ཉམས་འཆར་ན་སྟོང་ཉམས་ཤས་ཆེ་བ་ཡིན་པས། དེ་ལྷའི་སྟོང་འཛིན་ལ་གྲིམས་ཆ་མ་གནང་བར་དྲན་རྒྱུན་རང་བབས་ལ་འཇོག་པ་ཞུ། ལར་ཕ་དམ་པས། ང་གཅིག་པུར་ལྐོག་ཏུ་ཉལ་ཙ་ན། །རིག་པ་རྗེན་པར་འཇོག་པ་ཡིན། །མང་པོའི་གསེབ་ཏུ་གདུག་ཙ་ན། གང་ཤར་དབང་པོར་བལྟ་བ་ཡིན། །ཞེས་པ་འདི་གནད་ཟབ་མོ་ལགས་པས་སྤྱོད་ལམ་གྱི་ཡེངས་ཚབས་ཆེ་བ་ཆོས་ཉིད་བཅས་


JLAZ004_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་འཐུར་དྲན་ལོག་གོ་བ་བོགས་ཆེ་བ་ཡོང་ཞིང་། དབེན་པའི་དུས་སེམས་ལ་བཅོས་སླད་དང་། ཞི་གནས་ལྷག་མཐོང་གོ་བ་ལ་བྱ་མ་ཤོར་བར་རང་བབས་ཀྱིས་དྲན་རྒྱུན་ལ་འཇོག་པ་སྒྲུབ་རྒྱུད་ཀྱི་བསྟན་པའི་འཇོག་སྒོམ་ཟང་མོ་ལགས། །དགོན་རྩེ་སྤྲུལ་སྐུ་རིན་པོ་ཆེར་གདམས་པའོ། །སེམས་འཚོལ་དང་གསུང་རབ་ནས་བཤད་ཚོད་ཀྱིས་ལྟ་སྒོམ་བཟང་པོའི་གོ་ཡུལ་དེ། །ལྷན་པ་དང་འདྲ་བས་གོག་གིས་དགོས། །དེས་ན་ད་ལྟ་རང་བབས་སུ། །ལྷོད་དེ་བཞག་པའི་དྲན་པ་འདི། །ལྟ་བ་ཡིན་པར་ངོས་ཟུང་ནས། །དེ་ཡི་ངང་མི་སྒོམ་ཞིང་། །མི་ཡེངས་རིག་ཙམ་གྱི་དྲན་རྒྱུན་འདི། །ཆུ་བོའི་རྒྱུན་བཞིན་མ་ཡེངས་མཛོད། །ཆུ་བོ་ཆད་སར་ས་བརྐོས་བཞིན། །དྲན་པ་མེད་ཚད་འཁྲུལ་པ་དང་། །ལམ་གྱི་བར་ཆད་ཡིན་པ་རུ། །ངེས་པ་བསྐྱེད་ཅིང་མདོ་སྨད་པ། །ཞེས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །བླ་མ་རྒྱལ་བའི་དབང་པོ་མཆོད། །མཚན་བརྗོད་ན་ཀུན་མཁྱེན་ངག་གི་དབང་། །སྙིང་དབུས་ན་ཡིད་ཆེད་ཀྱི་དད་པ་དང་། །འབྲལ་མེད་འགྲོགས་པ་ངོ་མཚར་ཆེ། །ཉན་མཁན་ཡོད་མིན་ཇི་ལྟར་ཡང་། །


JLAZ004_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདམས་ལ་ནན་བསྐྱེད་མཛད་མཁན་འདུག །ང་མིག་འགྲིབས་ན་སོ་རྒས་པ་ལ། །རེ་ཆེ་དང་ཨུ་ཚུགས་མ་མཛད་ཨང་། །གནས་སྐོར་དང་ཡུལ་ལྗོངས་བགྲོད་པ་དེ། །ཁྱེད་ཨ་ཁུ་ཁམས་པའི་སྲོལ་ལགས་ཀྱང་། །ཡུལ་ངན་དང་རྐྱེན་ངན་འཛོམ་ཙ་ན། །རོ་སྙོམས་ཤིག་ནུས་པ་ཡོད་ལས་ཆེ། །སྟོན་དཔྱིད་བསིལ་དྲོད་སྙོམས་སྐབས་ན། །རས་གོས་ཀྱིས་སྣང་བ་བདེ་མདོག་ཁ། །ལོགས་གསར་སྒང་གི་ལྷགས་པ་ཡིས། །ཅོག་བུ་ལ་དད་པ་ལྡོག་ཉན་ཡོད། །དངུལ་ཨམ་ཕྲག་ཏུ་སྦས་ནས་བཅུད་ལེན་དང་། །ལྷ་ཁང་ལ་སྟོང་འཇལ་ཞལ་ཟས་ལེན། །དེ་འདྲའི་དཀའ་སྤྱད་སྙིང་རུས་ལས། །བཟོད་པའི་དཀའ་ཐུབ་བྱས་ན་ལེགས། །མགྲོན་གཉེར་གྱི་ཞུ་སྒུགས་སྙིང་ཐག་རིང་། །གདན་ཁྲི་ལ་རྟེན་ཁེབས་གཡོགས་ས་ནས། །དོན་དབང་ཐོབ་པའི་ངེས་པ་མེད། །ཤཱཀྱ་ཐུབ་པའི་སྙེམས་ཆུང་ལ། །ལྟོས་ནས་བྱང་ཆུབ་སེམས་འབྱོངས་ཤིང་། །བསྐྱེད་རྫོགས་གདེང་ལྡན་གྱི་སྐྱེས་བུ་ལ། །བསྙེན་གནས་རང་སེམས་ཀྱི་རྩ་བ་ཆོད། །མངའ་ཐང་ཆེ་ཚད་ཀྱི་སྒོ་དཀྲོགས་ནས། །ཆོས་འབྲེལ་ཞུ་ཞུ་དེ་གནས་སྐབས་སུ། །དག་སྣང་ཆེ་མདོག་ཁ་ལགས་ཀྱང་། །


JLAZ004_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མགོ་མཐོན་པའི་གཉིས་གསུམ་དང་། །དམ་ཆོས་ལ་སྤོང་ལེན་གྱིས་སྡིག་པ་གསོག །དེ་བས་ཡིད་ཆེས་གཅིག་ལ་དྲིལ། །གནས་རི་དང་སྒྲུབ་ནས་ཚོ་ངོ་མཚར་ཡང། །དེ་ན་ཡོད་པའི་བྲག་སྐྱིབས་དང་། །ས་རྡོ་ཆུ་ཤིང་ལོངས་སྤྱད་པས། །མཆོག་གི་དངོས་གྲུབ་ག་ལ་ཡོད། །སྒྲུབ་ཚུགས་བཟུང་ནས་རང་སེམས་ལ། །བརྟན་པ་མཐོབ་པའི་ཤུལ་ཙམ་ཕྱིར། །འགལ་རྐྱེན་མེད་པའི་གནས་བཟང་དུ། །ས་ཚུགས་ཐུབ་ན་མི་ལེགས་སམ་།སྔོན་རྒྱ་བལ་ཀུན་སངས་རྒྱས་ཀྱི་བསྟན་པས་གང་། །ད་སྡིག་སྤྱོད་དང་ཀླ་ཀློས་བཀབ་པ་ཡིས། །སེམས་ཅན་གྱི་བདེ་སྐྱིད་ཉམས་ལུགས་ལ། །བསམས་ནས་ངེས་འབྱུང་བརྩོན་འགྲུས་བསྐྱེད། །བོད་གངས་ཅན་ན་དམ་ཆོས་དར་ཟེར་ཡང་། །བླ་མ་རྣམས་སྡེ་དཔོན་གྱི་ལད་མོ་བྱེད། །སྲིད་འབྱོར་གྱིས་དྲེགས་ཤིང་ཆོས་ལས་ཉམས། །དད་གཤིན་གྱི་རྫས་ལ་གཟི་བྱིན་སྒྲུབ། དགེ་བཤེས་དང་ཆོས་པ་ཚོ་ཧོར་འདྲར་སྨོན། །དེས་ཁྱིམས་པ་ཚོ་གཏིང་ནས་སུན་བྱུང་སྟེ། །བསྙེན་བསྐུར་ཡང་ཁྲལ་འཇལ་གྱི་གནས་སུ་བལྟ། །ཕན་ཚུན་མ་དག་པའི་སྦྱིན་འབྲས་ལ་སྤྱོད། །སྒོམ་ཆེན་ཚོ་གཏི་མུག་ལ་སྒོམ་དུ་རེ། །བླ་མ་ལས་ཡོན་བདག་ལ་དད་


JLAZ004_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེ། །གཉིད་ཆང་གིས་བྱང་ཆུབ་ཀྱི་སེམས་བཅོམ་པས། །ལྷག་མཐོང་གི་ཡོན་ཏན་ག་ལ་འཆར། །འདི་གཞན་སྐྱོན་བལྟ་བའི་མེ་ལོང་མིན། །རང་ལའང་དེ་བཞིན་ཡོད་སྙམ་བདོག །བླང་དོར་ལ་གུས་པ་བསྐྱེད་པའི་ཕྱིར། །རང་བཞིན་སྲོང་པོར་བརྗོད་པ་ཡིན། །ད་དོན་གྱི་འཇོག་སོ་བཤད་ཀྱིས་ཉོན། །རྟག་པར་བྱང་ཆུབ་སེམས་གཉིས་སྒོམས། །ཆོག་ཤེས་ལ་སྦྱིན་པའི་ཕ་རོལ་གནས། །དེ་ཡི་ངོ་བོ་གཏོང་སེམས་ཡིན། །དཀོན་ཅོག་མཁྲེལ་ན་ཚུལ་ཁྲིམས་ཡོད། །དྲན་རིག་མ་ཉམས་པ་བཟོད་པའི་མཆོག །ཀུན་གྱི་གྲོགས་སུ་བརྩོན་འགྲུས་དགོས། །སྣང་བཞིན་ལྷར་སྒོམ་བསམ་གཏན་དེ། །འཛིན་ཞེན་རང་གྲོལ་ཤེས་རབ་བོ། །དེ་ལ་བསམ་དང་བསམ་བྱེད་མེད། ཐ་མལ་མ་ཡིན་ངེས་ཤེས་བྲེལ། །མྱ་ངན་འདས་ཞི་དམ་པའོ། །འདི་ནི་ཀུན་ལ་བརྗོད་མི་བྱ། །སེམས་ཀྱི་དམ་པར་ཟུང་ཞིག་གུ། །ཨ་བྷཱ་ཡ་དྭཱི་པས་སོ། བརྗོད་བྲལ་བློ་ལས་འདས་པ་དེ། །གཤིས་ཀྱི་བཞུགས་ཚུལ་ཡིན་མོད་ཀྱང་། །བལྟར་མི་མངོན་པའི་ཤེས་སྒྲིབ་ནི། །ཟད་དང་མི་སྐྱེ་ཤེས་པ་ཡི། །ཆོས་ཉིད་མངོན་དུ་མ་བྱས་པར། །ཡོད་པས་རྟོགས་སོ་སྙམ་པ་ཡི། །ངེས་ཤེས་ཞེ་འདོད་སྤོངས་ཤིག་ཨང་། །སྤང་པ་ཞེས་པའང་དྭགས་ཏེ། །སྤངས་བླང་དགག་བསྒྲུབ་རང་ས་རུ། །ཞིག་


JLAZ004_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིག་པ་བློ་འདས་ལ། །ལྟ་སྒོམ་སྤྱོད་པའི་མིང་མེད་པས། །རྒྱ་ཡན་ཞེན་པས་མ་བཅིངས་ཤིང་། །ལུང་མ་བསྟན་གྱི་གོལ་ས་ལས། །འདས་པའི་ངང་སྒོམ་སྐྱོངས་ཤིགུ་།བལྟ་རུ་མེད་པ་ངོ་བོའི་གཤིས། །ཡིན་ཡང་ལམ་རྟགས་ཡོན་ཏན་གྱི། །རྩེ་མཁྱེན་པ་གཉིས་ལྡན་དང་། །ཁྱེད་ཅག་ད་ལྟ་མི་འཛའ་བས། །རྗེས་ཐོབ་ཐམས་ཅད་མོས་གུས་དང་། །སྙིང་རྗེར་རང་རྩལ་སྦྱོངས་ཤིག་གུ །འདི་ཡང་ཁམས་རྫ་ཆུ་ཁ་པ་བློ་ལྡན་གྱིས་བསྒོམ་བྱ་སྒོམ་བྱེད་མི་འདུག་ཟེར་བ་ལའོ། །ཀ་དག་གི་དོན་རྟོགས་ཚུལ་ཇི་བཞིན་ཕར་ངེས་པས་དེས་ཆོག །ཐོད་རྒལ་འདི་རྩ་དངས། །སྔོན་གོམས་ཅན་སོགས་ལ་མ་ངེས་པར་འཆར་བས་ལམ་རྟགས་དང་འབྱོར་དཀའ་བ་ཡོད་ཀྱང་། །ཐ་མལ་གྱི་སྣང་ཆ་འདག་པ་ལ་འདི་ཤུགས་ཆེ་བས་ཞེན་པ་མེད་པའི་དང་ནས་སྣང་རིག་ཟུང་འབྲེལ་ཞེན་མེད་དུ་སྐྱོངས། །རྨི་ལམ་ལ་ཡུལ་ཁྱིམ་མཐོང་ནས་དཔྱད་རེས་འགག་འགྲོ་བ་ནི་སྣང་ཕྱོགས་ཤས་ཆེ་བའི་དྲན་པ་རྒྱུན་ཆགས་ཀྱིས་དབུ་མར་རླུང་འདུས་པའི་སྟོབས་ལས་བྱུང་། །སྒྲོན་མ་བཞི་པོའི་ངོས་འཛིན་ཐེག་མཆོག་མཛོད་རང་ཟབ། ངེད་ཀྱི་རྣམ་མཁྱེན་ཤིང་རྟའི་སྨད་ནའང་ཞིབ་པར་གསལ་སྟོང་སྒྲོན་གོ་


JLAZ004_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པའི་ཆ་ལ་བཏགས་ན་སླར་མཐོང་རྒྱུ་ག་ལ་སྲིད། ལུ་གུ་རྒྱུད་དེ་སྐུར་སྨིན་པ་ཡིན་ན་འབྲས་བུའི་ཚེ་ས་བོན་ག་ལ་ཡོད། །རྫོགས་ཆེན་ནས་རྨི་ལམ་ལ་སོགས་པའི་ཆོས་དྲུག་གཙོ་བོར་མི་བྱེད། །ཆོས་ཉིད་རྐྱང་པར་འདེད་པའི་གོམས་སྟོབས་ཅན་ལ་བཅད་དཀྲུགས་རྣམ་རྟོག་གི་ལྷན་པ་ཡིན། རྨི་ལམ་གོམས་ཚད་རབ་བརྗེད་པ་ཞེས་བྱ་བ་དེ་སྔོན་གོམས་དང་ཉིན་སྣང་གི་བག་ཆགས་ཀྱིས་གོས་པ་སྤངས་པ་ལ་བཏགས། འཇིག་རྟེན་ན་དེ་རིང་འདི་བྱ་སྙམ་པའི་དྲན་པས་གསོས་བཏབ་ན་འཁྲུལ་སྣང་དེ་སྟོབས་སུ་གྱུར་ནས་འཁྲུལ་པའི་བྱ་བ་ལག་ཐོག་ཏུ་ཁེལ་བ་དང་མཚུངས། །བརྗེད་ན་བྱ་བ་དེ་གཏན་མི་བྱེད་པ་དཔེར་བྱས་པ་ཡིན་གྱིས། དོན་ལ་འཇིག་རྟེན་གྱི་བྱ་བ་བརྗེད་པ་ནི་རེ་ཞིག་གཏི་མུག་གིས་བཀབ་པས་བག་ལ་ཉལ་མི་ལྡོག །འདི་ནི་བག་ལ་ཉལ་རྩ་བ་སྟོངས་པས་ངོ་བོ་ཕྱེད་པ་དགོས། ཅིར་ཡང་མི་རྟོགས་འཐུག་པོ་དང་། །སད་པར་སླ་བ་སྲབ་མོ་སྟེ། །ཉམས་ཀྱི་འོད་གསལ་གྱི་དཔྱད་དེས་འགྲོགས། །རྟོགས་པའི་འོད་གསལ་ཚད་དུ་ཕྱིན། །བྱ་བ་དགུ་ཕྲུགས་སུ་ཡུན་བསྲིང་ན་རླུང་རང་འགགས་ནུས་པ་ཆེ་བས་རྩ་རླུང་ཐིག་ལེའི་འབད་རྩོལ་ཨར་གཏད་ཀྱི་ཟློག་སྒོམ་ཡིན་ནོ། །དཔེར་ན་ཡང་ཏི་ནག་པོའི་མུན་ཁྲིད་ཀྱི་མཐོང་སྣང་འཆར་བདོ་བ་ལ་སངས་རྒྱས་མཐོང་ངོ་བར་ཡང་བཅུད་


JLAZ004_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གྱིས་རྩ་བ་དངས་པ་དང་། མུན་པས་རྐྱེན་གྱིས་གསལ་སླ་བས། དུས་དེར་ལྷ་ཁང་མཐོང་ཡང་ཕྱིས་མི་བརྟན་པ་དང་འདྲ། ཉམས་ལེན་རེས་འགའ་བས་བཙན་ཐབས་སུ་འཆར་བར་འདོད་ན་རྩ་རླུང་ཐིག་ལེ་མྱུར་བ་ཡིན་ཡང། རྫོགས་ཆེན་རང་ལུགས་ལ་དེ་གཙོ་བོར་མི་བྱེད་པ་མཛོད་ཚོར་གཟིགས། མཛོད་བདུན་འདྲ་བའི་ལམ་གནད་རྒྱ་བོད་གཉིས་ཆར་དུ་མ་དར་བ་ལ་ངེས་ཤེས་རྙེད་པར་མཛོད། ཁམས་རྒྱ་རོང་རི་ཁྲོད་པ་དཔལ་ལྡན་རྒྱ་མཚོ་ལ་གདམས་པའོ། །བླ་མ་རྗེ་ལ་ཕྱག་འཚལ་ལོ། །ཁྱོད་དམ་པའི་ཆོས་ལ་བློ་ཕྱོགས་ནས། །སྒོམ་སྒྲུབ་ལ་མོས་པ་སྐྱེས་པའི་ཐོག །བདུད་ཀྱི་འཇུག་སྒོ་ཆེས་མང་བས། །གྲོགས་ངན་དང་སྣང་བ་ཡུལ་རྐྱེན་གྱིས། །།འགྱུར་བ་ལ་རིག་པ་སྒྲིམས་ཤིག་ཨང་། །སུ་དང་འགྲོགས་ཀྱང་རང་ཚོད་བཟུང་། །ཁྱད་པར་སྨྲ་བ་མང་པོ་ནི། །དྲང་གཏམ་ཡིན་ཡང་གཞན་སྣང་ལ། །འཆར་སྒོ་སྣ་ཚོགས་ཡོང་བ་འདི། །ཆགས་སྡང་གི་རྩ་བ་ཡིན་པས་ན། །རྒྱུས་མེད་དང་ལྐུགས་པའི་ངང་ཚུལ་བཟུང་། །རྟག་པར་ལས་འབྲས་ལ་བརྩི་བཞག་དང་། །ཕན་སེམས་བསམ་པ་བཟང་པོའི་དང་། ཙྭ་རིའི་རོང་ནགས་འགྲིམས་དུས་སུ། །དྲན་པ་


JLAZ004_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཡེང་མེད་ཁོ་ནའི་ཐོག །སྐྱིད་སྡུག་དང་འཁུ་འཁྲིག་ཆགས་སྡང་གི། །རྣམ་རྟོག་ཀུན་རང་སར་རྩ་གདར་ཆོད། །ཡུལ་སྣང་སྒྱུ་མ་དང་རྨི་ལམ་ལྟའི། །ངང་ནས་རོ་སྙོམས་ལ་ཧུར་ཐག་ཐོང་། །ད་ལྟ་རང་ཤི་ཡང་རང་སེམས་ལ། །སྐྱེ་འཆིམ་གྲུབ་པའི་ངོ་བོར་ལྟོས། །དེ་གནས་ཆེན་འགྲིམས་པའི་དགོས་པ་ཡིན། །རྗེས་ཐོབ་ཏུ་སྨོན་ལམ་རྒྱ་ཆེར་ཐོབ། །འགྲོ་ཁའི་ཞལ་གདམས་སྙིང་ལ་ཕུར། །པདྨ་བསམ་གཏན་རོང་བསྐོར་ལ་འགྲོ་ཁར་འཇིགས་མེད་གླིང་པས་སོ། རྒྱལ་བ་ཀློང་ཆེན་རབ་འབྱམས་མཆོད། །སངས་རྒྱས་བསྟན་པའི་སྒོར་ཞུགས་ནས། །ཚུལ་གནས་ཐོས་བསམ་སྒོམ་བརྩོན་པ། །བྱང་ཆུབ་སེམས་དཔའི་གཞུང་ལམ་ཀྱང་། །སྙིགས་མ་ལྔ་བདོའི་གནས་སྐབས་འདིར། །ཐོས་ན་དམ་ཆོས་ཐོས་པ་དང་། །བསམས་ན་སྒྲ་ཚད་རྟོག་གེ་ལས། ནང་གི་རིག་པ་ཤེས་པ་དཀའ། །དོན་འགྱུར་ཤེས་པའི་སྒྲ་ནི་དཀོན། །བྱིངས་རྐྱེན་རྣམ་དབྱེའི་མཚམས་སྦྱོར་ཡང་། །སྐད་དོད་དང་བྲལ་ཚེ་ཟད་ལས་ཆེ། ཚད་མ་ཡང་ནི་ཐ་སྙད་ཙམ། ཐ་སྙད་ཇི་བཞིན་ཤེས་པ་ལ། །སྐྱེས་ཐོབ་དབང་པོ་རྣོན་པོ་དགོས། །འཕགས་ཡུལ་ཡིན་ན་མུ་སྟེགས་


JLAZ004_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །རྒོལ་བ་མང་བས་འདི་གཉིས་དགོས། །བོད་དུ་དེ་འདྲའི་རི་བ་མེད། །རྒྱལ་བའི་བསྟན་པ་ལུང་རྟོགས་གཉིས། །ཡིན་པས་དེ་ལ་ཐོས་བསམ་མཛོད། །དེ་ཡང་རང་འདོད་གཞུང་མང་བས། །དེ་དག་དགག་བསྒྲུབ་ཆགས་སྡང་རྒྱུ། །དེ་བས་རང་སྡེའི་གྲུབ་མཐའ་ནི། །ཡིད་བཞིན་མཛོད་དང་གྲུབ་མཐའ་མཛོད། །གཉིས་ལ་རྟོག་དཔྱོད་ཆེར་མཛོད་ནས། །སེམས་གཉིས་ངལ་བསོ་རྩ་འགྲེལ་དང་། །སྙིང་འགྲེལ་ཕྱོགས་བཅུ་མུན་སེལ་རྣམས། །ཐོས་བསམ་གཉིས་ཀྱི་མཐིལ་དུ་བྱ། །དེ་ཡི་རྒྱབ་ཏུ་ཡོན་ཏན་མཛོད། །རྩ་འགྲེལ་ལ་གཟིགས་རང་གཞན་གྱི། །གྲུབ་མཐའ་སྤྱི་དང་རིམ་གསུམ་གྱི། །བཀའ་འཁོར་དགོངས་པ་ཤེས་པ་ཡིན། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་ལ་ཀུན་རྫོབ་དོན་དམ་གཉིས། །ཀུན་རྫོབ་སྨོན་འཇུག་གཉིས་ལ་འདུ། །དོན་དམ་རྫོགས་པ་ཆེན་པོའི་ཞལ། །དྲན་པའི་བྱ་རས་ཡེངས་མེད་སྐྱོངས། །དེ་ཡི་གྲོགས་སུ་མཛོད་དྲུག་ལྟོས། །དབང་ལུང་རྒྱུན་ལ་མདོ་རྒྱུ་སེམས། །རྒྱུད་འབུམ་ལ་སོགས་བཀའ་མའི་རྒྱུན། །སྙིང་ཏིག་ཡ་བཞི་སྒྲུབ་སྡེ་བརྒྱད། །ཡོད་ན་སྔ་འགྱུར་བསྟན་པ་ཡོད། །མེད་ན་དེ་ཉིད་ཉམས་


JLAZ004_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས། །ཡིན་པས་རང་སྡེའི་སྲོལ་འབྱེད་ལ། །ཀུན་མཁྱེན་རྗེ་དང་རོང་ཟོམ་ཞབས། །མངའ་རིས་པཎ་ཆེན་ཤེས་རབ་འོད། །འགྲན་ཟླ་བྲལ་བའི་མཁས་གྲུབ་ཡིན། །དེ་དག་གཞུང་ལ་གུས་པ་བསྐྱེད། །མདོར་ན་ཐོས་བསམ་སྒོམ་པ་གསུམ། །ཇི་ལྟར་མཛད་ཀྱང་བསྟན་པ་དང་། །སེམས་ཅན་ལ་སྨོན་བློ་ཡོད་ན། །བྱས་ཚད་ཚོགས་གཉིས་རྫོགས་པའི་རྒྱུ། །འགྲོ་དོན་འཁོར་བ་དོང་སྤྲུགས་ཡིན། །བླ་མ་རྣམས་ཀྱི་སྐུ་ཚེའི་རྒྱུན། །དཀོར་དང་ལོག་འཚོས་བསྲུང་བ་ལ། །བག་ཟོན་མཛད་ནས་འཇིག་རྟེན་གྱི། །ཆོས་བརྒྱད་རྨི་ལམ་ལྟ་བུར་གཟིགས། །དེ་ཡི་མཛད་ཕྲིན་མཐའ་རྒྱས་འགྱུར། །སྙིང་གཏམ་ཉུང་ངུར་བསྡུས་པ་འདི། །ཉི་གྲགས་གསུམ་པའི་ཐུགས་ལ་བསྟིམ། པདྨའི་ཞབས་ལ་ཕྱག་འཚལ་ལོ། །སྙིགས་མ་ལས་ཀྱང་ཆེར་སྙིགས་དུས། །ཆོས་ལ་བློ་སེམས་ཕྱོགས་པ་འདི། །རིན་ཐང་བྲལ་བའི་མི་ལུས་ཡིན། །རྟག་ཏུ་སྐྱོ་ཤས་ངེས་འབྱུང་བསྐུལ། །མང་པོའི་གསེབ་ཏུ་ཆགས་སྡང་འཕེལ། །བས་མཐར་བསྡད་ན་ཡོན་ཏན་སྐྱེ། །དེ་ཕྱིར་དབེན་པའི་རི་ཁྲོད་དུ། །སྡོད་ལ་སེམས་ལ་ལྟད་མོ་ལྟོས། །ཀུན་གཞི་མ་རིག་མཐུས་བསླད་པས། །


JLAZ004_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བརྒྱད་འཁོར་བའི་ཚང་ཚིང་སྐྱེས། །དེ་དག་ཆེས་ཆེར་འཕེལ་བ་ལས། །འཁོར་བ་སྡུག་བསྔལ་ནགས་ཁྲོད་འཐུམས། །ད་ནི་ངེས་འབྱུང་རླུང་གིས་བསྐྱོད། །སྟོང་ཉིད་སྙིང་རྗེའི་མེ་ཆེན་སྦོར། །དྲན་པའི་གཡབ་མོས་གཡབ་བྱས་བྱས། །སེམས་དང་སེམས་བྱུང་ཚང་ཚིང་བསྲེགས། །འཁོར་བའི་ཕ་མཐའ་གཞལ་མི་བཟོད། །དེ་ལས་དབུགས་འབྱིན་ཆོ་ག་མཁན། །བསྟན་པ་རིན་ཆེན་ནུབ་ལ་ཉེ། །དེ་ལ་སོམས་ནས་ཆོས་ལ་འབུངས། །བླ་མ་མཇལ་བས་མི་ཆོག་གིས། །མོས་གུས་རིན་ཆེན་སྲོག་ཏུ་བཟུང་། །གདམས་པ་ཐོབ་པས་མི་ཆོག་གིས། །རྒྱུད་ལ་ཡོན་ཏན་སྐྱེས་སྐྱེས་འབུངས། །ཁྱིམ་པ་རྣམས་ཀྱི་དཀའ་ལས་དང་། །སེམས་ཅན་སྤྱི་ཡི་འཁྲུལ་ལུགས་ལ། །བསམ་ནས་སེམས་ངོ་སྤྲད་པ་དེ། །སྐད་ཅིག་མ་ཡེངས་དྲན་པས་སྐྱོངས། །བདུད་ཀྱི་འཇུག་སྒོ་ཆོས་པར་མང་། །སྐྱོན་ཡང་ཡོན་ཏན་བརྫུ་བ་ཡོད། །དེ་ཕྱིར་གྲོང་ཆོག་རྙེད་འཚོལ་གྱིས། །སྒོམ་ཆེན་བསླུས་པ་མཁྱེན་པར་མཛོད། །ཆོས་རབ་འབྱེད་པའི་བློ་གྲོས་ཀྱིས། །དཔྱད་པ་དྲང་པོར་བཤད་པའི་ཚེ། །བླུན་པོའི་ཁྲོད་དུ་གྱེར་བ་


JLAZ004_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཆགས་སྡང་འཕེལ་བས་ཁ་ཚུགས་སྡོམས། །གདམས་ཕོག་གཞན་ལ་ངོམས་པ་དང་། །ཡིན་ལུགས་སྲོང་པོར་བརྗོད་པའི་ཚིག །ཕྱོགས་རིས་ཅན་གྱི་ཕྲག་པ་རུ། །མི་ཤོད་བློ་གྲོས་ཟབ་པར་མཛོད། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །གཉིས་ལ་འདུས་ན་དེ་ཉིད་དང་། །བྲལ་བའི་དཀའ་སྤྱད་སྡུག་ཡུས་ཀྱང་། །བྱང་ཆུབ་ལམ་དུ་འགྲོ་བར་དཀའ། །དེ་ཕྱིར་ཀུན་ལ་ཕན་སེམས་དང་། །འབྲེལ་བར་བསྐྱེད་རྫོགས་ཟུང་འཇུག་གི། །གཞུང་ཤིང་ཕྱིན་དྲུག་ལམ་ཡིན་པ། །ཤེས་ན་མ་ནོར་ལམ་ཆེན་ཡིན། །མདོར་ན་མང་དུ་སྨོས་ཅི་དགོས། །སངས་རྒྱས་ཚོགས་གཉིས་འབྲས་བུ་ཡིན། དེ་ལྟར་ཡིན་པས་སྦྱོར་དངོས་རྗེས། །གསུམ་གྱི་ཡན་ལག་ཀུན་ལ་ཡོད། །ཐེག་པའི་རྩེ་མོ་ཐམས་ཅད་ནས། །རྒྱུ་འབྲས་སྤང་བླང་དགག་བསྒྲུབ་དང་། །བྲལ་བར་བཤད་པའི་དགོངས་པ་ནི། །ལྟ་བའི་གོ་འཕང་སྙེག་པ་ཡིན། །སྤྱོད་པས་ལྟ་བའི་ལ་ཟློས་ན། །ལྟུང་བྱེད་ཆེན་པོར་གྱུར་ཏ་རེ། །རྟོགས་པ་ཀླུངས་སུ་ཕེབས་པའི་ཚེ། །ཆོས་བརྒྱད་མྱ་ངན་འདའ་བའི་ཕྱིར། །དེ་ཕྱིར་སྤྱོད་ལམ་རྣམ་བཞི་ཀུན། །དྲན་པའི་རྒྱུན་དང་མ་འབྲལ་མཛོད། །དྲན་རིག་ཡེ་ཤེས་ལ་གོམས་ན། །ང་དང་ཁྱོད་ལ་འདུ་འབྲལ་མེད། །སྐྱེ་དང་ཚེ་རབས་ཐམས་ཅད་དུ། །འབྲེལ་བ་མེད་པའི་རྟེན་འབྲེལ་ནི། །ཐུགས་ཡིད་འདྲེས་པའི་རང་བཞིན་གྱི། །


JLAZ004_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཡིན་ནོ་སྙིང་ལ་ཆོངས། །མདོ་ཁམས་རུ་དམ་པ་འཇིགས་མེད་བློ་གསལ་ཅན་གཉིས་ལ་རིག་འཛིན་འཇིགས་མེད་གླིང་པས་ཐོལ་སྐྱེས་བཟོ་མེད་དུ་གདམས་པའོ། ཀོང་པོ་རྒོད་ཚང་སྤྲུལ་སྐུའི་ཆེད་དུ་བསྐུལ་མ་བྱུང་བའི་བསླབ་བྱ། །སྐྱེས་བུ་དམ་པ་ལྟ་ཅི་སྨོས། །དམན་པ་རྣམས་ལའང་མཆོག་དམན་གྱིས། །བྱེ་བྲག་ཡོན་ཏན་ཁོ་ནས་འབྱེད། །དེ་ཕྱིར་རིག་པ་ཉིད་ལ་བརྩོན། །འདུལ་བ་ལུང་ལས་ཀྱང་། དང་པོར་ཡི་གེ་བསླབས་ཏེ། ཞེས་པ་ལྟར་ཡི་གེའི་འབྲི་ཀློག་གཉིས་ནན་ཏན་དང་། །དེའི་བརྡ་དག་གི་གནས་དག་ཡིག་མཁས་པའི་ངག་གི་སྒྲོན་མ་སོགས་ཚད་མར་གྱུར་པ་དང་། །སུམ་རྟགས། ལི་ཤིའི་གུར་ཁང་སོགས་བརྡགས་སར་སྙིང་གི་བྱེད་བྲག་སྟོན་པའི་གཞུང་། །བསྟན་བཅོས་དང་བརྗོད་བྱེད་མཛེས་པར་བྱེད་པ་སྙན་དངགས་རྩ་འགྲེལ། བླང་དོར་གྱི་གནས་གསལ་བར་སྟོན་པའི་རྩིས་གཞུང་རྒྱ་མཚོ། །སྒྲ་རིག་པ་ལ་སོགས་ཏེ་ཐ་སྙད་ཀྱི་གཞུང་། རང་གི་བློ་གྲོས་མཐུ་ཆེན་པོར་བྱེད་པ་སྔོན་བྱུང་དེབ་ཐེར་གཏམ་རྒྱུད། ཆོས་བྱུང་། རྣམ་ཐར་གྱི་རིགས་ལའང་ཞར་བྱུང་དུ་འདྲིས་པར་བྱས་པའི་རྗེས། སངས་རྒྱས་པའི་ཆོས་ཁམས་རྒྱ་མཚོ་


JLAZ004_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་གཞུང་འཐོར་བ་སྡུད་པར་བྱེད་ཅིང་། གབ་པ་གསལ་བར་བྱེད་པའི་གྲུབ་པའི་མཐའ་སྤྱི་དང་། ཁྱད་པར་སྡེ་སྣོད་གསུམ་ནས་རང་བཞིན་རྫོགས་པ་ཆེན་པོའི་བར་གྱི་རྒྱ་བོད་མཁས་གྲུབ་སོ་སོའི་བཞེད་གཞུང་རྗེན་པར་སྟོན་ཅིང་། ནོར་འཁྲུལ་ལམ་ངན་མི་སྲུན་པའི་ཉེས་པ་ཅིག་ཆར་བསལ་བར་བྱེད་པ་རྒྱལ་བ་ཀློང་ཆེན་པའི་གཞུང་ལུགས་ཆེན་པོ་སེམས་ཉིད་ངལ་བསོ་རྩ་འགྲེལ་གྱི་མཚོན་ཤིང་རྟ་གསུམ་དང་། གྲུབ་པའི་མཐའ་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལ་སོགས་པ་རྣམ་པ་བདུན་རྩ་འགྲེལ་དང་བཅས་པ་ལ་བསམ་བྱུང་གི་ཤེས་རབ་རྣམ་པར་དག་པས་ཡོངས་སུ་བློ་གྲོས་ཀྱི་འདུན་ཁང་མཛེས་པར་བྱས་ནས། །རྡོ་རྗེ་ཐེག་པའི་དབང་ལུང་ཁྲིད་གསུམ་གྱི་ལམ་མུ་མཐའ་མེད་པ་ལ་ཉན་ཐོས་པ་ལྷུར་བྱེད་པ་ནི། སྐྱེས་རབས་ལས། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་པའི་དོན་ཡིན་ལ། དེ་ལྟར་ཐོས་པའི་འབྲས་བུ་མཐར་ཕྱིན་པ་གང་ཡིན་པ་ནི། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པས་ཚུལ་ཁྲིམས་རྣམ་པར་དག་པའི་རྟེན་ལ་ཤེས་རབ་རྣམ་པ་གསུམ་གྱི་ཕྱི་མཐའ་ནང་དུ་


JLAZ004_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་འཇོག་གི་སྤངས་རྟོགས་ཕུན་སུམ་ཚོགས་པ་རྫོགས་པའི་སངས་རྒྱས་ཀྱི་དགོངས་པའི་ཀློང་དུ་བཙན་ས་ཟིན་ནས་རང་གཞན་གྱི་དོན་ཡོངས་སུ་གྲུབ་པར་བྱེད་པའོ། །ས་དཀའ་སྙིང་གསུམ་མི་ཟེར་ཏེ། །བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས། །སྒམ་པོའི་བརྒྱུད་འཛིན་ཡོངས་ལ་གྲགས། །དེ་ལྟར་སྨྲ་བའི་རྒྱ་མཚན་ཡང་། །ལྷ་རྗེ་དང་པོར་བཀའ་གདམས་ཀྱི། །དགེ་བའི་བཤེས་གཉེན་ཉིད་ཡིན་ཏེ། །ཕྱི་ནས་མི་ལས་ཕྱག་རྒྱ་ཆེ། །བསྟན་པས་དེ་གཉིས་ཟུང་འབྲེལ་ལ། །གདགས་པའི་མིང་གི་བརྡ་ཆད་ཀྱི། །གྲུབ་མཐའ་ཡིན་པར་ཁོ་བོས་གོ་།ལར་ནི་ཚད་མ་བཞི་ལྡན་གྱི། །གཞན་ལུགས་ཚད་མ་ཡིན་པར་བཏང་། །དབྱིངས་ལ་དཀར་ནགས་མི་སྲིད་ཀྱང་། །རང་ལུགས་རྟོགས་པ་དཀར་པོ་ཡིས། །གཞན་གྱི་རྟོགས་ནག་པོར་བཏང་། །གཞུང་ལུགས་གདམས་པར་ཤར་རོ་ཞེས། །མན་ངག་བརྫུན་མ་ཡིན་པར་སྒྲོག །ཨ་ཅང་བསྟན་པ་རང་ས་ལ། །ཆེ་བ་བརྗོད་པ་ཡིན་མོད་ཀྱི། །ཁོ་བོ་ཀུན་གཟིགས་པད་དཀར་དང་། །དཔྱོད་ལྡན་སངས་རྒྱས་རྡོ་རྗེ་ལ། །མཆོག་ཏུ་དང་ཞིང་ཤིན་ཏུ་རངས། །དེ་ཕྱིར་དེ་འདྲ་མི་འཚལ་ཡང་། །བདག་ལ་གཉེར་ཁ་ཡོད་སྲིད་ན། །རྒྱལ་


JLAZ004_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆོས་རྗེ་མན་ཆད་ལ། །བཀར་བརྒྱུད་ཅེས་བྱ་བྲིས་གྱུར་ན། །རིག་པས་འཐད་ཅིང་ལུང་གིས་འགྲུབ། །ཅི་ཕྱིར་དང་པོ་བཀའ་གདམས་ལ། །དཀར་ཞེས་གཞན་གྱིས་སྒྲོག་མི་འདོད། །ཕྱི་ནས་རྒྱལ་དབང་ཆོས་རྗེ་ཡི། །ལུང་ལ་དཔང་པོར་བྱས་པའི་ཕྱིར། འཚོ་བྱེད་དྲན་པའི་དབང་པོ་ལ། །རྩེད་མོ་དེ་འདྲའི་ཟེར་སྙིང་འདོད། །ཆོས་ནི་ཚིག་ལ་མི་རྟོན་པར། །དོན་ལ་རྟོན་པ་ཡང་དག་ཕྱིར། །འདི་ལ་ངག་བཀྱལ་ཚིག་ཚུབ་ཀྱི། །ཉེས་པར་མཐོང་ན་མི་འཆབ་བོ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཉོན་དང་རྣམ་པར་རྒྱལ་བ་གང་། །འཇིག་རྟེན་ལས་ལ་ཆགས་པ་མེད། །འཆི་བ་མ་དྲན་ཉིད་ལས་བྱུང་། །དེ་ཕྱིར་ཆོས་ཀྱི་བསྐུལ་མ་རུ། །རྣམ་འཆི་ངེས་མེད་སྒོམས་ཤིག་གུ། །རང་དང་གཞན་གྱི་བདེ་སྡུག་ཀུན། །ལས་དང་ལས་ཀྱི་འབྲས་བུ་བྱས། །གཞན་ལ་སྡུག་ཡས་ཚོང་རྒྱུ་མེད། །ལས་འབྲས་དཔང་པོར་ཞོག་ཅིག་གུ། །ཤེས་རབ་ཆེན་པོས་ཆོས་ཤེས་ཀྱང་། །ཤེས་རབ་འཆལ་ན་ངན་འགྲོར་འགྲོ། །ངེས་འབྱུང་རྒྱུད་ལ་མ་འབྲལ་བས། །རྟག་ཏུ་དབེན་པར་སྡོད་ཅིག་གུ། །ཐེག་པ་ཆེན་པོའི་རྩ་བ་ནི། །བྱང་ཆུབ་སེམས་མཆོག་ཁོ་ན་ཡིན། །སྙིང་རྗེས་


JLAZ004_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དབང་སྡུད་པའི། །ཕན་སེམས་རྒྱུད་ལ་སྦྱོར་ཅིག་གུ། །དཀའ་སྤྱད་སྙིང་རུས་བརྒྱ་སྤྱད་ཀྱང་། །མོས་གུས་ཆེན་པོས་བླ་མའི་ཐུགས། །དབང་དུ་འདུས་པར་མ་གྱུར་ན། །རྟོགས་པ་རྒྱུད་ལ་མི་སྐྱེ་བས། །དད་གུས་མགྲོན་པོར་བོས་ཤིག་གུ། །རི་ཁྲོད་དབྱེན་པར་བསྡད་ཡུས་ཀྱིས། །རང་རྒྱུད་ཞི་བདེར་འགྲོ་ཉན་ཡོད། །ད་ལྟ་ཤི་ན་གདེང་ཅི་འདུག །ལྟོས་ལ་བརྩོན་འགྲུས་བསྐུལ་ཤིག་གུ། །མཐོང་ལམ་རྒྱུད་ལ་མ་སྐྱེས་པར། །དད་རྫས་གཤིན་དཀོར་མིག་མཐོང་སོགས། །སྒོམ་ཆེད་འབུབས་པའི་འཕྲེང་ཡིན་པས། །འཇིག་རྟེན་མཐུན་འཇུག་ཞོག་གཅིག་གུ། །གཅིག་པུར་བསྒྲུབ་ཚུགས་ཟིན་པའི་ཚེ། །བར་ཆད་བདུད་ནི་ཅིར་ཡང་བརྫུ། །བདག་བསྟོད་ཕྱེ་གཏོར་མ་འགམ་པར། །གོང་མའི་ཡོན་ཏན་སོམས་ཤིག་གུ། །ཡུལ་གྱི་རྐྱེན་ནི་མཐུ་ཆེ་བས། །སྙན་གྲགས་ལོངས་སྤྱོད་བསོད་ནམས་དང་། །བཟའ་བཏུང་ཡིད་མཐུན་གྲོགས་སུ་བརྫུ། །ཀུན་ལ་ཁྲི་བ་ཆོད་ཅིག་གུ། །གཟུ་བོར་གནས་པའི་སྐྱེ་བོ་དང་། །ཆོས་དང་མཐུན་པའི་གྲོགས་པོ་དང་། །ཕྲག་དོག་མེད་པའི་མི་དཀོན་པས། །རང་ཉིད་གཅིག་པུར་འདུག་ཅིག་གུ། །


JLAZ004_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཐུབ་བྱེད་པའི་ལེག་མོད་ཀྱི། །དེ་བས་ཆང་མི་འཐུང་བ་དགའ། །དྲན་པ་ཉམས་དང་ཚུལ་ཁྲིམས་ཀྱི། ཆོམ་པོར་ཤེས་པར་གྱིས་ཤིག་གུ། །སྒོ་ལ་འདམ་སྦྱར་ངོ་མཚར་མོད། །དེ་བས་ཁ་ལ་རང་སྦྱར་ཟབ། །སྨྲ་བ་མཁས་དང་མི་མཁས་པས། །ཆགས་སྡང་འབྱུང་བར་སོམས་ཤིག་གུ། །སྐྱབས་འགྲོ་བྱེད་པ་ངོ་མཚར་མོད། །དེ་བས་སྐྱིད་སྡུག་ལེགས་ཉེས་ཀུན། །དཀོན་མཆོག་མཁྱེན་པའི་སེམས་གཙོ་བས། །དད་པ་རེས་འཇོག་སྤོངས་ཤིག་གུ། །བཤགས་པ་བྱེད་པ་ངོ་མཚར་མོད། །དེ་བས་གནོང་འགྱོད་དྲག་པོ་དགའ། །སྟོབས་བཞི་མཐའ་དག་ཚང་བ་ཡིས། །ཉེས་ལྟུང་ཆམ་ལ་ཕོབ་ཅིག་གུ། །མཆོད་སྦྱིན་བྱེད་པ་ལེགས་མོད་ཀྱི། །དེ་བས་དད་པ་ཆུང་བ་དགའ། །བརྐམ་ཆགས་ཡུལ་ནས་འདོར་བ་ཡིས། །གསོས་སེམས་ཞེན་པ་ཆོག་ཅིག་གུ། །གསོལ་འདེབས་རྒྱང་འབོད་ལེགས་མོད་ཀྱི། །དེ་བས་དད་པ་ཡོད་ན་དགའ། །དད་པས་སྣང་བ་འགྱུར་བའི་ཚེ། །བླ་མ་མདུན་ན་བཞུགས་འདུག་གུ། །མངོན་རྟོགས་བསྒོམས་པ་ལེགས་མོད་ཀྱི། དེ་བས་བསྐྱེད་རིམ་གསལ་བ་དང་། །སྦྱང་གཞི་སྦྱོང་བྱེད་ཤེས་པ་དགའ། །བསྐྱེད་རྫོགས་ཟུང་དུ་སྤྱོད་ཞིག་གུ། །གནས་


JLAZ004_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སྒོམ་པ་ལེགས་མོད་ཀྱི། །དེ་བས་མ་བཅོས་གཉུག་མ་ཡི། །གཤིས་ལ་རྟག་ཆད་མི་མངའ་བས། །སྤྲོས་བྲལ་རང་མལ་ཞོག་ཅིག་གུ། །ཐོད་རྒལ་ལྟ་བ་ལེགས་མོད་ཀྱི། །དེ་བས་རང་གདངས་ལྷུན་གྲུབ་དང་། །ལུག་རྒྱུད་མངོན་ཞེན་མ་ཆེ་བར། །རིག་པ་ཨར་ཐད་གཏོད་ཅིག་གུ། །གཞན་དོན་མངོན་གྱུར་ལེགས་མོད་ཀྱི། །དེ་བས་སེམས་བསྐྱེད་བཟུང་བ་དགའ། །དགེ་བ་བྱས་ཚད་གཞན་དོན་དུ། །འགྱུར་བའི་སྨོན་ལམ་ཐོབ་ཅིག་གུ། །མདོར་ན་རང་འདོད་མེད་པ་དང་། །རང་སྐྱོན་ཤེས་ཤིང་ང་རྒྱལ་མེད། ཀུན་ལ་དག་སྣང་འབྱོངས་པ་དང་། དམའ་ས་འཛིན་ཞིང་ཕན་སེམས་ཆེ། །ཆོས་བརྒྱད་སེམས་བྲལ་བྱ་བ་བཏང་། །ན་དགའ་ཤི་སྐྱིད་རི་ཁྲོད་འགྲིམ། །བླ་མས་ཅི་གསུང་བཀའ་སྒྲུབ་ཅིང་། །རང་དང་སྡིག་གྲོགས་དབང་མི་གཏོང་། །དེ་ལྟར་བགྱིས་ན་ཉམས་རྟོགས་དང་། །ཡོན་ཏན་མེད་དོ་ཟེར་ན་ཡང་། །བར་དོར་ཞིང་ཁམས་བགྲོད་པ་ལ། །བསླུ་བ་མེད་པ་རྒྱལ་བའི་བཀའ། །ང་དང་དུས་གསུམ་དུས་མེད་དུ། །ཡང་ཡང་འཕྲད་ཅིང་འདུ་འབྲལ་མེད། །སྙིང་བགྲོད་གཏམ་ལ་ཞོག་ཅིག་གུ། །འཇིགས་མེད་རྣམ་རྒྱལ་ལོ་གསུམ་གྱི་


JLAZ004_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ལ་དེངས་པར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །དགོན་རྩེ་སྤྲུལ་སྐུ་རིན་པོ་ཆེ་ནས་དྲན་པ་སྐྱོང་ཚུལ་གྱི་དྲི་བ་ཐ་དད་པ་ལས། སྤྱིར་དྲན་པ་ཟེར་བ་ལ་རྫས་ཐ་དད་པ་ཡོད་པས་གཞུང་ལུགས་ཆེན་པོའི་དགོངས་པ་ལམ་ལྔ་ས་བཅུའི་སྐབས་ཀྱང་དྲན་པའི་ཐ་སྙད་ཀུན་ཏུ་འགྲོ་བ་ནི་ཚོགས་ལམ་དྲན་པ་ཉེར་གཞག་ལྟ་བུའི་མཚོན་པའི་ཕྱིར་རོ། །དེ་ཡང་འདྲི་བ་དང་པོའི་དོན་ལྷའི་བསྐྱེད་རིམ། བླ་མའི་མོས་གུས་སྐྱོ་ཤས་ངེས་འབྱུང་གི་དྲན་པ་ནི། འདུ་བྱེད་ཀྱི་དྲན་པ་ཞེས་བྱ་བ་བསྐྱེད་རིམ་ཡིན་ན་སྣང་ཆ་ལ་གཟུགས་སུ་རྟོགས་པའི་དྲན་པ། དེ་བཞིན་དུ་མོས་གུས་ལ་འདུ་ཤེས་དང་འདུན་པ། སྐྱོ་ཤེས་ངེས་འབྱུང་ལ་རྣམ་ཤེས་ཀྱིས་བསྐྱེད་པའི་ཚོར་བ་སྣ་ཚོགས་ཀྱི་དྲན་པ་སོགས་ཐ་དད་ཀྱང་། དོན་ཕུང་པོ་ལྔའི་རང་བཞིན་གྱི་འཇུར་དྲན་ལས་འདའ་ས་མེད་ཅིང་ལས་དང་པོའི་རིང་འཇུར་དྲན་དེ་ག་མེད་དུ་མི་རུང་བ་ཡིན་ཏེ། དཔེར་ན་སླེབས་སར་མ་ཕྱིན་བར་ལམ་འདོར་དུ་མི་རུང་བ་བཞིན་ནོ། །དྲི་བ་གཉིས་པའི་དོན་རེས་འགའ་ཡུལ་ལ་ཡེངས་དུས་ང་ཡེངས་འདུག་སྙམ་ནས་ཚུར་སླད་ནས་མ་བཅོས་པར་འཇོག་རྒྱུ་འདྲ་བ་དེ་སྟོང་འཛིན་གྱི་འདུ་ཤེས་ཀྱི་དྲན་པ་ཡིན་ནོ། །ཡང་ཡེངས་པ་ཚོར་ཙམ་


JLAZ004_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཁས་ཆོག་ན་སྒོམ་ལ་ཁ་མ་ཕྱོགས་པའི་ཕལ་པ་དང་ཁྱད་པར་མེད་འདྲ་གསུངས་པ། ཁྱད་པར་ཤིན་ཏུ་ཆེ་སྟེ། སེམས་འབྱུང་གནས་འགྲོ་གསུམ་ལ་བརྟེན་ནས་སྐྱེ་འགག་མེད་པྲ་གོ་མྱོང་གིས་ངོ་འཕྲོད་པ་དག་དང་། ཕལ་པ་སེམས་དངོས་ཅན་དང་དངོས་མེད་གང་དུ་ཡང་ཧ་མ་གོ་བའི་ལུང་མ་བསྟན་གཉིས་མི་མཚུངས་ཏེ། ཕལ་པ་རྣམས་ནི་བྱ་བ་ངན་ཞེན་དེ་ཉིད་ལས་གཡོས་ཏེ་ད་དུང་ཡང་འཁྲུལ་ཉིང་འཁྲུལ་དུ་གྱུར་པ་ལ་ཡེངས་པའི་ཐ་སྙད་བརྗོད་ཀྱང་ཁོང་གིས་མ་ཡེངས་པའི་གནས་སྐབས་སུ་འདོད་པ་དེ་ག་རྣམ་ཤེས་ཚོགས་བརྒྱད་ཀྱི་གཞན་དབང་འབའ་ཞིག་ལ་སྤྱོད་པས་ཆོས་ཉིད་དང་རྫས་འགལ་བ་ཡིན། སེམས་ངོ་མཐོང་བ་དེས་ནི་རིག་པ་དངས་གསལ་རེ་ཞིག་ཚོགས་དྲུག་གི་ཡུལ་ལ་ཡེངས་ཀྱང་། དྲན་པས་ཟིན་པ་ཙམ་ནས་སེམས་གསལ་སྟོང་ཙམ་དུ་གནས་པ་ཞིག་དང་། ཡང་གཟུང་དྲན་ལ་ཧ་ཅང་དེ་གནས་པ་ཞིག་དང་། ཡང་སྒོ་ལྔའི་གདངས་མ་འགགས་ལ་ཡིད་ཀྱི་རྣམ་ཤེས་ཀྱིས་ཅིར་ཡང་མི་རྟོག་པའི་འཆད་ཚུལ་གསུམ་ཡོངས་པའི་དང་དུ་དྲན་པ་བརྟེན་ན། དེ་གསུམ་གྱིས་ཀྱང་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་སྐྱེ་བའི་རྟེན་བྱེད་དོ། །འདི་ལ་དེང་སང་སྒོམ་ཉམས་ཡོད་


JLAZ004_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པར་རློམ་པ་ཐམས་ཅད་ནས་དྲན་པ་དེ་ཆོས་ཉིད་དུ་ངོ་སྤྲོད་པ་ཡོད་ཀྱང་དབང་པོ་དང་དབང་ཤེས་འབྲེལ་བས་སྒོ་ལྔའི་ཡུལ་ཉེ་བར་ལོངས་སྤྱོད་པ་ལས་སླར་ལོག་སྟེ་ཡིད་ཀྱི་རྣམ་ཤེས་གསལ་ལ་མི་རྟོག་པ་ཙམ་ཏེ། །ཏིང་ངེ་འཛིན་གྱི་ཚོགས་དམ་པའི་ལེའུ་ལས། །ཏིང་ངེ་འཛིན་ཀྱང་རབ་བརྟན་ལ། །དེ་ལ་མངོན་པར་ཞེན་བྱེད་ན། །བྱིས་པ་ཉེར་སྤྱོད་པ་ཞེས་བྱ། །མྱ་ངན་འདས་པ་ཉིད་མི་འགྱུར། །ཞེས་སོ། །དེས་ནི་སྲིད་རྩེའི་སྙོམས་འཇུག་ཐོབ་པའི་རྒྱུ་ཙམ་ལས་དོན་རབ་བྱེད་པའི་བསམ་གཏན་གྱི་རྒྱུར་མི་འགྲོ་བའི་ཕྱིར་རོ། །གལ་ཏེ་རྨུགས་པའམ་བྱིངས་ན་ཀུན་གཞིའི་རྣམ་ཤེས་ལུང་མ་བསྟན་དུ་འགྲོ། དེ་ལ་རིག་པའི་དངས་ཆའམ་ལྷག་མཐོང་བསྐྱེད་ན་སོ་སོ་རང་རིག་གི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཆོས་ཉིད་མཐོང་བ་ཡིན་པས་དེའི་ཐབས་སུ་བསོད་ནམས་ཀྱི་ཚོགས་ལ་འབད་དགོས་པས་རྫོགས་པ་ཆེན་པོའི་རྒྱུད་སྡེ་རྣམས་ནས་ཀྱང་། སྔོན་འགྲོའི་ཆོས་རྣམས་ནན་ཏན་དུ་གསུངས་ལ་ཡིན། དྲི་བ་གསུམ་པའི་དོན། རེས་ཡེངས་པ་ཚོར་ཙམ་དེ་ཁ་ལ་རང་ཆས་ཡོང་བ་ནི་སྐྱོང་ཚུལ་མ་ནོར་བ་ཡིན་ཡང་། སླར་དེ་ལ་ཡང་བསྐྱར་ཚོར་མཁན་ལ་བརྟག་དགོས་པ་ནི་རྟོག་གེའི་དཔྱད་


JLAZ004_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་གྱིས་དྲན་རྒྱུན་རང་བས་ལ་བློ་བཟོའི་གནོད་པ་བསྐྱལ་བ་ཡིན་པས་མ་རུང་སྟེ། དམ་པས་སེམས་མ་བཅོས་པར་ཅོག་གེ་ཞོག །བཅོས་ན་རྟ་བབས་ནས་བོང་བུ་ལ་ཞོན་པ་ཡིན་གསུངས་པ་སོགས་གྲུབ་ཆེན་རྣམས་ཀྱི་དགོངས་པ་འདི་ལ་མཐུན་ནོ། །ལ་ལའི་ལུགས་ལ་འདི་ལ་ཆེ་ཐང་དུ་བྱེད་པ་ནི་བསམ་གཏན་དང་པོ་ལ་ཉེར་བ་ལྡོགས་ལ་ནན་གྱིས་འཇུག་པ་ཙམ་ཞིག་གོ་།དྲི་བ་བཞི་པའི་དོན་རྗེས་ལ་ཅི་ཡང་མེད་པའི་ཕྱལ་ཕྱལ་དུ་སོང་བ་ལ་ངེས་ཤེས་སྐྱེས་ནས་ཀ་དག་གི་དགོངས་པ་འདིར་འདུག་སྙམ་པ་ནི་གོ་མྱོང་གི་སྒྲིབ་པ་ཆེན་པོ་ཡིན་ཏེ། ཅི་ཡང་མི་འདུག་སྙམ་པ་དེ་ནི་སྟོང་འཛིན་དང་། །ངེས་ཤེས་རྙེད་པ་དེ་ནི་རྟག་འཛིན་གྱི་ཤེས་སྒྲིབ་སྤང་དཀའ་བ་ཡིན་ན། །ཉོན་ཐོས་ཀྱི་སྡེ་སྣོད་ལས་ཀྱང་གང་དག་ང་ཉིད་དགྲ་བཅོམ་པའོ་སྙམ་ན་ངེས་དགྲ་བཅོམ་པ་མ་ཐོབ་པར་གསུངས་པས་མཚོན་ནས། རང་བབས་ཀྱི་ཡེ་སྒོམ་ལ་ཡང་སྒོམ་གིས་བཅོས་བསླད་མེད་པའི་རྒྱུན་ལ་ཡེངས་སུ་མེད་ཅིང་སྒོམ་རྒྱུའང་འདི་ཞེས་དམིགས་ལ་གཏད་མེད་པ་དེ་ཆོས་ཉིད་ཀྱི་དྲན་པ་ཡིན་པས་དེ་གའི་རྒྱུན་བསྐྱོང་ངོ། །ཡང་མ་ཡེངས་པའི་དུས་ན་དྲན་རྒྱུན་རྣམས་གསལ་ཆའི་གདངས་མ་ནུབ་པ་དང་། ཡེངས་ན་ཚོར་


JLAZ004_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ནས་ཡེངས་མཁན་སྟོར་བ་དེ་ནི་དྲན་སྣང་ཡེ་ཤེས་སུ་འཆར་བའི་མགོ་རྩོམ་པ་ཡིན་པས་དེ་གའི་རྒྱུན་ལ་རང་བཞིན་ལྷུན་གྲུབ་ཀྱིས་བརྩོན་པའི་ངང་མདངས་བསྐྱངས་ན་ཡེངས་ཡུལ་ཆོས་ཉིད་དུ་སོང་བས་མཉམ་རྗེས་ཐམས་ཅད་སྒོམ་དུ་ཤར་ཏེ་ཐེ་ཚོམ་དང་ཡིན་མིན་གྱི་འཆིང་བ་ཐམས་ཅད་རང་གྲོལ་དུས་སོང་སྟེ་དབུ་མ་ཆེན་པོའམ་ཕྱག་རྒྱ་ཆེན་པོའམ་རྫོགས་པ་ཆེན་པོའི་ཁྱེར་སོ་ཐ་དད་པ་ཆོས་ཉིད་གཅིག་ཏུ་འདྲེས་པའི་ནམ་མཁའི་རྣལ་འབྱོར་ཞེས་བྱ་བ་དེ་འབྱུང་སྟེ། ཡུམ་ལས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་ཕྱིར་ནམ་མཁའ་ལྟ་བུའོ། །ཞེས་སོ། །དྲི་བ་ལྔ་པའི་དོན། མཉམ་གཞག་གི་སྟེང་དུ་དྲན་པ་མི་འཇོག་པའི་དོན་ནི། སྒོམ་པ་ཡིད་ལ་བྱར་མ་མྱོང་བའི་ཀློག་པ་བ་དང་། གླེན་པ་སྒོམ་པའི་སྤོང་བ་བ་མང་པོས་ཡོད་མེད་མཐའ་བྲལ་དུ་གོ་བས་བསྒྲུབས་པའི་དེ་མཉམ་གཞག་གི་ངོ་ཏིང་བྱས། དེའི་རྒྱུན་དྲན་པས་བསྐྱངས་པས་ཉམས་ལེན་ཆ་གཉིས་སུ་སོང་སྟེ་ཕྱུགས་དང་སྐྱོང་བྱེད་དམ། ལྷས་བྱིན་རེ་ལྡེ་ལ་འདུག་པའི་དཔེས། འཇིག་ཚོགས་ལ་ལྟ་བ་བཤད་པའི་དོན་དང་ཉེ་བར་སོང་བས། མདོར་ན་བསྐྱང་བྱ་སྐྱོང་བྱེད་དང་། དྲན་བྱ་དྲན་བྱེད་དང་།


JLAZ004_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་བྱ་སྒོམ་བྱེད་ཡོད་པ་དེ་སྲིང་དུ་བློའི་འཛིན་སྟངས་དང་མ་བྲལ་བའི་ཡིད་དཔྱོད་ཀྱི་ལྟ་སྒོམ་ལས་མི་འདའ་བའི་ཚུལ་སྤྱོད་འཇུག་ལས་ཀྱང་། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཉིད་ཡིན་ཕྱིར། །ཞེས་གསུངས་པས་ཤེས་སོ། །རྒྱུ་མཚན་དེས་རྫོགས་པ་ཆེན་པོ་ནི་འཕགས་པའི་ལམ་ཡིན་པས་ས་དང་པོའི་ཡེ་ཤེས་ཅེར་མཐོང་དུ་གཟིགས་པ་རྣམས་ལས་སོ་སོ་སྐྱེ་བོའི་སྤྱོད་ཡུལ་དུ་མི་སྣང་ན། ད་ལྟ་ལམ་བདེན་ལ་འཇུག་པའི་དུས་ཡེངས་ཡུལ་ཆོས་ཉིད་དུ་འཆར་བ་དང་། ཆོས་ཟད་མཚོན་བརྗོད་ལས་འདས་པའི་གོ་མྱོང་ལ་བྱ་མ་ཤར་བར་ལས་དང་པོ་པས་འདུ་བྱེད་ཀྱི་དྲན་པ་དང་། ཅིག་ཅར་བ་དང་གོམས་པ་སྔོན་སོང་གི་རིགས་ཅན་རྣམས་དྲན་བྱ་དང་དྲན་བྱེད་རྫས་ཐ་མི་དད་པའི་བློ་འདས་ཀྱི་དྲན་པ་ལ་རིག་རྒྱུ་དང་དྲན་རྒྱུའི་སྒྲོ་བཏགས་མེད་ཅིང་བརྒྱལ་བའམ་གཉིད་འཐུག་ལྟ་བུའི་དངས་ཆ་འགགས་པ་ཡང་མ་ཡིན་པའི་ཆོས་ཉིད་རང་བཞིན་གྱི་དྲན་པའམ་མ་ཡེངས་མི་སྒོམ་ལ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བྱ་བ་ནི་དྲན་པའི་མདོ་འགག་དམ་པ་སྟེ། དེ་ལྟར་གོམས་པ་ཀློང་དུ་གྱུར་པའི་ཚེ། །སྒོ་ལྔའི་རྣམ་ཤེས་ཡེ་ཤེས་སུ་གནས་འགྱུར་ནས་དྲན་པའི་རྩ་བ་དང་ཆོས་ཉིད་


JLAZ004_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པའི་དགོངས་པ་མངོན་དུ་གྱུར་པའོ། །ཞེས་པའང་རིག་འཛིན་འཇིགས་མེད་གླིང་པས་མྱོང་ཐོག་ནས་སྐད་ཅིག་ལ་སྨྲས་པའོ། །ནགས་ཤོད་སྒོམ་ཆེན་ཆུ་སྐྱེས་དེའི། །འཕྲིན་ཡིག་རྟེན་བཅས་འཕྲོས་པས་སྤྲོ། །མཐའ་ལ་མི་གནས་དབུ་མའི་དོན། །མཐོང་ལམ་ཕྱག་རྒྱ་ཆེན་པོ་རུ། །རྒྱལ་བས་གསུངས་ན་དེ་དག་དོན། །མ་བཅོས་མཉམ་པར་གཞག་དེ་ལ། །མན་ངག་རྫོགས་པ་ཆེན་པོར་གྲགས། །དེ་དག་རྣམས་ཀྱི་གྲུབ་པའི་མཐའ། །རྟོག་གིས་གཞལ་དང་མྱོང་བས་མཇལ། །ལ་སོགས་ཆོས་ཀྱི་ཁ་འཛིན་ཅན། ཐམས་ཅད་བློ་ཡི་རྗེས་འགྲོ་ན། །བློ་ནི་ཀུན་རྫོབ་རྣམ་གྲངས་པའི། །དོན་དམ་དབྱེ་བས་ཆེ་ཞིག་བྱ། །དམིགས་གཏང་སྙོམ་བྱེད་མེད་པའི་ངང་། །ཡེང་དང་ལུང་མ་བསྟན་མེད་ན། །ཕྱག་རྫོགས་དབུ་གསུམ་རོ་མཉམ་ལ། །ངོ་བོ་རང་བཞིན་ཐུགས་རྗེ་ཞེས། །ཚོགས་པ་གཅིག་ལ་མིང་གསུམ་དུ། །བཏགས་པས་རྟག་ཆད་མཐའ་སྤྲོ་དང་། །དང་པོ་གཉིས་ཀྱི་བརྗོད་དོན་དང་། །ཕྱི་མ་སེམས་ཅན་དུས་ན་རྩལ། །སངས་རྒྱས་དུས་ན་ཐུགས་རྗེ་ཡིན། །དེ་ཉིད་དྲན་པས་སྐྱོང་བའི་ཚེ། །དང་པོ་བློ་དྲན་མཐུ་ཆེ་བར། །གྲིམས་ཆ་


JLAZ004_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

གློད་ལ་རང་བབས་ཀྱི། །ཡེ་སྒྲོམ་ལས་ལྷག་ཡང་སྒོམ་སྤང་། །མཐར་གྱིས་བློ་འདས་དྲན་པར་འགྱུར། །སེམས་ཅན་གསར་སྐྱེ་ཡོད་མེད་ནི། །ཀུན་གཞི་ལས་ནི་ཡིད་ཆེས་དང་། །ཡིད་ལས་ཚོགས་དྲུག་སྐྱེ་བའི་ཕྱིར། །ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་རང་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་པས་གསར་སྐྱེ་འདུན་ན་ཡང་། །ཀུན་གཞི་གཅིག་ལ་འཁྲུལ་གྲོལ་གྱི། །ཆ་གཉིས་སྲིད་པས་གསར་སུ་མིན། །དོན་འདི་མཁྱེན་པ་ཀུན་མཁྱེན་ལས། །མེད་ཕྱིར་ཐེག་མཆོག་མཛོད་ལ་གསལ། །ཐ་མལ་སྣང་ཆ་ཐོད་རྒལ་དང་། །མི་མཚུངས་གཞན་དབང་འདྲ་མཉམ་ལ། །དག་དང་མ་དག་ཁྱད་པར་ཆེ། །ཆོས་ཉིད་བར་དོ་འཆར་མི་འཆར། །གཉིས་སུ་ཡོད་ན་སྤྱི་ཚན་ལ། །སྐུ་གསུམ་འཆར་གཞི་ཡོད་པ་རྫུན། །དེས་ན་འཆི་སྲིད་ཆོས་སྐུ་དང་། །བར་དོ་ལོངས་སྤྱོད་རྫོགས་སྐུ་རུ། །ལྡབ་ཚུལ་རང་ཤར་བཅོས་མའི་ཁྱད། །སྤང་ཀི་ཤི་བའི་གསོབ་དང་ནི། །བྱིའུ་གསོན་མ་ལ་བརྟེན་ནས། །སློང་བ་རྟེན་དང་རྟེན་བཤད་གཉིས། །འགལ་ཀྱང་སློང་ལ་མཐུན་པ་འདྲ། །རིག་པ་སྐུ་གསུམ་རང་ཆས་


JLAZ004_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །བདག་ཉིད་ཡིན་ཕྱིར་ཀ་དག་ལ། །བརྟེན་ནས་ཆོས་སྐུའི་སར་ཕྱིན་ཀྱང་། །སྣང་ཆ་ལོངས་སྐུར་འཆར་བ་དེ། ལམ་སྣང་ཉིད་དུ་དག་བྱའི་ཕྱིར། །ཐོད་རྒལ་བསྒོམས་པའི་ཚེ་འདི་ལ། །དང་པོས་སེམས་ཉིད་རྡུལ་ཕྲན་དང་། །ཕྱི་མ་རགས་ལུས་རྡུལ་ཕྲན་དུ། །དེངས་པ་རྫོགས་ཆེན་ཁྱད་ཆོས་ཡིན། །འོན་ཀྱང་ཀ་དག་མ་རྟོགས་པའི། །ཐོད་རྒལ་དངོས་པོར་འཛིན་པ་དེས། །ལོངས་སྐུའི་གྲུབ་མཐའ་མི་སྙོགས་པས། །འཁྲུལ་སྣང་ངེས་དོན་འཛིན་པ་སྤོངས། །དེ་ཕྱིར་སྐུ་དང་ཐིག་ལེ་སོགས། །ཉམས་ཀྱི་འཆར་ཚུལ་གང་དང་གང་། །གོམས་འདྲིས་མེད་པའི་ཕལ་པ་ལའང་། །འབྱུང་བ་ཡོད་མེད་རྩ་ཁམས་ཀྱི། །རྟེན་འབྲེལ་ཙམ་དུ་ཤེས་བྱས་ནས། །ངོ་བོ་ཀ་དག་ཆོས་ཟད་ཀྱི། །བདེན་པ་དབྱེར་མེད་ཤེས་པར་མཛོད། །སྲུང་དམ་རྟེན་བཅས་འཆི་མེད་ལོངས། །པདྨ་འོད་ཀྱི་གླིང་ནས་ཕུལ། །པདྨའི་ཚལ་དུ་ངང་པ་དེངས་པ་བཞིན། །པུནྡ་རི་ཀ་རང་ཚལ་དེངས་པའི་གཏམ། །སྨོན་པོའི་བདོག་པ་གསེར་གྱི་སྐྱེས་དང་བཅས། །འཕྲོད་པས་ཇི་བཞིན་འགྲུབ་པའི་མཐུན་གྱུར་བྱས། །ནགས་ཀྱི་རིན་ཆེན་ནགས་སུ་གནས་པ་བཞིན། །


JLAZ004_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་འཛིའི་གནས་དང་ཆེན་པོའི་ངོ་སྲུང་ལ། །བརྩོན་བ་ལྷོད་དེ་ཡང་དག་བལྟ་བའི་ཞལ། །དུས་གསུམ་དུས་མེད་ངང་དུ་བརྩོན་པར་མཛོད། །འཁོར་འདས་བདེ་གཤེགས་སྙིང་པོར་རོ་གཅིག་ན། །ང་ཉིད་དྲན་པའི་མོས་གུས་བླ་མའི་ཞལ། །དུས་གསུམ་འདུ་འབྲལ་མེད་པའི་ངང་དུ་ཞོག །དམ་མདུད་ལྷ་རྫས་བཟང་པོའི་རྟེན་བཅས་ཕུལ། བདེ་གཤེགས་རྣམས་ལ་ཕྱག་འཚལ་ལོ། །མི་ལུས་རིན་ཆེན་རྙེད་པ་འདི། །ནོར་བུ་རྙེད་པའི་དོ་མ་ཡིན། །སྐྱོ་ཤས་མེད་པའི་མི་རྣམས་ཀྱིས། །སྟོང་ཟད་བྱས་པ་མཐོང་ལགས་སམ། །བླ་མ་དམ་པ་མཇལ་བ་འདི། །རྒྱལ་སྲིད་ཐོབ་པའི་དོ་མ་ཡིན། །མོས་གུས་མེད་པའི་མི་རྣམས་ཀྱིས། །མཉམ་གྲོགས་བྱས་པ་མཐོང་ལགས་སམ། །སེམས་བསྐྱེད་སྡོམ་པ་གུས་པ་འདི། །སྡེ་དཔོན་ཐོབ་པའི་དོ་མ་ཡིན། །སྙིང་རྗེ་མེད་པའི་མི་རྣམས་ཀྱིས། །འུ་ར་རྡོ་ར་འཕངས་པ་མཐོང་ལགས་སམ། །རྒྱུད་སྡེའི་དབང་བསྐུར་ཐོབ་པ་དེ། །འཁོར་ལོས་སྒྱུར་པའི་དོ་མ་ཡིན། །དམ་ཚིག་མེད་པའི་མི་


JLAZ004_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །ཆུ་ལ་བསྐུར་བ་མཐོང་ལགས་སམ། །སེམས་ཉིད་རང་ངོ་མཐོང་བ་འདི། །སངས་རྒྱས་མཐོང་བའི་དོ་མ་ཡིན། །སྙིང་རུས་མེད་པའི་མི་རྣམས་ཀྱིས། །འཁྲུལ་དུ་བཅུག་པ་མཐོང་ལགས་སམ། །དལ་པ་ཁྱོད་ལ་ཚང་གཤར་གྱིས། །འབྱོར་པ་ཉམས་སུ་མ་འཇུག་ཨང་། །བླ་མ་ཙམ་པ་མང་མོད་ཀྱི། །སྤངས་རྟོགས་ལྡན་པ་དཀོན་ནོ་ཨང་། །བསམ་པ་བཟང་བ་མང་མོད་ཀྱི། །སྨོན་འཇུག་ཤེས་པ་ཉུང་ངོ་ཨང་། །དབང་སྐུར་ཐོབ་པ་མང་ལགས་ཏེ། །དོན་དམ་ཐོབ་པ་དཀོན་ནོ་ཨང་། །སེམས་ངོ་འཕྲོད་པ་མང་ལགས་ཏེ། །རིག་པ་ཅེར་མཐོང་དཀོན་ནོ་ཨང་། །ཆོས་ལ་དད་པ་མང་ལགས་ཏེ། །བརྩོན་འགྲུས་ཡོད་པ་ཤིན་ཏུ་དཀོན། །བརྩོན་འགྲུས་མེད་པའི་གང་ཟག་ལ། །ཤེས་རབ་དང་ནི་དབང་འབྱོར་སྟོབས། །གང་གིས་སྐྱོབ་པར་མི་ནུས་ཏེ། །གྲུ་གཟིངས་ཡོད་པའི་དད་དཔོན་ལ། །སྐྱ་བས་རྡུགས་པ་ཇི་བཞིན་ནོ། །ཐུབ་པས་དངོས་སུ་གསུངས་པ་དང་། །རྡོ་རྗེ་འཆང་དུ་བསྟན་གསུངས་པའི། །མདོ་སྔགས་ལམ་གྱི་རིམ་པ་ཀུན། །ཕ་


JLAZ004_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཕྱིན་དྲུག་གཉིད་དུ་འདུ། །ཀུན་གྱི་གྲོགས་གྱུར་བརྩོན་འགྲུས་ཡིན། །ཀུན་གྱི་གེགས་གྱུར་ཆགས་སྡངས་དང་། །སེར་སྣ་ནོར་འདོད་ང་རྒྱལ་ལྔ། །སྤངས་ལ་ཡེངས་མེད་དྲན་པ་སྐྱོངས། །ཚེ་འདིར་བཙན་ས་ཟིན་པར་གྱིས། །ཁྱེད་ཡུལ་མཐའ་ཁོབ་སྐྱེ་འགྲོ་ལ། །བསམ་པ་བཟང་པོ་ཁོ་ན་ཡིན། །དགེ་སྡིག་ལས་འབྲས་འདོར་ལེན་ཤོག །སེམས་བསྐྱེད་ལྡན་ན་སེམས་ཅན་གྱི། །དོན་དུ་མི་འགྱུར་མི་སྲིད་ཅིང་། །ཁྱད་པར་བཻ་རོ་ཙ་ན་དང་། །ང་ཡི་ཐུགས་བསྐྱེད་སྨོན་པའི་མཐུས། །ཡུལ་དེར་ཆོས་ལ་འགོད་པར་ཤོག །ཅེས་པདྨ་འོད་གླིང་པས་སོ། དང་པོ་བྱུང་གནས་འགྲོ་གསུམ་དང་། །གནས་འགྱུར་རིག་གསུམ་ལ་སོགས་པའི། །གོ་བ་ཐོས་བསམ་ལས་བྱུང་བའི། །སྒོམ་གྱི་གཟུགས་བརྙན་ཡིན་པས་ན། །ད་ནི་ཧྲིག་གེ་དྲན་པ་ཡི། །ངང་དུ་མ་ཡེངས་མ་སྒོམ་པར། །ཤེས་པ་རང་སར་ཞོག་ཅིག་ཨང་། །རྣམ་པ་ཀུན་ཏུ་སེམས་བསྐྱེད་དང་། །བླ་མར་མོས་གུས་བསོད་ནམས་ཚོགས། །དེ་གཉིས་མེད་ན་བག་ཆགས་དང་། །ལས་དབང་རྣམ་སྨིན་མི་ལྡོག་པས། །དྲན་ཤེས་ཀྱི་ནི་རྗེས་ཐོབ་ཀུན། །


JLAZ004_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཟླ་སྒྲིལ་མཛོད་ཅིག་ཨང་། །སྟོང་པར་བལྟ་དང་གསལ་ཉམས་ལ། །ཞེན་པ་གེང་མའི་ལྷ་པའང་ཡོད། །བརྗོད་མེད་གོ་བས་མ་བསླད་པར། །རང་བབས་གཤིས་ལ་ཞོག་ཅིག་ཨང་། །ཞེས་པདྨ་ཆོས་གྲགས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་གདམས་པའོ།། ༈ རྒྱལ་བ་པདྨ་འབྱུང་གནས་མཆོད། །སྤྱིར་མི་ལུས་ཐོབ་པའི་དཀའ་ལས་སོམས། །སྒོས་ཆོས་དང་མཇལ་བའི་དཀའ་ལུགས་སོམས། །ཡང་དགོས་སུ་དམག་ཇག་ལ་དཔའ་ཉམས་སུ། །སྒོམ་པའི་རྡོ་རོང་ལྕགས་གསུམ་ནས། །བོད་གངས་ཅན་དུ་སླེབ་པ་སྟེས་དབང་མིན། །སྔོན་གྱི་ལེགས་སྨོན་བཟང་པོས་བྱས། །ལས་འབྲས་གོ་བའི་དཀའ་ལས་ལ། །གཞན་ལ་མགོ་བསྐོར་མ་བྱེད་ཅིག །བཤེས་གཉེན་ཚད་ལྡན་དང་འཕྲད་པ་དཀའ། །ཅི་གསུངས་ཚད་མར་བཟུང་ན་ལེགས། །བསགས་ཀྱང་འཆི་དུས་འཁྱེར་དབང་མེད། །ནོར་ལ་བརྐམ་ཆགས་སྤང་ན་ལེགས། །སྡིག་པའི་གྲོགས་པོས་དགེ་སྦྱོར་སྤུར། །གྲོགས་མཆེད་ཡིན་ཡང་བྱོལ་ན་ལེགས། །དགེ་བའི་གྲོགས་པོ་གསེར་ལས་དཀོན། །གཞན་ཕྱོགས་ཡིན་ཡང་གཉེན་དུ་ཁུག །རང་ཕྱོགས་


JLAZ004_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཕྱོགས་ཨ་མ་འཐས། །ཆོས་མཐུན་མི་དང་འགྲོགས་ན་དགའ། །གྲོང་ཆོག་དང་དཀོར་ལ་ཞེན་ཆེས་ན། །ཚེ་ལ་གློ་བུར་དང་རྐྱེན་ངན་ཡོང་། །སྙིང་རུས་དེ་ཆོས་ཀྱི་ཕྱོགས་སུ་གྱིས། །གཞན་དཀའ་ལས་ཁུར་ཀྱང་སྡུག་ཉོས་ཡིན། །ཆོས་བརྫུ་དང་བཟང་བརྫུར་ཞེན་ཆེས་ན། །རང་ཁྲམ་པར་འགྲོ་བའི་ཉེས་དམིགས་སོམས། །སེམས་བསྐྱེད་བཟང་པོའི་དེ་ཆོས་པའི་རྒྱན། །འདི་ཡོད་ན་བསོད་ནམས་ཞོར་ལ་གསོག །སེམས་ཅན་ཕ་མར་ཤེས་ཙ་ན། །གཞན་ཕན་ཞར་དང་ཞོར་ལ་འགྲུབ། །ཟང་ཟིང་ལ་རྩོལ་བསྒྲུབ་མན་ཙ་ན། །ལག་ཐོག་ཏུ་འབྱོར་པ་དཀར་མོར་གདའ། །ཆོག་ཤེས་རྒྱུད་ལ་སྐྱེས་ཙ་ན། །ཟས་ནོར་མ་བསྒྲུབས་ཀྱང་ཤུགས་ལ་འབྱུང་། །དེ་ལྟར་བྱས་ཀྱང་མ་བྱུང་ན། །ཡི་དྭངས་སུ་སྐྱེ་བའི་ལས་འབྲས་ཟད། །རྒྱུ་འབྲས་ལ་རྩིས་གྲུབ་གཏོང་ཤེས་ན། །དགོངས་ལྟོ་བཅག་པའི་ཡུལ་མི་དགོས། རང་སེམས་ལ་བལྟ་རྟོག་གཏོང་ཤེས་ན། །ཡོན་ཏན་མེད་ཀྱང་འཆི་ཁར་བྲོད། །བླ་མའི་མོས་གུས་དང་མ་བྲལ་ན༈ ༈ང་དང་འདུ་འབྲལ་ག་ལ་ཡོད། །དབང་བ་ཞི་གནས་གསུམ་ནས་ལན་ཤེས་ན། །བུམ་ཆུ་


JLAZ004_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་ལ་ཡ་དགའ་མི་དགོས། །གཉིད་དུས་བླ་མ་སྙིང་གར་བསྒོམས། །དེ་ཁའི་ངང་ལ་མ་ཡེངས་ན། །ཆོས་དྲུག་གི་དམིགས་པ་མང་མི་དགོས། །རྣམ་རྟོག་ཤར་ཚད་ངོས་ཟིན་ན། །རྟོགས་པ་མཐོ་མཐོ་ལ་སྙེག་མི་དགོས། །ཤར་མཁན་རང་ཚོ་ཟིན་པས་ཆོག །རང་སེམས་ལ་བཅོས་བསླད་མ་བྱས་ན། །དབུ་མའི་ལྟ་བ་ལ་སྨོན་མི་དགོས། །སྤྲོས་བྲལ་གྱིས་རྒྱུས་ཡོད་ང་ལ་ཡོད། །མོས་གུས་ཀྱི་ས་ལམ་བགྲོད་པ་འདི། །གསང་སྔགས་ཀྱི་ཐབས་ལམ་ཆིག་ཆོད་ཡིན། །བར་དོ་དང་པོ་ཤར་ཙ་ན། །བདེ་གཤེགས་སྙིང་པོ་དང་མཇལ་བར་མཛོད། །བློ་ཚོད་དང་མཐུན་པའི་སྙིང་གཏམ་འདིས་ཀུན་ལ་ཕན་པར་གྱུར་ཅིག་གུ། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སོ། །ཞེས་པ་འདི་ནོབ་ཀུན་བཟང་ཡེ་ཤེས་ལ་གདམས་སྐད། ༈ ཆོས་སྐུ་རྡོ་རྗེ་འཆང་ཆེན་དེ། །འོག་མིན་གནས་སུ་ལོངས་སྤྱོད་རྫོགས། །སྤྲུལ་སྐུས་འགྲོ་དོན་མཛད་པ་ལ། །པདྨ་རྒྱལ་པོ་ཞེས་སུ་གྲགས། །དེ་ཡི་ཐུགས་རྗེ་བྱིན་རླབས་ལས། །བདག་ལ་སྤངས་རྟོགས་ཡོན་ཏན་གྱི། །རྟེན་འབྲེལ་བསྒྲིགས་པར་དབང་བསྐུར་བ། དྲི་མེད་འོད་ཟེར་སྤྱི་བོས་མཆོད། །ཁམས་འདུས་དད་པས་གསོ་ནུས་ཤིང་། །རྐྱེན་ངན་


JLAZ004_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོས་ཐུབ་པ་དང་། །ཅི་གསུང་ཚད་མར་སྒྲུབ་པ་ལ། །ལས་ཅན་གྱི་སློབ་མ་མི་ཟེར་རམ། །སྐྱེ་བ་དུ་མའི་ཕ་རོལ་ནས། །ལས་ཀྱི་འབྲེལ་བས་མཚམས་སྦྱར་བའི། །འཇིགས་མེད་ཕྲིན་ལས་འོད་ཟེར་ཁྱོད། །ཕན་ཚུན་མཐོང་ཐོས་འབྱུང་དཀའ་བའི། །ས་ཐག་རིང་པོ་དེ་ནས་སྙེགས། །ཟབ་ལ་རྒྱ་ཆེའི་ཆོས་ཀྱི་མཛོད། །ཐོབ་པར་དཀའ་བའི་སྐྱེས་ཁུར་ནས། །རང་གི་ཡུལ་ལ་ཕྱོགས་པ་འདི། །རྒྱ་མཚོར་དོན་གྲུབ་དེད་དཔོན་འདྲ། །ལས་བཔསཙའབྲེལ་བ་མེད་སྲིད་ན། །ཡུལ་ཕྲན་གཅིག་ཏུ་གནས་བཅས་ཀྱང་། །ང་ཉིད་གཞན་ཕན་ལྷན་བྱེད་པའི། །བྱང་ཆུབ་སེམས་དཔར་ག་ལ་མཐོང། །སྐལ་པ་ངན་པའི་སློབ་མ་ཕེལ། །རང་དོན་ཚགས་སུ་ཚུད་པའི་མཐར། །ཕྲིན་ལས་བསྒྲུབ་ལ་བསྙེལ་བའི་བློས། །འབྲོས་པ་དག་དང་ཁྱོད་མི་འདྲ། །ཟན་གཡང་ཆོས་འཁོར་བཞེངས་པའི་ཚེ། །ཕ་བུའི་དམ་ཚིག་འབྲེལ་བའི་ཚུལ། །གནད་བྱང་ཐུགས་ཀྱི་སྒྲོམ་བུ་དང་། །མཐུན་པའི་དག་སྣང་ཁྱོད་ལའངཤར། །ཁྱོད་ཉིད་ཆུང་ངུར་གྱུར་དུས་ནས། །ང་ཉི་དབེན་པར་བརྟེན་པ་ཡི། །མངོན་རྟོག་ཇི་བཞིན་མཇལ་གྱུར་ནས། །གཏེར་གྱི་ལུང་


JLAZ004_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཐོབ་པ་དེ། །དེ་ལྟ་བཀའ་གཏེར་ཆོས་ཀྱི་མཛོད། །ཁྱོད་ལ་བསྐུར་ནས་མཐའ་འཁོབ་ཏུ། །བསྟན་པ་སྤེལ་བའི་ལུང་བསྟན་ཡིན། །གནས་ལུགས་འཁྲུལ་པར་མ་སོང་ཕྱིན། །ཚེ་མཚམས་ཀྱི་ཁྲིམས་བཅད་མ་དགོས་ཀྱང་། །དོན་མཐུན་སྤྱོད་པས་སྒྲུབ་བརྒྱུད་ཀྱི། །བསྟན་པའི་མིག་ལྟོས་ལ་ཕན་ཕྱིར། །མང་པོའི་འདུ་ཚོགས་ལས་བྱོལ་ཏེ། །གཙོ་བོར་དབེན་ནས་བརྟེན་པ་དང་། །གཞན་རྒྱུད་དགེ་ལ་སྦྱོར་ནུས་ཤིང་། །ཆོས་ཀྱི་གཞན་ཕན་འགྲུབ་པའི་ཚེ། །ཞི་བདེ་ཆོག་འཛིན་ཀྱང་མ་ཡིན་པར། །རང་གཞན་དོན་གཉིས་མཉམ་སྒྲུབ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན། །རྟག་ཏུ་བླ་མའི་སྒྲུབ་པ་དང་། །རྒྱ་འདྲེའི་གཉན་པོར་དཔལ་ཕུར་གཉིས། །ཚེ་འཕྲང་ཞི་དགུང་གན་གསུམ་ལ། །ཚེ་སྒྲུབ་སྲོག་སྦྱིན་སྒྲོལ་དཀར་འབུངས། །བསྟན་པ་སྒང་གི་ཕྱོགས་སུ་དར། །གཞན་ཕན་རོང་ཡུལ་དག་ཏུ་ཆེ། །ཟང་ཟིང་དུས་ན་སྦྱིན་བསྲེག་དང་། །ཆུ་གཏོར་འབུམ་ཐེར་ཚོགས་བརྒྱད་འབད། །སློབ་མ་འདུས་ན་སྒྲུབ་སྡེར་བསྐྱིལ། །ཆེན་པོའི་ངོ་ལེན་དོན་ཆུང་ཡང་། །དགེ་བར་འགྱུར་དང་བསྟན་པ་ལ། །ཕན་པར་གྱུར་ན་སུན་མ་


JLAZ004_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུང་། །མདོར་ན་དམ་པས་ཟིན་པ་ནི། །རྒྱལ་སྲིད་ཐོབ་པའི་དོ་མ་ཡིན། །བསམ་རྒྱུ་ཆོས་ལས་མེད་པ་འདི། །མི་ལུས་ཕལ་གྱི་དོ་མ་ཡིན། །སེམས་བསྐྱེད་ཁོ་ན་གཙོར་འདོན་པ། །ཆོས་ལུགས་ཕལ་གྱིས་དོ་མ་ཡིན། །རང་བཞིན་རང་སྒོམ་ལ་གནས་པ། །ལྟ་བ་ཕལ་གྱི་དོ་མ་ཡིན། །ང་དང་ཁྱོད་ལ་འདུ་འབྲེལ་མེད། །ཐུགས་ཡིད་འདྲེས་པའི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །རྩ་བ་གསུམ་གྱི་ནུས་མཐུ་དང་། །ཆོས་སྐྱོང་སྲུང་མའི་ཕྲིན་ལས་ཀྱིས། །ཆོས་བཞིན་སྒྲུབ་ལ་འགལ་རྐྱེན་དང་། །བར་གཅོད་མིང་ཡང་མེད་པར་ཤོག །རང་གི་དོན་དུ་ས་ལམ་གྱི། །སྤངས་རྟོགས་ཡར་ངོའི་ཟླ་ལྟར་འཕེལ། ཆོས་ཀྱི་བརྒྱུད་པ་ཟིན་ནས་ཀྱང་། །གཞན་དོན་བསྟན་པའི་ཞབས་ཏོག་དང་། །ནམ་མཁས་གར་ཁྱབ་སེམས་ཅན་ལ། །ཕན་པ་རྒྱ་ཆེན་འགྲུབ་པར་ཤོག །ཅེས་པའང་རིག་འཛིན་འཇིགས་མེད་གླིང་པས་སོ།། ༈ སྤྲུལ་པའི་རྗེ་འབངས་ལོ་པཎ་ལ། །དངོས་པོ་ཀུན་གྱིས་ཕྱག་བགྱིའོ། །ཆོས་འཁོར་དཔལ་གྱི་བསམ་ཡས་ཡི། །བར་ཁང་གཡུ་གཅལ་བཀྲམ་པ་རུ། །བླ་མ་གསང་བ་འདུས་པ་ཡི། །དཀྱིལ་འཁོར་དམ་པ་ཞལ་ཕྱེ་ནས། །


JLAZ004_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་བརྒྱ་ཕྲག་གཉིས་ལྡང་བར། །དབང་བསྐུར་དམ་པ་བྱས་པའི་ཚེ། །སྣང་བ་བདེ་སྟོང་རྟོགས་བྲལ་གྱི། །ངང་ལ་གཡོས་པ་མེད་ཙ་ན། །འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས། །བསྐྱར་ཤོག་དཀར་པོ་ཕུལ་བ་ལ། །རི་མོའི་བརྗོད་པ་འདི་ལྟར་ཤར། །མདོ་ཁམས་སྨད་ནས་བྱོན་པའི་ཤུལ། །སྐྱེ་མེད་ཡི་གེའི་སྒྲ་ལྡན་གྱི། །ཡུལ་ནས་དཀར་དམར་ཐབས་ཤེས་སུ། །འབྲེལ་བའི་ས་ཞག་ངོ་མཚར་ཅན། །ཆེད་དུ་བཟུང་བའི་སྨན་འདམ་དང་། །ར་ས་འཁྲུལ་སྣང་ལས་འོངས་པའི། །སློབ་དཔོན་ཆེན་པོའི་སྐུ་པར་གཉིས། །ཁོ་བོའི་ལག་ཏུ་ཚོགས་པ་ལས། །གཅིག་ལས་དུ་མར་འཕེལ་བའི་སྐུ། །གྲངས་མེད་ཏ་ལ་ལ་བྱོན་པས། །བསྟན་པ་མདོ་ཁམས་སའི་ལྟེ་བར། །དར་བའི་རྟེན་འབྲེལ་རང་བཞིན་ཚོགས། །ས་འདི་རང་བཞིན་འཇམ་ཞིང་དེས། །སེམས་བསྐྱེད་དམ་པའི་ཕྲིན་ལས་ནི། །དེ་དང་མཐུན་པས་འཇུག་པའི་རྟགས། །ཁ་དོག་དཀར་དམར་གཉིས་སུ་སྲིད། །ཐབས་ཤེས་ཟུང་འབྲེལ་དོན་དམ་སེམས། །བྱང་ཆུབ་སེམས་གཉིས་གང་ཞིག་ལ། །མ་ལུས་ཆོས་གཞན་ཡོད་མིན་པས། །འགྲོ་དོན་བསྟན་པའི་ཕྲིན་ལས་ཀུན། །དེ་ཉིད་སྒོ་ནས་འབྱུང་བ་ཡིན། ས་བོན་ཧོར་


JLAZ004_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡུལ་དུ་བྱུང་། །མྱུ་གུ་དབུས་གཙང་ལྗོངས་སུ་སྐྱེས། །གཞན་ཕན་ཁམས་དང་མོན་ལ་སྤྱོད། །མ་འོངས་འདས་ད་ལྟར་ཀུན། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག། ༈ ནད་དོ་ཅོག་གི་རྩ་བ་མ་རིག་པ། །དྲུངས་ནས་འབྱིན་པ་རིག་པའི་ཡེ་ཤེས་ཏེ། །གསོ་དཔྱད་ཕལ་པའི་བརྟུལ་ཞུགས་ལས་བརྒལ་བ། །སྨན་པ་མཆོག་གི་བདག་ཉིད་ཁྱོད་ལ་འདུད། །དེ་ལ་ལུས་འདི་ཡོད་ཕྱིན་ཆད། །གཟུགས་ཀྱི་ཕུང་པོའི་མཚན་ཉིད་ཅན་ཡིན་པས། །རླུང་དང་། མཁྲིས་པ་དང་། བད་ཀར་ཏེ་འདུ་བ་གསུམ་ཆ་མཉམ་པའི་ཚེ་ནད་ཀྱི་རང་བཞིན་བག་ལ་ཉལ་ཏེ་ནད་ཀྱི་རྣམ་པར་མ་གྱུར་པ་ལྟར་ཡོད་ཀྱང་། དེ་གསུམ་ཆ་མ་སྙོམས་པ་ལས་ལྡན་པ་དང་། འདུས་པ་ལ་སོགས་པའི་ནད་ཀྱི་རྣམ་པར་གྱུར་པ་སྟེ། དེ་ཡང་གཟུགས་འདི་ཡོད་པར་བརྟེན་ནས་ན་ཚའི་སྡུག་བསྔལ་ཚོར་བས། དེ་ཡང་འདི་ལྟར་ནའོ་སྙམ་བྱེད་ནི་ཚོར་བའི་ཕུང་པོ། ད་ང་ནད་འདི་འདྲ་བ་ཞིག་གིས་ན་བཞིན་པ་ཡིན་ནོ་སྙམ་ནས་ཟུག་གཟེར་ལ་རྒྱུན་ཆགས་སུ་རྟོག་པ་ཞུགས་པ་ནི་འདུ་ཤེས་ཀྱི་ཕུང་པོ། སྔོན་གྱི་ལས་རྣམ་པ་སྣ་ཚོགས་དང་། ཟས་གོས་སྨན་དཔྱད་ལོག་


JLAZ004_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་སླར་ནད་དེ་འཕེལ་བའི་རྒྱུར་འགྲོ་བ་ནི་འདུ་བྱེད་ཀྱི་ཕུང་པོ། དེ་ཐམས་ཅད་ལ་ཁྱབ་བྱེད་ཆེན་པོ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། ད་ཁྱོད་སྒོམ་ཆེན་པ་སེམས་ངོ་འཕྲོད་པ་ཡིན་པས་སེམས་ལ་འབྱུང་གནས་འགྲོ་གསུམ་བརྟགས་པས་མ་རྙེད་ཅིང་གང་དུའང་མ་གྲུབ་པ་དེའི་ཕྱིར་ན། ནད་ལའང་བྱུང་གནས་འགྲོ་གསུམ་བརྟགས་ཏེ། གང་དུ་ཡང་མ་གྲུབ་པའི་ངང་དུ་རིག་པ་རྗེན་པར་བསྐྱངས་པས་ངའོ་སྙ་པའི་ལུས་དང་། །ང་ཡིར་འཛིན་པའི་སེམས་གཉིས་ཀ་མེད་ན་གཟུགས་ཀྱི་ཕུང་པོར་རྟོག་པ་འགག་འགྲོ་བས་ནད་དེ་ཡང་རྨི་ལམ་དང་སྒྱུ་མ་ལྟ་བུ་ཡིན། དེ་བཞིན་དུ་ང་འདི་འདྲ་བ་ཞིག་གིས་ན་བ་ཡིན་ནོ་སྙམ་ནས་ཕར་མ་བརྟགས་པར། །ན་མཁན་གྱིས་སེམས་ལ་ཚུར་དཔྱད་པས་ན་ཚ་གཟུག་གཟེར་དུ་མངོན་བྱེད་ཀྱི་ཚོར་བའི་ཕུང་པོ་འགགས་ཏེ་སེམས་སྟོང་ཉིད་དུ་འགྲོ་བ་ལ་ནི་རྒྱུ་ཅི་ཡོད། དེ་ལྟར་འགགས་པས་ཟུག་གཟེར་རྒྱུན་ཆགས་ཀྱི་ཁུར་སེམས་ལུས་གཉིས་ཀྱི་ཐོག་ཏུ་ལེན་པའི་འདུ་ཤེས་ཀྱི་ཕུང་པོ་རྒྱུན་ཆད་འགྲོ་བ་ཡིན། ཀུན་འབྱུང་བ་དང་། །དེ་ལས་བསྐྱེད་པའི་རྣམ་རྟོག་སྣ་ཚོགས་ཀྱི་རྩ་བ་ཆོད་པས་འདུ་བྱེད་ཀྱི་ཕུང་པོ་དེ་ཡང་འགགས་ནས་སླར་ན་བའི་རྒྱུ་མེད། དེ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་རྣམ་པར་ཤེས་


JLAZ004_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རྣམ་རྟོག་ཁོ་ནའི་རྗེས་སུ་འགྲོ་ཞིང་མ་རིག་པའི་གཞན་དབང་ཅན་ཡིན་པས་ཤེས་པ་རྟོག་མེད་རིག་པ་རང་གསལ་ཆེན་པོ་ལ་འཁོར་བ་དང་མྱང་འདས། བདེ་བ་དང་སྡུག་བསྔལ་གང་ཡང་ཡོང་བ་མིན་ན། ན་བ་ཞེས་བྱ་བ་ཤེས་བྱ་ལ་སྲིད་པ་མིན། དེ་སྐད་དུ་རྒྱུད་བླ་མ་ལས། འཕགས་པས་རྒ་དང་ན་བ་དང་། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་སོ། །དེའི་དོན་འཕགས་པ་རྣམས་ལའང་ལུས་རྟེན་བཟུང་ཕྱིན་ཆད་གཞི་ན་སྣང་ཙམ་དུའང་སྐྱོ་རྒ་ན་འཆི་མི་འབྱུང་ཞེས་གསུང་བ་མ་ཡིན་ཏེ། བདེན་པ་གཟིགས་པའི་རང་ངོའི་མཉམ་གཞག་གི་དོན་ཕུང་པོ་ལྔ་དང་ཕྲལ་ཞིང་། རྗེས་ཐོབ་ལའང་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་དྲི་མས་མ་གོས་ཤིང་འཁོར་བའི་ཆོས་རྣམས་དང་ལྷན་ཅིག་མི་གནས་པས་དེ་ལྟར་གསུངས་པ་ཡིན། དེ་ལྟར་ནའང་སོ་སོ་སྐྱེ་བོ་ལ་དེ་འདྲའི་རེ་བ་ཅི་ཡོད། འོན་ཀྱང་སེམས་ངོ་འཕྲོད་ཅིང་སྟོང་པ་ཉིད་ཀྱི་ཕྱོགས་འཛིན་པ་ཙམ་གྱིས་ཀྱང་དངོས་འཛིན་འཇིག་པ་ལ་ཁྱད་པར་ཤིན་ཏུ་ཆེ་བས་སེམས་ཀྱི་ཐོག་ཏུ་ན་ཚའི་ཁུར་མི་འགེལ་བར་ནད་ཐོག་ཏུ་རིག་པ་རྗེན་པར་སྐྱོངས། །ད་ལྟ་ཤི་ནའང་ཤི་བ་ནི་ཀུན་གྱི་ལམ་པོ་ཆེ་ཡིན། རང་དམ་པའི་ཆོས་ལ་བློ་ཁ་ཕྱོགས། ཕ་ཡུལ་སྤངས། མཚན་ལྡན་གྱི་བླ་མ་


JLAZ004_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཇལ། ཟབ་མོའི་དམ་ཆོས་ཐོས། རོ་སྙོམས་ཀྱི་གནད་གསང་ཤེས་པས་འགྱོད་པ་མེད། །གལ་ཏེ་འཇིག་རྟེན་ཕ་རོལ་ཏུ་སོང་ཡང་རྨོངས་པ་གང་དག་ཚེ་འདིའི་དོན་ཙམ་ལ་མཚོན་ཆ་སྣ་ཚོགས་ཀྱི་ཆད་པ་ལའང་འཇིགས་པ་མེད་པར་མེ་ཆུ་གཅན་གཟན་གྱི་དབང་དུ་འགྲོ་བ་ཡོད་ན་ད་རེ་དགའ་བ་ཡིན་སྙམ་དུ་རིག་པ་གཟེངས་བསྟོད། ལས་མྱོང་བས་བདག་པ་ཆོས་ཉིད་ཡིན་པས་སྐྱེ་བ་སྔ་མ་ཚོར་ངན་སོང་དུ་སྐྱེ་འགྱུར་གྱི་ལས་ཚབས་པོ་ཆེ་བསགས་པ་ཡང་ད་རེས་ལུས་རྟེན་ཁྱད་པར་ཅན་འདིའི་ཐོག་ཏུ་སྨིན་པས་ལན་གྲངས་གཞན་ལ་མྱོང་འགྱུར་རྩ་བ་ཆད་དེ། ཕྱི་མ་བདེ་འགྲོ་ཁྱད་པར་ཅན་གྱི་ལུས་ལ་བྱང་ཆུབ་བསྒྲུབ་པའི་རྟེན་འབྲེལ་འཛོམ་པས་དོན་པ་འདི་བླ་མའི་ཐུགས་རྗེ་ཡིན། ཆོས་ཀྱི་བྱིན་རླབས་ཡིན། སྒྲུབ་པའི་ལྷོངས་ཡིན། ཤཱཀྱ་ཐུབ་པ་ཐོ་རེངས་འཚང་རྒྱ་ཁར་བདུད་ཀྱི་དམར་དཔུང་གྱུར་པ་དང་འདྲ་བས་ད་རེ་དགའ་སྙམ་དུ་རོ་སྙོམས་ལ་འབུངས་ཤིག །ཅེས་པའང་མདོ་ཁམས་པ་འཇིགས་མེད་ཐར་པ་ནད་དྲག་པོས་མནར་བའི་ཚེ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། ༈ དཔལ་ཚེ་རིང་ལྗོངས་ཀྱི་བཅའ་ཡིག །བསྟན་པའི་བདག་པོ་དོན་ཀུན་གྲུབ་པ་ལ་ཕྱག་འཚལ་ལོ། །དཔལ་ཚེ་རིང་ལྗོངས་ཀྱི་སྒྲུབ་སྡེར་ཞུགས་


JLAZ004_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ནས་དགོངས་པར་མཛད་པའི་བཅའ་ཡིག །འདུས་པའི་སྡེ་དང་ངང་པ་ཁྱུས་འཚོ་ཞེས་སྒྲིག་རྣམ་གཞག་ཁོ་ནར་བསྟེན་དགོས་པས། དང་པོར་བསྟན་པའི་སྒོར་ཞུགས་པའི་བསམ་པ་ངེས་འབྱུང་གིས་ཀུན་ནས་བསླངས་པའི་བློ་མཁྲིས་ནད་ཅན་གྱི་མདུན་སར་བཙོ་ཟན་བྲིམས་པ་ལྟ་བུ་ཞིག་བྱུང་ན་འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཆ་ལས་སྡོག་པ་ལྟར་སྣང་གི་གཟུགས་བཙུན་ལས་ཆེར་ལྷག་པ་ཡིན། དེ་མ་བྱུང་ན་ཚེ་འདིའམ། ཁྱིམ་གྱི་ཉེས་དམིགས་བརྒྱ་ཕྲག་གི་དབུས་སུ་ལྷུང་བ་ལ་ཚོགས་མེད་པས་རྟག་པར་གང་ལའང་དགོས་མེད་ཞེན་ལོག་གི་བླ་དང་ལྡན་པའི་ངོས། རྒྱུད་དུལ་ཞིང་ཁོང་འཇམ་པ་ཤིང་བལ་རྡོག་པས་བརྫིས་པ་ལྟར་འཇམ་ནུ་རུ་རུ་གྱུར་པ་ཞིག་ཅི་ནས་ཀྱང་དགོས། དེ་མ་བྱུང་ན་ནང་དུ་རང་གི་ལྷག་པའི་བསམ་སྦྱོར་ཆུད་འཛའ། ཕྱི་རོལ་དུ་གཞན་ཡིད་དང་བ་མི་འདྲེན། ཁྱིམ་པ་སུན་འབྱིན་གྱིས་ཉེས་པ་བསྐྱེད་པ་ཡིན། རང་གི་ཁོང་མ་ཞིག་པའི་བསམ་པ་ཚེ་མའི་ནགས་ཚལ་ལྟ་བུ་ཕྲག་དོག་དང་ཀོ་ལོང་གི་རྒྱུད་མ་རུངས་པར་བྱས་པས་མཆེད་གྲོགས་ཕན་ཚུན་དུ་སེལ་འཇུག །ཕོག་ཐུག་གི་གཏམ་དང་སྐྱོན་འདོགས་པ་ལ་དགའ་ཞིང་། ཆུ་སྐྱར་ཉེའུ་


JLAZ004_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

སྒུག་པ་བཞིན་གཞན་གྱི་སྐྱོན་རྟོག་ཇི་ལྟ་བུ་ཞིག་སྙེད་ན་བསམ་པ་འདི་དུས་སྙིགས་མའི་དགོན་ཁྲོད་ཆེ་ཆུང་གང་ནའང་འདུག་པས་ཉེས་པ་ཐམས་ཅད་བསྐྱེད་པའི་རྩ་བ་ཡིན་པས་རང་གཞན་སུ་འདྲའི་ཐད་དུའང་དག་སྣང་འབའ་ཞིག་སྦྱང་བ་ལ་བསླབ་དགོས། དེ་ནས་བསྟན་པར་ཞུགས་པའི་དགོས་པའམ། དན་པོ་ནི། དམ་པའི་ཆོས་འདུལ་བ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པས་ཡོན་ཏན་ཐམས་ཅད་ཀྱི་བརྟེན་གཞི་བསླབ་པ་ལ་གུས་ཤིང་། སྡོམ་པ་དམ་ཚིག་གཙང་བ་དང་། ཐུགས་དམ་འཕེལ་བ། བྱ་བ་བཏང་བ་དག་ལ་རག་ལས་པས། རྩ་བ་བཞི་དང་འགལ་བའི་ལས་བྱེད་ན་བསྟན་པའི་ཆོམ་པོར་འགྱུར་བས་ཕྱིར་དེངས་ཤིག །དེ་ཕྱིན་ལྷག་མ་རྣམས་ལ་འདུལ་བའི་གང་བཀག་བརྩི་བ་ལྟ་བུ་བྱ་དྲལ་གྱི་སྡེ་ལ་སྤར་དུ་མ་ཁེབས་ཀྱང་ཉེས་པ་མེད་ཀྱིས། བསྟན་པའི་མིག་ལྟོས་ལ་གནོད་པའི་ཆས་དང་སྤྱོད་ལམ་ཡ་མ་ཟུང་། ཆང་བག་མེད་མི་འཐུང་བས་མཚོན་བླང་དོར་གྱི་གནས་རྣམས་དོན་གྱི་ཚང་པ་རི་ཆོས་དང་ཞལ་གདམས་རྣམས་ཀྱི་དོན་ལྷུར་ལེན་དགོས་


JLAZ004_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འདིར་ཞུགས་པ་རྣམས་མདུན་མའི་སྒོ་འགེགས་ཀྱིས་གཟུགས་བཙུན་ཙམ་མིན་པས་ཐར་པ་དོན་གཉེར་དགོས་པའི་རྩི་ཁ་བླངས་ཤིང་རང་བློས་དང་ཏུ་བླངས་པ་འབའ་ཞིག་ཡིན་པས། སྟོན་བསོད་སྙོམས་རན་པ་ནས་ཕྱི་མཐའ་ཟླ་བ་བཅུ་པའི་ཚེས་ཉི་ཤུ་རྩ་ལྔ་ཙུན་ལྟོ་གོས་མཐུན་རྐྱེན་བསྒྲུབ་པའི་གནད་ཆེན་དམིགས་བསལ་ཡིན་ལ། དེ་ཕྱིན་ཉི་ལྟོས་སར་ན་ཤི་རྐྱེན་དབང་གིས་མཚོན་དགོས་དོན་དམིགས་བསལ་སླད་དུ་འགྲོ་དགོས་ངེས་ལ་དགོངས་པ་ཞུ་ཞིང་། གཞན་མ་མཚམས་དང་སློབ་གཉེར་སོགས་ཆོས་སྤྱོད་བཅུས་དུས་འདའ་བར་བྱེད་པ་ལས། འཇིག་རྟེན་གྱི་ཕེར་རྒྱ་དང་། བལ་ཕྲུག་གི་ལག་ལེན་སོགས་བྱེད་ས་མེད། ལར་དངོས་ཀྱི་རིང་ལུགས་འཛིན་པ་ཀུན་བསྟན་པའི་མིག་རྐྱེན་འདི་གཅེས་པར་འཛིན་པ་ལས། ཞིག་པོ་དང་། ཐོ་ཅོའི་ཀུན་ཏུ་སྤྱོད་པས་ནམ་ཡང་བསྒྱིངས་པར་མི་བྱའོ། །སྙིང་པོར་དྲིལ་བའི་བཅའ་སྒྲིག་གི་རྣམ་གཞག་འདི་དག །འཇིག་རྟེན་པ་རྣམས་ཕལ་སྡུག་བསྔལ་ཆེ་ལ་ཕུགས་སྙིང་པོ་མེད་པའི་བྱ་བ་ལའང་འབད་རྩོལ་དང་དུ་ལེན་ན། རང་ཅག་རྣམས་སྟོན་པས་བཅས་པའི་ཆོས་ཁྲིམས་


JLAZ004_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཀུན་ཏུ་སྤྱོད་པ་ལ་བསླབ་ཏུ་ཡང་པ་ཤིན་ཏུའང་བསོད་ནམས་ཆེན་པོར་གྱུར་པ་ཡིན་པས་སྒྲིག་རྣམས་གཙོ་བོར་རང་འཁུར་དང་། དེ་ཕྱིན་གཏོང་མཁན་གྱིས་མ་གཏང་བ་དང་། འཁུར་མཁན་གྱིས་མ་ཁུར་བ་ཉེས་པ་འདྲ་རུང་བཤད་པས་གཏོང་ཁུར་རྣམ་དག་གཡོ་སྒྱུ་མེད་པ་ཀུན་གྱི་དབུ་སྔས་སུ་བསླན་པ་ཞུ། འགྲོ་བའི་སྡུག་བསྔལ་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་ཏིང་གནས་གྱུར་ཅིག། ༈ རྫོགས་ཆེན་སྤྲུལ་པའི་སྐུ་རིན་པོ་ཆེ་ནས། ཇི་ལྟར་སྒོམ་ཕྱོགས་སྐོར་གྱི་དྲི་བ་ཟུར་གསལ་ལ། སེམས་ངོ་བོ་ངོས་བཟུང་གང་དུའང་མ་གྲུབ་ཅིང་། ཚོགས་དྲུག་ཡུལ་ལ་རྟོག་དཔྱོད་བྱེད་མཁན་ཐམས་ཅད་ཁོ་རང་ལས་མ་འདས་གསུངས་པ། དེ་ལྟར་ཡིན་པ་གཞིར་བཅས་ཀྱང་། །ངོ་བོ་ངོས་བཟུང་མེད་པ་དེ་ཀ་ཡི། །རྩལ་སྣང་ཡུལ་ཤོར་ཡུལ་དང་ཡུལ་ཅན་བཟོས། །དེ་ལས་ཐམས་ཅད་སྐྱེ་ཞིང་མཆེད་པས་ན། །ཀུན་འབྱུང་འཁོ་བའི་རྒྱུ་འབྲས་འདི་བྱུང་ངོ། །དེ་ཡང་བདག་གཉིད་གཅིག་པའི་མ་རིག་པས། རྒྱུ་བྱས་ཀུན་ཏུ་བརྟགས་ལས་གཟུང་འཛིན་སྐྱེས། །དེ་ཉིད་ངོ་བོ་མ་གྲོལ་བར་དག་ཏུ། །སྒོམ་


JLAZ004_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཟུགས་བརྙན་ཡིན་ཡང་དྲན་པ་དགོས། །རྒྱ་ཆེད་ཕྱོགས་ལྷུང་མེད་ན་སངས་རྒྱས་ཏེ། །ཁྱད་གདལ་གོ་ཡུལ་ཤོར་ན་གཟུགས་ཡུལ་ལ། །ཁྱབ་སྙམ་དེ་ཀས་སྣང་བའི་ཕྱོགས་སུ་ཤོར། །རང་བཞིན་རྫོགས་པ་ཆེན་པོའི་བཞུགས་ཚུལ་ནི། །ངོ་བོ་ཀ་དག་ཡིན་པས་རང་བབས་དང་། །ཧྲིག་གི་རིག་པའི་ཤེས་པ་དེ་ཉིད་ལ། །གཅེར་གྱི་དྲན་པའི་ངང་དྭངས་སོ་མ་དེར། །བཅས་བཅོས་ཡིད་གཉིས་ངེས་ཤེས་མ་སྐྱེས་བར། །མི་སྒོམ་མ་ཡེངས་དྲན་པའི་ཞལ་རས་སྐྱོངས། །སྐྱོང་ཞེས་བྱ་བའང་བླ་དྭགས་ཙམ་ཡིན་ཏེ། །ཚད་ཉིད་རང་བཞིན་གང་དུའང་མ་གྲུབ་པའི། །དོན་ལ་ཡིད་ཆེས་གོ་བའི་བྱ་མ་ཤོར། །ལྟ་སྒོམ་བཟང་པོའི་ཞགས་ཏོག་མ་བྱས་པར། རང་བབས་འཇོག་ལ་ཐ་མལ་ཤེས་པར་གྲགས། །མདོར་ན་དང་པོའི་ལས་ཅན་ཐམས་ཅད་ལ། །དྲན་པ་སྒོམ་ཡིན་དེ་ཉིད་ག་ཅུར་དྲགས་ན། །བཟུང་དྲན་ཀས་ཆོས་ཉིད་ལ་བསྒྲིབ་པས། །སྒོམ་དུ་ཅུང་ཟད་མེད་ལ་ཡེངས་སུ་ཕངས། །མི་སྒོམ་མི་མནོ་མི་དཔྱད་མི་བསམ་པ། །ཆོས་ཉིད་དྲན་པའི་ངོ་བོར་མཁྱེན་པར་མཛོད། །དེང་སངས་སྒོམ་ཆེན་རྒན་པོའི་ངག་འགྲོས་ཡིན། །བསྒོམ་བྱ་སྒོམ་བྱེད་བསྐྱང་བྱ་སྐྱོང་བྱེད་ལས། །འདས་


JLAZ004_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལོ་མང་སོང་ཞེས་སྒྲོག་པ་ཡང་། །རྐྱེན་དང་ཕྲད་ཚེ་ཆུ་དང་འོ་མ་བཞིན། །དངོས་པོའི་རང་མདོག་ལྷུག་པར་སྟོན་པ་མང་། །སྒོམ་པ་གོ་ཡུལ་ཆགས་པ་ཡིན་མོད་ཀྱི། །ཆོས་ཉིད་གཤིས་སུ་ཕེབས་པ་ག་ལ་ཡིན། །དེ་ཕྱིར་དྲན་པ་ཉིད་ལའང་དྲན་ལུགས་དྲུག །ཀུན་མཁྱེན་ཆེན་པོས་གསལ་བར་ཕྱེ་བ་བཞིན། །དེ་ལྟ་རང་བབས་དྲན་པའི་རྒྱུན་བསྐྱང་ན། རྣམ་རྟོག་སྒོམ་ཤར་དེ་ནས་ཡེངས་སུ་ཡུལ་ཀྱང་། །ཆོས་ཉིད་ཆེན་པོར་ཤར་ཚེ་ཆོས་ཟད་ཀྱི། །རྟོགས་པ་ཀློང་གྱུར་ཀུན་བཟང་དགོངས་ཀློང་འདྲེས། །ད་ལྟའི་ཚད་དུ་བསྐྱོལ་བ་མཛད་པ་ཞུ། །དགོན་གནས་འཛིན་སྐྱང་སྤེལ་བའི་རྣམ་གཡེང་ཡང་། །སྒོམ་གྱི་གེགས་སུ་ཆེ་བའི་གསུང་གཅོད་ནི། །ངེས་པར་བདེན་མོད་དེ་ཡི་རྒྱུ་མཚན་ཡང་། །སྟོན་མཆོག་དང་པོར་རྒྱལ་པོའི་ཁབ་ཏུ་སྐྱེས། །སྐྱེས་མ་ཐག་ནས་ངེས་འབྱུང་འབའ་ཞིག་ལ། །ཐུགས་གཞོལ་ཁྱིམ་ནས་དཀའ་ཐུབ་གནས་སུ་གཤེགས། །བསྐལ་པར་གོམས་པའི་བསམ་གཏན་དེ་ཉིད་ལའང་། །བསྟེན་གོམས་ལོ་མང་མཛད་པའི་ཚུལ་བསྟན་ན། །གངས་ཅན་འདི་ན་ཆེན་པོར་གྲགས་པ་རྣམས། །ཁྱིམ་ཆུང་གནས་ནས་ཁྱིམ་ཆེན་གནས་སུ་སྙག །བྱིས་དང་སྡིག་གྲོགས་མང་པོས་མཐའ་བརྟེན་ཞིང་།


JLAZ004_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་རྙེད་པ་མཁྱེན་དང་མི་མཁྱེན་སོགས། །ཆོས་བརྒྱད་ཁོ་ནས་སློབ་པས་གནས་སྐབས་ན། །སྟེས་དབང་ཙམ་གྱི་ངེས་འབྱུང་སྐྱོ་ཤས་དང་། འཆི་བས་འཇིགས་པའི་དགེ་སྦྱོར་ངེས་འཇོག་གི། །ཡང་དག་སྙིང་པོའི་དོན་མཆོག་རྙེད་དགའ་ཕྱིར། །སྔོན་བྱོན་མཆོག་གཟིགས་གྲུབ་བརྙེས་ཐམས་ཅད་ཀྱང་། །ཉམ་ཆུང་ཚུལ་གྱིས་དབེན་པར་བསྒྲུབས་པ་ལས། །དངོས་གྲུབ་ཐོབ་པ་མང་ལ་རབ་གཟིགས་ནས། །ང་ནི་འདུ་འཛིའི་སྒོ་བརྒྱ་འབྱེད་པ་ཡི། །སྐུ་གསུང་ཐུགས་རྟེན་བཞེངས་དང་འཁོར་སློབ་སྐྱོང་། །ཆོ་ག་སྒྲུབ་མཆོད་འཛུགས་སྤེལ་རྒྱུན་རྣམས་ཀྱང་། །སྔོན་ཆད་གྲུབ་རྣམས་བསྟན་པའི་ཞབས་ཏོག་སྟེ། །སྤྲོས་ལ་དགའ་བའི་སྐྱེ་བོ་མང་ཡོད་ཕྱིར། །གང་ལ་གཉེར་དུ་གཏད་ནས་དམ་པ་ཉིད། །དགོན་གནས་འཛིན་ལ་ཆེ་ཐང་ཐུག་མི་བསྐྱེད། །དེ་ཡིས་ཞི་བདེའི་ཕྱོགས་སུའང་མི་ལྷུང་ཞིང་། །ནང་དུ་ཡང་དག་འཇོག་གི་བསམ་གཏན་ནི། གོམས་པ་ཆེར་འགྲོ་ལྷག་མཐོང་མཆོག་ལ་སྦྱོར། །དེ་སྐད་སྙིང་ནས་གདམས་པའི་ཞུ་ཕྲིན་འདི། །ཉིད་ཀྱི་དགོངས་པ་ཇི་ལྟར་གཏང་བ་བཞིན། །རེ་བ་ཡོངས་སུ་བསྐང་བའི་མཐུ་ཐོབ་ནས། །རྫོགས་ཆེན་བསྟན་


JLAZ004_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

པ་བར་བའི་བཀྲ་ཤིས་ཤོག །ཅེས་པའང་རྫོགས་ཆེན་སྤྲུལ་པའི་སྐུ་ངེས་དོན་བསྟན་འཛིན་བཟང་པོའི་བཞེད་པ་བཞིན་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། ༈ ཀ་དག་བདེན་པ་གཟིགས་ལ་ཁྱེད་སྨོད་ན། །ཁ་རག་སྒོམ་ཆུང་དམ་པའི་རྣམ་ཐར་གཟིགས། །ག་ལ་བ་དེར་མཐུན་པར་འཇུག་པའི་སེམས། །ང་ཡིར་འཛིན་པའི་འདུ་ཤེས་ལས་སྐྱེ་བོ། །ཅ་ཅོ་མེད་པའི་ཐོ་ཡིག་གཞི་མཛད་ནས། །ཆ་མེད་ཡ་མེད་གཅིག་པོར་བཞུགས་པ་ལ། ཇ་ཞལ་ཙམ་འཛིན་རིན་ཆེན་གསལ་བ་ཡང་། །ཉ་རྒྱས་ཟླ་བ་ལྟ་བུའི་དག་སྣང་ཤར། །ཏ་ཐའ་ག་ཏའི་བསྟན་ཞབས་སྡུས་སྐབས་འདིར། །ཐ་དད་གནས་སྒོ་འབྱེད་དང་ཞིག་གསོས་སོགས། །ད་འདོད་རང་ཉིད་འཆིང་བའི་རྒྱུ་ཡིན་པས། །ན་འཆི་ནམ་ཡོང་མི་ཤེས་དོན་ལ་གཟིགས། །པཱ་ར་མི་ཏའི་སྙིང་པོ་བྱང་ཆུབ་སེམས། །ཕ་རོལ་ཕྱིན་པ་ཀུན་གྱི་སྲོག་ཤིང་སྟེ། །བ་མེན་པ་ཡི་ཁྱུ་མཆོག་ཅང་ཤེས་བཞིན། །མ་གྱུར་འགྲོ་བ་ཀུན་ལ་ཕན་སེམས་སྒོམས། །ཙ་ན་ཤི་ཡོང་མི་ཤེས་མ་བསམས་ནས། །ཚ་བ་ཚ་ཁར་འགྲོ་ལྟའི་ངང་རིང་འདིས། །ཛ་དྲག་འཆི་བ་ཐོག་བབ་བྱུང་དུས་སུ། །ཝ་སྐྱེས་གལ་དུ་ཚུད་ལྟའི་ཚོར་བ་མྱོང་། །ཞ་རེངས་གཏོང་བའི་ས་


JLAZ004_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཁྲུགས་འགྱུར་ཅིག །ཟ་མའི་དོན་དུ་སྲོག་ལ་འཚོ་དགོས་པའི། །འ་འུར་འཕྲང་མེད་ཐ་མལ་ཤེས་པ་སྐྱོངས་འདི། །ཡ་མཱནྟ་ཀ་འབོད་པའི་ཕོ་ཉ་ཡིན། །ར་རྒོད་ནགས་སུ་ཡན་པ་ཇི་བཞིན་དུ། །ལ་མེད་འཕྲང་མེད་ཐ་མལ་ཤེས་པ་སྐྱོངས། ཤ་ཁྲག་གཡོས་སུ་སྦྱར་བའི་བུམ་སྒྲུབ་ཀྱང་། །ས་བཅུའི་དབང་ཕྱུག་ཁྲེལ་བ་མི་ཤེས་སམ། །ཧ་ཅང་བློ་སྣ་ཐུང་བའི་གཏམ་མ་ཡིན། །ཨ་ཏི་ཁྲེགས་ཆོད་དོན་ལ་གོམ་པའི་ཚེ། །ཡིད་དང་ཆོས་སུ་འཛིན་པའི་རྟོག་ཚོགས་ལ། མངོན་པར་ཤེས་པའི་འཕྲང་དང་ལྷ་མིན་གྱི། །འཇུག་སྒོ་གེགས་ཀྱི་ལུང་བསྟན་འབྱུང་སྲིད་བ། །རིག་པ་རང་ཤར་ཆེན་པོའི་རྒྱུད་ལ་གཟིགས། །ཅེས་པའང་མདོ་ཁམས་པས་རའི་མིང་ཅན་གྱིས་ལྷ་ཁང་བཞེངས་པ་དང་གནས་སྒོ་འབྱེད་པ་སོགས་ཀྱི་རྨི་ལམ་ལུང་བསྟན་བྱུང་བ་ཇི་ལྟར་འགབ་ཀྱི་ལན་དུ་སྨྲས་པའོ།། ༈ རང་བཞིན་ངང་རྒྱུད་དགེ་བའི་དགེ་རྩེབ། །ཚེར་མའི་ཁྲོད་ནས་སྨིག་གསར་ལྡུམ་བུ་བཞིན། །ཁམས་པའི་དབུས་ན་འཇམ་ཞིང་དེས་པ་དེ། །ཚེ་སྔོན་ལེགས་སྨོན་སོང་བ་ཡིན་ལས་ཆེ། །ང་ཉིད་དང་པོར་དབེན་པ་བསྟེན་པའི་ཚེ། །ངེས་པར་


JLAZ004_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ལུས་འགྲུབ་པ་བྱེད་སྙམ་ལས། །ཡོན་ཏན་ཤེས་དང་སློབ་མ་བསྡུ་སྙམ་པའི། །རེ་དང་སྤོབས་པ་མེད་ཀྱང་སེམས་བསྐྱེད་དང་། །སྒོམ་བྱུང་ལས་སྐྱེས་གཞན་དོན་ཤུགས་ལས་འགྲུབ། །ཁྱེད་ཀྱང་བློ་རྒོད་ཅན་གྱི་གང་ཟག་རིགས། །འདྲ་བ་མིན་ཡང་བདུད་ཀྱི་འཇུག་སྒོ་ནི། །རང་དོན་མ་གྲུབ་གཞན་དོན་ལ་རིངས་པའི། །ཕྱེ་གཏོར་འགམ་ཞིང་དཀོར་རྫས་ལོག་འཚོ་ལ༈ ༈སྤྱོད་པ་འདི་ཀོས་བླ་སྒོམ་ཕལ་ཆེར་བསླུ། །འགྲོ་དོན་སེམས་བསྐྱེད་སྨོན་པའི་བྱེད་ལས་ཕྱིར། །ཞིང་སར་ས་བོན་བཏབ་པ་ཇི་བཞིན་དུ། །ཚོགས་ཤིང་དུས་ལ་བབས་ཚེ་ནི་འདོད་བཞིན། །འབྱུང་བ་ཡོད་པ་དེ་ནི་དམ་པའི་ལུགས། །ཚིག་སྒམ་རེ་ཤེས་དབང་ལུང་ཅུང་ཟད་ཐོབ། །ཡིད་དཔྱོད་རྟོགས་པའི་འདྲ་འབག་སྐྱེས་པ་ལ། །རང་མཐོང་དང་འདྲེས་སེམས་སྐྱེས་དགྲར་ལངས་ཀྱི། །བདུད་ཀྱི་འཇུག་སྒོ་ངོས་མི་ཟིན་པ་མང་། །སྔོན་ཆད་འཕགས་ཡུལ་རྒྱན་དྲུག་མཆོག་རྣམས་དང་། །གྲུབ་བརྒྱ་རྗེ་འབངས་ཉེར་ལྔ་ཟུར་ཆེ་ཆུང་། །ཇི་བོ་རྗེ་དང་བཀའ་གདམས་བཀའ་རྒྱུད་པ། །ཀུན་མཁྱེན་ཆེན་པོ་སོགས་ཀྱི་རྣམ་ཐར་ལ། །ཆོས་བརྒྱད་འདུག་གམ་མི་འདུག་གཞིག་པར་མཛོད། །འཁོར་བར་ངེས་


JLAZ004_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གཏིང་ནས་མ་སྐྱེས་པར། །ཆོས་ཀྱི་གཟུགས་བརྙན་ཆོས་སུ་སྒོམ་ན་ཡང་། །ཐར་པ་མིན་པའི་ཕྱོགས་ལ་འགྲོ་བ་ཡིན། །དེ་ཕྱིར་རང་འདོད་གཏིང་ནས་མ་ཟད་པར། །གཞན་དོན་ལྟར་སྣང་ཙམ་ཡིན་དེ་ཡི་ཕྱིར། །རྣམ་པ་ཀུན་ཏུ་ནམ་འཆི་ཆ་མེད་དང་། །ངེས་འབྱུང་ཡང་དག་དྲན་པའི་དོན་ལ་སྒྲིལ། །རྩོལ་བ་མེད་པའི་གཞན་དོན་འགྲུབ་པའི་ཚེ། །ཞི་བདེར་མ་གཞོལ་བྱང་ཆུབ་སེམས་གཉིས་སྒོམས། །ལོག་སྒྲུབ་བཟོད་པའི་སྙིང་སྟོབས་མ་བསྐྱེད་ན། །བྱང་ཆུབ་སེམས་ལ་ཀུན་དཀྲིས་འབྱུང་ཉེ་བས། །རྒྱལ་སྲས་དམ་པའི་རྣམ་ཐར་དོན་ལ་སྨོན། །ལ་ཆུ་འཕྲང་ལ་དཀའ་བ་སྤྱད་པ་ཡི། །བྱས་ཡུས་བླ་མའི་དྲུང་དུ་སྤུངས་བྱད་པ། །ཁྱེད་མིན་ཨ་ཁུ་ཁམས་པའི་སྲོལ་ལགས་ཀྱང་། །མོས་གུས་དཀར་པོ་ཚིག་ཐུབ་ཡོད་ལས་ཆེ། །མོས་གུས་ཡོད་ནང་དང་དུས་གསུམ་དུ། །འདུ་འབྲལ་མེད་པའི་དད་པས་ཁམས་གསོས་ཤིང་། །གཉེན་པོས་རྐྱེན་ཐུབ་བྱུང་ན་སྒོམ་ཆེན་གྱི། །ཡང་རྩེ་ཡིན་ཕྱིར་ཞལ་གདམས་སྙིང་ལ་ཁུར།། ༈ སངས་རྒྱས་ལ་ཕྱག་འཚལ་ལོ། །ལམ་བདེན་འདུས་བྱས་ཆོས་ཀྱིས་ཁ་དྲངས་ནས། །འགོག་བདེན་ཡང་དག་ངོ་བོ་ཉིད་མེད་


JLAZ004_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

དོན། །སྟོན་པ་འཁོར་ལོ་གསུམ་ཀའི་ཁྱད་ཆོས་ཀྱང་། །སྡུས་པ་ཚིགས་སུ་བཅད་པའང་རྫོགས་ཆེན་ཡིན། །འདི་ལྟར་མ་རྟོགས་མངོན་པའི་ང་རྒྱལ་ཅན། །ཆོས་ལ་ཕྱོགས་རིས་བསྟོད་གཞན་སྨོད་ཀྱིས། ཆོས་ལྟར་བཅོས་ནས་བསྟན་པ་དཀྲུགས་བྱེད་ཅིང་། །ལྷས་བྱིན་རྣམ་ཐར་འཛིན་པའི་རྗེས་མ་འཇུག །ཁོམ་ལྡན་མང་སྟེ་ལོག་ལྟས་མི་ཁོམ་བྱེད། །རང་གཞན་འབྱོར་པ་ལྔ་ཕྲག་གཉིས་སོ་སོའི། །དང་པོ་གསུམ་ལས་ཐ་མ་གཉིས་གཉིས་ནི། །འདུ་འབྲལ་བྱེད་པ་འདི་ལ་ལེགས་པར་སེམས། །འཆི་ལ་འཇིགས་ལྟ་དུད་འགྲོས་ཀྱང་ཤེས་མེད། །ཚེ་འདིའི་འཚོ་རྩིས་ཆགས་སྡང་འདུ་འཛི་ཡི། །འོག་ནས་མི་ལྷོངས་ཆོས་ཕྱིར་ལེ་ལོ་ཅན། །གླེན་པ་ཅང་ཤེས་བརྫུ་བ་མཁྱེན་པར་མཛོད། །གཞན་དག་སྤྱོད་དང་བསྡིགས་ནས་འཕྲོགས་བྱེད་ཅིང་། །གཡོ་སྒྱུས་བླངས་དང་ཆོས་ལྟར་བཅོས་པ་ཡི། །མི་ཆོས་བླ་མས་བསྒྲུབས་པའི་ནོར་རྫས་ཀྱིས། །དགེ་བ་བསྒྲུབ་པའང་ལས་འབྲས་ཆད་ལྟ་ཡིན། །ཚུལ་ཁྲིམས་ཕྱི་མོ་མི་དགེ་བཅུ་སྤང་ལས། །ལོག་སྟེ་གནང་བཀག་ཕྲ་མོའི་བཅས་པ་ལས། །གུས་གུས་ལྟར་བཅོས་ཤེས་རྒྱུད་རེངས་པ་ཡི། །དགེ་སྦྱོང་གཟུགས་ལས་ཁྱིམ་པ་གཟུར་གནས་


previousཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།next