Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
  collapse section
   
   
   
ཤོག་ལྷེབ་ ༧༠༡ ནས་ ༧༤༩ བར།
   


 
previousཤོག་ལྷེབ་ ༧༠༡ ནས་ ༧༤༩ བར།next

ཤོག་ལྷེབ་ ༧༠༡ ནས་ ༧༤༩ བར།


JLAZ004_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། །སྡུག་བསྔལ་གྱུར་དང་ཁྱབ་པ་འདུ་བྱེད་ཀྱིས། །བཙོན་རར་བཅིངས་པའི་འགྲོ་བ་འདི་དག་ནི། །ད་དུང་སྐྱེ་རྒ་ན་འཆིའི་འཁོར་ལོ་དང་། །ཉེར་ལེན་ཕུང་པོའི་སྡུག་བསྔལ་འདོར་མི་བརྩོན། །ཀྱེ་མ་ཀྱི་ཧུད་གཟུགས་ཀྱི་ཕུང་པོ་འདི། །གྲུབ་པ་ཙམ་ནས་ཚ་གྲང་བཀྲེས་སྒོམ་དང་། །ནད་གདོན་གནོད་པ་སྣ་ཚོགས་རྟེན་གྱུར་ལ། །ཚོར་བ་དེས་དང་དེ་ཡི་རང་བཞིན་ཤེས། །འདུ་ཤེས་ཀྱིས་ནི་སྡུག་བསྔལ་ཉམས་སུ་མྱོང་། །འདུ་བྱེད་ལས་དེ་རྒྱུན་ཆགས་ས་བོན་བྱེད། །དེ་ཀུན་རྣམ་པར་ཤེས་པ་ལས་བྱུང་ན། །རྣམ་ཤེས་ཡེ་ཤེས་ཁམས་སུ་བསྒྲུབ་པའི་ཕྱིར། །བྱུང་གནས་འགྲོ་གསུམ་བརྟགས་ནས་སེམས་ཀྱི་མཚང་། །རྫུན་ལས་རྫུན་ཆེན་གྱུར་པ་རྟིབ་ནས་སླར། །རྟག་ཏུ་མ་ཡེངས་དྲན་པ་བརྟེན་བྱས་ན། །རང་རིག་སྐྱེ་མེད་དོན་དང་མཇལ་བར་འགྱུར། །ད་ནི་བསྟན་པའི་སྙིགས་མར་ཐུག་པ་དེས། །འཕགས་པའི་ཡུལ་ཡང་སྡིག་སྤྱོད་ཀླ་ཀློས་བཀབ། །འཚེ་བ་ཆོས་སུ་སྨྲ་བའི་ཆོས་ལུགས་དར། །བོད་ཀྱང་དེ་ལ་སྨོད་བཞིན་དེ་སྤྱོད་བརྩོན། །དགེ་སྦྱོང་གཟུགས་ཀྱིས་རྒྱལ་པོའི་མངག་གཞུག་དང་། །འདྲེན་པའི་ཚུལ་གྱིས་དགོན་གནས་སྲིད་སྡེར་


JLAZ004_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་། །སྒོམ་ཆེན་གཟུགས་ཀྱིས་ཆོས་ལ་ཐོབ་བརྩི་ཞིང་། །སྒྲུབ་པ་གཡེལ་བ་འདི་ལ་འཇིག་པར་མཛོད། །སྡོམ་གསུམ་ཐོབ་པས་མི་ཆོག་གནང་བཀའ་བསྒྲུབས། །དབང་བསྐུར་ཐོབ་པས་མི་ཆོག་བསྐྱེད་རྫོགས་སྒོམས། །སེམས་ངོ་ཤེས་པས་མི་ཆོག་དྲན་པ་སྐྱོངས། །ད་ལྟ་ཤི་ན་བར་དོར་ཨེ་གྲོལ་གཟིགས། །བསྟན་པ་རིན་ཆེན་ནུབ་ལ་ཉེ་སྐབས་འདིར། །སོས་དལ་ལེ་ལོ་སྤོངས་ལ་ད་རེས་ཀྱི། །རྟེན་འདིར་བཙན་ས་ཟིན་པར་མ་མཛད་ན། །ཕྱི་ནས་ངན་འགྲོར་འཁྱམས་ལ་འཇིག་པར་མཛོད། །བལྟར་མི་མངོན་པ་འདོད་ལྷའི་ཕྲིན་ལས་ནི། །སྐྱེས་བུའི་སྙིང་ལ་འཁྲི་ཤིང་ལྟར་གྱུར་པས། །བླ་མ་བསྟེན་ཅིང་ཆོས་ལམ་ཞུགས་བྱས་ཀྱང་། །ལེགས་སྨོན་ཙམ་ལས་ཆོས་མཐར་ཕྱིན་པ་དཀོན། །དེང་སང་འདི་ན་སྐལ་ངན་སློབ་མ་དག །རིང་ནས་བླ་མ་ལ་བསྙེན་ཆོས་ལ་བརྐུ། །ཅི་གསུང་བསྒྲུབ་ཟེར་རང་ཉམས་དབང་དུ་གཏོང་། །ལོ་གསུམ་དམ་བཅའ་ཟླ་གསུམ་ལ་གྲོལ་ནས། །རང་རྫུན་རང་ལ་གཏོང་བ་གཟིགས་ལགས་སམ། །ཡུལ་གྱི་རྐྱེན་ནི་དུག་ལས་མཐུ་ཆེ་ཞིང་། །བྱིས་དང་སྡིག་པའི་གྲོགས་ཀྱིས་མཐའ་བསྐོར་བས། །དེ་རིང་སྐྱེས་པའི་ངེས་འབྱུང་སང་ཉིན་ཡལ། །དེ་བཞིན་མོས་


JLAZ004_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

གུས་སྙིང་རྗེའང་རྟག་མི་ཐུབ། །འདི་ལ་རིམས་ནད་བཞིན་དུ་འཇིག་པར་མཛོད། །མདོར་ན་འདི་ལས་མང་དུ་སྨོས་ཅི་དགོས། །འཁྲིད་དུས་བཤད་པའི་ཞལ་གདམས་ལས་ལྷག་པ། །མི་འབྱུང་དེ་ལ་ཡི་དམ་བརྟན་པའི་སེམས། །དད་ལྡན་སངས་རྒྱས་བཟང་པོའི་སྙིང་ལ་ཕུར། །ཞེས་པའང་དེ་གེ་མཆོད་དཔོན་ལའོ།། ༈ གསལ་སྟོང་ཤེས་བྱས་དཔྱད་བཟོང་ཤེས་བྱེད་ཀྱི། །རིག་པ་སྐྱོང་བ་བྱིས་པ་ཉེར་སྤྱོད་ཀྱི། །བསམ་གཏན་ཉིད་ཀྱང་ཚོགས་དང་སྦྱོར་བའི་ལམ། །འཕགས་པའི་ལམ་གྱི་རྟེན་གཞི་ཉིད་ཡིན་པས། །མ་བཅོས་དྲན་པ་བློ་མདས་སྨྲ་བསམ་དང་། །བརྗོད་པ་བྲལ་བ་ཀློང་དུ་མ་གྱུར་པར། །ཚོགས་ཀྱི་དབུས་ལས་བྱོལ་ཞིང་དབྱེན་པར་བསྟེན། །བསོད་ནམས་ཡེ་ཤེས་དོན་ལ་འབད་པར་འཚལ། །བསྒོམ་བྱ་སྒོམ་བྱེད་མེད་པ་དེ། །སྟོང་པའི་རང་མཚང་ཡིན་མོད་ཀྱང་། །རྐྱེན་ངན་རླུང་འཚུབས་ལངས་ཙ་ན། །རེ་དོགས་ཆོ་རྐུན་ལྡང་ཉེན་ཡོད། །ཉིན་མོ་རྩ་རླུང་འཁྲུགས་པ་སྤང་། །གཉིད་དུ་འགྲོ་ཁར་ཤེས་པ་གྲིམས། །སྙིང་དབུས་ཐིག་ལེ་དཀར་པོ་ལ། །རིག་པ་ལྷོད་དེ་གཏད་པ་ནི། །རྨི་ལམ་ཟིན་པའི་མན་ངག་གོ །མུན་ཁང་དང་དཀའ་ཐུབ་ཀྱི་རྐྱེན་ལ་བརྟེན་ནས་


JLAZ004_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་སེམས་ཨར་ལ་གཏད་པའི་ཞག་བདུན་སངས་རྒྱས་ལས། །མཛོད་བདུན་དང་སྙིང་ཏིག་ཡ་བཞིའི་དགོངས་བཅུད་ཡེ་ཤེས་བླ་མ་ལ་གཟིགས། །ཀཐོག་དགེ་རྩེ་རིན་པོ་ཆེར་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སོ།། ༈ བཅོས་བསླད་མེད་པའི་དྲན་པ་ལ། །ཡེངས་མེད་ལམ་གྱི་ཆོམ་རྐུན་ལྡང་། །བསྒོམ་བྱ་བསྒོམ་བྱེད་མེད་པ་ལའང་། །རྐྱེན་ངན་བྱུང་ཚེ་རྟོག་རོ་ལྡང་། །དེ་ཕྱིར་ཆོས་ཉིད་དྲན་པའི་ངང་། །གཟུང་འཛིན་རྩ་བ་ཆོད་པ་གཅེས། །ཤེས་རབ་ཕ་རོལ་ཕྱིན་པའི་དོན། །སྟོང་པར་རྟོགས་པའི་འཁོར་བའི་མཐའ། །གཅོད་ཀྱང་ཉན་ཐོས་འགོག་པ་སྟེ། །དམིགས་པ་མེད་པའི་སྙིང་རྗེ་དང་། །འབྲེལ་ན་ཐེག་པ་ཆེན་པོ་ཡིན། །སྙིང་རྗེ་དེ་ཡང་དམིགས་བཅས་སུ། །བསྒོམ་ན་ཚངས་པའི་གནས་པ་སྟེ། །མངོན་མཐོའི་རྒྱུ་ལས་ངེས་ལེགས་རང་། །དེ་ཕྱིར་རང་བཞིན་མ་གྲུབ་པའི། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ནི། །འཕགས་པའི་བདེན་པ་མཐོང་བའི་ཚེ། །ཡོད་ཀྱིས་གཞན་དུ་མོས་དཔྱོད་ཡིན། །ད་ནི་གསལ་སྟོང་བསྒོམ་བྱ་རུ། །བྱས་ནས་དྲན་པས་སྐྱོང་དེ་ཅི། །གསལ་སྟོང་བསྒྱུར་ལ་ཆོས་ཉིད་ཀྱི། །དྲན་པ་གཅིག་པོས་ཆོག་པྲ་མཛོད། །རྗེས་ཐོབ་


JLAZ004_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་འདི་ཙམ་ཞེས། །དམིགས་པ་མེད་པའི་བྱང་ཆུབ་སེམས། །རང་བཞིན་ལྷུམས་ཞུགས་ངང་ལ་ཞོག །མདོར་ན་མང་དུ་སྨོས་ཅི་དགོས། །ལམ་བདེན་འདུས་མ་བྱས་པའི་དབྱིངས། །མཉམ་པ་ཉིད་དུ་མ་གྱུར་པར། །ལས་འབྲས་བརྩི་ཞིང་དགེ་སྦྱོར་བརྩོན། །བཤགས་རྒྱུད་འབུམ་དང་ས་ཚྭ་འབུམ། །སྲོག་བསླུ་བརྒྱ་དང་མ་ནི་དུང་། །བརྒྱད་སྟོང་བསྐལ་བཟང་སྒྲོག་ལ་འབད། །ཀཐོག་ཕྱག་ཚ་སྐུ་སྐྱེལ་རང་བྱུང་རྡོ་རྗེས་སོ།། ༈ པདྨ་ལས་གྲོལ་ཞབས་ལ་འདུད། །བུ་ཉོན་དང་འཇིགས་མེད་བློ་གསལ་བ། །ཁྱོད་དལ་འབྱོར་ཚང་བའི་ལུས་རྟེན་ཐོབ། །ཕྲལ་བྱུང་དང་རྐྱེན་གྱིས་མི་ཁོམ་སྤངས། །ཆོས་སྒྲུབ་པའི་རྟེན་འབྲེལ་ཚོགས་དུས་འདིར། །ད་ནི་དབེན་པར་སྒྲུབ་ལ་བརྩོན། །ཆུང་དུས་སུ་གྲྭ་ས་འགྲིམ་པ་དེས། །སྤྱོད་ལམ་དང་འདྲི་ཀློག་འདོན་ཁྲིགས་ཤེས། །གར་འཆམ་དང་དབྱངས་རོལ་བྲི་ཐིག་སོགས། །བསྟན་པའི་མིག་རྒྱན་ཙམ་ཡིན་མཆི་ཡང་། །མང་པོ་ཚོགས་པའི་ཁྱུ་གསེབ་ཏུ། །ཆགས་སྡང་གི་རླུང་འཚུགས་ཆོས་བརྒྱད་ལྡང་། །ཁྱོད་ལས་ང་མཁས་ཀྱིས་མཐོ་ནོན་དང་། །དཀོར་ལ་ཟ་འོས་ཀྱི་བུ་


JLAZ004_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་གསོག །དེ་ལ་སོགས་པའི་དགེ་སྐྱོན་རྣམས། །རང་སེམས་ལ་རི་མོར་བྲིས་པའི་ཕྱིར། །ད་ནི་དབེན་པའི་གནས་སུ་སོང་། །དེ་ན་ཚོང་དང་སོ་ནམ་དང་། ལས་སྣེ་དང་གཏོང་སྒོའི་འདུ་འཛི་མེད། །ཁྱོད་ལས་ང་བཟང་གི་ཆགས་སྡང་བྲལ། བྱ་དང་རི་དྭགས་འགྲོགས་ན་བདེ། །སྨན་ལྗོངས་ཀྱི་དུས་བཞིའི་འགྱུར་ལྡོག་གིས། །བདག་ཉིད་ལ་མི་རྟག་རྒྱུད་བསྐུལ་བྱེད། །དེ་ལྟ་བུ་ཡི་དབེན་གནས་སུ། །དལ་འབྱོར་རྙེད་དཀའ་ནས་བཟུང་སྟེ། །འཆི་བ་འོད་གསལ་ཆོས་སྐུའི་བར། །ཁྲིད་དུ་འདོམས་པ་ཞལ་གདམས་ཡིན། །ཁྱད་པར་དང་པོའི་ལས་ཅན་རྣམས། །བློ་ལྡོག་བཞི་ལ་གནད་དུ་སྣུན། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་ཡི་ངོ་བོ་སྨོན་འཇུག་གཉིས། །འཇུག་པ་ཕྱིན་དྲུག་ལ་སྤྱོད་པ། །སངས་རྒྱས་རྣམས་ཀྱི་གཞུང་ལམ་ཡིན། །དེ་འདྲའི་ལམ་གནད་མི་ཤེས་ན། །སྟག་དོམ་འཕར་བ་དྲེད་རྣམས་ཀྱང་། །ནགས་ན་གནས་ཀྱི་དེ་དང་མཚུངས། །དེས་ན་སྨོན་སེམས་བཟང་པོའི་ངང་། །དམན་པའི་ས་བཟུང་ང་རྒྱལ་བཤིག །གཏོང་སེམས་གོམས་པ་སྦྱིན་པ་ཡིན། །དམ་སྡོམ་ལ་གུས་ཚུལ་ཁྲིམས་ཏེ། །དཀའ་བ་དང་ལེན་གཞན་གནོད་


JLAZ004_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད། །སྙོམ་ལས་གཉིས་སྤོང་བརྩོན་འགྲུས་ཡིན། །རིམས་གཉིས་སྒོམ་པ་བསམ་གཏན་ལ། །ལྷག་མཐོང་རྩིས་ཟིན་ཤེས་རབ་སྟེ། །རྟག་ཏུ་དྲན་པའི་གཏམ་དོན་སྐྱོངས། །དྲན་པ་མེད་ན་སྒོམ་ལྟ་ཅི། །མངོན་མཐོའི་བདེ་བའང་ཉམས་འགྱུར་ན། །ངེས་ལེགས་བསྒྲུབ་ལ་སྨོས་ཅི་དགོས། །དེ་བས་སེམས་དང་རིག་པའི་ཁྱད། །སེངྒེ་རྩལ་རྫོགས་ལྟར་ཕྱེ་ལ། །བློ་དང་སྙམ་བྱེད་བྲལ་བའི་དབྱིངས། །ཐད་ཀའི་མིག་པ་རྒྱ་ཡན་ལ། །སྒོམ་མེད་ཡེང་དུ་མེད་པར་ཞོག །རང་དོན་གདེང་དུ་མ་གྱུར་བར། །གྲོང་ཆོག་མདོས་གཏོར་ཟོར་ཡས་དང་། །གཞན་གྱི་ཚོགས་དཔོན་ཁ་བཤད་སོགས། །བདུད་ཀྱི་བྱིན་རླབས་རྟགས་ཡིན་པར། །ངེས་པའི་དབང་པོ་རྣོན་པོ་ལ། །གེགས་དང་གོལ་སས་གླགས་མི་རྙེད། །རྙེད་བཀུར་བྱུང་བས་མི་ཚོགས་གྱིས། །རང་རྒྱུད་འདོད་པས་གཟིར་མིན་ལྟོས། །འཁོར་སློབ་འདུས་པས་མཆོག་གིས། །རང་རྒྱུད་ཆོས་དང་འདྲེས་མིན་ལྟོས། །རང་འདོད་གཏན་ནས་ཟད་པའི་ཚེ། །འགྲོ་དོན་བྱུང་ན་རན་པ་ཡིན། །དེ་ཚེ་སྐྱོ་དང་ཞི་བདེ་ལ། །གཞོལ་ན་ཉམས་པ་ཆེན་པོ་ཡིན། །མདོར་ན་བྱང་ཆུབ་སེམས་དམ་པས། །ཟིན་པའི་གཞན་ཕན་རྗེས་ཐོབ་


JLAZ004_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འབྲེལ་བར་སྤྱད་དུ་རུང་བའི་ཕྱིར། །བདེན་གཉིས་ཟུང་འཇུག་དམ་པའི་དོན། །ཁྱོད་ཀྱི་རྒྱུད་ལ་གནས་ནས་ཀྱང་། །བདག་གི་ཐུགས་དང་རོ་གཅིག་ཤོག །ཅེས་པའང་འཇིགས་མེད་བློ་གསལ་འོད་ཟེར་ལ་གདམས་པ་རིག་འཛིན་འཇིགས་མེད་གླིང་པས་སོ།། །། ༈ འཇིགས་མེད་ཆོས་ལྡན་ཉོན། །རྟག་ཏུ་དབེན་པར་སྡོད་།སྙིང་རྗེ་ཕན་སེམས་སྒོམས། །ལས་འབྲས་ལ་ཞིབ་ཚགས་མཛོད། །ནམ་འཆི་ཆ་མེད་སྒོམས། །རྣམ་རྟོག་སྔ་ཕྱིའི་བར། །གསལ་རིག་ལ་ལྟ་བ་དེ། །ཐོག་མའི་སྐྱོང་ཚུལ་ཡིན། །ད་ནི་དྲན་འཛིན་གྱིས།། ཤེས་པ་སླེབས་མ་ཐག །སྟོང་དང་མི་སྟོང་དང་། །གསལ་གསལ་རྗེན་རྗེན་ལ། །སྒོམ་དུ་ཞེན་པ་སྤོངས། །དྲན་ཙམ་དེ་ད་ལ། །ལ་ཡེངས་མི་བསྒོམ་ཟབ། །དེ་ལས་གང་ཤར་ཡང། །ཤར་བའི་འཕོ་མ་འཐུད། །ཤར་མཁན་གྱི་སེམས་ལ་ལྟོས། །རང་ས་རུ་ལྷོད་དེ་ཞོག །སྒོམ་གྱི་མདོ་འགག་ཡིན། །རྒྱལ་བའི་མྱུ་གུས་སོ།། ༈ བཻ་རོས་གདུང་ཞིང་རྒྱལ་རོང་པ། །རྟག་ཏུ་འཆི་བ་དྲན་བྱས་ནས། །ཕྱི་མའི་འགྲོ་ས་ལེགས་པར་སེམས། །ལས་འབྲས་སྤང་བླང་ལ་སྤྱད་པས། །བདེ་འགྲོར་


JLAZ004_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཞིང་སྟོང་ཉིད་ཀྱི། །ལྟ་བ་རྟོགས་ལས་སངས་རྒྱས་ཐོབ། །སྟོང་པ་བསྒོམས་པས་མི་ཆོག་གིས། །གསལ་སྟོང་ཟུང་འཇུག་རང་བབས་ལ། །དྲན་པའི་སོ་བ་ཡེང་མེད་ནས། །སྒོམ་པ་མ་ཡིན་ཡེང་དུ་མེད། །མ་ཡེངས་མི་བསྒོམ་སྒོམ་པའི་དོན། །དེ་ཉིད་གོམས་ན་ཉོན་སྒྲིབ་དང་། །ཤེས་སྒྲིབ་རང་སངས་འགྱུར་བ་ཡིན། །དེ་ཡི་དོན་དུ་ཚོགས་གསོག་དང་། །སྒྲིབ་སྦྱོང་རྣམ་པ་ཀུན་ཏུ་འབུངས། །མདོར་ན་ཁྲིད་བཤད་ལས་ལྷག་པའི། །ཞལ་གདམས་མི་དགོས་སྙིང་ལ་ཕུར། །ཞེས་རྒྱལ་རོང་བ་བསོད་ནམས་བཀྲ་ཤིས་ལ་གདམས་སོ།། །། ༈ པརྞ་ཤ་བ་རི་ལ་འདུད། །ཁྱོད་ནི་ཅུང་ཟད་བྲོ་འཚལ་ན། །བླ་མ་དཀོན་མཆོག་བཀའ་དྲིན་གྱིས། །སྔོན་གྱི་ལས་ངན་སྤོང་བ་ཡིན། །བདེ་སྡུག་གཏོང་ལེན་སྙིང་ཐག་པས། །བྱས་ན་རྐྱེན་ཡང་ཆོས་ཡིན་པས། །ཁྱོད་ཀྱིས་བྱ་བ་དོན་ལྡན་འགྱུར། །རྟག་ཏུ་སྙིང་གར་བླ་མ་སྒོམས། །མོས་གུས་གདུང་བས་གསོལ་བ་ཐོབ། །སེམས་ཉིད་སྟོང་པ་ཉིད་ཡིན་པས། །སྟོང་པ་མ་བསྒོམས་དངོས་པོ་མིན། །སྟོང་དང་མི་སྟོང་ལས་འདས་པའི། །ཤེས་པ་མ་བཅོས་སོར་གཞག་དང་། །དྲན་པ་བརྟན་ལ་དྲན་


JLAZ004_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་སྐྱོངས། །འགྲོ་འདུག་སྤྱོད་ལམ་ཅི་བྱེད་ཀྱང་། །དྲན་པ་ལས་ལྷག་སྒོམ་མི་དགོས། །ནད་ཀྱང་མྱུར་དུ་དེངས་འགྲོ་ཞིང་། །སྐྱབས་འཇུག་བྱེད་དོ་སྙིང་ལ་ཕུར། །ཆར་མདོར་བ་རྒྱས་སམ་འཇིགས་མེད་པ་ལ་རང་བྱུང་རྡོ་རྗེས་སོ།། ༈ ཆབ་མདོ་རབ་རྒྱས་སེམས་ལ་ཕུར། །རྟག་ཏུ་འཆི་བ་མི་རྟག་སྒོམས། །བླ་མ་དཀོན་མཆོག་བློ་གཏད་བྱ། །སྔར་བྱས་སྡིག་ལ་འགྱོད་ཚངས་དང་། །རྟག་ཏུ་བྱང་ཆུབ་སེམས་གཉིས་སྒོམས། །བསམ་པ་བཟང་ལ་དགའ་བ་སྒོམས། །བསམ་ངན་སྐྱེས་ན་བཤགས་པར་འབད། །རང་སེམས་སྟོང་པ་ཉིད་ཡིན་ཡང་། །སྟོང་པར་བསྒོམས་ན་ཆད་ལྟར་འགྲོ། །དངོས་པོ་མ་ཡིན་གསལ་ལ་སྟོང་། །གསལ་སྟོང་ཡིན་ནོ་སྙམ་པའང་སྤོངས། དྲན་པ་ཧྲིག་གིས་སླེབས་པའི་ངང་། །མ་ཡེངས་མི་བསྒོམ་ལྟ་བའི་མཆོག །རྣམ་རྟོག་བཟང་ངན་ཅི་ཤར་ཡང་། །ཤར་བའི་ལུས་པ་བརྗེས་མ་འབྲེང་། །ཤར་མཁན་ལ་ལྟོས་རང་གྲོལ་ཡིན། །དེ་ལས་མང་དུ་བཤད་མི་དགོས་།ས་མ་ཡ།། ༈ དངོས་པོ་སྒོམ་པ་ལྟ་ཅི་སྨོས། །སྟོང་པ་སྒོམ་པའང་མ་ཡིན་ཏེ། །ད་ལྟའི་རིག་པ་བཅོས་མེད་འདི། །དྲན་པས་སྐྱོངས་


JLAZ004_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་རིགས་ཀྱི་བུ། །ཞེས་ལྷོ་ངས་མོད་པ་ལ་གདམས་བའོ།། །། ༈ བླ་མ་རྗེ་ལ་ཕྱག་འཚལ་ལོ། །དལ་འབྱོར་རྙེད་ཀ་ནས་བཟུང་སྟེ། །སྟོང་པ་ཉིད་ལ་གནས་ཀྱི་བར། །ཐམས་ཅད་ཞལ་གདམས་ཁོ་ན་ཡིན། །འོན་ཀྱང་ཁྱེད་ཀྱི་རེ་བའི་དོན། །ཅུང་ཟད་བཤད་ཀྱི་དོན་ལ་སྦྱོར། །བྱང་ཆུབ་སེམས་ཀྱིས་མ་ཟིན་པའི། །དགེ་སྦྱོར་ཐམས་ཅད་འདྲ་ཅོག་ཡིན། །སེམས་བསྐྱེད་འབུམ་ཐེར་གསོག་པ་ལས། །སྙིང་རྗེ་རྒྱུད་ལ་སྐྱེས་པ་དག་ལ། །སྟོང་ཉིད་བསྒོམས་པས་མི་ཆོག་གིས། །སྟོང་འཛིན་བློ་དང་བྲལ་བ་དགོས། །སྒོམ་རྒྱུ་མེད་པའི་དོན་རྟོགས་ཀྱང་། །ཡེང་བ་མེད་པར་མ་བསྐྱངས་ན། །ལུང་མ་བསྟན་པའི་ཆོམ་རྐུན་དང་། །ལྷན་ཅིག་སྐྱེས་པའི་མ་རིག་པས། །སྔོན་ཡང་བདེ་གཤེགས་སྙིང་པོར་བསྒྲིབས། །ད་ཡང་འབྱུང་ལ་ཚོགས་མེད་པས། །ཀུན་ཏུ་བཟང་པོའི་ཆོས་དྲུག་གི། །དོན་དང་འདུ་འབྲལ་མེད་པར་འཇོག །ཅེས་རིག་འཛིན་ལྷུན་འགྲུབ་ལའོ།། ༈ འཁོར་བ་འདི་ན་དཀོན་པ་དེ། །དལ་འབྱོར་ཚང་བའི་ལུས་རྟེན་ཡིན། །སྐྱེས་པ་ཙམ་ནས་འཆི་བདག་གི་།ཁ་རུ་ཚུད་པ་མ་མཐོང་ངམ། །


JLAZ004_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༡༨ ༧༡༦བར་ནོག་འདུག༽ལས་འབྲས་བླང་དོར་ཁྱད་གསད་ན། །འཁོར་བའི་སྡུག་བསྔལ་གཟིགས་ལགས་སམ། །བདེ་སྡུག་མཐོ་དམན་སྣ་ཚོགས་འདི། །རང་གིས་བྱས་ཀྱིས་སྟེས་དབང་མིན། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་དང་བྲལ་བའི་དགེ་སྦྱོར་ཀུན། །རྣམ་གཡེང་ཆེ་ལ་ས་ཆོད་ཆུང་། །སེམས་ཅན་ཕ་མར་ཤེས་ལགས་སམ། །རྟག་ཏུ་རང་གི་སེམས་ལ་ལྟོས། །བལྟས་པ་མི་མཐོང་གཞི་རྩ་བྲལ། །མེད་ཅེས་སྟོང་པར་བལྟ་བ་དེ། །ཆད་ལྟའི་གཡང་ས་ཆེན་པོ་ཡིན། །དེ་ཕྱིར་ཡོད་དང་མེད་པ་དང་། །སྒོམ་དང་མི་སྒོམ་བློའི་རི་མོ། །ཤིག་ལ་མ་བཅོས་གཉུག་མའི་མཚང་། །འཇུར་དྲན་ལས་འདས་ཡང་དག་གི །དྲན་རིག་སྲ་བསམ་བརྗོད་མེད་ལ། །དགོངས་པའི་བཙན་ས་ཟིན་པར་གྱིས། །དེ་ནི་ང་ཡིན་དེ་རྟོགས་ན། །ང་དང་ཁྱོད་ལ་འདུ་འབྲལ་མེད། །ཧོར་བྲག་འགོ་བ་འཇིགས་མེད་རྣམ་གྲོལ་ལ་རང་བྱུང་རྡོ་རྗེས་སོ།། ༈ ཨེ་མ་ཧོ། གང་ལ་བརྟེན་པས་གནས་སྐབས་མཐར་ཐུག་ཏུ། །ལེགས་པར་འཚེངས་པ་འུ་ཅག་སྐྱབས་ཀྱི་མཆོག །རིས་བྲལ་བསྟན་པའི་སྲོག་ཤིང་དྲིན་ཅན་རྗེ། །རྫོགས་པའི་སངས་རྒྱས་བཞད་པར་ངེས་པས་འདུད། །གཞུང་ལུགས་དཀའ་གནད་འགྲོལ་


JLAZ004_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཐུ་ཞན་ཡང་། །བརྩོན་པའི་སྟོབས་ཀྱིས་དྲངས་པའི་སྒོམ་ཆུང་ཚིག །ཚོགས་གཉིས་ཆུ་གཏེར་འཕེལ་བའི་རྒྱ་མཚོའི་ཀློང་། །ཐལ་སྐྱེས་ཚིག་གིས་ཝུ་ཕྲེང་རྒྱན་འདི་ལོངས།། ཨེ་མ་ཤིན་ཏུ་རྙེད་དཀའ་དལ་བའི་རྟེན། །ད་རེས་རྣམ་དཀར་དགེ་བའི་རྒྱུས་བསྐྱེད་པ། །ཡད་ཡུད་རྣམ་གཡེང་བསིར་བུས་ཁྱེར་བ་ན། །འབྲས་མེད་སྤུན་པར་འཚོར་རོ་གྲོགས་པོ་པ། །འཇིགས་སླ་སྙིང་པོས་དབྱེན་པའི་མི་ལུས་འདི། །དོན་མེད་འདི་སྣང་བྱ་བས་དུས་ཡོལ་ན། །ཁ་ཅང་དོན་གྱི་གླེན་པ་མདོ་མེད་པོ། །རང་གིས་རང་ཉིད་བསླུས་སོ་གྲོགས་པོ་བ། །ངེས་པར་བདེན་པ་མི་རྟག་འཆི་བ་སྟེ། །མིག་མཐོང་བས་ཀྱང་གསལ་བའི་གཟུགས་གྲུབ་ཏུ། །དགྲ་གཉེན་བར་མ་རྒན་གཞོན་ངེས་མེད་དུ། །འདས་གྲོངས་ཚུལ་འདི་དགོངས་སམ་གྲོགས་པོ་པ། །ཅི་སྟེ་མཚན་དཔེས་སྤྲས་པའི་རྒྱལ་བའི་སྐུ། །འཇིགས་ཚུལ་སྟོན་ན་འུ་ཅག་ཉམས་ཆུང་ལུས། །ཆུ་བུར་འདྲ་བ་ནམ་ཞར་གཏོལ་མེད་པས། །རྟག་འཛིན་ཨ་འཐས་མ་བྱེད་གྲོགས་པོ་པ། །ཡེ་ཤེས་སྤྱན་གྱིས་སྐྱེས་ནས་མ་ཤི་བའི། །ཡིད་ཅན་གཅིག་ཀྱང་གཟིགས་པར་མ་གསུངས་ན། །རང་ཅག་ངེས་པར་འཆི་བར་ཐག་ཆོད་ཀྱང་། །ནམ་འཆིའི་དུས་བཏབ་མེད་དོ་


JLAZ004_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་པོ་པ། །སང་བྱེད་ཕྱིས་བྱེད་བྱ་བའི་འཕྲོ་མང་པོ། །དོ་ནུབ་མི་རྟག་འཆི་བས་བཅད་གྱུར་ན། །འཇིག་རྟེན་བྱང་བར་ཕན་པའི་རྒྱགས་ཕྱི་ཞིག །ཚོགས་སུ་གྲུབ་པ་ཨེ་ཡོད་གྲོགས་པོ་པ། །དེ་ལྟར་འཆི་ཚེ་བསགས་པའི་ནོར་ཛས་དང་། །འདུས་པའི་གཤེས་གཉེན་ཀུན་གྱིས་མི་བསྟོད་པ། །མང་དུ་ཅི་འཚལ་མངོན་སུམ་ཚད་གྲུབ་ཏུ། །གཟིགས་པར་འདི་ལ་ལགས་སོ་གྲོགས་པོ་པ། །ཤི་ནས་གར་སྐྱེ་རང་དབང་དང་བྲལ་ཞིང་། །ལས་རླུང་ཤུགས་ཁྱེར་གཞན་དབང་ཅན་ཡིན་ན། །ངན་སོང་གནས་སུ་སྐྱེས་ན་ཅི་ཚུགས་བྱ། །མི་སྐྱེའི་བློ་གདེང་ཨེ་ཡོད་གྲོགས་པོ་པ། །དཀའ་བས་འབད་ཀྱང་ཟིན་མེད་ངལ་བའི་ལས། །འདི་སྣང་ཞེན་པའི་རྡོས་ཐག་ཁད་ཀྱིས་ཆོད། །ནམ་གཞག་གཏན་འདུན་སྙིགས་དུས་ཚེ་ཐུང་འདིར། །འགྲུབ་ན་གྲུང་པོ་ཟེར་རོ་གྲོགས་པོ་པ། །ལོ་ཟླ་ཞག་མས་ཚེ་འདིའི་སྣང་བ་གཏུམས། །དོན་མེད་བྱ་བས་སྒྱུ་ལུས་ཨ་ཐང་ཆད། །བྱས་པ་རྗེས་མེད་ཆུ་ཡི་རི་མོ་འདྲར། །ཤེས་ན་ཅང་པོ་ཟེར་རོ་གྲོགས་པོ་པ། །ཨ་ཡེ་ད་ནི་མི་རྟག་སྲིན་པོ་ཡི། །མཆེ་བར་ཚུད་པའི་ཚེ་ལྷག་ཉུང་ཟད་འདི། །རྣམ་གཡེང་སད་སུད་དག་གིས་དུས་འདས་ནས། །ཤི་ཚེ་འགྱོད་ཀྱང་ཕྱིས་སོ་གྲོགས་པོ་པ། །དེ་ལ་ཕན་


JLAZ004_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གདམས་ངག་བསམ་འདས་པ། །བརྗོད་པ་ཡི་གེས་འཇིགས་པའི་སྐབས་འདི་ཏུ། །དགོས་དོན་སྙིང་པོར་དྲིལ་བའི་ཟབ་གནད་འདི། །དཀར་པོ་ཆིག་ཐུབ་ལགས་སོ་གྲོགས་པོ་པ་།དེ་ཡང་སྐད་ཅིག་རང་གི་སྤྱི་བོ་རུ། །གསང་བདག་བཞད་པ་རྡོ་རྗེ་ལམ་གྱིས་བསྒོམ། །རྟོགས་པའི་ཡེ་ཤེས་བསྐྱེད་པར་གསོལ་བ་བཏབས། །དབང་བཞི་བླང་ནས་བླ་མ་སྙིང་དབུས་དྲང་། །དེ་ལ་ཡེངས་མེད་ཤེས་པ་ཧྲིག་གེར་བལྟ། །བློ་ངན་ལང་ཤོར་རྟོག་པ་འཚུབས་པ་ཞི། །གནས་ཆ་བདེ་གསལ་མི་རྟོག་ཞིག་ནས་ཆར། །དེ་རྗེས་གུ་རུའི་སྐུ་ལས་འོད་ཟེར་འཕྲོས། །བདག་གཞན་སྒྲིབ་གཉིས་སྦྱངས་མཐར་སྣོད་བཅུད་ཀུན། །དྭངས་་ཤེལ་ཧས་བཏབ་ལྟ་བུར་འོད་གསལ་བསྡུས། །སྨྲ་བསམ་བརྗོད་མེད་ངང་དུ་ཆ་གྱིས་སྒྱུར། །ལྷོད་ཀྱིས་གློད་པས་བདེ་སྡུག་ཡུལ་སྣང་ནི། །ཅི་ཤར་དེ་གའི་རང་ངོར་ཅེར་གྱིས་ལྟོས། །བལྟས་པས་མི་མཐོང་ཡུལ་སྣང་གསལ་དུ། །རྗེན་པར་འཆར་བ་ལྷག་མཐོང་ངོ་བོ་ཡིན། །དེ་ལྟར་རྣམ་རྟོག་གནག་ཤར་རང་ངོ་ནི། །ཤེས་ལས་གཞན་པའི་སྒོམ་རྒྱུ་ཅི་ཡང་མེད། །སྒོམ་མེད་དང་ནས་ཡེང་མེད་ཤིན་ཏུ་གཅེས། །སྐྱོང་


JLAZ004_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་དང་པོར་ཐུན་དུ་བཅད་ནས་བསྒོམ། །བར་དུ་སྤྱོད་ལམ་དང་བསྲེ་ལྷག་པར་དུ། །རྐྱེན་ངན་གང་བྱུང་ལམ་དུ་ཁྱེར་བཞིན་བསྒོམ། །བདེ་སྡུག་ན་ཚ་འཇིགས་སྐྲག་ཅི་བྱུང་ཡང་། །དེ་ཡི་ངོ་བོར་མདུང་ཚུགས་བལྟས་པ་ཡིས། །གསལ་སྟོང་རྗེན་པར་འཆར་དེའི་མདངས་མ་ཡལ། །གསལ་ལ་ཧྲིག་གེར་སྐྱོང་བ་མཉམ་གཞག་དང་། །གང་ཤར་རྨི་ལམ་སྒྱུ་མྲ་རྒྱས་འདེབས་པ། །རྗེས་ཐོབ་དག་ཏུ་འདོད་ཀྱང་དང་པོའི་སྐབས། །རྣམ་རྟོག་དག་དང་དེ་ལ་བལྟ་མཁན་གཉིས། །སོ་སོར་འབྱུང་འདྲ་རིམ་གྱིས་སྒོམས་པ་དང་། །གཉིས་མེད་རིག་པ་རང་སོ་ཟིན་པ་ཡིས། །གནས་འགྱུ་འདེམ་ཀ་མེད་པའི་སྒོམ་ཆེན་པ། །འཁྲུལ་ཞིག་རང་གྲོལ་བཙན་ས་ཟིན་པ་ཡིན། །འདི་དོན་རྟོགས་ལ་ལྟ་བ་དེ་ཉིད་ལ། །མཉམ་པར་འཇོག་པ་སྒོམ་པ་དེའི་རྩི་ཡིས། །ཟིན་ལ་སྤྱོད་པའི་ཐ་སྙད་འབྱེད་ན་ཡང་། །རྒྱུན་དུ་མོས་གུས་བསག་སྦྱང་མགོ་ལྟར་གཅེས། །ཞེན་ལོག་རྐང་པ་བྱམས་དང་སྙིང་རྗེ་གཉིས། །ཡན་ལག་ལྟ་བུར་མེད་ཐབས་མེད་པ་ཡིས། །དེ་ལྟར་ཆོས་ཀུན་སེམས་ཀྱི་ཆོ་འཕྲུལ་དུ། །རྟོགས་ཚེ་ངན་སོང་སྡུག་བསྔལ་གང་དུ་མྱོང་། །ས་ལམ་དྲོད་རྟགས་རེ་དོགས་རིག་ངོར་རྫོགས། །འོད་གསལ་སྔར་འདྲིས་མ་བུ་


JLAZ004_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོད་པས་ན། །སྒྱུ་ལུས་ཞིག་ཚེ་འཚོར་བག་ཅི་ལ་ཡོང་། །མདོ་རྒྱུད་མན་ངག་ཀུན་གྱི་ཞལ་ཕྱེ་ཡང་། །དགོས་པའི་དོན་པོ་འདི་ལས་མ་མཆིས་པས། །ཚིག་འདི་བློར་བཟུང་དོན་འདི་སྙིང་ཆོངས། །ཉམས་ཉམས་་ངེས་ཤེས་ནང་ནས་འབར་ཏེ་མཆིས། །དེ་ལྟར་སེམས་ལ་སྨན་པའི་མཆིང་གྲོས་དང་། །རྗེས་སུ་འབྲེལ་བའི་མཉམ་གཞག་བསྐྱང་ཚུལ་གྱི། །མན་ངག་འདི་ཀོས་ཐ་སྙད་ལ་ཞེན་པར། ནམ་མཁའི་མཐའ་འཚོལ་རྟོག་གེས་གཞལ་བྱ་མིན། །ཡང་དག་དོན་གྱི་རྣལ་འབྱོར་མཛད་་གཞེད་ན། །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །ད་ལྟའི་དགེ་ཚོགས་རྨད་བྱུང་འོད་པོ་ཆེ། །རྣམ་དག་གྲུབ་པ་འཕེལ་བའི་རྣལ་འབྱོར་པས། །རྒྱ་མཚོའི་གོས་ཅན་བར་དུ་ཁྱབ་གྱུར་ཏེ། །ངེས་དོན་བསྟན་པའི་སྙིང་པོ་རྒྱས་ཕྱིར་བསྔོ། །སྤེལ་བྱེད་སྙན་ངག་སྡེབ་སྦྱོར་བློའི་མཐུ་དམན། །ཚིག་སྟོབས་ལོག་པ་ཡོད་སྲིད་དོན་གྱི་ཆ། །བརྒྱུད་ལྡན་མན་ངག་ཇི་བཞིན་འགལ་མེད་དུ། །བསྡེབས་འདི་སྙིང་པོའི་དོན་ལ་ཆེད་གཞོལ་བའི། །རང་དང་ལྟ་སྤྱོད་མཐུན་པ་མ་གཏོགས་པ། །གཞན་མཐོང་བདག་གིས་བདེན་གཏམ་བརྗོད་གྱུར་ཀྱང་། །མཁྲིས་ནད་ཅན་གྱིས་དུང་དཀར་སེར་མཐོང་དང་། །


JLAZ004_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རིབ་ཅན་གྱི་མིག་ལ་སྐྲ་ཤད་འཛབ། །རླུང་གནད་ཅན་ལ་ག་བུར་བླུད་མཚུངས་པས། །རྒྱ་མཚོའི་སྙིང་རྡོ་བཞིན་དུ་སྤ་བར་ཞུ། །ཞེས་པའང་འཕྱོང་རྒྱས་ཞོལ་ཁང་གཞིས་ཀའི་ཡེ་འདབས་དྲི་ལྡན་ས་པའི་ཚལ་ཁྲོད་སྐྱོ་གྲོགས་འཛིན་མོང་གི་མགྲིན་དབྱངས་རྣ་བའི་བཅུད་དུ་ལེན་པའི་ཕྱོགས་བྲལ་བས་ཐུན་དབར་ལ་དཀྱུས་ཐོག་གཅིག་གིས་ངེས་པར་གང་ཤར་ཐོལ་ཐོལ་འཁྱུག་འཁྱུག་ཏུ་སྤེལ་བའོ།། ༈ ཕ་འཇིགས་མེད་རྒྱལ་པོ་ཨོ་རྒྱན་རྗེ། །ཕྲིན་ལས་ཉི་མའི་འོད་ཟེར་ཅན། །མཐའ་ཁོབ་ཏུ་སྲིད་པ་བཟུང་ན་ཡང་། །མཚན་ལྡན་གྱི་བླ་མའི་བཀའ་བཞིན་བཀའ་བཞིན་བསྒྲུབས། །མོས་གུས་ལ་ལྟེམ་བརྐྱང་མ་མཆིས་པས། །བྱང་ཆུབ་སེམས་གཉིས་ལ་ཕ་ཕོགས་ཐོབ། །རྟོག་གེ་དང་ཆོས་བརྒྱད་ལམ་འདྲིས་ཀྱང་། །རང་གཞན་ལྷུམས་ཀྱི་གཞན་ཕན་བྱུང་། །ལར་བསམ་པ་བརྒྱ་མི་རྗེས་ཡི་འགྲོ། །མ་བསམ་པ་སྟོང་གི་དོན་འགྲུབ་པ༈ ༈མཁའ་འགྲོ་ཆོས་སྐྱོང་གི་ཕྲིན་ལས་ཡིན། །སྣང་བ་བདེན་མེད་དུ་རྟོགས་ཙ་ན། །གར་བཞུགས་པ་བདེ་བ་ཆེན་པོའི་ཞིང་། །རི་བོ་རྩེ་ལྔའི་རྡོས་བཅས་ལ། །ངོ་མཚར་གསར་པ་མེད་དོ་ཨང་། །སྡུག་བསྔལ་བདེན་པའི་རང་གཟུགས་ནི། །འཁོར་བའི་མཚན་ཉིད་ཡིན་པའི་ཕྱིར། །མཐོ་དམན་འབྱོར་རྒུད་ཆགས་


JLAZ004_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་དང་། །ནད་འཁྲུག་མུ་གེ་ལ་སོགས་པ། །སྡུག་བསྔལ་བརྒྱད་དང་གསུམ་གྱིས་གཟིར། །དེ་ཕྱིར་དེ་ལས་གྲོལ་བའི་ཕྱིར། །ཕུང་པོ་ལྔ་ཡི་རྫུན་ཕུགས་རྟིབ། །ཚོགས་བརྒྱད་རང་གྲོལ་མཁྱེན་པར་མཛོད། །དེ་ལྟ་མོད་ཀྱི་ད་ལྟའི་དུས། །ཕུང་པོ་ཟག་པས་བཅིངས་པའི་ཕྱིར། །ཆོས་སྤྱོད་དབང་པོ་ཐུལ་བ་དང་། །གཞན་ཕན་འགྲུབ་པའི་སྐྱེས་བུ་རྣམས། །ཇི་ཙམ་འཚོ་བ་དེ་སྲིད་དུ། །དོན་གཉིས་འགྲུབ་པའི་མཐུ་ཆེ་བས། །འཆི་བ་བསླུ་ཞིང་སྲོག་བསྲུང་བྱ། །རྒྱལ་བ་ཐུགས་རྗེ་ཅན་དེ་ཡིས། །མདོ་སྔགས་ཐེག་པ་བསམ་ཡས༈ ༈བསྟན་པ་ལྟ་སྤྱོད་ཐ་དད་ཅིང་། །འགྲོ་བའི་ཁམས་དང་འཚམས་པའི་ཆོས། །རྣམ་པ་སྣ་ཚོགས་འབྱུང་བ་དེ། །རྒྱལ་བའི་ཕྲིན་ལས་ཆེན་པོ་ཡིན། །གདུལ་ཐབས་མཁས་པ་མ་ཤེས་པར། །མདོ་ལ་དད་ན་སྔགས་ལ་གཤེ། །སྔགས་ལ་དད་ན་འདུལ་བ་སྤོང་། །བསྟན་པའི་ཆུ་འགོ་ཐ་དད་ལ། །ཕྱོགས་ལྷུང་ཕྲག་དོག་ཀུན་དཀྲིས་ཀྱིས། །སྐུར་འདེབས་བྱེད་པའི་སྡིག་ཏོ་ཅན། །རྒྱ་བོད་གཉིས་ཅར་དུ་བྱུང་ཞིང་། །ཁྱད་པར་མཐའ་འཁོབ་སྐྱེ་བོ་རྣམས། །གླེན་པ་ཨུ་ཚུགས་ཅན་ཡིན་པས། །ཆོས་པའི་གཟུགས་ཅན་འགའ་ཞིག་གིས། །ཕྲ་མ་སྔ་བཙན་རྗེས་འབྲངས་ནས། །སེམས་ཅན་སྡུག་


JLAZ004_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱོར་བའི་དམག །དྲངས་ནས་གཙུག་ལག་ཁང་མེར་བསྲེགས། །འཕགས་པ་བསད་ཅིང་དགེ་འདུན་འཇོམས། །ཆོས་ལ་ཕྱོགས་རིས་འབྱེད་ཅིང་སྡང་། །དེ་ཡི་རྒྱུ་མཐུན་འབྲས་བུ་ཡིས། །རང་སྲིད་བརླག་ཅིང་ཤི་མ་ཐག །ངན་འགྲོར་འགྲོ་བ་མང་བྱུང་ན། །དེ་ལས་ལྡོག་སྟེ་བསྟན་པའི་གཞུང་། །བདེན་རྣམ་གཉིས་ཀྱི་འཁོར་ལོ་དང་། །བྱང་ཆུབ་སེམས་ཀྱི་མཐུ་བསྟན་པ། །བྱ་བའི་ནང་ནས་རླབས་པོ་ཆེ། །འགྲུབ་པ་ཆོས་རྒྱལ་ཡབ་སྲས་ཀྱི། །སྨོན་ལམ་དུས་སུ་སྨིན་པ་ཡིན། །དགའ་བ་སྒོམས་ཤིག་རིགས་ཀྱི་བུ། །ཕྱི་མའི་མཐར་ཡང་བསྟན་པའི་རྒྱུན། །ནུབ་པ་མེད་པའི་སེམས་བསྐྱེད་ལ། །མཉམ་གཞག་ནམ་མཁའི་ངང་སྒོམ་དང་། །རྗེས་ཐོབ་རྨི་ལམ་སྒྱུ་མ་ལྟས། །བསྡུ་དངོས་བཞི་ཡི་ཕྲིན་ལས་ལ། །སྙིང་སྟོབས་མ་ཆུང་ཨ་ལ་ལ། །སྔོན་སྨོན་བཟང་པོའི་ནུས་སྟོབས་ཀྱིས་། །ཚེ་འདིའམ་ཕྱི་མའི་དུས། །ངེས་པར་མཇལ་བའི་རྟེན་འབྲེལ་རྒྱུན། །ཐེག་མཆོག་རྒྱ་མཚོར་འདྲེས་པར་ཤོག།། ༈ མཚུར་ཕུ་གདན་ཚབ་པའི་དྲིལ་ན། །རྒྱལ་བའི་ཆོས་སྒོ་མཐའ་ཀླས་ཀུན། །སྡེ་སྣོད་གསུམ་སྔགས་སུ་འདུས། །གང་ཡང་ཐེག་ཆེན་གཞུང་ལམ་དུ། །ངེས་དོན་དགོངས་པ་གཅིག་ཏུ་


JLAZ004_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

འབབ། །དེ་ལ་དབུ་སེམས་གྲུབ་མཐའ་གཉིས། །ཁས་ལེན་སོ་སོར་ཡོང་སྲིད་ཀྱང་། །སེམས་ཙམ་ལམ་བདེན་བྲལ་བྱ་དང་། །ཐལ་འགྱུར་འགོག་བདེན་བྲལ་འབྲས་ཡིན། །བོད་འདིར་བློ་ཡིས་གཟུང་བ་ཡིས། །གྲུབ་མཐའི་མིང་འདོགས་མང་མོད་དེ། །དེ་དག་ཀུན་ཀྱང་རང་གཞུང་སྒྲུབ། །གཞན་གཞུང་དགག་ལ་གཙོར་བྱེད་དེ། །རླུང་སེམས་དབུ་མར་བཞུགས་པའི་ཚེ། །ཆོས་མིག་རྡུལ་བྲལ་ཐོབ་འགྱུར་པས། །ལྟ་སྒོམ་སྤྱོད་པའི་ཁས་ལེན་བྲལ། །ཕྱག་རྒྱ་ཆེན་པོ་གསང་སྔགས་སྤྱིའི། །བདེན་མཐོང་མིང་ལ་བཀའ་བརྒྱུད་པ། །རྣལ་འབྱོར་བཞི་པའི་སྒོམ་རིམ་སོགས། །ཁོལ་བུལ་བཟུང་པ་རྒ་ཤིའི་སྨན། །རྫོགས་པ་ཆེན་པོ་སྐྱེ་འགག་དང་། །འཁོར་འདས་བདེན་ཞེན་ཆོས་ཀྱི་དབྱིངས། །རྫོགས་པ་བརྗོད་བྲལ་བློ་ལས་འདས། །ལམ་འབྲས་བསྐྱེད་རིམ་ལམ་བྱས་ནས། །རྫོགས་རིམ་འབྲས་བུར་འདོད་པའི་དོན། །གྲུབ་མཐའ་ངོ་བོ་ཉིད་གསུམ་སྨྲ། །སྐྱེས་བུ་གསུམ་གྱི་རྣམ་གཞག་ནི། །རྒྱལ་བའི་གཞུང་


JLAZ004_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཉིད་ཡིན་ཡང་། །ཇོ་བོར་དུས་བཏོན་དགའ་ལྡན་པས། །རང་ལུགས་ཁོ་ནར་དམ་འཆའ་བྱེད། །སྒྲོལ་བའི་མགོན་པོའང་གཞན་སྟོང་གི །གྲུབ་མཐའི་ཞོར་ལ་དེ་བཞིན་སྨྲ། །དགེ་ལྡན་ཤིང་རྟ་རྣམ་གཉིས་ཀྱི། །རིང་ལུགས་དངོས་ལས་གཞན་མིན་ཞེས། །བོད་ཀུན་ལྟ་སྒོམ་ནོར་བར་སྒྲོགས། །ངས་ནི་བསླབ་གཉེར་མ་བྱས་ཏེ། །བྲག་ཕུག་ཡུན་རིང་བརྟེན་པ་ཡིས། །དེ་ཀུན་འདོད་ཞེད་ལམ་བདེན་ལ། །བློ་ཡིས་བཏགས་པའི་ཆོས་སུ་གོ། །ལྟ་བ་རང་མཐོང་ལམ་ཐོབ་ནས་སེམས་ཅན་དོན། །སྒོམ་པ་རང་གྲོལ་འགག་མེད་ཀློང་། །སྤྱོད་པ་ཚོགས་ལམ་ཉེས་སྤྱོད་སྡོམ། །སྦྱོར་བའི་ལམ་དུ་དགེ་ཆོས་སྡུད། །མཐོང་ལམ་ཐོབ་ནས་སེམས་ཅན་དོན། །གཙོ་བོར་བྱ་ཞེས་གསུང་ན་ཡང་། །ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་གྱི། །དགེ་སྦྱོང་ཀླ་ཀློའི་ཆོས་ལུགས་སྐྱོང་། །དེ་ཡི་རྣམ་གཞག་རང་ས་རུ། །བརྗོད་ན་ཕོག་ཐུག་ཆེས་པའི་ཕྱིར། །བསྟན་པའི་གཞུང་ལམ་རྐང་བཙུགས་ནས། །ལུང་དང་རིག་པ་གཏན་ཚིགས་ཀྱིས། །ཡོན་ཏན་མཛོད་ཀྱི་གཞུང་བརྩམས་ནས། །འགྲེལ་པ་བདེན་རྣམས་ཤིང་རྟ་གཉིས། །ཤོག་གྲངས་སྟོང་དུ་ཉེ་བ་བརྩམས། །


JLAZ004_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གཟིགས་ནས་དགག་གྲུབ་ཀྱི། །སྤོབས་པ་ཐོབ་ན་གསུང་འཚལ་ལོ། །མཚུར་ཕུ་གདན་ཚབ་པས་བོད་ཀྱི་ཆོས་ལུགས་ཐ་དད་པའི་ལྟ་སྒོམ་སྤྱོད་འབྲས་ཇི་ལྟར་ཡིན་ཞེས་དྲིས་པའི་ལན་དུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། ༈རང་བབ་སྨྲ་བསམ་བརྗོད་མེད་ལྟ་བ་ཡིན། །གསལ་སྟོང་ཉམས་ཀྱིས་སྒོམ་ཆེན་བསླུས་པ་མང་། །རང་གསལ་མ་སྐྱེས་མི་འགག་སྒོམ་པ་ཡིན། །རྟོག་དཔྱོད་ཚེར་མས་བསམ་གཏན་དཀྲོགས་པ་མཐོང་། །སོ་སོ་རང་རིག་ཡེ་ཤེས་མ་འཁྲུལ་ན། །སྤྱོད་ལམ་ཇི་ལྟར་བྱས་ཀྱང་ལམ་དུ་འགྲོ། །རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། ༈ ལྟ་སྒོམ་སྤྱོད་པའི་གནད་གོ་བདེ་བར་བཞུགས། །ལྟ་བ་དྲི་མེད་ནམ་མཁའི་ཀློང་། །སྒོམ་པ་ཉི་མའི་འོད་ཟེར་ཤར། །སྤྱོད་པ་དུས་ཚོད་དང་འབྲེལ་བའི། །བློ་གྲོས་མཆོག་ལྡན་དེ་ལ་འདུད། །ལྟ་བ་ཐོས་པས་གཏན་འབེབས་ཚེ། །ལུང་དང་རིག་པའི་བཤད་སྦྱར་དགོས། །སྒོམ་པ་མྱོང་བས་གཏན་འབེབས་ཚེ། །སེམས་དང་རིག་པའི་ལ་ཤན་ཕྱེ། །སྤྱོད་པ་ཚུལ་ཁྲིམས་རྣམ་པ་གསུམ། །ལམ་ལྔའི་རྒྱུད་ཚོགས་དག་དང་སྦྱོར། །ད་ནི་དེ་དག་གི་དོན་སྒོམ་ཚེ་ཀུ་སུ་ལུ་པ་ཐོས་པ་ཉུང་དུ་དག་གིས་གོ་བདེ་


JLAZ004_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཤད་ན། །ལྟ་བ་ཟེར་བ་དེ་རང་གི་སེམས་ལྷོད་དེ་བཞག་ཙ་ན། །འདི་ཡིན་དང་འདི་མིན་གྱིས་རྩིས་གདབ་མེད་ལ། །གཉིད་དུ་སོང་བའམ་བརྒྱལ་བ་ལྟ་བུ་ཡང་མ་ཡིན་ལ། །རིག་པ་དངས་པ་ལ་ངོ་བོ་ཉིད་མེད་པ། །གུ་ཡངས་བ་ལ་ཐ་མལ་དུ་མ་ཤོར་བ། །ཚིག་གིས་སྨྲ་རུ་མི་བཏུབ། །བློས་བསམ་དུ་མེད། གྲུབ་མཐའི་ཁས་ལེན་གྱི་བརྗོད་བྱས་མ་ཐུག་པ་འདི་ལྟ་བ་ཡིན། །དེའི་དང་དུ་མ་ཡེངས། །མི་སྒོམ། རང་ངོ་ཤེས་པ་ལ་ཤེས་སོ་སྙམ་པའི་བཅོས་བསླད་མ་ཞུགས་པ་དེ་དྲན་པའི་རྒྱུན་གྱིས་སྐྱོང་བ་ལ་སྒོམ་པ་ཟེར། །སྤྱོད་པ་ནི་བཟང་པོ་ལ་དགའ་ནས་བསྒྲུབ་ཏུ་མེད། ངན་པ་ལ་སྐྱོ་ནས་དགག་ཏུ་མེད། །རང་བབ་ཤུགས་འབྱུང་བླང་དོར་མེད་པ་དེ་ཡིན་ཡང་དང་པོའི་ལས་ཅན་གྱིས་དེ་ལམ་དུ་ཅང་མི་ལྷོངས་པས་ལས་འབྲས་ལ་གུས་པ་མི་ལྷོད། ཨ་འཐས་ཀྱང་མི་བྱེད། བྱམས་དང་སྙིང་རྗེ་ལ་སོགས་པའི་ཚད་མེད་བཞི་པོ་བྱང་ཆུབ་སེམས་ཀྱི་རྒྱུ་མ་ནོར་བ་ཡིན་པས་རྗེས་ཐོབ་ཏུ་དེ་དང་བྲལ་བ་བྱས་པས་བསོད་ནམས་ཀྱི་ཚོགས་རྫོགས་པ་ཡིན། །རྣམ་རྟོག་སེམས་ཀྱི་རང་རྩལ་ཡིན་པས་ཤར་བ་དག་ཀྱང་མི་དགག །དེའི་རྗེས་སུ་ཡང་མི་མནོ། །མི་བསམ། དེ་ལ་བརྟག་དཔྱད་མི་བྱེད།


JLAZ004_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཁུངས་ལ་བལྟས་པས་སྐྱེ་བ་མེད་པ་ཟེར་ཏེ་སྟོང་པའི་ངང་ནས་ཤར་བ་ཡིན་ཕྱིར་སྤྲིན་ནམ་མཁའ་ལ་དེངས་པ་བཞིན་རང་མལ་དུ་འགྲོ། །ཤར་བའི་ཡུལ་ལ་ཕར་བལྟས་ན་ཕུང་པོ་ལྔ་དང་ཚོགས་དྲུག་གི་རྗེས་སུ་འགྲོ་བས་འཁྲུལ་པའི་གཞི་རྩ་མི་ཆོད། །འུབ་ཀྱིས་དྲིལ་ན། །སྒོམ་ཆེན་རབ་ཀྱིས་དྲན་པ་གཅིག་པུས་ལྟ་སྒོམ་སྤྱོད་པ་གསུམ་ཀའི་གོ་ཆོད་པ་མཛོད། །འབྲིང་གིས་གསལ་སྟོང་གི་ངོ་བོ་དྲན་པས་བྱ་རས་སྐྱོངས། །ཐ་མ་ལས་དང་པོ་པ་རྣམས་ནི། །ང་མ་ཡེངས་པ་བྱེད་སྙམ་པའི་ངང་ནས་གསལ་སྟོང་དེ་ལྟ་བ་ཡིན། །དེ་མ་བརྗེད་པའི་དྲན་པ་དེ་སྒོམ་པ་ཡིན། །ཚུལ་འཆོས་དང་ངོ་ལྐོག་མེད་པའི་བྱ་བ་ལ་འཛིན་པ་མ་ཞུགས་པ་དེ་སྤྱོད་པ་ཡིན། །རང་ངོ་ཤེས་པའི་ལྟ་བ་ལགས། །བརྗེད་པ་མེད་ན་སྒོམ་པ་ལོས། །ཆོས་དང་མཐུན་པར་སྤྱོད་པ་ཡིན། །འགྲི་གུང་ཐིལ་དུ་རི་བ་རྣམས་ལ་ཕན་པའི་སེམས་ཀྱིས་རྒྱུད་ཚོད་དང་མཐུན་པར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། ༈ མཚད་འདོན་གྱི་ཞལ་གདམ་བཞུགས། ཕ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དང་། །མ་མཁའ་འགྲོའི་གཙོ་མོ་ལྷ་ལྕམ་གཉིས། །སྲས་གྲུབ་ཐོབ་རྗེ་འབངས་ཉེར་ལྔ་ལ། །ཡིད་དད་བརྒྱའི་སྒོ་ནས་


JLAZ004_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །སྔོན་བསྐལ་པ་སྲིད་པའི་དང་པོ་ལ། །གླིང་བཞི་རི་རབ་ལྷ་གནས་སོགས། །གཞོམ་གཞིག་བྲལ་བ་ཆགས་ན་ཡང་། །མཐར་མེ་བདུན་ཆུ་གཅིག་གིས་ཡུད་ཙམ་ལ་འཇིག །དགོན་སར་འདེབས་པའི་དཀའ་ཚེ་གས་ལས། །བྲག་ཕུག་ལ་ཐིག་ཚགས་བྱས་ན་བདེ། །ཀ་བཞི་གདུང་བརྒྱད་ཀྱི་བདག་པོ་རྣམས། །ལུང་སྟོངས་སུ་འཆི་བ་མ་མཐོང་ངམ། །ནམ་འཆི་ཆ་མེད་དེ་འདི་བསམས་ཙ་ན། །གཏད་དུ་སྡོད་རྩིས་ཀྱི་ཕོ་རྒོད་ཚོ། །བསམ་པ་ལ་ཁར་ལུས་བཞིན་དུ། །ཕུང་པོ་དུར་ཁྲོད་དུ་སླེབས་པ་སྐྱོ། །སྐྱིད་སྡུག་ལས་འབྲས་ཀྱིས་བསྐོས་པ་ལ། །རྣམ་བཀྲ་སྐོར་ཕྱོགས་ཀྱི་ཕེར་ཡོད་འདིར། །བློ་གཏད་ཨ་འཐས་སུ་བྱེད་པ་རྣམས། །འཁྲུལ་པའི་ནང་ནས་འཁྲུལ་ཚབས་ཆེ། །མི་ལུས་ལན་ཅིག་རང་ཐོབ་པ་འདིར། །བློ་ཁ་ཆོས་སུ་མི་བསྒྱུར་བར། །འཇིག་རྟེན་འཁྲུལ་པའི་གྲགས་རྗེས་ལ། །རོ་མཆོད་བྱེད་པའི་སྨྱོ་ལུགས་ལ་ཨང་། །མུ་སྟེགས་གྲུབ་མཐའི་བཟང་ཤོས་རྣམས། །མི་དགེ་བཅུ་ལ་ཤིན་ཏུ་འཛེམ། །བོད་ཀྱི་ཆོས་པར་རློམ་པ་རྣམས། །སྲོག་གཅོད་ལ་བརྔམས་པའི་འཇིགས་ལུགས་ཨང་། །ཁམས་པ་རྣམས་དཀོན་མཆོག་ལ་དད་བྱེད་ཀྱང་། །རྔོན་པ་དང་ཨར་ཇག་


JLAZ004_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཅང་མི་སེམས། །མཐའ་འཁོབ་ཏུ་སྐྱེས་པས་ལན་ཟེར་ཏེ། །དབུས་པའི་སྙིང་ཁམས་ཀྱིས་ཆོག་པ་ཨང་། །སྡིག་ཅན་ཚོ་བླ་མས་སྐྱོབ་ཟེར་ནས །ཤི་དུས་སུ་རྟ་ནོར་འབུལ་ན་ཡང་། །ས་བཅུའི་དབང་ཕྱུག་ཅིག་ཡིན་ན་ལས། །ང་འདྲ་ལ་རེ་བ་མ་མཛད་ཨང་། །དམ་པ་ཆོས་ཀྱི་སྒོར་ཞུགས་ནས། །མཚན་ལྡན་གྱི་བླ་མ་མི་བརྟེན་པར། །སྡིག་ཅན་གྱི་ཧོར་འདྲར་རྒྱུག་པ་དེ། །བདུད་ཀྱི་མགོ་བོ་བསྐོར་བ་ལགས། །གཞོན་དུས་བསླབ་གཉེར་བྱས་བྱས་ནས། །བློ་གྲོས་ཁྱིམ་པའི་འཚོ་འཛིན་དུ། །་ཤར་ནས་རྒས་ཁར་འགྱོད་པ་ཡི། །དགེ་བཤེས་དེ་ལས་མཐའི་ལོག་ལུགས་ཨང་། །རི་ཁྲོད་དབེན་པ་བརྟེན་ན་ཡང་། །སྤངས་རྟོགས་དང་སེམས་བསྐྱེད་མེད་བཞིན་དུ། །གྲོང་ཆོག་དང་དབང་བསྐུར་གྱི་འགྲོ་དོན་འདི། །ལྷའི་བུ་བདུད་ཀྱིས་བསླུས་པ་ལགས། །བང་མཛོད་ཀྱི་འབྲུ་དང་གསེར་དངུལ་ལ། །བརྩིས་ཤར་དང་འབའ་ཞིག་སྲུང་བྱེད་ནས། །མཆོད་སྦྱིན་གྱི་ཕྱོགས་ལ་འཇུངས་པ་ལགས། །ཡི་དྭགས་ཀྱི་ས་བོན་འདེབས་པ་ལགས། །རང་ཉིད་འབའ་ཞིག་སྲུངབྱེད་ཅིང་། །སྤྱི་ཚོགས་དང་ལར་དོན་མི་བསམ་པར། །ཕོ་རྒོད་ཀྱིས་ཁྲོམ་ཐོག་ཆོད་ཟེར་བ། །མ་རབས་


JLAZ004_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནང་ནས་ཐ་ཤལ་ལགས། །གཟི་བྱིན་དང་རྒན་གོས་ལྷུར་བྱེད་ཅིང་། །དམན་པ་ལ་སྔར་ཞིང་ཆེན་པོར་སྙེག །ཚེ་འདི་འབའ་ཞིག་དོན་གཉེར་བའི། །བཤེས་གཉེན་དེ་སྡིག་པའི་གྲོགས་ལགས། །འབངས་ཀྱི་སྐྱིད་སྡིག་མ་ཤེས་ཤིང་། །ཡོང་སྒོ་ལ་ཁྲག་བརྩིར་རྣག་བཙིར་བྱེད། །བཟེད་ཁུར་དང་ངོ་བསྟོད་ཀྱིས་ཕྱོགས་སུ་ལྷུང་། །ལས་ངན་གྱིས་བསྐོས་པའི་དཔོན་པོ་ལགས། །དཀོན་ཅོག་གི་དཀོར་དང་འདུ་བ་འཕྲོག །སྒྲུབ་མཆོད་དང་ཇ་ཚུལ་སྤྱད་ཀྱི་བྱེད། །རང་ཁྱིམ་དང་གཉེན་བཤེས་ཀྱི་ཕྱོགས་སུ་སྤུངས། །ཅང་གྲུང་འཛོམས་ནའང་ལྐུགས་པ་ལགས། །ཀུན་སློང་ངན་པའི་ཁ་ཏེན་ལགས། །བརྩོན་ཡང་ཚོགས་གྲོལ་དུ་ཁ་རོག་སྡོད། །ངག་འཆོལ་གྱི་གཏེར་ཁ་བྱེ་བ་འདི། །ཆོས་དྲེད་ཀྱི་སྟ་གོན་རྩོམ་པ་ལགས། །བྱང་ཆུབ་ཀྱི་སེམས་དང་བསྐྱེད་རྫོགས་དོན། །གོ་ཡུལ་ཙམ་དུའང་མ་ཆགས་པར། །སྐད་རོ་དང་དབྱངས་རོལ་ལ་སྒྲུབ་མཆོད་དུ། །རློམ་པའི་ང་རྒྱལ་དང་འཁྲུལ་ལུགས་ཨང་། །རྒྱལ་བའི་བཀའ་ལ་གསུང་སྒྲོགས་དང་། །ཆོས་སྤྱོད་གཟུངས་སྔགས་བརྩོན་པ་ལས། །གཏོར་རྒྱག་དང་འབད་འཆམས་ལ་དད་བྱེད་པའི། །འཇིག་རྟེན་རྨོངས་པའི་ལྐུགས་ཨང་། །ངེས་


JLAZ004_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གི་བློ་སྣ་ཐུང་ན་ཡང་། །གཞན་ཕན་གྱི་སེམས་བསྐྱེད་དང་བྲལ་བ་ཡི། །བཀའ་སྤྱད་དང་སྡུག་ཁུར་གྱིས་ཐང་ཆད་པའི། །ཐེག་དམན་གྱིས་ས་ཆོད་ཆུང་ལགས་ཏེ། །རང་གཞན་གྱི་བྱ་བྱེད་ནོར་བ་རྣམས། །དྲང་པོར་སྨྲས་པའི་གསལ་འདེབས་འདི། །ཆོས་སྐྱོང་ཟེར་བའི་སྒོམ་ཆེན་གྱིས། །ངན་སོང་དུ་མི་གཏོང་རོགས་ཞུ་ཟེར་ནས། །རེ་བ་ཆེན་པོ་བྱེད་པའི་ལན། །རང་བྱུང་རྡོ་རྗེས་སྨྲས་པའོ།། ༈ ཡོད་མེད་རྟག་ཆད་འདི་ནི་བློ་ཡིས་བཏགས། །འགྲོ་འོང་སྨོན་འཇུག་མི་གནས་ཆོས་ཉིད་དང་། །ལམ་བདེན་རང་བཞིན་མ་མཆིས་ནམ་མཁའ་ཆེ། །ཀློང་ཆེན་རབ་འབྱམས་རྫོགས་པ་ཆེན་པོར་འདུད། །སྐྱེ་བ་མེད་ལས་སྐྱེས་པས་སེམས་ཅན་འཁྲུལ། །འཁྲུལ་སྐྱེས་ཙམ་ཉིད་ནས་རང་བཞིན་མེད་རྟོགས་ན། །འགག་པ་མེད་པའི་ཆོས་སྐུའི་རང་ཞལ་ལ། །འཁོར་བའི་དུས་ནའང་འཆིང་གྲོལ་གཉིས་སུ་མེད། །དབེན་པར་ཚོགས་གཉིས་གོམས་པས་རྒྱུ་མཐུན་ལས། །ལས་རླུང་ཅུང་ཟད་འགགས་ཏེ་ལྟ་སྒོམ་དང་། །སྤྱོད་པའི་གོ་མྱོང་གཤའ་མ་སྐྱེས་ན་ཡང། །ཇི་སྲིད་བློ་ཡི་འཇུག་པ་མ་ཟད་བར། །དེ་སྲིད་ལམ་བདེན་རྐྱེན་གྱི་གཞན་དབང་ཅན། །དེ་


JLAZ004_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ན་ཡང་ད་ལྟའི་གོ་མྱོང་ལ། ། ནོར་འཁྲུལ་མ་མཆིས་དེ་ལ་དགའ་བྲོད་དང་། །ངེས་ཤེས་སྐྱེ་བའི་སྒྲིབ་སྦྱང་དཀའ་བས། །སྒོམ་ཡུན་བསྲིང་བའི་རྒྱལ་བའི་གཤེགས་ཤུལ་ཡིན། །བསམ་གཏན་ཤེས་རབ་ཞི་གནས་ལྷག་མཐོང་ལ། །ཡུལ་དང་ཡུལ་ཅན་ཉིད་ངོས་འཛིན་པ། །ཚོགས་དྲུག་ཡུལ་དང་དབང་ཤེས་མ་ཕྱེད་པའི། །ཆོས་སྐད་གླེན་པ་ཡིན་པས་མཁྱེན་པར་མཛད། །མདོར་ན་སྒོམ་ཉམས་ཅན་ལ་སྨོས་ཅི་དགོས། །ལྟ་བའི་གོ་བ་རྟོག་གེ་སྨྲ་བས་ཀྱང་། །ཆོག་ཏུ་་བརྗོད་པ་བཙོན་པར་སྨྲ་མོད་ཀྱི། །ཉམས་སུ་རྨི་ལམ་ཡང་མ་མྱོང་མཐོང་། །གང་ཕྱིར་ཐོས་པ་ཚིག་གི་རོ་ཡིན་ལ། །བསམ་པར་ཤེས་རབ་རྟོགས་དཔྱོད་ཚེར་མ་ཅན། །གཉིས་ཀ་བློ་ཡིན་བློ་ནི་འདུས་བྱས་ཕྱིར། །རྣམ་པར་མི་རྟོགས་ཞི་ལ་ཡོངས་མི་ཉེ། །དབེན་པ་ཅན་ལའང་བསམ་གཏན་སྐྱེས་མང་ཡང་། །མཐོང་སྤངས་སྒོམ་སྤངས་སྒྲིབ་གཉིས་སྤོང་དཀའ་ཞིང་། །ཡུལ་དར་དུག་མཚུངས་བསླུ་བའི་མཐུ་ཆེ་བས། །ཕྱི་མའི་མུར་ཐུག་དྲན་པའི་ཉིང་མཚམས་སྦྱོར། །སྤངས་བྱ་ཟད་ན་རྟོགས་བྱའི་མཐར་ཕྱིན་ཚེ། །ཇི་ལྟའི་ལྟ་བ་མངོན་སུམ་གྱུར་པའི་རྟགས། །ཇི་སྙེད་མཁྱེན་པ་


JLAZ004_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་གྱི་ཆུ་ཀླུང་བཞིན། །འབྱུང་བ་སངས་རྒྱས་རྣམས་ཀྱི་ཁྱད་ཆོས་ཡིན། །ཞེས་ཞབས་དྲུང་ཡང་སྟེང་པ་འཇིགས་མེད་དཔལ་ཆེན་གྱིས་ སྒོམ་ཕྱོགས་དྲིས་ལན ་དུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སྨྲས་པའོ།། ༈ ལྷ་ལྕམ་དང་ཚུལ་མའི་དོགས་སེལ། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་མདོ་སྔགས་གཉིས་སུ་འདུས། མདོ་ལམ་དུ་བསྐལ་པ་གྲངས་མེད་བསྒུག་དགོས། །སྔགས་ལམ་དུ་ཚེ་གཅིག་ལ་སོགས་པར་གྲོལ་བ་ཡིན། གྲོལ་བའི་རྒྱུ་ཡང་སྔགས་ལམ་ཐབས་མང་ཞིང་ཟབ་པ་ཡིན། །དེ་ཇི་ལྟར་ཡིན་ན། སྔགས་སུ་མདོ་ལམ་ལ་མེད་པའི་དབང་དང་བསྐྱེད་རྫོགས་སོགས་ཐབས་ལ་མཁས་པའི་ལམ་མྱུར་བ་ཟབ་པ་མང་། །དེ་ལ་དང་པོར་དབང་ཐོབ་པས་སྒྲིབ་པ་དཔག་ཏུ་མེད་པ་འདག །ས་ལམ་གྱི་ཡོན་ཏན་སྐྱེ་བའི་ས་བོན་འདེབས་པ་ཡིན། དེ་ཡང་བུམ་དབང་གི་ལམ་བསྐྱེད་རིམ་ཡིན། གསང་དབང་གི་ལམ་རླུང་སྔགས་བཟླས་བརྗོད། ཤེར་དབང་གི་ལམ་ཡབ་ཡུམ་སྙོམས་འཇུག་ལ་སོགས་པའི་ཐབས་ལམ། ཚིག་དབང་བཞི་པའི་ལམ་སྟོང་ཉིད་སྒོམ་པ་ཡིན། །དེ་ལ་བསྐྱེད་རིམ་སྒོམ་པས་བསོད་ནམས་ཀྱི་ཚོགས་


JLAZ004_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པས་སྣོད་ཀྱི་འཇིག་རྟེན་འདི་གཞལ་ཡས་ཁང་དུ་གསལ། རང་དང་བཅས་པའི་བཅུད་ཀྱིས་སེམས་ཅན་ཐམས་ཅད་ལྷའི་རྣམ་པར་འབའ་ཞིག་ཏུ་བསྒོམས་ནས་ཐ་མལ་གྱི་སྣང་ཞེན་དགག་དགོས། རྫོགས་རིམ་སྒོམས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ཡིན། རྫོགས་རིམ་ལ་མཚན་བཅས་དང་མཚན་མེད་གཉིས་ལས། གསང་དབང་ཤེས་དབང་གི་ལས་རླུང་སེམས་དབུ་མར་འཛུད་ཐབས་དམིགས་གཏད་ཅན་ཐམས་ཅད་མཚན་བཅས་ཀྱི་རྫོགས་རིམ་ཡིན། །རང་སེམས་ལ་བཅོས་བསླད་དང་བསྒྱུར་བཀོད་མ་བྱས་པར་མ་ཡེངས་ཙམ་ལ། སྒོམ་རྒྱུ་མེད་པའི་ངང་དུ་དྲན་པ་ཆུ་བོའི་རྒྱུན་བཞིན་བརྟེན་པ་དེ་མཚན་མེད་ཀྱི་རྫོགས་རིམ་ཡིན། བསྐྱེད་རྫོགས་གཉིས་ཟུང་འཇུག་སྒོམ་ལུགས། སེམས་མ་བཅོས་པའི་ཚེ་ངོ་བོ་ངོས་བཟུང་ལས་འདས་པ་དེ་རྫོགས་རིམ། དེའི་དངས་ཆའི་གསལ་ཆ་དེ་ལྷའི་རྣམ་པར་ཤར་བ་ལ་བསྐྱེད་རིམ་ཟེར། །དེ་གཉིས་ཡ་མ་བྲལ་མིན་པ་ཟུང་འཇུག་གི་ལམ་ཟེར་བ་ལགས། །ལས་དང་པོའི་རིང་བསྐྱེད་རྫོགས་ཟུང་འབྲེལ་བསྒོམས་པ་བོགས་ཆེ། དེ་ཡི་ཡན་ལག་ཏུ། ཚོགས་གཏོར་སྦྱིན་སྲེག །བདག་འཇུག་གམ་དབང་བཞི་བླངས་བ་


JLAZ004_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྱ། འཁོར་བའི་འཁྲུལ་སྣང་བསྐྱེད་རྫོགས་ཟུང་འཇུག་གིས་དག་པར་སྦྱངས་པས་བར་དོར་ལོངས་སྐུར་གྲོལ་བ་ལགས། ཟུང་ཅད་བརྟན་པ་ཐོབ་ནས་ད་ལྟའི་ཤེས་པ་བཟོ་མ་མ་བཅོས། འཁྲུལ་པས་མ་བསླད། ཕྱིའི་ཡུལ་དང་མ་འདྲེས། །ནང་དུ་སྣམ་བསྐྱིལ་བའི། །སོ་མ། ངང་དངས་། རྒྱ་ཡན་མ་བསྒོམས། །མ་ཡོངས། ལྷུགས་པ། ཅོག་གེ་བཞག་པའི་རྒྱུན་དྲན་པས་བསྐྱང་བ་འདི་དབང་བཞི་པའི་དོན་གྱི་ཡེ་ཤེས་སངས་རྒྱས་ཆོས་སྐུའི་ཞལ་ལྟ་བ་ཡིན། འདི་གོམས་ན་དབུགས་ཆད་པའི་རྗེས་ཀྱི་བར་དོ་དང་པོ་ལ་འཚང་རྒྱ་བར་ཐེ་ཚོམ་མེད། རྫོགས་པ་ཆེན་པོའི་ལམ་འདི་ཡིན། །འཁྲིད་ཡིག་ཡེ་ཤེས་བླ་མ་ནས་བཤད་པའི་འཁོར་འདས་རུ་ཤན་འབྱེད་པ་སོགས་ཉིན་ལྟར་མི་དགོས། སྐབས་སྐབས་སུ། འཁྲུལ་སྣང་ཨ་འཐས་ཀྱི་རྫུན་རྟིབ་ཕྱིར་བྱས་པས་དགེ་སྦྱོར་ལ་བོགས་ཆེ། རབ་ཚེ་འདི། འབྲིང་འཆི་ཁ། ཐ་མ་བར་དོར་གྲོལ་བའི་གདམས་པ་རྣམས་ཐུགས་ལ་ངེས་པར་མཛད་པའི་ཆོག །སྐབས་གང་བབས་སུ་བསྐྱེད་རིམ། རྟག་པར་དྲན་པ་མ་བརྗེད་པ་དེ་ཆོད་ཆེ་ཤོས་ཡིན། མཁའ་འགྲོའི་བདག་འཇུག་ལེན་ན་དཀྱིལ་འཁོར་བཀྲམ་ནས་བདག་མདུན་ཆོ་ག་གཅིག་གིས་བསྐྱེད།


JLAZ004_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་མགོར་བདག་མདུན་སོ་སོར་ཕྱེ་ཛབ་ཁང་དབྱེ་སྟེ། བཟླས་པ་དང་བདག་འཇུག་ལེན་པ་སོགས་བྱེད། རྒྱུན་དུ་མདུན་བསྐྱེད་མི་དགོས། །གཏོར་མ་མཆོད་རྫས་འདོད་ཡོན་དུ་གསལ། ཚོགས་ལ་སོགས་པའི་དངོས་གྲུབ་ལེན་སྐབས། གཏོར་མ་སྐད་ཅིག་གིས་ལྷར་བསྐྱེད་ནས་དངོས་གྲུབ་ལེན། དེ་ནས་རང་ལ་བསྟིམ། སྦྱིན་སྲེག་སྐབས། མདུན་བསྐྱེད་མེ་དང་ལྷ་གཉིས་མེད་དུ་བསྐྱེད་ནས་བསྲེག་རྫས་འབུལ།། ༈ ཞལ་གདམས་བླང་དོར་མེ་ལོང་བཞུགས། །རྒྱལ་བ་ཀུན་གྱི་ཐུགས་རྗེ་དང་། །ནུས་པའི་རང་གཟུགས་ཨོ་རྒྱན་རྗེ། །རིགས་ཀྱི་བུ་མོ་རང་ཚུལ་མའི། །ཐུགས་རྒྱུད་རྟག་ཏུ་བྱིན་གྱིས་རློབས། །རིགས་ཅན་ལྔ་ལས་གྱེས་པ་ཡི། །རྩ་འདབ་སྐྱོན་སྤངས་ཤེས་རབ་མའི། །ཡོན་ཏན་བརྒྱད་ལྡན་དད་གཏོང་གིས། །ནོར་གྱིས་ལྷག་པར་ཕྱུག་པ་ཁྱོད། །སྙིང་ལ་རི་མོ་རྟག་ཏུ་བྲིས། །གང་ཞིག་འཁོར་བ་ཡིན་ཕྱིན་ཆད། །གནས་རིག་མཐོད་མའི་ཁྱད་པར་ལས། །སྡུག་བསྔལ་བདེན་པས་མ་གཟིར་བས། །སངས་རྒྱས་བྱོན་ཀྱང་ཡོངས་མི་མངའ། །དེ་ལྟ་མོད་ཀྱི་རང་སེམས་ཀྱི། །གནས་ལུགས་


JLAZ004_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་གང་ཟག་གིས། །རང་གི་རང་བཞིན་བརྟགས་ནས། །ངོ་བོ་ཉིད་མེད་སྟོང་པའི་རྩལ། །བདེ་སྡུག་བཟང་ངན་ཅི་ཤར་ཡང་། །ནམ་མཁའི་དབྱིངས་ལས་ལྷོ་སྤྲིན་ལྟར། །བྱུང་ཡང་སེམས་ཀྱི་ངང་ལས་བྱུང་། །སེམས་དེ་ཡོད་མེད་བརྟག་དཔྱད་ལས། །འདས་པའི་རང་གསལ་རྗེན་པའི་གཤིས། །བཅོས་བསླད་མེད་པར་བསྐྱངས་གྱུར་ན། །ཉེ་བར་ལེན་པའི་རྣམ་རྟོག་ཀུན། །རང་རྒྱུད་ཅན་དུ་མི་འཆར་བར། །རང་ཤར་རང་གྲོལ་ཐོབ་ཤོར་མེད། །དེ་ཚེ་འཁོར་འདས་ཆོས་རྣམས་ཀུན། །དྲན་རིག་གཅིག་པུའི་ངང་དུ་རྫོགས། །དེ་ཡང་མཉམ་གཞག་རློམ་པ་ཕལ། །སྟོང་པ་ཉིད་དོ་སྙམ་པའི་བློ། །ལྟ་བ་ཟབ་མོར་འཁྲུལ་གྱུར་ནས། །དེ་ཉིད་འཇུར་དྲན་ཐག་པས་འཆིང་། །བལྟ་བྱ་ལྟ་བྱེད་མེད་པའི་བློས། །ཤེས་བྱའི་སྒྲིབ་པ་སྤངས་མི་ནུས། །དེ་ཕྱིར་བློ་ལས་འདས་པ་ཡི། །རིག་པ་རྗེན་པར་བསྐྱངས་ནས་ན། །ང་དང་ཁྱེད་ལ་འདུ་འབྲལ་མེད། །རྗེས་ཐོས་ཀུན་ཏུ་མོས་གུས་དང་། །སྨོན་འཇུག་སེམས་གཉིས་འབྲལ་མི་བྱ། །རྒྱལ་པོའི་སྲིད་ཀྱི་བྱ་བ་ཡང་། །རྨི་


JLAZ004_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྒྱུ་མ་ལྟ་བུར་སྦྱོངས། །ལྷ་སྲས་འདི་ལ་ཞབས་བརྟན་གྱིས། །གཙོ་བོར་གཞན་ལ་འཚེ་བ་སྤངས། །གྲིབ་ལ་འཛེམ་ཞིང་སྲོག་བསླུ་དང་། །ལོ་ལོ་བཞིན་དུ་གཏོར་འབུམ། །སྒྲོལ་བསམ་འུར་འདོད་རྣམ་རྒྱལ་མའི། །འབུར་སྐུ་སྟོང་ཕྲག་དེ་ཉིད་ཀྱི། །མཆོད་རྟེན་ནང་གཟུགས་ཅན་བཞེངས་ན། །མཛད་ཕྲིན་སྐུ་ཚེ་རྒྱས་པའོང་། །བཀྲ་ཤིས་དགེ་བའི་ཞུ་མཆིད་འདི། །སྙིང་པོར་དྲིལ་ཏེ་སེམས་ལ་གདམས།། ༈ སངས་རྒྱས་གཉིས་པ་ཨོ་རྒྱན་རྗེ། །ཡེ་ཤེས་ལུས་ཅན་བི་མ་ལ། །གང་དང་གཉིས་མེད་ཀུན་མཁྱེན་རྗེ། །སྙིང་གི་དབུས་ན་འདུ་འབྲལ་མེད། །སྙིང་གཏམ་ཚིགས་གསུམ་བཤད་ཀྱིས་ཉོན། །དུས་ངན་དགོན་པའི་ཁ་འཛིན་འདི། །རྣམ་གཡེང་ཆེ་ལ་ས་ཆོད་ཆུང་། །གཞན་དབང་དང་ཆོས་ལྟར་བཅོས་པ་འདི། །ནམ་ཕུགས་སུ་བསླུའོ་བདེན་པར་བརྟེན། །འཕྲལ་བྱུང་དང་རིས་ཆས་མི་ཁོམ་པ། །འདི་ལ་རྟོག་དཔྱོད་མ་གཏད་ན། །བཟང་བརྫུ་དང་ཆོས་བརྫུའི་སྤོམ་ཡོར་གྱིས། །དལ་རྟེན་ལ་སྟོང་ལོག་བྱེད་པས་ན། །རང་རྒྱུད་ལ་རྟོག་དཔྱོད་མཛོད་ཅིག་ཨང་། །ཤེས་རབ་ཀྱི་


JLAZ004_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་མ་ཡོད་གྱུར་ཀྱང་། །ལེ་ལོ་དང་སྙོམས་ལས་ཚོར་བཅད་དེ། །བརྩོན་འགྲུས་ཀྱི་གོ་ཆ་མ་གྱོན་ན། །ཐོས་བསམ་སྒོམ་གསུམ་མི་འགྲེལ་ཨང་། །ཐོས་བསམ་ཆེ་བས་མི་ཆོག་གི་།སྒོམ་པས་རང་རྒྱུད་མ་གྲོལ་ན། །འཆི་ཁར་ལག་སྟོང་ཡོང་ཉེ་བས། །སྟོན་ཆེན་གྱི་ལད་མོ་མ་མཛད་ཨང་། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །སེམས་ཅན་ལ་སྙིང་རྗེ་མ་བསྒོམས་ཤིང་། །གཞན་དོན་གྱི་ཕྲིན་ལས་རྒྱུན་བཅད་ན། །ཐེག་ཆེན་གྱི་གཟུགས་བརྙེན་འཁྱམས་སོ་ཨང་། །རྟག་ཏུ་རི་ཁྲོད་དབེན་པར་བཞུགས། །དགོན་པའི་ཁ་འཛིན་གཞན་ལ་འཚོལ། །འདུ་འཛིན་དང་ནོར་རྫས་ལ་སྲེད་པ་སྤོངས། །གང་བྱུང་དེས་ཆོག་པར་མཛོད་ཅིག་ཨང་། །མཉམ་གཞག་ནམ་མཁའ་ལྟ་བུ་དེ། །དྲན་རིག་སོ་མའི་དབྱིངས་ན་ཡོད། །སྣང་གྲགས་རིག་པ་ལྷ་སྔགས་དང་། །ཏིང་འཛིན་དེ་དང་བསྲེག་ཤིས་ཨང་། །རྒྱལ་བའི་གཞུང་ལམ་མ་ནོར་བ། །ཀུན་མཁྱེན་མཛོད་དང་སྙིང་ཏིག་བཞི། །དེ་ཡི་དགོངས་པ་མ་བླངས་ནས། །རྨོངས་ཞེས་ཀྱི་མུན་ཐོར་འཁྱམས་སོ་ཨང་། །ཆེན་པོའི་ངོས་འཛིན་དང་སྙན་གྲགས་སོགས། །བདུད་ཀྱི་མདའ་ལྔ་ཡིན་


JLAZ004_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན། །བློ་ཐག་བཅད་དེ་དྲན་རིག་ལ། །ཡོངས་མེད་ཀྱི་སོ་བ་ཚུགས་ཤིག་ཨང་། །མདོར་ན་མང་དུ་སྨོས་ཅི་དགོས། ཞེན་ལོག་དང་སྙིང་རྗེ་མོས་གུས་གསུམ། །ཕྱིན་དྲུག་དང་བསྐྱེད་རྫོགས་ཀྱི་སྲོག་ཤིང་ཡིན། །སྒྲུབ་པ་མཐའ་རུ་ཐོན་པ་ལ་། །ཆོས་བརྒྱད་ཀྱི་རྣམ་རྟོག་ཞིག་དགོས། །སེམས་དང་སེམས་རིག་བྱེས་ཤིག་ཨང་། །སྤ་གྲོ་གནས་ཀྱི་བླ་མ་ལ་། །རིག་འཛིན་འཇིགས་མེད་གླིང་པས་གདམས་པའོ།། ༈ རིག་པའི་ཐོལ་གླུ་བཞུགས། །ཨེ་མ་ཧོ། འོད་གསལ་རྡོ་རྗེ་དྲན་རིག་གཉུག་མའི་གཟུགས། བཅིང་གྲོལ་རྣམ་དག་རྒྱ་ཡན་གནས་ལུགས་དོན། །མཛུབ་ཚུགས་སྤྱོད་པའི་རྒྱུད་ལུང་མན་ངག་དང་། །རིག་འཛིན་བརྒྱུད་པར་བཅས་རྣམས་སྤྱི་བོས་མཆོད། །ཚེ་འདིའི་བྱ་བཞག་ལེགས་ཉེས་ཀུན། །ཞེན་པ་མཆི་ལམ་དོར་བ་བཞིན། །སྤངས་ནས་རྩེ་གཅིག་སྒོམ་པ་འདི་། །བྱང་ཆུབ་བསྒྲུབ་པའི་གཞི་ལགས་ཀྱང། །དམུ་རྒོད་ལོག་ལྟའི་སེམས་ཅན་རྣམས། །དེ་ལ་ངོ་མཚར་མི་བྱེད་པར། །རྣམས་གཡེང་ཅན་ལ་ཡིད་སྨོན་བྱེད། །ཨེ་མ། །ཁྱོད་བླ་མ་སངས་རྒྱས་དངོས་དང་མཇལ། །སྨིན་གྲོལ་གདམས་པའི་སྙིང་ཁུ་ཐོབ། །ཚེ་འདིའི་བྱ་བཞག་ཡིད་


JLAZ004_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

དེར་བསྐྱུར། །མི་དགེའི་འབྱུང་གནས་སྨྲ་བ་བཅད། །ངོ་སྲུང་ཟླ་དགའ་ཟས་འཚོལ་སྤངས། །གང་བྱུང་ན་དགའ་ཤི་སྐྱིད་ལ། །བློ་ཕུགས་གཏད་ནས་འདུག་ཕོད་པ། །ཤིན་ཏུ་ངོ་མཚར་ཆེའོ་སྙམ། །རྗེས་སུ་ཡི་རང་གི་ཐལ་མོ་སྦྱར། །ཚེ་བློས་བཏང་གི་བྱ་བྲལ་སྤྲོས་མེད་ལ། །དྲང་དོན་བློ་སྣ་བསྒྱུར་བ་ཡི། །བསླབ་བྱ་ཞལ་ཏ་མ་དགོས་ཀྱང་། །གནས་ལུགས་སྲང་ལ་བཞུར་བའི་ཕྱིར། །ཉམས་རྟོགས་ཟབ་མོའི་བགྲོ་གླེང་བྱེད། །ཨེ་མ་ཧོ། ད་ལྟའི་རིག་པ་སོ་མ་ལ། །བློ་ཡིས་སྤུ་ཙམ་མ་བསྒོམས་ཤིག །བསྒོམས་ན་བློས་བྱས་ལྟ་བར་འགྲོ། །མ་བསྒོམས་ལྷོད་དེ་བཞག་པའི་ཚེ། །ཡིད་ཆེས་ཀྱི་རྟོག་དཔྱོད་མ་གཏང་ཞིག །བཏང་ན་གོལ་སར་ཤོར་ཉེན་ཡོད། །རང་ངོ་རང་ཤེས་འདུག་ཙ་ན། །འཇུར་དྲན་གྱི་བྱ་ར་མ་བཀོད་ཅིག །བཀོད་ན་སྒོམ་གྱིས་བསླུ་ཉེན་ཡོད། །གནས་པ་གཏན་ལ་ཕེབས་པའི་ཚེ། །སྟོང་པར་འབྱམས་སུ་མ་འཇུག་ཅིང་། །ལུང་མ་བསྟན་ལ་སོང་ཉེན་ཡོད། །རྣམ་རྟོག་ཐོལ་གྱིས་ཤར་བའི་ཚེ། །ཅེར་བལྟས་རྒྱས་འདེབས་མ་བྱེད་ཅིག །འཆར་བྱ་འཆར་མཁན་གཉིས་མེད་ཞོག །གནས་འཕྲོར་ལྟོས་ཁྱད་


JLAZ004_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདུག་ཚེ། །ཉམས་ཞེན་རོ་ལ་མ་ཆགས་པར། །དྲན་ཤེས་ཕྱོགས་ཡན་གཏད་མེད་ཞོག །རེ་དོགས་ཟུག་རྔུ་སྐྱེས་ཙ་ན། །ཆེད་འཛིན་གཉེན་པོས་མ་འཆིང་བར། །དབྱིངས་དང་རིག་པ་བསྲེ་ལ་ཞོག །རྐྱེན་ངན་འུར་ལངས་བྱུང་ཙ་ན། །ཡི་མུག་སྒྱིད་ལུག་མི་བྱ་བར། །བདག་འཛིན་རྩ་བ་ཆོད་ལ་ཞོག །འཆི་བ་བཙན་ཐབས་སུ་བྱུང་ཙ་ན། །ཡི་སྨོན་རེ་དོགས་མི་བྱ་བར། །རིག་པ་རྗེན་པར་ལྷོད་དེ་ཞོག །རྫོགས་པ་ཆེན་པོ་ཡེ་གྲོལ་ལ། །སྒོམ་རྒྱུ་རྡུལ་ཙམ་མེད་པའི་ངང་། །ཡེང་རྒྱུ་སྤུ་ཙམ་མེད་པར་ཞོག །དྲན་པ་རྒྱུན་ཆགས་འདུག་ན་ཡང་། །དྲན་མཁན་རང་གྲོལ་མ་རྟོགས་ན། །འཇུར་དྲན་ཨ་འཐས་འཆིང་བའི་རྒྱུ། །ཡང་དག་དྲན་པ་གློད་ལ་ཞོག །རྨི་ལམ་དབྱིངས་སུ་མ་དག་ན །གཉིད་ལ་སྒོམ་བློས་སླེབས་ན་ཡང་། །རྩེ་གཅིག་ཆེན་པོའི་བག་ཆགས་ཡིན། །གཉིད་སྣང་རྩ་བ་ཆོད་ལ་ཞོག །སྐྱེ་མེད་རྒྱ་ཡན་མ་རྟོགས་ན། །སེམས་འཛིན་གནས་འགག་ཟབ་ན་ཡང་། །གཟུགས་མེད་ལྷ་དང་ཁྱད་པར་མེད། །སྒོམ་མཁན་དབྱིངས་སུ་བསྐྱུར་ལ་ཞོག །དགོངས་པ་ཀློང་ནས་མ་གྲོལ་ན། །ལྟ་བ་མཐོན་པོར་རློམ་ན་ཡང་། །རྣམ་རྟོག་ངང་ལས་འདས་པ་མེད། །རྒྱ་ཡན་ལྷུན་


JLAZ004_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་ཆེན་པོར་ཞོག །བདག་མེད་སྤྲོས་བྲལ་མ་རྟོགས་ན། །གནས་འགྱུའི་ཡིན་ལུགས་ཤེས་ན་ཡང་། །སོ་སྐྱེའི་ལམ་ལས་འགྲོ་ས་མེད། །སྒོམ་བློས་སྤྲོས་པ་ཆོས་ལ་ཞོག །དུ་མ་རོ་གཅིག་མ་རྟོགས་ན། །མཉམ་རྗེས་མི་འདོགས་མཁས་ན་ཡང་། །ཡིད་དཔྱོད་གྲངས་ལས་བརྒལ་བ་མེད། །གང་ཤར་རང་ངོ་ལྡིང་བར་ཞོག །བློ་འདས་སྒོམ་མེད་མ་རྟོགས་ན། །བཏང་སྙོམས་ངང་ལ་སྡོད་ན་ཡང་། །ལུང་མ་བསྟན་ལས་འགྲོ་ས་མེད། །སྐུ་གསུམ་མིང་འདོགས་མེད་པར་ཞོག །རླུང་སེམས་དབུ་མར་མ་འདུས་ན། །སྐབས་ཅིག་བདེན་པ་མཐོང་ན་ཡང་། །རེས་འཇོག་ངང་ལས་འདས་པ་མེད། །འོད་གསལ་ཆོས་སྐུའི་ངང་ལ་ཞོག །དེ་ལས་ལམ་གྱི་མགེགས་སེལ་ལ། །གཟུང་འཛིན་བྱུང་ན་ཕཊ་ཀྱི་གཏོར། །ཐུག་ཕྲད་ཤེས་པ་དེ་རུ་འཆར། །བྱིང་ན་རླུང་རོ་ཕྱུགས་སུ་འབུད། །མིག་ཀྱང་ནམ་མཁའི་ཁམས་སུ་ལྟོས། །གསལ་སྟོང་རྗེན་པ་དེ་རུ་འཆར། །རྒོད་ན་སྙིང་གར་བླ་མ་བསྒོམ། །གསོལ་བ་བཏབ་རྗེས་དབྱེར་མེད་བསྲེ། མི་རྟོག་རྗེན་པ་ལྟར་


JLAZ004_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འཆར། །རྨུག་ན་ཧ་ཞེས་དབྱིངས་རིག་བསྲིས། །མགོ་བོ་སྐྱེ་ཞིང་ལུས་གནད་སྤང་། །བདེ་བ་ཆེན་པོའི་ཡི་ཤེས་ཆར་། །རྟག་པར་ནམ་མཁའི་སློང་བྱེད་ཀྱི། །སྐྱོན་བྲལ་མི་རྟོག་དངས་པའི་ཚེ། །ལུས་ནི་ཤིང་སྡོང་བཅད་པ་ལྟར། །གན་རྐྱལ་ཉིད་དུ་ཁྲིས་སེ་ཉལ། །ཁ་སྣའི་རླུང་རྣམས་ཧ་ཞེས་འབུད། ། དབུགས་ཀྱང་ནང་དུ་མ་བསྡུས་པའི། །ངང་ལ་རིག་པ་ནམ་མཁར་བསྲེ། །རྟོག་བྲལ་ནམ་མཁའི་ངང་ལ་ཞོག །དེ་ལྟར་ཡང་ཡང་བསྒོམ་པ་ཡིས། །བར་དོ་དང་པོའི་འོད་གསལ་དང་། །མན་ངག་འདི་ཉིད་གནད་ཅིག་པས། །དུས་དེར་གྲོལ་བ་ཐོབ་པར་མཛོད། །འོད་གསལ་རྒྱུད་སྡེའི་མན་ངག་བཅུད། །ཀློང་ཆེན་རབ་འབྱམས་དགོངས་པའི་མཛོད། །སྙིང་ལས་གཅེས་པའི་གདམས་པ་འདི། །ཆོས་བརྒྱད་སྤངས་ཏེ་བསྒྲུབ་ལ་བརྩོན། །མོས་གུས་དད་པའི་སྣང་བ་ཅན། །སྐུ་གསུམ་དབྱེངས་རིག་ངེས་བསྐུལ་བས། །དཔལ་གྱི་བསམ་ཡས་མཆིམས་ཕུ་ཡི། །འོག་མིན་གསང་ཆེན་ཕུག་པ་རུ། །སྤྲང་པོ་མཁྱེན་བརྩེའི་འོད་ཟེར་གྱིས། །མཉམ་ཉེད་ངང་ནས་ཐོལ་གླུ་གདམས། །དགེ་བས་


JLAZ004_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་དོང་སྤྲུགས་ཤོག །ས་མ་ཡ། རྒྱ་རྒྱ་རྒྱ།། ༈ སེམས་ཉིད་གསལ་སྟོང་ཟུང་འཇུག་ཀྱང་། །དེ་ལྟ་བུ་ཞིག་ཡིན་སྙམ་ནས། །དྲན་པས་འཛིན་ན་རྟག་ལྟར་ཉེ། །སྟོང་དང་མི་སྟོང་གསལ་དང་མི་གསལ། །གཉིས་སུ་མི་འཛིན་ཟུང་འཇུག་ཀྱང་། །བློ་ཡིས་བཅོས་པའི་སྒོམ་ཡིན་པས། །རྔ་བཞིན་མ་གྲུབ་དྲན་པའི་ངང་། །མྱོང་བ་རྫོགས་པ་ཆེན་པོ་ཡིན། །མདོ་ཁམས་གེ་སྲ་གླིང་ཚང་སྐུ་སྐྱེས་གཉིས་ལའོ།། ༈ དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོར་འདུད། །རྒྱ་རོང་སྐུ་སྐྱེ་རེན་པོ་ཆེས། །ཞལ་གདམས་དགོས་ཞེས་ནན་ཏན་མཛད། །དངཔོ་དལ་འབྱོར་རྙེད་དཀའ་ནས། །རིམ་བཞིན་ཐུན་མོང་སྔོན་འགྲོ་དང་། །ཐུན་མོང་མ་ཡིན་སྒོམ་དོན་སོགས། །བཤད་དེ་ཞལ་གདམས་སུ་མ་དགོངས་སམ་། །ད་ལན་ཁྱེད་ཀྱི་བསྐུལ་བའི་ངོར། །འཁོར་བ་འདི་ལ་སྐྱེ་བ་ཡི། །གནས་སྐབས་དུས་ཀྱི་གཏམ་ཞིག་སྒྲོག །།དེང་ཀྱིས་དབེན་གནས་འབའ་ཞིག་བརྟེན། །ནམ་འཆི་མེད་དང་ལས་འབྲས་བསམས། །ད་ལན་རིགས་ཀྱི་བུ་མཆོག་འདི། །འབྲི་གུང་སྤྲུལ་སྐུར་ལས་ཀྱིས་བསྐོས། །ཁོང་ཚོའི་རྟ་རགས་ཀྱི་གསེབ་ཏུ་འོངས། །མདོ་དར་དང་སྒོམ་ཞྭའི་གཟི་བྱིན་ལ། །རློམ་སེམས་


JLAZ004_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

དང་མགོ་འཕང་བསྟོད་ན་ཡང་། །སྒ་ར་ས་རུ་གཡག་ལུག་གི་དོན་སྙིང་འདོན། །ངས་རྟག་པར་སེམས་ཅན་གྱི་སྲོག་བསྐྱབས་ཀྱང་། །ད་རེས་རང་མདུ་ན་དུ་སྐྱོབ་མ་ནུས། །རྒྱལ་བ་ཤཱཀྱ་ཐུབ་པ་དང་། །སློབ་དཔོན་སངས་རྒྱས་གཉིས་པ་དང་། །ཇོ་བོ་ཨ་ཏི་ཤ་ལ་སོགས། །བསྟན་པའི་བདག་པོ་དེ་དག་གི། །རྣམ་མཐར་བསམས་ཞིང་དད་གུས་འཕེལ། །བོད་གང་ཅན་ན་བླ་ཆེན་དུ་རློམ་རྣམས་ཀྱི། །ཐུགས་རྒྱུད་ལ་ཞུ་ཚོད་ག་ལ་ཐིངས། །འཁོར་འབངས་ཀྱིས་མཛད་སྤྱོད་ཡ་མཚན་གནས། །དོན་དེ་ཕྱིར་ཁྱེད་ཅག་ཁམས་པ་ཡང་། །སྡེ་སྟོབས་དང་འབུལ་ནོད་ཆེ་ན་ཡང་། །སྒར་སྐོར་དང་མ་ནི་འབུམ་སྒྲུབ་དང་། །བགྲོད་ལམ་གྱི་གྲོག་ཤ་སྟོན་འདིས། །ལས་དཀར་པོ་ལ་འབྲས་བུ་མིག་སྨན་མདངས། །བྱུང་དོགས་པས་སྙིང་གཏམ་དམར་པོར་བཏོན། །སྔོན་རྒྱ་གར་དུ་སངས་རྒྱས་བྱོན་པ་ནས། །འབྲས་བུའི་བསྟན་པ་སྨོས་ཅི་དགོས། །མགོན་པོ་ཀླུ་སྒྲུབ་བྱོན་ཕན་ཆད། །ཐེག་པ་ཆེ་ཆུང་གི་ཀུན་སློང་ལས། །རང་སྡེ་འདུལ་བསྟན་ལ་གནས་པ་རྩམ། །ད་ནི་ལྔ་ཕྲག་ཐ་མ་ཡི། །ཆོམ་པོས་དབུས་གཙང་ཁམས་གསུམ་བཅོམ། །དེ་ཕྱིར་བྱང་ཆུབ་སེམས་གཉིས་དང་། །བྲལ་བའི་


JLAZ004_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ཚུགས་མི་བསྙམས་པར། །རྟག་ཏུ་གཅིག་པུར་ཞི་ལ་གཞོལ། །རང་གཞན་དོན་གཉིས་འགྲུབ་པར་མཛོད། །བུ་རྒྱལ་སྲས་ཉིན་བྱེད་འོད་ཟེར་ཀྱང་། །བློ་ཡོད་བསམ་ཡོད་དུ་ནར་སོན་ཚེ། །འཇིག་རྟེན་མགོན་པོའི་རྣམ་ཐར་གྱིས། འགྲོ་བ་བདེ་ལ་འགོད་པར་ཤོག །ཅེས་པའང་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་འབྲི་གུང་རྩེ་བ་གཞིས་ཀར་ཐོལ་བྱུང་དུ་སྨྲས་པ་གནས་ལུགས་མ་བཅོས་པའི་ཀློང་དུ་ཨ།། ༈ དུས་གསུམ་སངས་རྒྱས་ཐམས་ཅད་ཀུན། །སྤངས་རྟོགས་ཀྱི་ཡོན་ཏན་མཉམ་ན་ཡང་། །བོད་འབངས་འགྲོ་ལ་རྒྱལ་གཞན་ལས། །བཀའ་དྲིན་ཆེ་ལྡན་མཚོ་སྐྱེས་རྗེ། །ཡ་གི་ཤེད་སྟེང་ཕྱོགས་ལྷ་ཡུལ་གྱི། །དཔལ་འབྱོར་དང་ལོངས་སྤྱོད་ལ་བལྟས་རྩ་ན། །འཁོར་ལོས་སྒྱུར་རྒྱལ་ཀྱང་དབུལ་ཕོངས་འདྲ། །དེ་སྦྱིན་པ་དང་ཚུལ་འཁྲིམས་ཀྱི་འབྲས་བུ་ཡིན། །བསམ་ཡོད་ཚེ་དེ་ལ་དགོངས་པར་མཛོད། །མི་ལུས་ལ་རྣམ་གྲང་མང་མོད་དེ། །དལ་འབྱོར་བཅོ་བརྒྱད་ཚང་བའི་སྟེང་། །གཅིག་པུར་རང་རྒྱུད་འདུལ་བ་དེ། །ལྷ་ལས་ལྷག་པའི་ལུས་རྟེན་ཡིན། །ལྟར་སྣང་ཆོས་པའི་གཟུགས་


JLAZ004_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ལ། །ཆོས་སུ་རློམ་པ་བདུད་ཀྱིས་བསླུས།། དཔལ་འབྱོར་ལྷ་ལ་འགྲན་ན་ཡང་། །ཕྲག་དོག་ཆགས་སྡང་གིས་རང་བདེ་འཇོམས། །གནས་ངན་ལེན་གྱི་སེམས་རྒྱུད་དེས། །བདེན་པ་མཐོང་ལང་བསྒྲིབ་པའི་ཕྱིར། །བསམ་པ་བཟང་པོའི་ནོར་དུ་མཛོད། །ནོར་ཡོད་ཚོ་གློ་བ་དགའ་ལགས་ཏེ། །སེར་སྣ་འདེས་ཡི་དྭགས་ཀྱི་ས་བོན་བྱེད། །ལོ་སྐོར་ལ་ཆུ་ཐིགས་ཙམ་མི་མྱོང་བའི། །སྐྱེ་གནས་དེ་སོམས་ལ་བརྐམ་ཆགས་སྤོངས། །མཆོད་སྦྱིན་གྱི་ཕྱོགས་སུ་སྙིང་སྟོབས་བསྐྱེད། །གཏི་མུག་ལས་དུད་འགྲོའི་གནས་རིགས་ཆགས། །སྲོག་གཅོད་ཀྱི་ལས་འབྲས་སྨིན་རྩ་ན། །ཐ་གུས་བསྡམ་ཞིང་སྙིང་གྲི་གཟེར། །ཨ་ཙི་ཙི་བཟོད་ཐབས་རང་ག་ལ་ཡོད། །འབྲོག་པས་ལས་འབྲས་མི་ཤེས་ཀྱང་། །ཆོས་པ་ཚོ་ཐུགས་རིགས་གྲིམས་འཚུལ་ལོ། །མ་གི་ཤེད་དམྱལ་ཁམས་བཅོ་བརྒྱད་ན། །བཙོ་སྲེག་དང་ཁྲག་སྦྱོར་རྒྱུན་མི་འཆད། །གཤེན་རྗེ་ཚོ་ཁྲིམས་ལ་བརྣག་པ་མིན། །ཞེ་སྡང་དི་འབྲས་བུ་སྨིན་པ་ལགས། ངན་སོང་གསུམ་ལས་ཐར་འདོད་ན། །ཉོན་མོངས་དུག་གསུམ་ལ་དགྲ་བཞིན་བྱོལ། །དེ་དག་ཀུན་


JLAZ004_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གི་རྒྱུས་བསྐྱེད་པའི། །སྡུག་བསྔལ་བདེན་པའི་རྣམ་ཐར་ཡིན། །ཤི་དུས་ལག་སྟོང་དུ་འགྲོ་མཐོང་ཚེ། །ལྷ་ཡུལ་ལ་དབང་ཡང་སྨོན་རྒྱུ་མེད། །ཚེ་འདིའི་བདེ་འབྱོར་རྨི་ལམ་ལྟར། །བལྟས་ནས་སྐྱོ་ཤས་ངེས་འབྱུང་དང་། །ནམ་འཆི་ཆ་མེད་དྲན་བྱས་ནས། །སྦྱིན་ཚུལ་བཟོད་བརྩོན་བསམས་གཏན་དང་། །ཤེས་རབ་ཕ་རོལ་ཕྱིན་སྒོམས་པ། །ལམ་གྱི་བདེན་པ་བསླུ་མེད་ཡིན། །སྒོམ་པའི་འབྲས་བུ་མཐར་ཕྱིན་ཚེ། །འགོག་བདེན་མངོན་སུམ་གྱུར་པ་ལགས། །དཔོན་པོ་རིན་ཆེན་གྱི་ངོར། །རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། ༈ ཡུལ་དྲུག་རང་གར་འཛིན་པ་སྲིད་པ་འདིའི། །འཆིང་ཞགས་འཕགས་པ་མིན་པས་སྤོང་དཀའ་ན། །ཁྱིམ་དང་རྟེན་ཅིང་འབྲེལ་འབྱུང་ཆེན་པོའི་ཆོས། །རང་ངོས་དོར་ཡང་གཉེན་བཤེས་གདུང་པས་མིན། །གལ་ཏེ་ཁྱོད་ཀྱི་ལེགས་སྨོན་སྟོབས་གྱུར་ནས། །སྲིད་པའི་མུན་ནག་སྟུག་པོ་ལས་འབྲོས་ཤིང་། །གཅིག་པུར་རི་སུལ་དབེན་པར་བསྟེ་ནུས་ན། །དེ་ཡིས་དོ་ཟླ་འཁོར་ལོས་སྒྱུར་གྱི་མིན། །འཇིག་རྟེན་རྨོངས་པའི་ངག་བགྲོས་རྩམ་ལ་ཡང་། །བུ་དང་ཆོས་ནི་གང་ལ་རག་ལས་ཤིང་། །


JLAZ004_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བར་བྱེད་ན་ཆོས་སྐལ་ཡོད་མེན་གཏམ། །རང་བློའི་ཉམས་འོག་མ་ཆུང་སྲང་མདའ་ཡིན། །དེ་ཕྱིར་ངེས་པར་ལེགས་པའི་ཡང་དག་ལམ། །འཇུག་ལ་གཉེན་བཤེས་ཕ་མའང་སྡིག་ཏོ་ཅན། །ཉིད་ན་གཞན་དབང་ཡིན་མིན་ཁྱོད་ལ་ངག །འཁོར་གསུམ་སྟག་ཆས་དྲུང་འཁོར་འཁྲུལ་སྣང་རྩམ། །སྡིག་སྤྱོད་རྒྱལ་པོའི་བྲན་གཡོག་བསླུ་བ་ཅན། །ས་གཞིས་ཁང་པའི་འཛིན་སྐྱོང་འགྱུར་པའི་ཆོས། །དེ་ལྟར་ཤེས་ན་དབེན་པའི་ཡོན་ཏན་དྲན། །འོན་ཀྱང་དཔལ་འབྱོར་ཅན་ལ་བསྟི་སྟང་བྱེད། །འཁོར་གཡོག་རྟ་དྲེའུ་མང་ལ་གློ་བ་དགའ། །ཞེས་སྙིང་གཏམ་ནང་མར་ཕུལ།། ༈ སེམས་ལ་དངོས་པོ་མ་མཆིས་ཀྱང་། །སྟོང་པར་བསྒོམས་ན་གོལ་ས་ཆེ། །གསལ་སྟོང་ཟུང་འཇུག་ཡིན་ན་ཡང་། །ངེས་ཤེས་སྐྱེད་ན་བློ་བྲལ་མིན། །ད་དྲན་པ་དེ་ཡང་ཡེངས་སྙམས་ནས་བསྒྲིམས་བསྒྲིམས། །གཅུར་གཅུར་ཕྱག་ཆེན་མི་འགྲུབ། སྲོག་རླུང་འགྲུབ་ཡོད་བས། །སེམས་ལ་བཟོ་བཅོས་གང་ཡང་མ་བྱས་པའི་ངོ་བོ་དྲན་པའི་བྱ་རས་སྐྱོངས།


JLAZ004_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྒོམ་གྱི་ངོ་ཏི་ཡིན། །དེའི་ངང་ནས་བླ་མ་ལ་གསོལ་བ་ཐོབ། སེམས་ཅན་ལ་སྙིང་རྗེ་སྒོམས། དེ་ཡང་ཨ་མཐས་པོ་མ་མཛད། ཅེར་གྱིས་བལྟས་པའི་རིག་པ་ལ་བྱ་རྒྱུ་གང་ཡང་མེད་ཀྱང་ཡེང་དུ་མི་རུང་། དེ་ཡང་ཡེངས་མེད་སྒོམ་པ་རྒྱལ་བ་གོང་མའི་གཤེགས་ཤུལ་ཡིན་ནོ། །རྫོགས་ཆེན་པར་རང་བྱུང་རྡོ་རྗེས་འབྲི་གུང་པའི་སྒོམ་ཆེན་གདམ་པས་ངེས་ཀྱི་རྟོགས་པ་ཁྱོད་ལ་སྐྱེ་བར་ཤོག


previousཤོག་ལྷེབ་ ༧༠༡ ནས་ ༧༤༩ བར།next