Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།
   
   
   
   
   
   


 
previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


JLAZ005_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པའོ། །དེ་ཡང་སྣང་བ་དེ་ལ་མ་ཆགས་པར་ཕྱི་ནང་གི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ནི་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་ནོན་པའོ། །དེ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཟེར་ཐག་ཤར་ནས་ནམ་མཁའི་མཐོངས་ནས་འོད་ཀྱི་ཚོམ་བུ་ལྔ་འཁོར་ལོའི་ཚུལ་དུ་གནས་པ་ནི་བཅུ་གསུམ་པ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་གནས་པ་ནི་བཅུ་བཞི་པ་བདེ་བ་ཆེན་པོའི་ས་ནོན་པའོ། །དེ་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི་བཅོ་ལྔ་པ་ཏིང་ངེ་འཛིན་གྱི་ས་ནོན་པའོ། །དེ་ནས་ཀ་དག་གི་ས་ལ་ཡེ་ཤེས་ལྷུག་པར་ཤར་ནས་དེའི་གོང་ན་ས་གཞན་མེད་པ་ནི་བཅུ་དྲུག་པ་ཡེ་ཤེས་བླ་མའི་ས་ནོན་པའོ། །ཞེས་གསུངས། གཉིས་པ་རང་བཞིན་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་དགོངས་དོན་ལམ་སྣང་བ་བཞིའི་ཐུན་མོང་མ་ཡིན་པའི་ས་ཆོད་ཚུལ་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་མཆེད་པ་མིག །ཉེ་བར་མཆེད་པ་མིག་གི་དེ་ཁོ་ན་ཉིད། ཐོབ་པ་ལུ་གུ་རྒྱུད་མཐོང་བ། ཉེ་བར་ཐོབ་པ་དེ་ལ་གོམས་པ་རྙེད་པ་དང་བཞི། ཉམས་གོང་འཕེལ་གྱི་སྣང་བ་མཆེད་པ་འོད། ཉེ་བར་མཆེད་པ་ཐིག་ལེ། ཐོབ་པ་ཁ་དོག་ལྔར་སྣང་བ། ཉེ་བར་ཐོབ་པ་འགུལ་བ་དང་འཕྲིག་པའི་ཟེར་སྣ་ཚོགས་སུ་འཆར་བ་སྟེ་བཞི། རིག་པ་ཚད་ཕེབས་ཀྱི་སྣང་བ་མཆེད་པ་སྐུ་རྐྱང་པ། ཉེ་བར་མཆེད་པ་


JLAZ005_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ཟུང་འབྲེལ། ཐོབ་པ་ཚོམ་བུ་ལྔ་ལྔར་སྣང་བ། ཉེ་བར་ཐོབ་པ་དཀྱིལ་འཁོར་རྫོགས་པ་སྟེ་བཞི། ཆོས་ཉིད་ཟད་པའི་སྣང་བ་མཆེད་པ་སྐུ་དང་ཡེ་ཤེས་ལ་མི་གནས་པ། ཉེ་བར་མཆེད་པ་སྟོང་པ་གཏད་པ་མེད་པ། ཐོབ་པ་བརྗོད་དུ་མེད་པ། ཉེ་བར་ཐོབ་པ་བལྟར་མེད་པའི་ཆོས་ཉིད་གང་དུ་ཡང་མ་གྲུབ་པ་སྟེ་བཞི། ཁྱོན་དྲིལ་བས་ས་བཅུ་དྲུག་གི་ངེས་པ་བཞག་པ་གནས་སྐབས་ཀྱི་འབྲས་བུ་དང༌། དེ་ཡང་གཏེར་ཆེན་ཐམས་ཅད་མཁྱེན་པས། ཁྲེགས་ཆོད་ལྟ་བས་སྲིད་ཁུང་གདར་ཤ་བཅད། །ཐོད་རྒལ་བསྒོམས་པས་སྐུ་གསུམ་རྩལ་རྫོགས་ཏེ། །གདོད་ནས་རྣམ་དག་དང་པོ་སངས་རྒྱས་ཉིད། །དབྱེར་མེད་ཐིག་ལེའི་གཟུགས་སུ་གང་སྣང་བ། །དེ་ལས་སྤྲོས་ཚེ་སྐུ་གསུམ་སྣོད་བཅུད་དང༌། །བསྡུས་ཚེ་སྟོང་ཉིད་སྙིང་རྗེ་ཆོས་ཀྱི་སྐུ། །ཞེས་ཁྲེགས་ཆོད་ཀྱིས་འཁྲུལ་བའི་གཞི་རྩ་བཅད་དེ་ལུས་རྡུལ་ཕྲན་དུ་དེངས། སེམས་ཆོས་ཉིད་དུ་དེངས། ཐོད་རྒལ་གྱིས་སྐུ་གསུམ་གྱི་རང་རྩལ་གཞི་ལ་རྫོགས་ཤིང་རྡུལ་ཕྲན་དེངས་ན་འོད་དུ་གསལ་བས་སྐྱེ་འཇིག་གཉིས་ལ་དབང་ཐོབ་སྟེ་འཕོ་བ་ཆེན་པོའི་སྐུར་མངའ་དབང་བསྒྱུར་ནུས་པ་དགའ་རབ་རྡོ་རྗེ་ལྟ་བུར་འགྱུར་ཞིང༌། འདི་ཉིད་ཐེག་པ་གཞན་གྱིས་བསྐྱེད་རིམ་གྱི་ལམ་ནས་འདོད་གཟུགས་ཀྱི་ལྷ་དང་རྗེས་མཐུན་པར་རགས་ལུས་དེངས་སྐུར་གནས་འགྱུར་ནས་མཁའ་སྤྱོད་སོགས་སུ་གཤེགས་


JLAZ005_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཇའ་ལུས་སུ་གྲགས་པ་དང་གོ་འཕང་མཆོག་དམན་མི་འདྲ་བ་རྫོགས་ཆེན་པ་རྣམས་ཀྱིས་ཤེས་དགོས་ལ། གཞན་ཡང་རྒྱུད་ཉི་ཟླ་ཁ་སྦྱོར་ལས་གསུངས་པ་ལྟར། ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས། མེ་དཔུང་དང་རིག་འཛིན་གྱི་འཆི་ལུགས་ཞེས་བཤད་སྲོལ་ཐུན་མོང་མ་ཡིན་པ་ཡོད་པས་སྔ་མ་གཉིས་ཀ་དག་དང༌། ཕྱི་མ་གཉིས་ཐོད་རྒལ་གྱི་གྲོལ་ལུགས་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་གྲོལ་ས་མཐར་ཐུག་ཀ་དག་དང་ལྷུན་གྲུབ་གཟོད་ནས་རྣམ་པར་དག་པ་ཐིག་ལེ་ཉག་གཅིག་གི་ངོ་བོ་ལ་རྣམ་དབྱེ་མེད་ཀྱང་སྤྲོ་བསྡུའི་ཁྱད་པར་གྱིས་ལྷུན་གྲུབ་ཀྱི་ཆ་ལས་ཐུགས་རྗེ་རྩལ་གཡོས་ཏེ་ཇི་སྲིད་སེམས་ཅན་མ་ཟད་པར་དེ་སྲིད་དུ་འགྲོ་བའི་དོན་འབད་མེད་དུ་འབྱུང་ལ། ཀ་དག་གི་ཆ་ལ་ཆོས་སྐུ་འཕོ་མེད་བྱ་རྩོལ་དང་བྲལ་བས་གཤེགས་བཞུགས་ཀྱི་སྤྲོས་པ་མེད་ཀྱང་སྟོང་པ་བྱང་ཆད་ཀྱི་ཕྱོགས་སུ་མ་ལྷུང་བར་གཞི་དབྱིངས་གཏིང་གསལ་ཆེན་པོའི་ངང་ལ་བཞུགས་པ་ནི་མཐར་ཐུག་གི་འབྲས་བུ་ཡིན་ཏེ། ཡེ་ཤེས་ཀྱི་སྐུ་ཅན་ཀུན་མཁྱེན་ཀློང་ཆེན་པས། ལྷུན་གྲུབ་ཀྱི་སའི་ཐུགས་རྗེས་རང་བཞིན་ལྷུན་གྲུབ་ཏུ་འབྱུང་བ་ལས། ཀ་དག་གི་ས་དེ་ནས་དངོས་སུ་སྤྲུལ་བ་མི་འབྱེད་དེ་ཆོས་སྐུ་བྱ་བྱེད་གཡོ་རྩོལ་ལས་འདས་པའི་ས་ཡིན་པའི་ཕྱིར་རོ། །ཞེས་གསུངས། དེ་ལྟ་བུའི་མཐར་ཐུག་གི་འབྲས་བུ་དེ་ཡང་གདོད་མའི་ཀ་དག་གི་ཡེ་གཞི་ཉིད་ལ་སྐུ་འོད་ཡེ་ཤེས་ཐམས་


JLAZ005_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མ་བྱས་ལྷུན་གྲུབ་ཏུ་མཆིས་པའི་རང་སྟོབས་ཁོ་ན་ལས་བྱུང་ཞིང༌། དེ་ཡང་རྒྱུ་དུས་སུ་འབྲས་བུ་ཡོད་པ་གྲངས་ཅན་མུ་སྟེགས་ཀྱི་སློབ་དཔོན་རྟོག་གེ་སྡེ་ལྔར་གྲགས་པ་ཀུན་གྱི་ཕྱི་མོ་གྲངས་པ་ཅན་པ། དབང་ཕྱུག་པ། ཁྱབ་འཇུག་པ། རྒྱལ་བ་པ་བཞི་རྟག་པར་སྨྲ་བ་དང༌། ཕུར་བུ་པའམ་རྒྱང་འཕེན་པ་ཆད་པར་སྨྲ་ཞིང་དབྱེ་ན་ཕྱི་རོལ་པའི་གཞུང་ལ་ལྟ་ལོག་སུམ་རྒྱ་དྲུག་ཅུ་སྟེ་རྒྱས་པ་མདོ་སྡེ་ཚངས་པའི་དྲྭ་བ་དང༌། ཡེ་ཤེས་རྒྱས་པར་བལྟས་ཏེ་ལྟ་བའི་ཟབ་གནད་མ་འཆོར་བར་བྱའོ། །ཅིའི་ཕྱིར་ན་སྟོན་པ་མྱ་ངན་ལས་འདས་པའི་ཚེ་གཅེར་བུ་པ་ཞིག་ཚུར་ཤོག་གིས་ནང་པའི་བསྟན་ལ་བཙུད་པས། དེས་གང་ཟག་གི་བདག་ཕུང་པོ་དང་གཅིག་གམ་ཐ་དད་ལ་སོགས་པ་དྲིས་པའི་ལན་ཅང་མི་གསུང་བས་བཏབ་པ་ལས། བརྗོད་དུ་མེད་པར་ཡོད་པར་གོ་ནས་ཆོས་ལུགས་ནང་པར་ཞུགས་ཀྱང་ལྟ་བ་ཕྱི་རོལ་དང་འདྲེས་པ་བྱུང་བའི་ལོ་རྒྱུས་ལྟ་བུ་སྲིད་པའི་ཕྱིར་ཐལ་བའི་སྐྱོ་མ་སོགས་པའི་རྟགས་དང་ཆ་ལུགས་སྤངས་པ་གཅིག་པོའི་མི་ཆོག་པ་ཡང་དྲན་པར་བྱོས་ཤིག །པའི་གྲུབ་མཐའ་བཞིན་དུ་ཁས་མི་ལེན་ཅིང༌། ཇི་སྐད་དུ་གཏེར་ཆེན་ཐམས་ཅད་མཁྱེན་པས། རྫོགས་ཆེན་གཞི་ལ་མཁས་ན་མཁས་པ་ཡིན། །ཞེས་གསུངས་པ་ལྟར། གཞི་ལ་ཞུགས་པ་ལམ་དུ་གོམས་པས་ཐོག་མའི་ཡེ་གཞི་དེ་ཉིད་རང་ངོ་མ་འགྱུར། གོ་མ་འཕོས་པ་དེ་གའི་ངང་དུ་སྤྲིན་ནམ་མཁའ་ལ་ཐིམ་པ་ལྟར་འབྲས་བུ་མངོན་དུ་འགྱུར་བ་ལམ་འདིའི་ཁྱད་ཆོས་ཡིན་ལ། འདི་སེམས་ཀློང་ཁ་འབྱམས་པ་ཐམས་ཅད་འདོད་པ་ལྟར་འཁོར་འདས་ཀྱི་གཞི་བམ་རིལ་བུམ་རིལ་དེ་མ་ཡིན་ལ། དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་པའི་ཆོས་དྲུག་


JLAZ005_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་ས་ལ་འདི་ལྟ་སྟེ། གཞི་ལས་འཕགས་པ། རང་ངོར་སྣང་བ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པ་སྟེ། གསང་བ་སྙིང་ཐིག་གི་ཐུན་མོང་མ་ཡིན་པའི་གནད་ཡིན་ཏེ་ཕལ་ཆེར་གྱི་དགོངས་པ་འདི་མ་བླངས་པར་གཞི་ཐོག་ཅེས་རྩིང་པོར་སྨྲས་པས་ཀུན་མཁྱེན་ཀློང་ཆེན་པའི་བཞེད་པ་དང་འགལ་ལོ། །ཡང་ཁ་ཅིག་གིས་ཐེག་པ་གཞན་པའི་སྐད་དང་འདྲེས་པའི་སྦྱང་གཞི་སྦྱོང་བྱེད་དང༌། རྣམ་འགྱུར་གྱི་དྲི་མ་སྤང་གཉེན་སོགས་ཆོས་མཚུངས་ལུགས་སྲོལ་འདི་ལའང་བཤད་མོད་དེ། དེ་ལྟར་ན་ཀ་དག་གི་གྲུབ་མཐའི་རྣམ་བཞག་ཀྱང་འཇིག་ལ། ལམ་དུས་སུའང་བློས་བྱས་ཀྱི་དྲི་མ་ཟད་མི་ཤེས་པ་ཡོད་པར་འགྱུར་ཏེ་སྦྱང་གཞི་སྤངས་པའི་ཕ་རོལ་ན་སྦྱངས་འབྲས་ཟུར་པ་མེད་པའི་ཕྱིར་རོ། །དེ་ཡང་ལམ་གྱི་ཁྱད་པར་ལ་དབང་པོ་རྣོ་རྟུལ་གྱིས་དངོས་དང་རྗེས་མཐུན་ལ་སྤྱོད་པའི་ཁྱད་བསམ་གྱིས་མི་ཁྱབ་པ་བཞུགས་པ་ལས། རྫོགས་པ་ཆེན་པོའི་ལུགས་ཁོ་ན་ལ་མཐའ་གཅིག་ཏུ་འཚང་རྒྱ་བའི་ངེས་པ་ནི་མི་བཟུང་སྟེ། གཞི་ལམ་གྱི་དུས་ན་རྒྱུད་ཐ་དད་པའི་སེམས་ཅན་གྱི་ཁམས་ཇི་སྙེད་པ་མཐའ་དག་ཆོས་སྐུ་ཀ་དག་ཆེན་པོའི་གཞི་དབྱིངས་གསང་བའི་སྦུབས་སུ་རོ་གཅིག་པ་ནི་དག་ས་ཆེན་པོ་ལ་བཞུགས་པ་ཀུན་མཁྱེན་ཀློང་ཆེན་པས་ཀྱང༌། ཚིག་དོན་རིན་པོ་ཆེའི་


JLAZ005_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་དུ་མཐར་ཐུག་གི་འབྲས་བུ་གྲོལ་ས་ཆེན་པོ་གང་ཡིན་པ་ནི་ལམ་སྦྱོང་ཚུལ་གྱི་རིམ་པས་དབང་པོ་ཐ་དད་ཀྱང་འབྲས་བུ་དག་པ་གཉིས་ལྡན་གྱི་ཆོས་སྐུ་ཀ་དག་རིན་ཆེན་གསང་བའི་སྦུབས་སུ་ངོ་བོ་གཅིག་པ་སྟེ། སྣོད་ཐ་དད་པའི་ནམ་མཁའ་གཉིས་གཅིག་ཏུ་འདུས་པའམ། ཆུ་བོ་ཐ་དད་པ་དང་རྒྱ་མཚོ་ཆེན་པོ་གཅིག་ཏུ་རོ་གཅིག་པ་བཞིན་ནོ། །ཞེས་དང་མུ་ཏིག་ཕྲེང་བ་ལས། སྐུ་གསུམ་དང་ནི་ཡེ་ཤེས་ལྔ། །སྟོང་པ་དང་ནི་གསལ་བས་ཁྱབ། །ཐིག་ལེ་འདུ་འབྲལ་མེད་པའི་ཕྱིར། །བརྗོད་པ་ཉིད་དང་རྗོད་བྱེད་བྲལ། །ཀ་དག་དྲི་མ་བྲལ་བ་ཡི། །གནས་སུ་ཐམས་ཅད་མངོན་སངས་རྒྱས། །འབྲས་བུ་སྐུ་གསུམ་རང་རྫོགས་སོ། །ཞེས་གསུངས་པའི་ཕྱིར་རོ། །འདིར་སྨྲས་པ། ཀ་དག་རིག་པ་ཀུན་ཏུ་བཟང་པོ་དེ། །ཀ་དག་རིག་པ་འཁྲུལ་ཏུ་མ་མྱོང་བས། །ཀ་དག་ཡིན་ལུགས་གཞི་དབྱིངས་སྤྲོས་བྲལ་ཏེ། །ཀ་དག་ཀློང་ནས་ལྷུན་གྲུབ་དགོངས་པས་བཤད། ༡ །མེ་ལོང་ཡེ་ཤེས་རྡོ་རྗེ་སེམས་དཔའ་ཡི། །ཞེ་སྡང་རྣམ་དག་དགའ་རབ་རྡོ་རྗེ་ལ། །དགོངས་བརྡས་བཤད་དེ་རིམ་པར་སྙན་བརྒྱུད་པའི། །རྫོགས་ཆེན་སྡེ་གསུམ་པདྨའི་ཐུགས་ལ་གབ། ༢ །གདོད་མའི་སར་གཤེགས་ཀློང་ཆེན་རབ་འབྱམས་ལ། །དགོངས་པས་བྱིན་རླབས་རྒྱུད་དོན་ཀློང་ནས་རྡོལ། །སྙིང་ཐིག་བསྟན་པ་མཁའ་ལ་བཏེག་པ་དེ། །བི་མ་མི་ཡི་རྫུ་ལ་ཞུགས་མིན་ནམ། ༣ །


JLAZ005_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ད་དུས་སྙིགས་མ་ལྔ་ཡི་འགྲོན་པོ་ལ། །མྱུར་པོར་བོས་པའི་ཡིད་ཅན་རྡུལ་སྙེད་ཁྲོད། །འདྲེན་བྱེད་མཁའ་ལ་འདེགས་པ་ཆེས་མང་སྟེ། །རྫོགས་ཆེན་གཞི་འབྲས་དགོངས་པ་བླངས་པ་མེད། ༤ །རང་བྱུང་པདྨ་ཡེ་ཤེས་འོད་བརྒྱའི་གཟིས། །དགོངས་འདུས་དཀྱིལ་འཁོར་ཆེན་པོ་བྱིན་བརླབས་པའི། །རྣམ་གསུམ་བརྡ་རྟགས་ལང་ཚོར་སྡུད་པ་འདི། །དཀར་པོའི་བག་ཆགས་སད་པའི་སྣེ་སྦྱོར་ཡིན། ༥ །རྒྱལ་རིགས་གང་ཟག་གསུམ་གྱི་དགོངས་པའི་གཟེར། །སྙིང་དབུས་གཞོན་ནུ་བུམ་སྐུར་ཐེབས་པ་ལས། །སྟོང་བཞིའི་མཐར་ཐུག་གཟོད་མའི་གཞི་དབྱིངས་དེའི། །འོད་གསལ་གཉིད་ལ་མཐོང་བས་སྐལ་བ་བཟང༌། ༦། རང་སྣང་རྣམ་དག་དྲི་བྲལ་དངས་ཤེལ་ཀློང༌། །སིངྒ་ལ་དང་ཨཽ་ཌིའི་ཨཱ་ཙཱརྱས། །ཞལ་བསྟན་དགོངས་པས་བྱིན་བརླབས་བརྡ་དབང་བསྐུར། །སྐུས་བྱིན་གྱིས་བརླབས་པ་རྡོ་རྗེའི་སྙིང་པོའི་སྤྱི་བོར་འཁོར་ལོའི་རེ་ཁཱས་བཀྲ་བའི་ཕྱག་བཞག་པས་མདོ་སྡེ་ས་བཅུ་པ་འཆད་པའི་སྦོབས་པ་སྐྱེས་པ་ལྟ་བུའོ། །དབྱིངས་རིག་དབྱེར་མེད་བདེན་པ་མཐོང་ཚེ་སྨྲས། ༧ །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།གསུམ་པ་ཟབ་ཆོས་འདི་ཉིད་ཀྱི་རང་སྐད་བཤད་པ་ནི། དེ་ཡང་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནམ། ཆོས་རྒྱལ་ཚངས་པ་ལྷས་མེ་ཏོག་གིས་ཡབ་མེས་ཀྱི་ཐང་ཡིག་གཟིགས་པས་སྔོན་གྱི་ཐུགས་བསྐྱེད་དཀར་པོའི་བག་ཆགས་ཀྱི་ལས་འཕྲོ་སད་པ་སྟེ། དེ་ཡང་གླེགས་བམ་རིན་པོ་


JLAZ005_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ནས་ལྷའི་རྒྱལ་པོའི་སྐྱེས་རབས་ཀྱི་སྐབས་འཇམ་དབྱངས་ཀྱིས་བསྐུལ་ནས་མཐའ་འཁོབ་ཏུ་འགྲོ་བ་དང་ཞེས་དོན་ལ་བཙན་པོ་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དངོས་ཡིན་ཀྱང༌། རིགས་གསུམ་ངོ་བོ་གཅིག་པ་དང་འཇམ་དཔལ་དབྱངས་ཀྱིས་བསྐུལ་མ་མཛད་པ་ལ་བརྟེན་ནས་འཇམ་དཔལ་གྱི་རྣམ་སྤྲུལ་དུ་གྲགས་ཤིང༌། དེ་ཡང་དཀོན་མཆོག་འབངས་ཀྱི་སྐྱེས་རབས་སྐབས། མི་དབང་མཛོད་ལ་བོད་ཁམས་བདེ་བར་བསྐྱང༌། །ཞེས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་བོད་ཀྱི་རྒྱལ་པོ་མཛད་དགོས་པ་ལུང་བསྟན་ནས་བོད་ཁམས་ཆོས་ཀྱིས་བསྐྱང་བར་ཐུགས་བསྐྱེད་པ་བཞིན་སྲོང་བཙན་གྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྲོལ་བཏོད་པར་མཛད། ཁྲི་སྲོང་གི་དུས་བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱས་མཛད་པར་དགོངས་ནས་མཁན་སློབ་རྣམ་གཉིས་ལ་སོགས་སྤྲུལ་པའི་ལོ་པཎ་མང་པོ་སྤྱན་དྲངས། མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལ་སོགས་རྟེན་གསུམ་ཁྱད་འཕགས་བསམ་ལས་འདས་པ་བསྐྲུན། མདོ་སྔགས་ཆོས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་པའི་སྐབས་ཤིག་ན་ཡབ་སྲས་རྗེ་འབངས་གྲོགས་གསུམ་ལ་སོགས་པས་གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུར་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ལ་མངའ་རིས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཕུལ་ཏེ་མོས་གུས་མི་ཕྱེད་པས་གསོལ་བ་ཡང་ཡང་བཏབ་ནས་


JLAZ005_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྲོལ་གྱི་གདམས་པ་གནད་འདྲིལ་བ་གཞན་ལས་མ་བརྒྱུད་པ། ཉིད་ཀྱི་ཐུགས་མཛོད་དཔལ་བེའུ་ནས་ཕྱུང་བ་ཞིག་དགོས་ཞེས་ནན་ཏན་ཆེན་པོས་ཞུས་པའི་ངོར། བསྐྱེད་རྫོགས་རྣམ་པ་གསུམ་གྱི་དངས་བཅུད་གཅིག་ཏུ་སྒྲིལ་བ་དབྱིངས་ལ་བཞུགས་པའི་མཁའ་འགྲོ་ཐམས་ཅད་ཀྱི་ཟུངས་ཁྲག་བླ་མ་དགོངས་པ་འདུས་པའི་རྒྱུད་དང་སྦར་ཁབ་སྒྲུབ་ཐབས་ལེ་ལག་དང་བཅས་པ་ཐུགས་ཀྱི་དཔལ་བེའུ་ནས་ཕྱུང་སྟེ་བཤད། ས་ཆེན་པོ་ལ་གནས་པའི་གདུལ་བྱ་གཟུངས་ཐོབ་པ་རྣམས་ཀྱི་མི་བརྗེད་པའི་གཟུངས་ཀྱིས་བཟུང་ནས་འཕྲུལ་ཡིག་གསེར་གྱི་པ་ཊ་ལ་བཀོད། དེའི་ཚེ་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་ནས་རྗེ་འབངས་རྒྱ་མཚོ་ལ་ཕྱི་ནང་གསང་དབང་ཐམས་ཅད་རྫོགས་པར་བསྐུར་ནས་སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོར་ངོ་སྤྲད། རྫོགས་ཆེན་སྙིང་པོ་གསེར་གྱི་ཡང་ཞུན་རྣར་བརྒྱུད་དུ་གསུངས་ནས་སངས་རྒྱས་ལག་བཅངས་ཀྱི་མན་ངག་རྗེན་པར་བསྙད་དེ་དགོངས་པ་མཐའ་རུ་སྐྱོལ་བར་མཛད། སླར་མ་འོངས་པའི་གདུལ་བྱ་ལ་རྗེས་སུ་དགོངས་ནས་དུས་གསུམ་གྱི་ལུང་བསྟན་བཀའ་གཙིགས་ཀྱི་ཕྱག་རྒྱ་དང་བཅས་འདུས་པའི་ཚོམ་བུ་ལ་ཡོངས་སུ་གདམས་ཏེ་ལྷ་སྲས་རྒྱལ་པོ་ལ་སྨོན་ལམ་དབང་བསྐུར་གྱི་གཏད་རྒྱ་མཛད་ནས་མཚོན་བྱ་དོན་གྱི་མན་ངག་དབྱིངས་རིག་མི་ཤིགས་པའི་སྒྲོམ་བུར་རྒྱས་བཏབ་བོ། །མཚོན་བྱེད་རྟགས་ཀྱི་བརྡ་ཤོག་


JLAZ005_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཀོད་ནས་ཤར་ཀོང་ལྗོན་པའི་ཚལ་འཕགས་པ་འོད་སྲུངས་ཀྱི་མཆོད་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་བཞུགས་པའི་ནུབ་ཕྱོགས་ཀྱི་རི་བོ་སྣུམ་བག་ཅན་གྱི་རྒྱུད། ཉེ་བའི་འཐུང་སྤྱོད་དཔལ་གྱི་ཙ་རི་ཏྲའི་ཆུ་རྒྱུན་དང༌། ཆུ་བོ་གསེར་ལྡན་འདྲེས་པའི་ས་བརྩེ་ཆེན་བྲག་དམར་དགེ་བསྙེན་འབར་བ་སྤུན་བདུན་གནས་པའི་གམ། ལུང་ཕྲན་པདྨ་ཁ་གྱེས་པ་འདྲ་བའི་གནས་རིན་ཆེན་གསང་བ་བྲག་གི་ཡང་རྫོང་པུ་རི་རིན་པོ་ཆེ་འབར་བའི་གཏེར་མཛོད་བར་མར་མི་སྣང་བར་རྒྱས་བཏབ་ནས་གཏེར་སྲུང་ཤ་ཟ་ཧོར་མོ་ཆེ་དང༌། འབར་བ་སྤུན་བདུན་ལ་གཉེར་བྱང་གཏད། དེ་ནས་བགྲང་བྱའི་འཁོར་ལོ་མཁའ་མདའ་ཐིག་གཟུགས་སུ་རྒས་པ་ཤིང་ཕོ་འབྲུག་ལོ་སྟོན་ཟླ་འབྲིང་པོའི་མར་ངོའི་ཚེས་བཅུ་སྟེ། ཌཱཀྐིའི་རང་བཞིན་གྱིས་འདུ་བ་ཕྱི་ནང་ཆོས་མཚུངས་པའི་དུས་ཆེན་ཁྱད་པར་ཅན་གྱི་སྔ་དྲོའི་ཆར་ཆོས་རྒྱལ་ཁྲི་སྲོང་གི་སྲས་ཐ་ཆུང་མུ་རུམ་བཙན་ཆོས་འབྱུང་ཐ་དད་པར་བཤད་ཚུལ་མ་མཐུན་པའི་རྒྱལ་སྲས་རྣམས་ཀྱི་མཚན་དོན་ངོས་འཛིན་སྣ་ཚོགས་ཡོད་ཀྱང་འདི་ནི་མཆོག་གཏེར་འདི་གའི་རང་སྐད་གཙང་མ་ཡིན་ཞིང༌། དོན་དུ་ཞང་གི་བུ་འུ་རིང་གསོད་མཁན་དེ་ཡིན་པོའམ་རྒྱལ་སྲས་དམ་འཛིན་དུ་གྲགས་པའི་རྣམ་འཕྲུལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འབྲེལ་ཚད་དོན་ལྡན་སངས་རྒྱས་གླིང་པའམ། བུདྡྷ་བཛྲ་ཞེས་བྱ་བས་དགོངས་ལོ་ཉེར་ལྔའི་ཀེག་ཐོག་ཏུ་གནས་མཆོག་དེ་ཉིད་ནས་གཏེར་ཁ་འདི་ཉིད་ཀྱིས་མཚོན་པའི་བསྐྱེད་རྫོགས་ཀྱི་བསྒྲུབ་གཞུང་མཁའ་


JLAZ005_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་གྲངས་ལྡན་གྱི་ཤོག་དྲིལ་སྤྱན་འདྲེན་པར་མཛད་ནས་རྡོ་རྗེའི་ལུང་གིས་ཟིན་པའི་རྩ་བའི་བུ་བཅོ་ལྔ་དང༌། ཆོས་བདག་ཉི་ཤུ་རྩ་གཅིག་སོགས་ལ་རིམ་པར་ཆོས་སྒོར་དབྱེ་ནས་རྟེན་འབྲེལ་ལེགས་ཚོགས་སུ་འགྲིགས་པས་ཁྱབ་གདལ་དུ་དར་བ་སྟེ། འདི་ཉིད་ལས། ལེ་ལེ་རུ་བཞི་གཡོར་གྱི་ས་ཕྱོགས་སུ༔ རྩྭ་ལ་མེ་མཆེད་རླུང་གིས་བསྐྱོད་བཞིན་དར༔ ཞེས་དང༌། བསྟན་པ་འདི་འཕེལ་ཕྱོགས་ལ་རྣམ་པ་གཉིས༔ སྤྱིར་ནི་སྔགས་ཀྱི་བསྟན་པ་དར་བའི་ཕྱོགས༔ ཁྱད་པར་ལྷོ་རོང་མཐའ་འཁོབ་མདོ་ཁམས་དང་༔ མི་ཉག་ལི་ཡུལ་དབུས་སྡེ་གཙང་རོང་དང་༔ ལེ་ལེ་རུ་བཞི་གཙང་ལ་གཡས་རུ་དང༌། རུ་ལག །དབུས་ལ་གཡོན་རུ་དང༌། དབུ་རུ་ཞེས་ཆོས་འབྱུང་སྨྲ་བ་དག་འཆད་དོ། །ཡུལ་དགུའི་ཕྱོགས་སུ་དར༔ དུམ་བུར་འཐོར་ལ་ཕྱོགས་ཀྱི་རྣམ་ངེས་མེད༔ དེ་དག་རྣམས་སུ་བསྟན་པ་འདི་འཕེལ་ཞིང་༔ ཞེས་གསུངས་པའི་ལུང་བསྟན་ཐོག་ཏུ་འཁེལ་བའི་མཆོག་གཏེར་ཆེན་པོ་འདི་ཉིད་ཀྱི་རྒྱུད་ཀྱི་བདག་པོ་གང༌། ཞུ་བ་པོའི་འཁོར་སུ། བསྒྲུབ་བྱའི་ཁྱད་པར་གང་སྙམ་ན་རྩ་རྒྱུད་པད་སྡོང་བརྩེགས་པ་དང༌། ཤན་འབྱེད་རྣམས་གྲངས་ས་བཅད་བརྒྱད་པ་ལས་རྟོགས་པར་བྱ་སྟེ། འགྲེལ་པ་ལ་ཡང་འགྲེལ་པ་བཀོད་པའི་སོས་དལ་མི་ཁོམ་ཞིང་ཆོས་ཀྱི་ཚི་ཆད་པར་འགྱུར་བས་སོ། །འོན་ཀྱང་བཀའ་གཙིགས་ཀྱི་ངེས་པ་ཅུང་ཟད་བཤད་ན། འདི་ཉིད་ལས། ཡབ་སྲས་རྣམས་ཀྱིས་ཡང་ཡང་ཞུས་པའི་དོན༔ རྒྱལ་བ་རྣམས་ཀྱི་དགོངས་


JLAZ005_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པ་དོན་མདོ་རྒྱུད་ཀྱི༔ གནད་སྡུད་ཨོ་རྒྱན་ཟབ་ཏིག་རིག་འཛིན་རྣམས༔ གྲོལ་ལམ་ཟབ་ཆིངས་མན་ངག་བསྐྱེད་རྫོགས་མཐིལ༔ དགོངས་འདུས་གསེར་ཞུན་མཁའ་འགྲོའི་སྙིང་ཁྲག་ཕྱུང་༔ སྔོན་ཆད་བོད་དུ་མ་གྲགས་ཡང་མི་འབྱུང་༔ ཞེས་གསུངས་པས་མཚོན་ཏེ་བཀའ་གཙིགས་ཀྱི་ངེས་པ་བསམ་གྱིས་མི་ཁྱབ་པ་ནི་བརྗོད་ལས་འདས་པའི་ཕྱིར་དང༌། འདིའི་དབང་གི་སྐབས་སུ་ཡང་ཨོ་རྒྱན་ཆེན་པོའི་སྤྲུལ་པས་བྱོན་ནས་བྱིན་གྱིས་བརླབ་པར་ཞལ་བཞེས། འདིའི་ལུང་ཚར་གཅིག་ཐོས་པས་ཀྱང་གསུང་རབ་ཡན་ལག་བཅུ་གཉིས་བརྒྱད་སྟོང་འགྲེལ་ཆེན་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང༌། །ཚིགས་བཅད་ཆེད་བརྗོད་རྟོགས་པ་བརྗོད། །དེ་ལྟར་བྱུང་དང་གླེང་གཞི་དང༌། །ཤིན་ཏུ་རྒྱས་དང་སྐྱེས་རབས་བཅས། །གཏན་ཕབ་རྨད་དུ་བྱུང་བའི་སྡེ། །དེ་ལྟར་རྣམ་པ་བཅུ་གཉིས་ནི། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་བཤད་དེ་ལུང་གི་ཆོས་ཡིན་ལ། རྟོགས་པའི་ཆོས་ནི་སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་ལ་བཞུགས་པའི་ཕྱིར་རོ། །དེ་སྐད་དུ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ནི། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དེ་འཛིན་བྱེད་དང་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་སོ། །ཐོབ་པ་དང་འདྲ་བར་དབུགས་དབྱུང༌། འདིའི་དབང་ཚར་གཅིག་ཐོབ་པས་ཀྱང་གསང་སྔགས་ཐམས་ཅད་ཀྱི་དབང་ཐོབ་པར་མཚུངས་པའི་བསྔགས་པ་མཛད་པའི་ཕྱིར་ན་ཉམས་སུ་བླངས་ཤིང་སྤྱི་བོས་བཀུར་ན་ལྟ་ཅི་སྨོས་ཏེ། འདི་ཉིད་ལས། སྨོན་ལམ་གང་ཐེབས་འདི་འཕྲད་དོན་དང་ལྡན༔ འདི་མཐོང་ཐོས་རེག་ལས་ཅན་བསྐལ་ཚོགས་


JLAZ005_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བསགས༔ མི་ནུབ་རྒྱལ་བའི་བསྟན་པ་བཟུང་ནས་ཀྱང་༔ མོས་བྱེད་བསྒྲུབས་རྣམས་སངས་རྒྱས་སྨོས་ཅི་དགོས༔ ཞེས་གསུངས་པའི་ཕྱིར་རོ། །འདིར་སྨྲས་པ། ཆུ་ཤེལ་ལྟ་བུའི་པྲ་ནི་དྷཱ་སྨིན་ཞིང༌། །འབྱུང་འགྱུར་བཀའ་དཔེ་དྷུ་ཏིར་ལྷུང་བ་ལས། །བག་ཆགས་གཉིད་ལ་གཡུར་བའི་རྗེས་ཐོབ་ཏུ། །པདྨ་དབང་ཆེན་ལྷགས་ནས་ལུང་དོན་བསྒྲུབས། ༡ །འདོད་པའི་གྲངས་དང་ལྡན་པའི་པུསྟ་ཀ༔ ཁོ་བོའི་འདྲེན་བྱེད་ལམ་དུ་འོངས་བའི་ཚེ། །གཞུང་དོན་སྨྲ་གསུང་གི་རྗེས་སུ་སྣང་བ་ཟུར་ཕུད་ལྔ་བ་ལ་མ་སྐྱེས་དགྲའི་འགྱོད་པ་སོལ་ཅིག་བཀའ་སྩལ་ནས་དེ་ཉིད་ཀྱི་མདོ་བྱུང་བ་ལྟ་བུའོ། །བའི་སྤོབས་པ་རྙེད་པའི་ཕྱིར། །ལས་འདི་པདྨས་བདག་སྐལ་ཅིས་མ་བཞག ༢ །སྙིང་ཁམས་སྤྱི་བརྟོལ་ཅན་གྱི་ཅ་ཅོ་ལ། །ང་ནི་བ་སྤུའི་རྩེ་ཡང་ལྡང་མི་བཟོད། །མདོ་རྒྱུད་ལུང་གིས་མི་སྐྱོབ་འཕྱོན་མའི་གར། །བསྟན་པའི་སྲོག་རྩ་གཅོད་དང་ཕྱོགས་མི་མཚུངས། ༣ །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།བཞི་པ་བསྐྱེད་རིམ་ཐམས་ཅད་ལ་མཁོ་བའི་ཆིངས་གསོ་སྦྱོང་བླངས་བའི་མན་ངག་དང་ཐེག་པ་ཆེན་པོའི་མདོ་སྔགས་གཉིས་ཀྱི་སྦྱོར་སོ། རྡོར་དྲིལ་ཅང་ཏིའུ་ལ་སོགས་པའི་རྣམ་བཞག་རགས་བསྡུས་འཆད་པ་གཉིས་ལས། དང་པོ་ནི། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་དྲུང་དུ་སྨིན་བྱེད་ཀྱི་དབང་བཞི་རྫོགས་པར་ནོད་པའམ། བུམ་དབང་ལ་སོགས་པས་ལྷ་བསྒོམ་པའི་སྣོད་དུ་རུང་བར་བྱས་ཤིང་བསྐྱེད་


JLAZ005_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལ་སྒྲོ་འདོགས་ཆོད་པའི་རྣལ་འབྱོར་པ་དམ་ཚིག་དང་སྡོམ་པ་ལ་གནས་པ་དག་གིས་ལམ་འདིར་འཇུག་པར་བྱ་བའི་ཡུལ་ཡིན་ཏེ། དེ་ལ་བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་པ་ཆེན་པོ་ལ་སོགས་ཏེ་རང་རང་གི་བགྱི་འོས་རྣམས་སའི་ཆོ་ག་ནས་བཟུང་སྟེ་སྒྲུབ་ཆེན་གྱི་ཁོག་འབུབས་དང་མཐོང་བ་བརྒྱུད་པའི་ཕྱག་ལེན་ཕ་ཕོར་གཙང་བ་ཙམ་མ་ཡིན་པར་གཞུང་ནས་བཤད་ཚོད་དང་མཐུན་པའི་རྣམ་པར་དག་པ་བཞིན་ཚོགས་པར་བྱས་རྗེས། ཇི་སྐད་དུ། སྡོམ་གསུམ་ཆོ་ག་མི་ལྡན་པར། །སྔགས་པའི་བདག་ཉིད་མི་འབྱུང་སྟེ། །དང་པོ་སྔོན་འགྲོ་ནས་བརྩམས་ཏེ། །སྡོམ་གསུམ་ཆོ་ག་རབ་ཏུ་བསྔགས། །ཞེས་གསུངས་པ་ལྟར་འདི་མི་དགོས་ཁ་མེད་ཀྱི་གནད་གལ་པོ་ཆེ་ཡིན་པས། དེ་ཕྱིར་ཉམས་ཆགས་གསོ་བའི་སླད་དུ་ཐུགས་གཏེར་ཆེན་པོ་གྲོལ་ཐིག་དགོངས་པ་རང་གྲོལ་ལས་གསུངས་པའི་བསྙེན་གནས་གསོ་སྦྱང་བླང་པ་འདི་ཉིད་བྱ་སྟེ། དེ་ཉིད་ལས། ཆོ་གར་འཇུག་པ་གང་ཡིན་པ༔ ཁྲུས་བྱས་ལུས་ངག་དགེ་བས་ནི༔ སངས་རྒྱས་མདུན་དུ་གནས་བྱས་ཏེ༔ སྐྱོ་བའི་ཡིད་དུ་གྱུར་པ་ཡིས༔ ཐལ་མོ་སྦྱར་ཏེ་ནོངས་པ་རྣམས༔ རྫོགས་སངས་རྒྱས་ཀྱིས་མཁྱེན་པ་བཞིན༔ ཡང་ནས་ཡང་དུ་སོ་སོར་བཤགས༔ སླན་ཆད་མི་བགྱིད་དམ་བཅས་ནས༔ ཞེས་གསུངས་པ་ལྟར་བསྙེན་སྒྲུབ་ཀྱི་རིགས་མཐའ་དག་ལ་འཇུག་ཁར་སྒྲུབ་པ་པོ་ཁྲུས་བྱས་ཏེ། རྟེན་གསུམ་རྣམ་དག་ལ་མཆོད་འབུལ་དང་བཅས་


JLAZ005_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དཔང་པོར་གསོལ་ཞིང་སྡོམ་པ་ཞུ་བའི་ཡུལ་དུ་བྱས་ལ་ཐལ་མོ་སྙིང་ཁར་སྦྱར་ལ་ཚིག་དོན་དྲན་པས། འཇིག་རྟེན་དག་གི་ཕྱོགས་ཀུན་ན༔ དེ་བཞིན་གཤེགས་པ་གང་བཞུགས་དང་༔ དགྲ་བཅོམ་བྱང་ཆུབ་སེམས་དཔའ་རྣམས༔ དེ་དག་བདག་ལ་དགོངས་སུ་གསོལ༔ སྲོག་ཆགས་སྡུག་བསྔལ་ཞི་བའི་ཕྱིར༔ བདག་ཉིད་ཇི་སྲིད་འཚོ་བར་དུ༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ གུས་པས་ཡང་དག་སྐྱབས་སུ་མཆི༔ ལྷག་པར་ཉ་སྟོང་བརྒྱད་རྣམས་སུ༔ དེང་ནས་སྲོག་གཅོད་མི་བྱ་ཞིང་༔ གཞན་གྱི་ནོར་ཡང་བླང་མི་བྱ༔ འཁྲིག་པའི་ཆོས་ཀྱང་མི་བྱ་སྟེ༔ རྫུན་གྱི་ཚིག་ཀྱང་མི་སྨྲའོ༔ སྐྱོན་ནི་མང་པོ་ཉེར་བསྟེན་པའི༔ ཆང་ནི་ཡོངས་སུ་སྤང་བར་བྱ༔ ཁྲི་སྟན་མཐོན་པོ་མི་བྱ་ཞིང་༔ དེ་བཞིན་དུས་མ་ཡིན་པའི་ཟས༔ དྲི་དང་ཕྲེང་བ་དང་ནི་རྒྱན༔ གར་དང་གླུ་སོགས་སྤང་བར་བྱ༔ ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི༔ སྲོག་གཅོད་ལ་སོགས་མི་བྱ་ལྟར༔ དེ་ལྟར་བཅས་དང་རང་བཞིན་སྤོང་༔ ཡིད་ནི་གཞན་དུ་མ་གྱུར་དང་༔ བསམ་པ་མང་པོ་མ་ཡིན་པར༔ མི་ཚངས་ཆང་སོགས་ཀུན་སྤངས་ནས༔ བསྒྲིམས་པ་གློད་པར་མི་བྱའོ༔ སྔོན་གྱི་འཕགས་པ་དགྲ་བཅོམ་ལྟར༔ རིམ་གྱིས་བྱང་ཆུབ་མྱུར་ཐོབ་ཤོག༔ ཅེས་ཆོ་ག་འདི་ཉིད་ལན་གསུམ་གྱི་བར་དུ་ཡིད་དམ་བརྟན་པོས་ལེགས་པར་བླངས་ན། སྔར་བསླབ་སྡོམ་མ་ཐོབ་པའམ། ཐོབ་ནས་ཉམས་པ་སོགས་ཡོད་ཀྱང་གསོ་བའི་ཐབས་ཁྱད་པར་ཅན་དུ་


JLAZ005_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང༌། བསྟན་པ་ལ་རང་དགར་འཇུག་པ་དང༌། སྒྲུབ་པ་དོན་མེད་དུ་མི་འགྱུར་བའི་མན་ངག་བླ་ན་མ་མཆིས་པ་ཞིག་ཡིན་པས་གཟུར་གནས་ཀྱི་བློ་ལྡན་རྣམས་འདི་ཉིད་ལ་དོ་གལ་དུ་མཛད་པ་ཅི་ནུས་ཀྱང་འཚལ་ལོ། །ཅིའི་ཕྱིར་སྙམ་ན། ད་ལྟ་སྔགས་ལམ་དུ་འཇུག་པ་ཕལ་གྱི་སྡོམ་པ་འོག་མ་གཉིས་སུན་ཕྱུང་ནས་གོང་མ་ལ་རྫོགས་པ་ལྟར་འདོད་ཀྱང་ནོར་ས་རྔམ་པོ་ཆེ་ཡིན་ཏེ། དཔེར་ན་ཉི་ཟླ་སྐར་མ་གསུམ་དུས་གཅིག་ཏུ་ཚོགས་པ་ན་གཅིག་གི་གཅིག་བག་ལ་ཞ་བ་ལྟར་སྣང་ཡང༌། དོན་ལ་རང་མདངས་ཉམས་པ་མེད་དེ། དེས་ན་སྡོམ་གསུམ་ཡར་ལྡན་དུ་ཡོད་པའི་གནད་མ་གོ་བཞིན་དུ་གནས་འགྱུར་བར་འདོད་པ་སོགས་རྩ་ལྟུང་གི་བསྒྲུབ་གཞི་ཁོ་ན་ལས་མ་འདས་ཏེ། དེའི་རྣམ་དབྱེ་ཇི་བཞིན་པར་དཔོགས་པར་འདོད་ན་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་ཤིང་རྟ་རྣམ་དག་ལས་དཔྱད་བཟོད་པ་མེད་དོ། །ད་ནི་སྔགས་དང་ཕར་ཕྱིན་གྱི་ཐེག་པ་འགལ་འདུ་ཅན་དུ་མི་འཛིན་པར་ལྟོ་སྦྱར་བའི་མན་ངག་རིག་འཛིན་བརྒྱུད་པའི་ཞལ་ལུང་བཞིན་དུ་འཆད་པར་བྱ་སྟེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། དེ་ཡང་དབང་བསྐུར་བ་ཐོབ་ནས་རིམ་གཉིས་བསྒོམ་པ་ལ་ཞུགས་པ་ནི་ཚོགས་ལམ་ཆུང་ངུར་ཚུད་པའོ། །ཞེས་གསུངས་པ་ལྟར་ཕར་ཕྱིན་ཐེག་པ་དང་ཆོས་མཚུངས་པར་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་མཐར་མངོན་


JLAZ005_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པར་འཚང་རྒྱ་ལ་ཐུག་གི་བར་ལམ་ཁྱད་མྱུར་བུལ་གྱིས་བཞག་པ་སྟེ། གསང་སྔགས་བསྐྱེད་རྫོགས་ཀྱི་སྐབས་སུ་འདི་ལྟར་ཤེས་པར་བྱ་སྟེ། སྒྲུབས་ཐབས་ཀུན་གྱི་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ནི། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ཆོས་མཚུངས། དེ་ནས་ཡན་ལག་བདུན་པ་དང་མཎྜལ་ལ་སོགས་པ་ནི་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་འདྲ། བགེགས་འདུལ་བ་དང་སྲུང་འཁོར་བསྒོམ་པ་ནི་སྲོད་ལ་བདུད་བཏུལ་བ་དང་ཆོས་མཚུངས། གཞལ་ཡས་ཁང་བསྐྱེད་པ་ནི་མ་དག་པའི་སྣོད་འོག་མིན་དུ་བྱིན་གྱིས་བརླབ་པ། རིམ་གཉིས་ཀྱི་ལམ་དངོས་གཞིའི་སྐབས་ལུས་ལྷར་བསྒོམ་ཞིང་གཡོ་མེད་དུ་གནས་པ་ལུས་དྲན་པ་ཉེར་གཞག་ཚོགས་དྲུག་ཐམས་ཅད་ཀྱི་དཀྱིལ་འཁོར་གསུམ་དུ་རོལ་བས་ཚོར་བ་དྲན་པ་ཉེར་བཞག །སེམས་དང་སེམས་བྱུང་གི་ཨ་འཐས་རགས་པ་ཞི་བས་སེམས་དྲན་པ་ཉེར་གཞག །སྣང་སྲིད་ཐམས་ཅད་ཆོས་ཉིད་ཀྱི་རང་བཞིན་དུ་ཤེས་པས་ཆོས་དྲན་པ་ཉེར་གཞག་སྟེ་ཚོགས་ལམ་ཆུང་ངུ་དང༌། རིམ་བཞིན་བརྟན་པ་ཇེ་ཐོབ་ལ་སོང་བས་ཚོགས་ལམ་འབྲིང་དུ་འཕོས་ཏེ་ཡང་དག་སྤོང་པ་བཞི་འགྲུབ་སྟེ། རྣམ་རྟོག་དང་ཉོན་མོངས་པ་ཨ་འཐས་ཀྱི་རྗེས་སུ་མི་འབྲང་བས། མི་དགེ་བའི་ཆོས་མི་སྐྱེ་བ་དང་སྐྱེས་པ་སྤོང་བ་གཉིས་ཀ་འགྲུབ། བསྐྱེད་རྫོགས་ཀྱི་རྣལ་འབྱོར་དང་མ་བྲལ་བས་དགེ་བའི་ཆོས་མ་སྐྱེས་པ་


JLAZ005_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དང་སྐྱེས་པ་སྤེལ་བ་གཉིས་ཀ་འགྲུབ། དེ་བཞིན་དུ་རིམ་པར་ཚོགས་ལམ་ཆེན་པོའི་རྫུ་འཕྲུལ་གྱི་རྐང་བཞི་ངང་གིས་འབྱུང་སྟེ། བསྐྱེད་རྫོགས་ཀྱི་དོན་ལ་སྐད་ཅིག་ཡེང་མེད་དུ་དྲན། དེ་ལ་རྩེ་གཅིག་ཏུ་འདུན། དེའི་རྣམ་རོལ་ལ་རྟོག་ཅིང་དཔྱོད། པདེའི་ངོ་བོ་སེམས་དང་ཐ་དད་མེད་པར་ཀློང་དུ་གྱུར་པའི་མཐུས། རླུང་སེམས་ལས་རུང་གི་རྫུ་འཕྲུལ་འགའ་ཞིག་ཀྱང་ཐོབ་པ་སྟེ། གཏེར་ཆེན་ཐམས་ཅད་མཁྱེན་པས་ཀྱང༌། དེ་ཡང་དྲན་པ་ཉེར་བཞག་ཤེས་རབ་དང༌། །ཡང་དག་སྤོང་བཞིའི་བརྩོན་འགྲུས་རྩོམ་པ་དང༌། །རྫུ་འཕྲུལ་རྐང་པའི་ཏིང་འཛིན་ལ་གནས་པས། །དང་པོ་ཚོགས་ཀྱི་ལམ་ལ་འཇུག་པར་ཤོག །ཅེས་གསུངས་པའི་དོན། དེ་བཞིན་དུ་སྦྱོར་ལམ་དྲོད་དང་རྩེ་མོ་གཉིས་ལ་དབང་པོ་ལྔ་འབྱུང་བར་གསུངས་པ་དང་མཐུན་པར། བརྟན་པ་ཆེར་ཐོབ་པས་ལས་དང་པོ་པའི་བཅོས་མ་དང་མི་འདྲ་བར། ཤུགས་འབྱུང་གི་དད་པ། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབས་རྣམས་སྐྱེ། སྦྱོར་ལམ་བཟོད་པ་དང་ཆོས་མཆོག་གི་སྐབས་སུ། དབང་པོ་ལྔ་དེ་རྐྱེན་གྱིས་མི་འཕྲོག་པར་བསྐྱེད་རིམ་གསལ་བརྟན་གྱི་ཚད་གྲངས་ཅན་རྣམས་ཐོབ་ཅིང༌། འཕེལ་འགྲུབ་དང་སྐྱེ་འབྲི་ལ་སོགས་མི་འབྱུང་བར་སྟོབས་སུ་གྱུར་པ་ལ། དད་པའི་སྟོབས་བརྩོན་འགྲུས་ཀྱི་སྟོབས་ལ་སོགས་སུ་འགྱུར་རྩིས་པའི་སྟོབས་ལྔ་པོ་རྒྱུད་ལ་སྐྱེས་ནས་མཉམ་བཞག་ལ་ཉིན་མཚན་ཁོར་


JLAZ005_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཡུག་ཏུ་བརྟན་པ་ཐོབ་ཅིང༌། ལུས་ཕྱི་ནང་གི་འབུ་སྲིན་བྱང་བ་ལ་སོགས་སྦྱོར་ལམ་དུ་གནས་པར་འགྱུར་ཏེ། གཏེར་ཆེན་ཐམས་ཅད་མཁྱེན་པྲཛྙཱ་རསྨི་རྩལ་པས། དྲོད་དང་རྩེ་མོ་བཟོད་དང་ཆོས་མཆོག་ཏུ། །དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་སོགས། །དབང་པོ་ལྔ་དང་སྟོབས་ལྔའི་རང་བཞིན་གྱིས། །ཐེག་ཆེན་སྦྱོར་པའི་ལམ་ལ་གནས་པར་ཤོག །ཅེས་གསུངས་པ་ལྟར་རོ། །དེ་ལྟར་བསྐྱེད་རྫོགས་ཟབ་མོའི་ཐབས་ཁྱད་པར་ཅན་གྱིས་ཟིན་པས་དམིགས་པ་མི་བརྗེད་པའི་དྲན་པ། ཆོས་རབ་ཏུ་འབྱེད་པའི་ཤེས་རབ། མངོན་པར་སྤྲོ་བའི་བརྩོན་འགྲུས། བདེ་སྟོང་གཉིས་མེད་ཀྱི་དགའ་བ། ལུས་དང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་བཏང་སྙོམས། དེ་ལ་བརྟེན་ནས་ལུས་ངག་ཡིད་གསུམ་གྱི་ཉེས་སྐྱོན་མཐའ་དག་བྱང་བས་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་དབང་ཐོབ་སྟེ་མཐོང་ལམ་སྤྲོས་བྲལ་གྱི་བདེན་པ་མཐོང་ནས་ས་དང་པོ་ལ་གནས་པས་མི་བརྗེད་པའི་གཟུངས་དང༌། ཏིང་ངེ་འཛིན་གྱི་སྒོ་མང་པོ་ལ་དབང་ཐོབ་པའི་གནས་སྐབས་དེ་གཏེར་ཆེན་ཐམས་ཅད་མཁྱེན་པས། དྲན་དང་ཆོས་རབ་རྣམ་འབྱེད་བརྩོན་འགྲུས་དང༌། །དགའ་དང་ཤིན་ཏུ་སྦྱངས་དང་ཏིང་ངེ་འཛིན། །བཏང་སྙོམས་བྱང་ཆུབ་ཡན་ལག་བདུན་བསྒོམས་པས། །མཐོང་ལམ་ལ་གནས་རབ་དགའི་ས་ཐོབ་ཤོག །ཅེས་གསུངས་པའི་དོན་ནོ། །དེ་ལས་ཡང་དག་པའི་ལྟ་


JLAZ005_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཡང་དག་པའི་རྟོག་པ་ལ་སོགས་ཏེ་རྫོགས་རིམ་ཁོ་ན་གཙོ་ཆེ་བ་བསྒོམས་པས་སྤྲོས་བྲལ་གྱི་ངང་དུ་སྒོམ་པའི་ལམ་འཕགས་ལམ་ཡན་ལག་བརྒྱད་ཤུགས་ལ་རྫོགས་ཏེ། ས་དགུའི་ཡོན་ཏན་མངོན་དུ་གྱུར་ནས། ས་བཅུ་རྒྱུན་མཐའི་སྐབས་སུ་གནས་ངན་ལེན་གྱི་ཤེས་སྒྲིབ་ཕྲ་མོ་ཡོད་པར་གསུངས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཅིག་ཆར་དུ་བཅོམ་ནས་རྒྱུའི་ཐེག་པའི་ས་མཐའ་ལ་མྱུར་དུ་རེག་པ་སྟེ། གཏེར་ཆེན་ཐམས་ཅད་མཁྱེན་པས། ལྟ་དང་རྟོག་དང་ངག་དང་ལས་མཐའ་དང༌། །འཚོ་དང་རྩོལ་དང་དྲན་དང་ཏིང་འཛིན་དང༌། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་སྒོམས་ནས། །སྒོམ་པའི་ལམ་དུ་ས་བཅུ་བགྲོད་པར་ཤོག །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ས་མཆོག་རྣམས་མཐར་ཕྱིན་ནས་མི་སློབ་པའི་ལམ་མངོན་དུ་གྱུར་ཏེ། གཞི་དང་ལམ་གྱི་འོད་གསལ་གཅིག་ཏུ་གྱུར་པས་སྔགས་ལམ་གྱི་ས་ཁྱད་པར་ཅན་རྣམས་གཞི་འབྲས་དབྱེར་མེད་ཀྱི་ངང་དུ་དག་ནས་བསྒྲུབ་བྱའི་ལྷ་དང་སྒྲུབ་བྱེད་ཀྱི་རྣལ་འབྱོར་པ་དབྱེར་མེད་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ཐོ་རངས་མངོན་པར་རྫོགས་པ་སངས་རྒྱས་པ་དང་མཚུངས་ཏེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། རྒྱུད་སྡེ་རྣམས་སུ་བསྐྱེད་པའི་རིམ་པ་གཉིས་ཀྱིས་ཚོགས་གཉིས་བསྒྲུབས་པས་དཀྱིལ་འཁོར་དུ་སངས་རྒྱ་བ་ཡིན་ནོ། །ཞེས་གསུངས་ཤིང༌། ས་ཆོད་ཚུལ་འདི་


JLAZ005_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྔགས་དང་ཕར་ཕྱིན་གྱི་ཐེག་པ་སོ་སོའི་དབང་གི་ལུགས་ཇི་བཞིན་དུ་ཁྱད་པར་གྱིས་ཕྱེ་ནས་བཤད་པ་ལས། དོན་དུ་ནི་དག་པ་ཉིས་ལྡན་གྱི་ཚེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་སངས་རྒྱས་སུ་མཉམ་པ་ལས་མ་འདས་ཕྱིར་འབྲས་བུ་ལ་མཆོག་དམན་ཡོད་པར་མི་བཟུང་ཞིང༌། སའི་དབྱེ་བསྡུའི་ཁྱད་པར་ཡིན་པ་ཤེས་པར་བྱ་ལ། དེ་ཡང་ལུགས་སྲོལ་འདི་ལ་རིག་འཛིན་རྣམ་པ་བཞིའི་འགྲོས་ཀྱི་རྣམ་པར་བཞག་པའི་ཚེ་ནི། སྐྱེ་འཆི་ལ་རང་དབང་མ་ཐོབ་པ་རྣམ་པར་སྨིན་པའི་རིག་འཛིན་ནི་དང་པོ་ཚོགས་ལམ་དང་སྦྱོར་ལམ་གཉིས་སུ་བསྐྱེད་རྫོགས་ལ་གོམས་པར་བྱས་ནས་བར་དོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དང༌། སྐྱེ་འཆི་ལ་རང་དབང་ཅན་ཚེ་དབང་གི་རིག་འཛིན་པདྨ་འབྱུང་གནས་དང༌། བི་མ་ལ་ལྟ་བུ་ནི་ཆོས་མཆོག་ཆེན་པོ་མཐར་ཕྱིན་ནས་མཐོང་ལམ་བསྒོམས་ནས་སྐྱེ་ཤིའི་མིང་ཡང་མེད་པར་བྱེད་པ་དང༌། ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི་ས་གཉིས་པ་ནས་བཅུ་པའི་བར་སྒོམ་ལམ་དུ་ལུས་དཀྱིལ་ཉམས་སུ་བླངས་ནས་དྲི་མ་ཕྲ་མོ་སྦྱོང་བ་དང༌། མཐར་ཕྱིན་ལྷུན་གྱིས་གྲུབ་པའི་རིག་འཛིན་ནི་སངས་རྒྱས་ཀྱི་ས་ཁོ་ནར་ངེས་ཏེ། ཇི་སྐད་དུ། སྔ་མའི་རིགས་ལ་མཐུ་རྫོགས་པས། །བཤད་པ་བཞིན་དུ་དྲི་མ་སྦྱངས། །སངས་རྒྱས་པ་ཡི་ཤེས་རབ་གསུམ། །ལྷུན་གྱིས་གྲུབ་པའི་རིགས་སུ་འབྱུང༌། །ཞེས་བཤད་པའི་ཕྱིར་རོ། །འདིར་མངོན་པའི་ང་རྒྱལ་ཅན་དག་


JLAZ005_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གིས། རྣལ་འབྱོར་ཆེན་པོའི་ལུགས་ཀྱི་བསྐྱེད་རིམ་གྱི་རྣམ་བཤད་དུ་རྗེས་སུ་རྣལ་འབྱོར་གྱི་སྤྲོས་བཅས་ཀྱི་རྫོགས་རིམ་ཐབས་ལམ་གྱི་རྩ་མདུད་གྲོལ་བས་ས་ལམ་ཆོད་ཚུལ་གྱིས་རྒྱས་འགེབས་བྱེད་པ་དེང་སང་ཁ་ཅིག་སྣང་གི་ཞྭ་ལ་ལྷམ་དཔེ་འགེབས་པ་ཤུན་ཏུ་མགོ་རྨོངས་པ་ཙམ་དུ་ཟད་དོ། །དེ་ཡང་གཏེར་ཁའི་རང་སྐད་ལ། སྦྱོར་ལམ་ལ་སོགས་པའི་ལམ་བཞི་དང་བསྙེན་སྒྲུབ་ཡན་ལག་བཞིའི་འགྲོས་སྦྱར་ནས་གསུངས་ཏེ་དོན་དུ་ན་སྒྲུབ་པ་ཆེན་པོ་གཅིག་གི་ལམ་དུ་བཞག་པའི་ཕྱིར་བཤད་མ་ཐག་པ་དང་འགྲོས་གཅིག་སྟེ། ཞིབ་པར་ནི་གཏེར་ཁ་འདི་ཉིད་ཀྱི་དམར་ཁྲིད་དོན་བསྡུས་ལས་གསལ་ལོ། །དེ་ལྟར་སྔ་མའི་འཕྲོས་ལས། དབང་བསྐུར་བ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་དང་མཚུངས། བདུད་རྩི་མྱོང་བ་སོགས་ནི། ཚོང་དཔོན་ག་གོན་དང་བཟང་པོ་གཉིས་ཀྱིས་སྦྲང་རྩི་ཕུལ་བ། མཆོད་བསྟོད་དང་སྒྲུབ་ཛབ྄་བསྐུལ་བ་ནི། ཚངས་པ་དང་བརྒྱ་བྱིན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ། བཟླས་པའི་ངང་ལས་ཕྲིན་ལས་རྣམ་པ་བཞིའི་སྒོ་བརྒྱ་འབྱེད་ཅིང་སྤྲོ་བསྡུ་བྱ་བ་ནི་ཆོས་འཁོར་རིམ་པར་བསྐོར་བ། མཐར་དཀྱིལ་འཁོར་བསྡུས་ཏེ་འོད་གསལ་གྱི་ངང་ལ་མཉམ་པར་བཞག་པ་ནི་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ། སླར་ཡང་རྫོགས་རིམ་གྱི་འོད་གསལ་རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལངས་ཏེ་དཀྱིལ་འཁོར་གསུམ་གྱི་


JLAZ005_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ནས་སྤྱོད་ལམ་ལ་འཇུག་པ་ནི། མཛད་པ་འཕྲིན་ལས་ཀྱིས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་ཆད་མེད་པར་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་དང་ཚུལ་མཚུངས་བ་ཡིན་ནོ། །གཉིས་པ་བཅང་བའི་དམ་ཚིག་ཆེན་པོ་མེད་དུ་མི་རུང་བའི་རྡོར་དྲིལ་ཅང་ཏེའུ་གསུམ་གྱི་རྣམ་བཞག་སྤྲོས་པ་ཉེར་བསྡུས་སུ་བཤད་པ་ལ་བཞི་སྟེ། རྡོ་རྗེའི་རྣམ་བཞག །དྲིལ་བུའི་རྣམ་བཞག །ཅང་ཏེའི་རྣམ་བཞག །དེ་དག་ལ་ལྷག་གནས་བྱ་ཞིང་བཅང་ཚུལ་ལོ། །དང་པོ་ལ་གསུམ། ཚད་དང་མཚན་ཉིད་དག་དྲན་ནོ། །དང་པོ་ལ་གཉིས། མཚོན་བྱ་དོན་གྱི་རྡོ་རྗེ་དང༌། མཚོན་བྱེད་རྟགས་ཀྱི་རྡོ་རྗེའོ། །དང་པོ་ནི། རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལ་བྱ་ཡི། དེས་མཚོན་པར་གསུང་དང་སྐུ་རྡོ་རྗེའི་རྣམ་རོལ་ལ་ཡང་བྱ་ཞིང༌། སྒྲུབ་པ་པོ་གསང་བའི་རྡོ་རྗེ་བྱིན་གྱིས་བརླབས་ཤིང་མངོན་པར་འདུ་བྱས་པ་ལ་གསང་བའི་རྡོ་རྗེ་ཞེས་གསུངས་སོ། །གཉིས་པ་ནི། ཌཱཀྐི་ས་མུ་དྲ་ལས། རྩེ་བི་ཏོ་ཏ་མ་འབུམ་སྡེའི་རྒྱུད་ལས། གསེར་སོགས་ལས་བྱས་རྡོ་རྗེ་ནི། །རྩེ་གསུམ་རྩེ་ལྔ་རྩེ་དགུ་བ། །ཆང་ཟུང་རྩ་གསུམ་མཛེས་པའི་ཚད། །ཅེས་དང༌། ལྕགས་གསུམ་དོན་ཀུན་བསྒྲུབ་པར་ཤེས། །ཞེས་ལྕགས་གསུམ་སྤྱིར་བཏང་དུ་བཤད་ནས། །


JLAZ005_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ལྡིང་དཔལ་དང་ཚེ་རྒྱས་བྱེད། །ཅེས་པ་ནས། ཀླུ་ཤིང་རྩ་བ་ལས་བྱས་པས། །ཀླུ་རྣམས་དཔང་དུ་སྡུད་པར་བྱེད། །ཅེས་པའི་བར་གྱི་བྱེ་བྲག་གི་རྒྱུ་བསྟན་པ་ཡིན་ཏེ་མཁོ་ཆུང་བས་མ་སྤྲོས་སོ། །དགུ་རྩེ་མོ་གཅིག་པ་དང༌། །རྩེ་ལྔ་རྩེ་མོ་གསུམ་པ་ཅན། །དེ་ལྟར་ལ་སོགས་དྲིལ་བུ་ཆེ། །རྩེ་མོ་སྟོང་གི་བར་དུའོ། །ཞེས་རྟགས་ཀྱི་རྡོར་དྲིལ་གཉིས་ཀ་རྩེ་མོ་གཅིག་པ་ནས་སྟོང་གི་བར་དུ་ཡོད་པར་བཤད་ལ། དེ་ཡང་གྲགས་ཆེ་བར་རྩེ་མོ་དགུ་པ་དང༌། ལྔ་པ་གཉིས་སུ་སྣང་ཞིང་དེ་གཉིས་ཀྱི་རྩེ་དགུ་པར་ཡེ་ཤེས་ཀྱི་རྡོར་དྲིལ་ཞེས་འབོད་ལ། བཛྲ་ཌཱཀྐི་ལས། རྩེ་དགུ་ཞེས་ནི་བྱ་བ་ཡིས། །ཡེ་ཤེས་རྡོ་རྗེ་འགྲོ་བ་སྒྲོལ། །ཞེས་དང༌། རྩེ་ལྔ་པར་དམ་ཚིག་གི་རྡོར་དྲིལ་ཞེས་འབོད་ལ། དམ་ཚིག་རྡོ་རྗེའི་མཚན་ཉིད་དེ། །ཞེས་གསུངས་ཤིང་དེ་དག་ལ་ཡང་ཞི་དྲག་གི་དབྱེ་བས་རྭ་གདེངས་པ་དང༌། ཟུམ་པ་ལ་སོགས་ཏེ་རྣམ་གཞག་ཤིན་ཏུ་རྒྱས་པར་འབྱུང་སྟེ་འདིར་ཡི་གེ་མངས་སོ། །གཉིས་པ་ནི། སམྦུ་ཊ་ལས། ཆ་གསུམ་བཟུང་བའི་གནས་གསལ་ཞིང༌། །ཞེས་དང༌། བཛྲ་ཌཱ་ཀྐིར། ཆ་གསུམ་དག་ནི་བཟུང་ནས་སུ། །ཞེས་མཐུན་པར་གསུངས་པ་ལྟར་དབུས་ཀྱི་ཆང་བཟུང་ཆ་གཅིག །ངོས་གཉིས་ཀྱི་རྭ་སོ་སོའི་སྲིད་ཆ་རེ་རེར་མཉམ་པའི་ཆ་གསུམ་ལ་ཆུ་ཞེང་གབ་པའི་ཚད་བཞག་པ་སྟེ། གཞན་དུ་ན་ཆུང་ཚད་སོར་བཞི་བི་ཏོ་ཏ་མར། སོར་བཞི་བརྒྱད་དང་བཅུ་བཅུ་གཉིས། །ཉི་ཤུ་དག་ལས་རིང་ཐུང་མིན། །ཞེས་བཤད་དོ། །ནས་ཆེ་ཚད་སོར་ཉི་ཤུའི་བར་བཤད་པས་མཐའ་མ་བཀག་ཅིང་དེ་དང་མཐུན་པའི་དྲིལ་བུ་བྱ་བའོ། །གཞན་ཡང་རྭ་དབུས་མའི་ཟུར་གྱི་ཁ་གྲངས་དང་སྐེད་དཀྲིས། རྭ་གཞན་པ་རྣམས་ཀྱི་སྦོམ་ཕྲའི་ཆ་འབྱེད་དང༌། གུག་མཚམས་


JLAZ005_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྭའི་འོག་གི་པད་འདབ་ཟླ་དཀྱིལ་སྐ་རགས་ལ་སོགས་པ་དག་ལ་རྣམ་བཞག་ཤིན་ཏུ་ཞིབ་པ་འབྱུང་ཕྱིར་གསར་དུ་བཟོ་བ་ལྟ་བུའི་ཚེ་རྒྱུད་སྡེའི་དགོངས་པ་དང་བསྟུན་པ་ལས་གང་དྲན་གྱ་ཚོམས་སུ་མི་བྱའོ། །གསུམ་པ་དག་དྲན་ལ་གཉིས། རྭ་ལྔ་པ་དང༌། རྭ་དགུ་པའོ། །དང་པོ་ནི། རྡོ་རྗེ་རྩེ་ལྔ་པའི་སྟེང་གི་རྭ་རྣམ་སྣང་དབུས་དང༌། མི་བསྐྱོད་པ་ཤར་ལ་སོགས་ཏེ་རིམ་པར་བཀོད་པའི་དེ་བཞིན་ཤེགས་པ་ལྔ་རྣམ་པར་དག་པའི་ངོ་བོར་མོས་པ་དང༌། སྟེང་གི་པད་འདབ་བརྒྱད་ནི་འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་བྱང་ཆུབ་སེམས་དཔའ་བརྒྱད་དང༌། དེ་ཡང་དགོད་ཚུལ་ནི་ཤར་གྱི་པད་འདབ་ལ་ས་སྙིང་དང་བྱམས་པ། ལྷོར་ཕྱག་རྡོར་དང་ནམ་སྙིང༌། ནུབ་ཏུ་སྤྱན་རས་གཟིགས་དང་འཇམ་དཔལ། བྱང་དུ་སྒྲིབ་སེལ་དང་ཀུན་བཟང་དགོད་པར་བྱའོ། །འོག་གི་པད་འདབ་བརྒྱད་ཀྱི་ཤར་དུ་རྡོ་རྗེ་ལྕགས་ཀྱུ་མ། ལྷོར་ཞགས་པ་མ། ནུབ་ཏུ་ལྕགས་སྒྲོག་མ། བྱང་དུ་དྲིལ་བུ་མ་བཞི་དང༌། ཤར་ལྷོ་ནས་བརྩམས་ཏེ་མཚམས་བཞིར་རིམ་པར་ཙུན་དྷ་དང༌། རིན་ཆེན་སྒྲོལ་མ་དང༌། རྡོ་རྗེ་ལུ་གུ་རྒྱུད་དང༌། གཞན་གྱིས་མི་ཐུབ་མ་བཞི་རྣམ་པར་དག་པའམ། དེ་དག་གི་རང་བཞིན་དུ་བསམ། རྭ་འོག་མ་ལྔ་ལ་དབུས་སུ་དབྱིངས་ཕྱུག་མ། ཤར་དུ་མཱ་ཀཱི། ལྷོར་སྤྱན་མ། ནུབ་ཏུ་གོས་དཀར། བྱང་དུ་སྒྲོལ་མ་སྟེ་ཡུམ་ལྔའི་རང་བཞིན་དུ་མོས་པའོ། །


JLAZ005_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འོག་གི་རྭ་གཉིས་ཀའི་དབུས་ཀྱི་ལྟེ་བའི་ནང་དུ་རྡོ་རྗེ་སེམས་དཔའ་མོས་པའམ། དེ་ཉིད་རྣམ་དག་གི་རང་བཞིན་དུ་བསམ་མོ། །གཉིས་པ་རྭ་དགུ་པའི་དག་དྲན་ནི། བཛྲ་ཌཱ་ཀྐིར། ཕྱོགས་དང་ཕྱོགས་མཚམས་བརྒྱད་དང་ནི། །དབུས་མ་ཉིད་དང་སངས་རྒྱས་དགུ། །ཞེས་གསུངས་པ་ལྟར་སྟེང་གི་ཕྱོགས་ཀྱི་རྭ་བཞི་པོ། །རྣམ་སྣང་ལ་སོགས་པ་བཞི་དང༌། མཚམས་ཀྱི་རྭ་བཞི་སྤྱན་མ་ལ་སོགས་པ་བཞི་དང༌། དབུས་རྭ་རྡོ་རྗེ་མི་བསྐྱོད་པ་སྟེ། དེ་བཞིན་དུ་འོག་གི་རྭ་ཕྱོགས་མཚམས་བརྒྱད་ནི་སྔར་བཤད་མ་ཐག་པའི་བྱང་ཆུབ་སེམས་དཔའ་བརྒྱད་དང༌། དབུས་རྭ་རྡོ་རྗེ་སེམས་དཔའ་འཆད་པ་ཡོད་དོ། །དེ་ཐམས་ཅད་ཀྱང་རྭ་རྣམས་ཆུ་སྲིན་གྱི་ཁ་ནས་ཐོན་པ་ནི་སྙིང་རྗེས་སེམས་ཅན་རྗེས་སུ་འཛིན་པ་དང༌། པདྨའི་སྟེང་དང་ལྟེ་བའི་མཐའ་ལ་རིན་པོ་ཆེའི་ཕྲེང་བ་དང༌། རྭའི་འོད་ཟེར་འཕྲོ་བ་གདུལ་བྱའི་རེ་བ་སྐོང་བའི་ཕྲིན་ལས་ཀྱི་འོད་ཟེར་རྒྱས་པ་དང༌། དབུས་རྭའི་སྐེད་དཀྲིས་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དང༌། ཟླ་བའི་དཀྱིལ་འཁོར་ནི་བྱང་ཆུབ་ཀྱི་སེམས་རྣམ་པར་ཉ་གང་བར་རྒྱས་པར་མཚོན་པ་སྟེ། གཞི་ལམ་འབྲས་བུ་གསུམ་དང་སྦྱར་ན། གཞི་ཆོས་དབྱིངས་དེ་ཁོ་ན་ཉིད་སྤྲོས་པའི་མཐའ་དང་བྲལ་བས་དོན་དམ་པའི་རྡོ་རྗེ། ལམ་སྣང་བ་བཞིའི་འོད་གསལ་ལྐོག་ཏུ་མ་གྱུར་པའི་དོན་མངོན་དུ་གྱུར་པས་ན་རིག་པ་བྱང་ཆུབ་སེམས་ཀྱི་རྡོ་རྗེ། འབྲས་བུ་ཡུལ་སྟོང་པ་ཉིད་དང་ཡུལ་


JLAZ005_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དབྱིངས་ཀྱི་ཡེ་ཤེས་དབྱིངས་རིག་དབྱེར་མི་ཕྱེད་པས་དེ་ཁོ་ན་ཉིད་གཞོམ་གཞིག་དང་བྲལ་བའི་རྡོ་རྗེ་སྟེ་རབ་བྱེད་དང་པོ་ལས། ཆོས་རྣམས་རྡོ་རྗེ་ལས་གཞན་མེད། །ཐམས་ཅད་རྡོ་རྗེ་དེ་ཉིད་ཡིན། །རྡོ་རྗེ་ལས་ནི་སྙིང་པོའོ། །ཞེས་གསུངས་པ་ལྟར་རྒྱུད་སྡེ་ཇི་སྙེད་ལས་གསུངས་པའི་རྣམ་བཞིའི་ལས་རབ་འབྱམས་ཐམས་ཅད་ལ་རྡོ་རྗེའི་ལས་ཞེས་བྱ་ལ། དེའི་གནད་ཀ་ནི་ཕ་རོལ་གྱི་སྦྱོར་བ་གང་གིས་ཀྱང་གནོད་པར་མི་ནུས་པའི་ཕྱིར་ཏེ། དེས་ན་དོན་དམ་པའི་རྡོ་རྗེ་དེ་ཁོ་ན་ཉིད་སྟོང་ཉིད་སྙིང་རྗེ་དབྱེར་མེད་མི་ཕྱེད་པར་རྟོགས་པའི་ལྟ་བ་གཞོམ་གཞིག་ལས་འདས་པ་སྟེ་དྲན་པའི་སྒོ་ནས་ལས་དེ་དག་ཐམས་ཅད་འཁོར་གསུམ་དམིགས་པ་མེད་པའི་ཀློང་དུ་རྒྱས་འདེབས་པར་བྱ་བའོ། །དེས་ནི་རྟགས་ཀྱི་རྡོ་རྗེའམ། ཐབས་ཀྱི་རང་བཞིན་གསོར་བའི་རྡོ་རྗེའི་རྣམ་བཞག་བསྡུས་པར་བཤད་ཟིན་ཅིང་རྒྱན་གྱི་རྡོ་རྗེའི་རྣམ་གཞག་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་དྲིལ་བུའི་རྣམ་བཞག་བསྡུས་པ་ལ་བཞི་སྟེ། དྲིལ་བུའི་རྒྱུ། ལུས་ཚད། རིགས་ཀྱི་དབྱེ་བ། དག་དྲན་ནོ། །དང་པོ་ནི། ཌཱཀྐི་བཛྲ་ལས། ཀུན་ལ་འཁར་བའམ་ཡང་ན་ནི། །ལྕགས་གསུམ་ལས་ནི་དྲིལ་བུ་སྟེ། །ཅེས་གསུངས་བ་ལྟར་ཁམས་དཀར་དམར་གཉིས་དག་བའི་བརྡར་རྒྱུ་འཁར་བ་མཚན་ཉིད་པའམ། ཡང་ན་ལྕགས་གསུམ་ཞེས་པ་གསེར་དངུལ་ཟངས་གསུམ་ལ་བྱ་བར་


JLAZ005_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། །གཉིས་པ་ལུས་ཚད་ནི། སྔ་མའི་འཕྲོ་ལས། ཆ་གསུམ་ལས་ནི་ལྡན་པར་བྱ། །ཞེས་གསུངས་པ་ལྟར་རྒྱུད་འགྲེལ་རྣམས་སུ་ཁོག་པ་ལ་ཆ་གཅིག །སྟེང་གི་དབྱུག་པ་ཆ་གཉིས་ཞེས་བཤད་པ་མང་ཡང༌། བཟང་པོ་ཡོངས་བཟུང་ལས། དྲིལ་བུ་ཀུན་ཏུ་ཆ་དྲུག་ལ། །དེ་ཡི་ཆ་བཞི་འཁར་བ་ཡི། །རང་བཞིན་མ་འདྲེས་པ་ལས་བྱ། །ཞེས་གསུངས་པས་ལུས་ཚད་རིལ་པོ་ཆ་དྲུག་ཏུ་བྱས་པའི་ཆ་བཞི་ཁོག་པར་གསལ་བར་བསྟན་ཅིང༌། ཡང་སྔ་མའི་འཕྲོར། ཕྲེང་བ་གསུམ་ནས་དེའི་སྟེང་དུ། །བུམ་པ་གསེར་རམ་ཟངས་མའམ། །དངུལ་ལམ་ར་གན་ལས་བྱས་པའོ། །དེ་ཡི་སྟེང་དུ་དེ་ཚད་ཙམ། །ཤར་བལྟས་ཤེས་རབ་གདོང་པ་བྱ། །ཞེས་སྟེང་གི་ཆ་གཉིས་པོའི་འོག་མ་ཤེས་རབ་ཞལ་བུམ་པ་གདན་དང་བཅས་ལ་བཤད་ཅིང༌། གོང་མ་པདྨ་དང་བཅས་པའི་རྡོ་རྗེ་ཕྱེད་པ་ལ་མཛད་པས་དྲིལ་བུའི་ལུས་ཚད་ཀྱང་ཤིན་ཏུ་ལེགས་ཤིང༌། དེ་ཡང་སྟེང་གི་དབྱུག་པའི་ཆ་གཟུགས་མེད་ཁམས་དང༌། ཁོག་པའི་ཕྱིའི་ལྷ་མོ་བརྒྱད་ཀྱི་མཚན་མ་དགོད་པ་གཟུགས་ཁམས་དང༌། དེའི་འོག་ནང་གི་ཆ་དབྱུག་གུ་ནམ་མཁའ་དང་བཅས་པ་འདོད་ཁམས་ཏེ་ཁམས་གསུམ་གྱི་རང་བཞིན་དུ་གསུངས་ཤིང༌། ཁ་རྒྱའི་ཚད་ནི། དེ་ཉིད་ལས། དྲིལ་བུ་དེ་ཡི་ནང་གི་ཁ། །ཞིང་དང་མཆུ་རུ་མཉམ་པ་ཡིན། །ཞེས་པས་ཁོག་པའི་དཔངས་རིང་ཐུང་གཉིས་ཀའི་ཕྱོགས་ལ་ཁའི་


JLAZ005_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཚད་དང་ཁོག་པའི་དཔངས་ཚད་མཉམ་པར་བཞེད་དོ། །གསུམ་པ་ནི། དྲིལ་བུའི་རིགས་ལ་རྣམ་པ་གསུམ་སྟེ། རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་དྲིལ་བུ་དང༌། དཔའ་བོའི་དྲིལ་བུ། རིགས་སོ་སོའི་དེ་བཞིན་གཤེགས་པའི་དྲིལ་བུའོ། །དང་པོ་ནི། རིགས་ཐམས་ཅད་ཀྱི་བདག་པོའི་དྲིལ་བུ་ཡིན་གྱི་རྩེ་མོ་ནི་ལྔ་པ་དང༌། དགུ་བི་ཏོ་ཏ་མར། དྲིལ་བུའི་ཡུ་བ་སོར་དྲུག་པ། །རྩེ་ལྔ་རྩེ་དགུ་ལྟེ་བ་ལྡན། །དབྱིབས་ལེགས་སྦུབས་ལ་སོར་དྲུག་པ། །ཡ་ཕུབས་འདའ་བརྒྱད་རྡོ་རྗེ་དང༌། །རིན་ཆེན་པདྨ་རྒྱ་གྲམ་མཚན། །རིན་ཆེན་ཟ་ར་ཚགས་བདུན་ལ། །མཐའ་བསྐོར་རྡོ་རྗེའི་རྭ་བས་གཏམས། །ཆོས་ཀྱི་སྒྲ་སྒྲོག་ཆར་འབེབས་པ། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོར་བཤད། །ཅེས་པ་ཙམ་ལས་རིགས་ཀྱིས་དབྱེ་བ་མ་བཤད་ཀྱང༌། ངོས་འཛིན་བྱེད་ན་རིགས་ཐམས་ཅད་ཀྱི་བདག་པོར་འགྲུབ་པ་ཡིན་ནོ། །པ་གཉིས་ཀ་རུང་བར་བཤད་ལ། སྟེང་གི་པདྨ་རྣམས་ལ་ས་བོན་དགོད་ཚུལ་ནི། སམ་བུ་ཊར། ཡི་གེ་བརྒྱད་ཀྱི་ས་བོན་ནི། །ཕྱོགས་ནི་བརྒྱད་དུ་རྣམ་པར་བཀོད། །ཤར་དུ་ལྷ་མོ་སྒྲོལ་མ་སྟེ། །བྱང་དུ་ཡང་ནི་གོས་དཀར་མོ། །ནུབ་ཏུ་མཱ་མ་ཀཱི་ཞེས་བྱ། །ལྷོ་རུ་སངས་རྒྱས་སྤྱན་མ་ཉིད། །ཅེས་དང༌། མཚམས་བཞི་པོར་དེ་ཉིད་ལས། གསེར་དང་སྦྲང་རྩི་གཟི་བརྗིད་མ། །རྡོ་རྗེ་ཕྲེང་བ་བཞི་པའོ། །ཞེས་གསུངས་ཤིང་ཁོག་པའི་ལོགས་ལ་དྲྭ་བ་དྲྭ་ཕྱེད་ནི་སྟེང་གི་པད་འདབ་སོ་སོའི་དྲང་ཐད་དུ་རྫོགས་པར་བྱ་ལ། དེ་ཡང་པད་འདབ་རྣམས་དང་དྲྭ་ཕྱེད་འཕྱང་བའི་བར་དུ་མུ་ཏིག་གི་ཕྲེང་བ་ལྟ་བུའི་སྐ་རགས་གཉིས་ཀྱི་བར་དུ་རྡོ་རྗེའི་ཕྲེང་བ་དང༌། དེ་ལས་


JLAZ005_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་མ་ཐག་པའི་དྲྭ་བ་འཕྱང་བའི་དྲྭ་བ་བརྒྱད་ཀྱི་ནང་དུ་ཤར་དུ་འཁོར་ལོ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་རལ་གྲི། ཤར་ལྷོ་སྤྱན། སྲིན་པོར་རྡོ་རྗེ། རླུང་ལྷར་པདྨ། དབང་ལྡན་དུ་ཨུཏྤལ་སྟེ་མཚན་མ་བརྒྱད་དང༌། སྟེང་གི་དབྱུག་པ་སྐ་རགས་སུམ་བརྩེགས་ཀྱི་སྟེང་དུ་སྟེགས་བུ་གྲུ་བཞི་ལ་གནས་པའི་བདུད་རྩིའི་བུམ་པ་དང༌། འདི་ནི་སྔར་གྱི་དྲིལ་བུ་ཕལ་ཆེར་ལ་རྩེ་ལྔ་རྩེ་དགུའི་རྣམ་བཞག་ཕྱེད་བའི་རྩེ་ལྔ་ལ་མེད་པ་དང༌། རྩེ་དགུ་ལ་བུག་པ་ཡོད་པ་ཤ་སྟག་ཏུ་ཡོད་འདུག་པ་དེས་ན་དེ་དག་ལ་ཤེས་བྱེད་ཅིག་ཡོད་དགོས་ཏེ། ལ་ལས་སྔོན་གྱི་ཡོ་ག་བ་དག་གི་མཛུབ་མོ་འཇུག་པའི་ཆེད་དུ་བྱས་པ་ལས་གང་ནས་ཀྱང་མ་བཤད་དོ། །ཞེས་ཟེར་ཡང་རྒྱ་དྲིལ་རྙིང་པ་དག་ལའང་སྣང་དེ་དེས་ན་དེ་དག་གི་ཡུལ་དུའང་ཡོ་ག་བས་བཀོད་པར་སོང་མིན་བརྟག་དགོས་པ་ཞིག་གོ །དཔྱད་སྟོན་དུ། དྲིལ་བུ་ལ་རྒྱ་ཧོར་བོད་གསུམ་གྱི་རྣམ་དག་བཤད་ཅིང་འཕགས་ཡུལ་དུའང་ཡོད་མོད་ཀྱི་བོད་དུ་མ་སླེབས་པས་དཔྱད་པ་བྱ་རྒྱུས་དབེན་ཞེས་བཤད་པས་འདིའི་ནེམ་ནུར་ཡུལ་དེའི་དྲིལ་བུ་ལའང་དཔྱད་ཐུབ་ན་ལེགས་པར་མངོན་ནོ། །དེས་ན་བུག་པའམ། བུམ་པ་གང་ཡིན་ཀྱང་དེའི་སྟེང་དུ་ཤེས་རབ་ཞལ་བུམ་པའི་ཚད་དང་མཉམ་པ། འདིའི་ཞལ་ནི་ཤར་ལ་བལྟ་དགོས་པར་རྒྱུད་ལས་བཤད་དེ། དེས་ན་ས་བོན་དང་ལྷ་སོ་སོའི་དག་སྦྱོར་ནི། ཤར་ནས་རིམ་པར་སྒྲོལ་མའི་


JLAZ005_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱཾ། གོས་དཀར་མོའི་པཱཾ། མཱ་ཀཱིའི་མཱཾ། སྤྱན་མའི་ལཱཾ་ཏེ་ཕྱོགས་བཞི་དང༌། མཚམས་བཞི་ནི་ནོར་རྒྱུན་མའི་བཾ། ཙུན་དཱའི་ཙཱཾ། ཁྲོ་གཉེར་ཅན་གྱི་བྷྲཱིཾ། ཕྲེང་བ་མའི་མཱཾ་སྟེ། དེས་ན་དྲིལ་བུ་མགུལ་སྦྱར་བ་ལྟ་བུའི་ཚེ་ཡང་ས་བོན་ཏཱཾ་ཡིག་ལ་ཤེས་རབ་ཞལ་གཏོད་དགོས་པ་ཡིན་ཏེ་ཡོངས་གཟུངས་ལས། ཤར་བལྟས་ཤེས་རབ་གདོང་པ་བྱ། །ཞེས་གསུངས་པས་སོ། །དེའི་སྟེང་དུ་རྡོ་རྗེ་ཕྱེད་པ་རང་རང་གི་ཐབས་ཀྱི་ཆ་དང་མཐུན་པར་བྱའོ། །གཉིས་པ་དཔའ་བོའི་དྲིལ་བུ་ནི། ལྷ་མོ་བརྒྱད་ཀྱི་ས་བོན་པདྨ་ལ་སོགས་པ་དང༌། དྲ་བ་དྲ་ཕྱེད་སྤངས་པའི་གཞན་སྔ་མ་ཇི་བཞིན་ལ། རྡོ་རྗེ་སྐ་རགས་ཙམ་དང་ལྡན་པ་ལ་བྱ་སྟེ། མན་གཉེར། དེས་ནས་དཔའ་བོའི་དྲིལ་བུ་སྟེ། རྡོ་རྗེ་ཕྲེང་བའི་སྐ་རགས་ལྡན། །དེ་བཞིན་དུ་ནི་ཤེས་རབ་དང༌། །བདུད་རྩི་ཡི་ནི་བུམ་པར་ལྡན། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །དྲྭ་བ་དྲྭ་ཕྱེད་སྤང་བར་བྱ། །སོར་དགུ་རུ་ནི་དཔངས་ལ་སྟེ། །ཁ་ནི་སོར་ལྔའི་ཚད་དུ་བྱ། །དེ་ལས་ཅུང་ཟད་ལྷག་བྱ་མིན། །རྩེ་ལྔ་པའམ་རྩེ་དགུ་པ། །ཞེས་དྲིལ་བུ་ལུས་ཚད་སྔ་མ་ལས་ཆུང་བར་བཤད་ཅིང༌། འདི་ལ་མྱ་ངན་དྲིལ་བུ་ཞེས་ལོད་པར་ལྟ་བ་ནི་རི་བོང་ཅལ་གཏམ་ཡིན་པར་མངོན་ནོ། །གསུམ་པ་དེ་བཞིན་གཤེགས་པའི་དྲིལ་བུ་ནི། རིགས་སོ་སོའི་དབང་དུ་བྱས་པ་སྟེ། བཛྲ་ཌཱཀྐི་ལས། དེ་ནས་དེ་བཞིན་


JLAZ005_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཡི། །དྲིལ་བུའི་མཚན་ཉིད་བཤད་པར་བྱ། །འཁར་བ་ལས་བྱུང་སྒྲ་སྙན་བྱེད། །ཁོང་སྟོང་དང་ནི་བུམ་པར་ལྡན། །རྡོ་རྗེ་རིན་ཆེན་པདྨ་དང༌། །རལ་གྲི་ལ་སོགས་མཚན་མ་ཅན། །དྲྭ་བ་དྲྭ་བ་ཕྱེད་པས་སྤྲས། །ཆུ་སྲིན་ལས་ནི་བྱུང་བ་ཡི། །ཡེ་ཤེས་ལྔ་ནི་རྣམ་དག་པས། །རྩེ་མོ་ལྔ་དང་ལྡན་པ་སྟེ། །སྐ་རགས་གཉིས་གཉིས་དབུས་སུ་ནི། །འཁོར་ལོའི་ཕྲེང་བ་གཉིས་དང་ལྡན། །པདྨ་ལ་ནི་པད་ཕྲེང་གཉིས། །རིན་ཆེན་ལ་ནི་རིན་པོ་ཆེ། །དེ་བཞིན་སྐ་རགས་ལྡན་པར་བྱས། །དོན་ཡོད་གྲུབ་པ་ཞེས་བྱ་བ། །སྐ་རགས་གཉིས་དབུས་རལ་གྲིས་བརྒྱན། །ཀུན་ལ་ཤེས་རབ་གདོང་ལྡན་པས། །དཔའ་པོ་ཀུན་གྱི་རྒྱལ་བར་འགྱུར། །ཞེས་པ་ཤིན་ཏུ་གསལ་བོར་གསུངས་པ་ལྟར་མཚན་ཉིད་ཐམས་ཅད་སྔར་དང་འདྲ་བ་ལས་རྩེ་མོར་ལྔ་པར་བྱ་ཞིང༌། སྐ་རགས་གཉིས་ཀྱི་དབུས་སུ་རང་རང་གི་རིགས་དང་མཐུན་པའི་ཕྱག་མཚན་གྱི་ཕྲེང་བ་བྱ་བ་སྟེ་གོ་སླའོ། །རིགས་དེ་དག་གང་ཡིན་ཡང་ནང་གི་ལྕེའམ་དབྱུག་གུ་ནི་ཟུར་བརྒྱད་པའི་རྣམ་པ་ཅན་དུ་བྱ་བར་བཤད་དེ། བཛྲ་ཌཱཀྐི་ལས། དབུས་ཀྱི་ཡེ་ཤེས་དབྱུག་པ་ནི། །ཟུར་བརྒྱད་པ་ནི་མཛེས་པར་བྱས། །ཞེས་གསུངས་པ་ལྟར་དེ་ཉིད་ཀྱི་རྒྱུ་ལྕགས་དག་པ་ལས་སྦོམ་ཕྲ་རན་པར་བྱ་ཞིང་ཟུར་བརྒྱད་པའི་རྣམ་པ་ཅན་གྱི་རྩེ་མོ་ཅུང་ཟད་ཕྱུར་བུར་བྱ་བའོ། །བཞི་པ་དྲིལ་བུའི་དག་དྲན་ལ་གཉིས།


JLAZ005_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ལྟར་བཤད་པ་དང༌། ནང་ལྟར་བཤད་པའོ། །དང་པོ་ནི། ཤེས་རབ་མ་རྡོ་རྗེ་སྙེམས་མའི་ཞལ་དང་པད་འདབ་བརྒྱད་ལ་ལྷ་མོ་བརྒྱད་ཀྱི་ས་བོན་བཀོད་པ་རྣམས་རིགས་དྲུག་པ་རྡོ་རྗེ་སེམས་དཔའ་འམ། རྡོ་རྗེ་འཆང་དུ་ང་རྒྱལ་བྱས་པའི་སྒྲུབ་པ་པོ་དང༌། རྣམ་སྣང་ལ་སོགས་ཏེ་རིགས་སོ་སོའི་ང་རྒྱལ་ལ་གནས་པའི་སྒྲུབ་པ་པོས་རྡོ་རྗེ་སྙེམས་མའམ། རྡོ་རྗེ་དབྱིངས་ཕྱུག་མ་ལ་སོགས་ཏེ་ལྷ་མོ་དེ་དང་དེར་བསྒོམས་པས་ལས་ཀྱི་ཕྱག་རྒྱ་མ་རིགས་སོ་སོ་དག་མཚོན་ལ། དྲིལ་བུའི་ཁོག་པའི་མཐར་ཐུག་པས་ཕྱག་རྒྱ་དེ་དག་གི་ཆོས་ཀྱི་འབྱུང་གནས་མཚོན་ཞིང༌། ནང་གི་ལྕེ་ནི་རྡོ་རྗེ་དབྱིངས་ཕྱུག་མའི་རྩ་བྷ་གའི་དབུས་ན་གནས་པའི་བྱ་རོག་གིའམ་གདོང་ངམ་མཁའ་འགྲོ་གདོང་ཞེས་བྱ་བ་མཚོན་ལ། ཟུར་བརྒྱད་ཀྱི་དྷུ་ཏིའི་དབུས་ཀྱི་སྦས་པའི་རྩ་བརྒྱད་མཚོན་པ་དེ། སྟེང་དུ་ཤེས་རབ་ཞལ་དངོས་སུ་བྱུང་བས་རྡོ་རྗེ་སྙེམས་མ་ནི་དྲིལ་བུའི་ལྷ་ཐམས་ཅད་ཀྱི་གཙོ་མོ་ཡིན་ཕྱིར་རྡོ་རྗེ་ལ་ཐབས་དང་དྲིལ་བུ་ལ་ཤེས་རབ་ཅེས་བརྗོད་ཀྱི། བདེ་བ་དང་སྟོང་པ་གཉིས་ཕན་ཚུན་རྒྱས་འདེབས་པའི་ཕྱིར་རྩེ་མོ་རྡོ་རྗེ་ཕྱེད་པས་མཚན་པ་རྡོ་རྗེའི་ལྟེ་བ་ལ་གནས་པའི་རྡོ་རྗེ་སེམས་དཔའ་དང༌། དྲིལ་བུའི་རྡོ་རྗེ་སྙེམས་མའི་ཞལ་མཉམ་པར་སྦྱོར་བའི་ཐབས་ཤེས་ཟུང་འཇུག་ཏུ་མཚོན་ཞིང༌། དེས་ན་དྲིལ་བུ་འཁྲོལ་བའི་ཚེ་ལག་པ་སོ་སོའི་མཐེ་བོང་དང་མིང་མེད་ཀྱིས་རྡོར་དྲིལ་བཟུང་ནས་


JLAZ005_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དྷུ་ཏིའི་མར་སྣ་ཁ་དབྱེ་ཞིང་བདེ་སྟོང་གི་ཡེ་ཤེས་སྐྱེ་བའི་དོན་དུ་རྩ་བརྒྱད་བསྐྱོད་པ་སྟེ་དྲིལ་བུ་ཕྱོགས་བརྒྱད་དུ་བསྐྱོད་ནས་འཁྲོལ་བར་གསུངས་ལ། དེ་ཡང་གདན་བཞིའི་འགྲེལ་པར། གཏོར་མ་ལ་སོགས་པའི་དུས་སུ་རྡོ་རྗེ་མ་གཏོགས་པའི་དྲིལ་བུ་འབའ་ཞིག་གམ་དྲིལ་བུ་མ་གཏོགས་པའི་རྡོ་རྗེ་འབའ་ཞིག་གིས་མི་བསྒྲུབ་ཀྱི། ཟུང་དུ་འབྱོར་པས་བསྒྲུབ་པར་བྱའོ། །ཞེས་བཤད་པ་ལྟར་རྡོར་དྲིལ་ནི་འཛིན་པའི་ཚེ་ཡང་གཉིས་ཀ་ཟུང་དུ་ཆུད་པར་བྱ་བ་ལས་ལག་པ་གཅིག་ཁོ་ནས་དྲིལ་བུ་འཁྲོལ་བ་དང༌། ལག་པ་གཉིས་ཀས་དྲིལ་བུ་དཀྲོལ་བ་དག་ནི་གསང་སྔགས་ཀྱི་བརྡ་ཅུང་ཟད་ཀྱང་མ་བྱང་བའི་རྣམ་འགྱུར་ཕྱི་གསལ་དུ་གྱུར་བ་སྟེ་བྱིས་པའི་རྩེད་མོ་དང་འདྲ་བའོ། །གཉིས་པ་ནི། དྲིལ་བུའི་ཁོག་པའི་ནང་གི་སྟོང་ཆ་ནམ་མཁའི་རང་བཞིན་ནི། ཟབ་མོ་སྟོང་པ་ཉིད་ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་གང་དུ་ཡང་མ་དམིགས་པ་མཚོན་པའོ། །དེའི་ནང་གི་དབུས་སུ་འཕྱང་བའི་ལྕེ་ལ་ཡེ་ཤེས་ཀྱི་དབྱུག་གུ་ཞེས་བརྗོད་ལ། དེ་ཡང་བསྐྱོད་པའི་ཚེ་ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པས་ཡེ་ཤེས་དབྱེར་མེད་ཀྱི་ཆོས་སྒྲ་སྒྲོགས་པའི་རྐྱེན་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་དང༌། སེམས་ཅན་རྣམས་བག་ཆགས་ཀྱི་གཉིད་འཐུག་ལས་སད་དེ་ཡང་དག་པའི་དེ་ཁོ་ན་ཉིད་རྣམ་པར་དག་པ་རྟོགས་ནས་སྲིད་པའི་སྡུག་བསྔལ་


JLAZ005_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དྲུངས་ནས་འབྱིན་པར་བསམ་པའོ། །དེ་ལྟར་བཤད་མ་ཐག་པའི་ཕྱི་ནང་གི་དག་སྦྱོར་དེ་ཙམ་ཞིག་མི་ཤེས་པར་སྟན་མཐོན་པོའི་སྟེང་དུ་ཁྲོན་པའི་ལག་འགྲོའི་བརྟུལ་ཞུགས་ལ་གནས་ཏེ་རྡོ་རྗེ་འཛིན་པའི་གོ་ས་འཛིན་པ་དག་ནི། སྲོག་ཆགས་ཐ་མལ་པའི་སྐེ་ལ་དྲིལ་བུ་བཏགས་དེང་སེང་ཁ་ཅིག་གིས་སྤྱན་འདྲེན་གྱི་ཚེ་རྡོ་རྗེ་གྱེན་དུ་བསླངས་ནས་བཟུང་སྟེ་དེ་ཉིད་སྤོས་ཡིན་པའི་དག་སྦྱར་སློབ་པའང་མཐོང་སྟེ་ཤིན་ཏུ་རྨོངས་པས་སྨྲས་པ་ནི་དགག་པར་ཡང་མི་ལྡང་མོད་ཀྱི་རྡོར་དྲིལ་ལ་རྒྱུད་ནས་རྣམ་བཤད་གསུངས་པ་ཐོས་ཀྱང་མ་མྱོང་བས་བབ་ཅོལ་དུ་སྨྲ་བ་སྟེ་སྙིང་རྗེ་བ་ཡིན་ནོ། །པ་དང་རྣམ་དབྱེར་མེད་པ་གསུངས་ཏེ། སམ་བུ་ཊ་ལས། དེ་ཉིད་སེམས་མེད་རྣལ་འབྱོར་པ། །གླང་པོ་དྲིལ་བུ་འཁྲོལ་བ་བཞིན། །རྣལ་འབྱོར་དེ་ཉིད་དམན་པ་ཡི། །རང་གི་དངོས་གྲུབ་རིང་དུ་བརྟག། ཅེས་དང༌། དེ་ཉིད་མ་ཤེས་པར་དྲིལ་བུ་འཁྲོལ་བ་དང་གླང་པོ་ཆེའི་སྐེད་ལ་དྲིལ་བུ་བཏགས་པ་ཁྱད་པར་མེད་པས་དངོས་གྲུབ་རིང་པོར་བྱེད་པ་གསུངས་པས་འདི་ནི་ཤིན་ཏུ་གལ་ཆེའོ། །དེས་ནི་དྲིལ་བུའི་རྣམ་པར་བཞག་པ་ཤིན་ཏུ་བསྡུས་ནས་མི་འགལ་བའི་ལུགས་སུ་བཤད་ཟིན་ཏོ།། །།ད་ནི་དོན་ཚན་གསུམ་པ་ཅང་ཏེའུའི་རྣམ་པར་བཞག་པ་འཆད་པ་ལ་གསུམ། ཅང་ཏེའུའི་མཚན་ཉིད། དཀྲོལ་བའི་ཚུལ། དགོས་པ་བཤད་པའོ། །དང་པོ་ནི། དཔལ་སམྦུ་ཊ་ལས། དེ་ནས་ཅང་ཏེའུའི་མཚན་ཉིད་བཤད། །བཛྲ་ཤྲིཪྵའི་རྩ་བ་དང༌། །ཙནྟན་དམར་པོ་ལས་བྱུང་བ། །གཞན་རྣམས་གང་རྣམས་དེ་རྣམས་ནི། །ཡིད་ལ་འདོད་པ་


JLAZ005_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བྱ། །ཞེས་གསུངས་པ་ལྟར། བཛྲ་ནི་རྡོ་རྗེ་ཅན་གྱི་ཤིང་དང༌། ཤྲིཪྵ་ཞེས་པ་ནི་ཙནྡན་བ་གླང་མགོའི་རྩ་བ་ཡིན་པར་བཤད་ལ། ཕྱི་མ་ནི་གོ་སླ་བ་དེ་གསུམ་ལས་རྒྱུ་བྱས་པ་བྱུང་ན་མཆོག་ཡིན་ལ། མ་རྙེད་ན་ཤིང་གང་ཡང་རུང་བ་ལ་བྱས་པས་ཆོག་པར་བཤད་དོ། །དེའི་ཆུ་ཞིང་གི་ཚད་ནི། དེ་ཉིད་ལས། བཅུ་གཉིས་པ་དང་བཅུ་པ་ཉིད། །ཁ་ལ་སོར་ནི་དྲུག་པ་ལྔ། །དགུ་པ་དང་ནི་བཅུ་གཅིག་ཉིད། །ཁ་ལ་དེ་ཡི་ཕྱེད་ཉིད་དོ། །ཞེས་ཆེ་ཚད་མཆུར་སོར་མོ་བཅུ་གཉིས་དང་ཁ་ཞེང་ལ་སོར་དྲུག །འབྲིང་ཚད་དཔངས་སུ་སོར་བཅུ་པ། ཁ་ལ་སོར་ལྔ། ཡང་རྡོ་རྗེ་ཕུར་བའི་རྒྱུད་ལྟར་ན། མི་ཐོད་ཙནྡན་ཤིང་རྣམས་ལ། །སོར་བརྒྱད་བཅུ་འམ་བཅུ་གཉིས་དང༌། །སོར་དགུ་སོར་མོ་བཅུ་གཉིས་ཚད། །ཁ་ཞེང་སོར་བཞི་སོར་ལྔ་དྲུག། དགུ་ཕྱེད་བཅུ་གཅིག་ཕྱེད་བྱས་པ། །ཞེས་པས་བྱིངས་གསར་འགྱུར་དང་འདྲ་བ་ལས་ཆུང་ཚད་སོར་བརྒྱད་པར་བཤད་དོ། །ན་དཔངས་སོར་བཅུ་གཅིག །ཁ་ལ་སོར་མོ་ཕྱེད་དང་དྲུག །དེ་རྣམས་ཀྱང་དཔངས་ཚད་ཆ་གསུམ་དུ་མཉམ་པར་བྱས་པའི་གསུམ་ཆ་དབུས་མ་སྐེད་པའི་དཔངས་སུ་བཞེད་དོ། །དེ་ཉིད་ལས། གཞན་པ་ལས་ནི་རྔེའུ་ཆུང་ནི། །ཐོད་རྔ་ལ་ནི་སྐོར་བ་ཉིད། །ཅེས་པས་སྐྱེས་པ་ལོ་བཅུ་དྲུག་དང༌། བུད་མེད་ལོ་བཅུ་གཉིས་པ་ལ་ཁུ་ཁྲག་སོ་སོར་འབེབས་འཛག་བྱེད་པས། དེ་གཉིས་མཉམ་སྦྱར་བ་ལས་བདེ་བ་འབྱུང་སྟེ། དེའི་ཕྱིར་ན་བདེ་སྟོང་གི་ཡེ་ཤེས་སྤོར་བའི་རྟེན་འབྲེལ་དུ་སྐྱེས་པ་ལོ་བཅུ་དྲུག་པ་དང༌། བུད་མེད་


JLAZ005_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བཅུ་གཉིས་པའི་ཐོད་པ་སྤྱི་བོ་སྤྲད་ནས་བཅིངས་པ་ལ་བྱ་སྟེ། བརྒྱད་ལྟག་སྤྲོད་ཅེས་སྨྲ་བ་ལ་ཤེས་བྱེད་མེད་པར་མཁས་པ་དག་བཞེད་དོ། །དེ་དག་ཐུན་མོང་གི་རྣམ་བཤད་ནི། སྤྲེའུའི་པགས་པས་གཡོགས་པའོ། །ཞེས་གསུངས་པ་ལྟར་བྱ་ལ། དེ་ལ་བྲི་བའི་ཁྱད་པར་ནི། དེ་བཞིན་ཁ་སྦྱོར་གཉིས་པ་ནི། པདྨ་དག་ནི་བྲི་བར་བྱ། །བུད་མེད་ཁྲག་གིས་མཛེས་པར་བྱ། །ཞེས་དང༌། པདྨའི་ཟེའུ་འབྲུ་གཉིས་ཀ་ལ། །དཀྱིལ་འཁོར་དག་ནི་བྲི་བར་བྱ། །ཞེས་གསུངས་པ་ལྟར་བུད་མེད་ཀྱི་ཟླ་མཚན་དང་པོས་པགས་པ་གཉིས་ཀའི་ནང་ལ་པདྨ་འདབ་རྡོ་རྗེ་ཕུར་བའི་རྒྱུད་ལས། སྤྲེའུའི་པགས་པས་གཡོགས་བྱས་ཏེ། །ངོས་གཉིས་པོ་ལ་པདྨ་ནི། །ཟླ་མཚན་ཁྲག་གི་བྲི་བར་བྱ། །སྙིང་པོ་ལ་ནི་ཁྲཻཾ་བྲིས་ཏེ། །ཞེས་བཤད་དོ། །བརྒྱད་བྲིས་ཤིང་ལྟེ་བ་ལ་ཡིད་དམ་གྱི་སྐུ་གསུང་ཐུགས་མཚན་ཅི་རིགས་པའམ། ཡང་ན་ཡི་གེ་ཁྲཻཾ་བྲིས་པ་གཡོགས་པ་དང༌། དེ་ཡང་རྒྱས་པར་ན་སྟེང་སྐྱེས་པའི་ཐོད་པ་ཁ་གཡོགས་ཀྱི་ནང་གི་པད་འདབ་ལྟེ་བ་ཡི་དམ་ཡབ་ཀྱི་སྔགས་དང༌། འོག་བུད་མེད་ཀྱི་ཐོད་པའི་ཁ་གཡོགས་ཀྱི་ནང་དུ་སྔ་མ་བཞིན་ལས་ཡུམ་གྱི་སྔགས་བྲིས་ནས་ཐད་ཀར་འབབ་པར་བྱ་ཞིང༌། དེ་དག་ལྷ་དེ་དང་དེར་བསྐྱེད་ནས་རབ་གནས་བྱས་རྗེས་སྟེང་འོག་མི་འཆོལ་བར་བཞག་པའམ། ཟུར་བསླང་ལ་བཞག་པར་བྱའོ། །དེ་ཡང༌། མི་ཡི་སྐྲ་ཡིས་བཏགས་ནས་ནི། །ཞེས་པའི་བྱ་ཚུལ་ནི། སྦ་ལ་སོགས་པའི་ཤིང་ཤིན་ཏུ་མཉེན་པས་ཐོད་པ་འམ། ཤིང་


JLAZ005_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱས་པའི་ཅང་ཏེའུ་ཉིད་ཀྱི་ཁ་གདང་ཕྱི་ནས་འཁྱུད་མོ་བྱས་ལ་སྟེང་འོག་གཉིས་ཀ་དཀྲི་ཞིང་ཅང་ཏེའུ་ལ་མ་གནོད་པར་བྱས་ལ་འཁྱུད་མོ་ལ་དགའ་བ་བཅུ་དྲུག་མཚོན་པའི་བརྡར་སྟེང་འོག་ཐད་འཁྲོངས་པའི་བུག་པ་བཅུ་དྲུག་ཕུག་ལ་མིའི་སྐྲ་ཤིན་ཏུ་གྲིམས་པར་བྱས་པའི་སྐུད་པ་བི་ཏོ་ཏ་མའི་རྒྱུད་ལས། དུར་ཁྲོད་སྐྲ་ཡི་སྐུད་བཏགས་ལ། །ཆུ་སྐྱུར་མཐིང་རིལ་རྐང་རུས་ཀྱི། །ཞེས་བཤད་པའི་ཕྱིར་རོ། །ཕྲ་མོ་དག །སྟེང་འོག་གི་བུག་པ་དག་ལས་ཕན་ཚུན་དུ་བསྣོལ་མར་དྲངས་པས་ཆོས་འབྱུང་ལྟ་བུའི་རེ་མིག་བཅུ་དྲུག་འབྱུང་སྟེ། དེའི་སྐེད་པར་དར་སྲབ་མོ་ཞེང་དུ་རྩེ་སོར་གཉིས་ཙམ་གྱིས་བཅིངས་ལ་ཧ་ཅང་མི་བསྡམ་སྟེ་སྐད་སྣ་ཚོགས་འབྱུང་བའི་དགོས་པ་ཡོད་དོ། །དེ་ཉིད་ལ་ལག་བཟུང་གི་ཐག་པ་དང༌། ཆུ་སྐྱུར་གྱི་རྐང་པ་རློན་པ་ཧྲིལ་མོར་དྲིལ་ཏེ། སྦྲ་ཚིལ་དང་གཡོགས་སྲབ་མོས་དྲིལ་ནས་མི་སྐྲའི་སྐུད་སྣེ་ལ་བཏགས་པའི་ལྕགས་དེ་ལྟ་བུ་གཉིས་གཡས་གཡོན་གྱི་རྐེད་པའི་དབུས་ཐད་ཀར་གདགས་པར་བྱ་སྟེ། ཁ་སྦྱོར་ལས། ཆུ་སྐྱར་རྐང་པའི་རུས་པས་བརྡབ། །ཅེས་གསུངས་པའི་དོན་ནོ། །གཉིས་པ་དཀྲོལ་བའི་ཚུལ་ནི། ཅང་ཏེའུའི་དག་དྲན་ཤེས་པའི་ངང་ནས་དཀྲོལ་ཏེ། དེ་ཡང་ཐོད་པའི་སྐད་དོད་ཀ་པཱ་ལ་ཞེས་པའི་ཀཾ་བདེ་བ་དང༌། པཱ་ལ་སྐྱོང་བ་སྟེ་དེས་ན་བདེ་སྐྱོང་ཞེས་ཕྱག་རྒྱ་མའི་པདྨ་མཚོན་ལ། ནང་དུ་འདོད་ལྷའི་མཚན་མ་བཀོད་པ་ནི་ལྷན་སྐྱེས་ཀྱི་བདེ་བ་མཚོན་ཞིང༌། བདེ་ཆེན་གྱི་ཡས་བབས་མས་བརྟན་གྱི་དགའ་བ་བཅུ་དྲུག་ནི་དྲྭ་


JLAZ005_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རེ་མིག་གིས་མཚོན་ལ། ཅང་ཏེའུའི་སྒྲས་ནི་ཟབ་མོ་སྟོང་པ་ཉིད་གྲག་སྟོང་སྐྱེ་བ་མེད་པ་མཚོན་ལ། ཐོད་པ་ལ་སོགས་ཀྱིས་མཚོན་པའི་བདེ་བ་ཆེན་པོ་དང༌། དེའི་སྒྲས་དོན་དམ་སྟོང་པ་ཉིད། དེ་གཉིས་དབྱེར་མི་ཕྱེད་པར་སྦྱར་བས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཚོན་པར་བྱེད་དེ་རྒྱུད་ལས། ཐབས་ཀྱི་རྡོ་རྗེ་ཅང་ཏེའུ་ཉིད། །ཅེས་དང༌། ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཞེས་གསུངས་པ་ལྟར་དག་དྲན་དེ་ལྟ་བུའི་ངང་ནས་མཐེ་བོང་དང་མཛུབ་མོ་གཉིས་ཀྱིས་ཌཱ་མ་རུའི་དྲྭ་བ་བསྣོལ་མཚམས་ཀྱི་སྐེད་དཀྲིས་ནས་བཟུང་ལ། མཐེབ་མཛུབ་གཉིས་ཀྱིས་ཐང་ལྷོད་དུ་གནོན་པ་དང༌། སོར་མོས་དྲྭ་བ་ལ་ནེམ་ནེམ་བྱེད་པའི་ཚུལ་གྱིས་རྡུང་བྱེད་ཀྱི་ལྕག་ཕོག་པའི་ཚེ་ན་ཞིང་སྐྱོང་གི་མཁའ་འགྲོ་མ་ལ་སོགས་གང་དགུག་པའི་མིང་དང་སྦྱར་བས་ཁྲཻཾ་ཧཱུྃ་བི་ཏོའི་རྒྱུད་ལས། ཁྲཻཾ་ཧཱུྃ་ཞེས་བརྗོད་བརྡུང་ཞིང་འགུགས། །རྔེའུ་ཆུང་སྒྲས་ནི་བཟླས་པས་ཏེ། །སྤྱན་འདྲེན་འབོད་ཕྱིར་བཅང་བར་བྱ། །གསུངས་པ་སྟེ། དེ་དག་རྣམས་གསར་རྙིང་གི་རྒྱུད་སོ་སོའི་དགོངས་པ་མི་འདྲེས་ཤིང་དཔྱད་བཟོད་པའི་ཕྱིར་མཆན་གྱི་ཚུལ་ཏུ་བྱས་པ་ཡིན་ནོ། །གི་སྒྲ་སྒྲོགས་པར་བསམ་མོ། །དེ་ཡང་དཔེར་ན་ཙ་མུནྟྲི་ཨ་ཀཪྵ་ཡ་མི་ཁྲཻཾ་ཧཱུྃ་ཞེས་པ་ལྟ་བུས་མཚོན་ཏེ་ཇི་ལྟར་རིགས་པར་སྦྱར་ལ་ངག་ཏུའང་བརྗོད། དེ་ལྟར་བཤད་མ་ཐག་པའི་དག་དྲན་འོག་མ་ནི་དགོས་པ་ཁྱད་པར་བའི་སླད་དུ་ཡིན་ལ། གཞན་དུ་ན་དེའི་གོང་དུ་བཤད་པའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་པའི་དག་དྲན་ཁོ་ན་ཡིན་ནོ། །


JLAZ005_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དགོས་པ་ནི། དེ་ཁོ་ན་ཉིད་དྲན་པའི་སྒོ་ནས་དཀྲོལ་བས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་སྒྲ་ཡི་རྣམ་རོལ་དུ་ཤར་བས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཉེས་པར་བྱ་བའི་ཕྱིར་དང༌། དེ་ལས་བྱིན་རླབས་དང་དངོས་གྲུབ་ཤིན་ཏུ་མྱུར་བར་སྩོལ་བ་དང༌། དཔའ་བོ་དང་རྣལ་འབྱོར་མ་ལ་སོགས་གནས་ཡུལ་གྱི་ཞིང་སྐྱོང་ཐམས་ཅད་སྒྲ་དེས་ཐུགས་རྒྱུད་བསྐུལ་ནས་མྱུར་དུ་འདུ་ཞིང་བྱིན་གྱིས་བརླབ་པ་དང༌། བདག་གིས་དབང་དུ་འགྱུར་བ་དང༌། དེས་མཚོན་པར་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱང་སྒྲ་དེས་ཐུགས་རྒྱུད་བསྐུལ་ནས་ཕྲིན་ལས་མྱུར་བར་བྱེད་པ་སྟེ། རྒྱུད་ལས། ཐམས་ཅད་འགུགས་པར་བྱེད་པར་འགྱུར། །གལ་ཏེ་འོང་བར་མ་གྱུར་ན། །དེ་ཚེ་མཁའ་འགྲོ་མ་ཀུན་འཆི། །ངེས་པ་ཉིད་དུ་འགྲུབ་འགྱུར་བས། །ངས་གསུངས་པ་ལ་ཐེ་ཚོམ་མེད། །ཅེས་གསུངས་པས་དམ་ཚིག་དང་སྡོམ་པ་ལ་གནས་པའི་རྣལ་འབྱོར་པས། ལྷའི་ང་རྒྱལ་བརྟན་པས་གོང་དུ་བཤད་པའི་དེ་ཁོ་ན་ཉིད་དྲན་པས། མཚན་ཉིད་ཚང་བའི་ཅང་ཏེའུ་དཀྲོལ་ན་དགོས་པ་ཁྱད་པར་ཅན་དེ་ལྟ་བུ་ཡོད་པར་གསུངས་ལ། དེ་ཡང་གསང་བའི་རྔེའུ་ཆུང་ཞེས་པ་ནི་བུད་མེད་ཀྱི་བརླའི་དཔྱི་གཉིས་དང་ཚིགས་པའི་རུས་པ་འབྲེལ་བ་བྲེགས་ནས་འཇམ་པོར་བྱས་ཏེ། བྷ་གའི་པགས་པས་གཡོགས་ཤིང་སྐྱེས་པའི་རྡོ་རྗེས་རྡུང་བྱེད་བྱས་པ་ལ་མཁའ་འགྲོ་མ་འབོད་པའི་གསང་བའི་རྔེའུ་ཆུང་ཞེས་དང་


JLAZ005_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་བསད་པའི་བརླའི་རྐེད་ཕྲ་བའི་ཕྱོགས་ནས་བརྩམས་ཏེ་མཐེབ་སོར་བཅུ་གཉིས་ཀྱི་ཚད་བྲེགས་ནས་འབུད་དུ་རུང་བར་བྱས་པ་ལ་དུང་ཆེན་གྱི་གླིང་བུ་ཞེས་འབོད་པར་ཡང་བཤད་དེ་ཞར་བྱུང་དུ་སྨྲས་པའོ།། །།བཞི་པ་རྡོར་དྲིལ་ཅང་ཏེའུ་དང་བཅས་པར་ལྷག་གནས་བྱ་ཞིང་བཅང་ཚུལ་ནི། རྒྱས་པར་ན་རྡོར་དྲིལ་སོ་སོའི་དེ་ཉིད་དང་མཐུན་པའི་མངོན་རྟོགས་བསྒོམ་པ་སོགས་རྒྱུད་རྣམས་ནས་གསུངས་ཀྱང་འདིར་གཏེར་ཁ་འདི་ཁའི་རང་སྐད་ལས་བྱུང་བ་བཞིན་སྙིང་པོར་དྲིལ་ནས་བྱ་བ་ནི། རྡོར་དྲིལ་མདུན་དུ་སྟེགས་ཀྱི་ཁར་འདུ་བྱས་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཡེ་ཤེས་ཀྱི་རྡོ་རྗེ་ཐབས་ཀྱི་རང་བཞིན་དུ་བསྐྱེད། སེམས་ཅན་ཐམས་ཅད་སྨིན་པར་བྱ་བའི་འོད་ཟེར་ཀུན་ལ་འཕྲོ་བར་གྱུར། ཅེས་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བསམས་ལ་ལག་པ་གཡས་པས་ལན་གསུམ་གསོར། དྲིལ་བུ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱཿལས་དབྱིངས་ཀྱི་རང་བཞིན་ཤེས་རབ་དྲིལ་བུའི་རྣམ་པར་བསྐྱེད་ལ། སེམས་ཅན་སད་པར་བྱ་བའི་ཆོས་སྒྲ་རྒྱུན་མི་འཆད་པར་གྱུར། ཅེས་རྡོ་རྗེ་སྙེམས་མའི་རང་བཞིན་དུ་བསམས་ལ་དག་པ་དྲན་པས་ལན་གསུམ་འཁྲོལ། དེ་ནས་རྡོར་དྲིལ་ཐབས་ཤེས་སུ་སྙིང་གར་བསྣོལ་ལ་ཡབ་ཡུམ་གཉིས་ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྗེས་ཆགས་ལྷག་པར་རྒྱས་པའི་མཁའ་གསང་


JLAZ005_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱང་ཆུབ་སེམས་ཀྱི་རང་བཞིན་འོད་ཟེར་ལྔ་ཀུན་ལ་འཕྲོས་པས་འཕགས་པ་མཆོད། སེམས་ཅན་རྣམས་སྨིན་པར་བྱས་པར་བསམས་ལ། ཧཱུྃ་ཐབས་ཤེས་ཟུང་འཇུག་ཆོས་ཉིད་མཚོན། །འདས་དུས་འགྲོ་རྣམས་སད་པ་དང༌། །འགྲོ་རྣམས་སྨིན་པར་བྱ་བའི་ཕྱིར། །རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ། །ཨོཾ་བཛྲ་གནྜེ་ཧཱུྃ་ཨཱཿཞེས་བརྗོད་ལ་རྡོ་རྗེ་གསོར་བ་དང་དྲིལ་བུ་འཁྲོལ་བ་ལྷན་ཅིག་ཏུ་བྱའོ། །དེ་ལྟར་རབ་གནས་བྱས་པའི་རྡོར་དྲིལ་དེ་ཉིད་ལས་རྡོ་རྗེ་ནི་དཀུར་བརྟེན་པ་དང༌། སྙིང་གར་གཏོད་པ་དང༌། གྱེན་དུ་སློང་བ་གང་གི་ཚེ་ཡང་སྔར་རྡོ་རྗེའི་རྣམ་གཞག་ཏུ་བཤད་པའི་ཡབ་ལྔར་མོས་པ་བྱས་པ་དེའམ། དེས་མཚོན་པའི་རབ་གནས་ཀྱི་དུས་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བསྒོམ་པའི་རྩེ་མོ་སྟེ་དབུ་གཏོད་ཕྱོགས་གང་ལ་བྱས་པ་དེ་ཉིད་ཀྱི་སྟེང་རྭ་ལ་རྟགས་བཞག་སྟེ་མགོ་མཇུག་མ་ལོག་པར་བྱ། སྟེང་དུ་གསོར་བའི་ཚེ་ཡང་སྟེང་རྭ་གཡས་དང་འོག་རྭ་གཡོན་ཕྱོགས་སུ་འོང་བར་བྱས་ལ་གསོར། འཇོག་པའི་ཚེ་ན་ཡང་ཐབས་ཤེས་འདུ་འབྲལ་མེད་པའི་བརྡ་སྟེ་རྡོ་རྗེ་རང་ཉིད་ཀྱི་གཡོན་དང་དྲིལ་བུ་གཡས་སུ་འཇོག་ཅིང་རྡོར་རྗེ་དཀྲོང་མོར་མ་བདེ་ན་རང་ཉིད་ལ་ཞལ་ཕྱོགས་པའི་ཚུལ་དུ་དང་དྲིལ་བུའི་ཤེས་རབ་ཞལ་ཡང་རང་ལ་སྟོན། རྡོར་དྲིལ་ས་རྗེན་པའི་ཁར་འཇོག་པ་ལ་སོགས་ཏེ་མ་གུས་པ་བགྱིས་ན་འདི་ནི་རིགས་ལྔའི་རང་བཞིན་ཤིན་ཏུ་རྨད་དུ་བྱུང་བའི་རྟེན་ཡིན་པས་སྐུ་གསུང་ཐུགས་རྟེན་གཞན་


JLAZ005_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་གུས་པའི་ལས་བསགས་པ་དང་ཁྱད་པར་མེད་པར་བཤད་པས། དེས་ན་བཤད་མ་ཐག་པའི་སྤང་བླང་ཐམས་ཅད་དགོས་པ་ཁྱད་པར་ཅན་འབའ་ཞིག་ཡིན་པའི་ཕྱིར་འཆོལ་བར་མི་གཏོང༌། ད་ལྟ་ཕལ་གྱིས་རྡོར་དྲིལ་ཁ་ཟས་ཀྱི་ལྷག་རོལ་དང་མཉམ་དུ་ལག་ཕྱིས་ལ་སོགས་པའི་ནང་དུ་འཇུག་པ་དང༌། གསུང་རབ་ཀྱི་པུསྟ་ཀ་ལྷམ་དང་སྦྲགས་ནས་འཇོག་པ་ལ་སྡིག་པ་ཅི་ཡང་དབྱེ་བ་འབྱེད་མི་ཤེས་སོ། །དེ་ནས་ཅང་ཏེའུ་བྱིན་རླབས་བྱ་བ་ནི། ཧཱུྃ་ཐོད་རྔ་ལྕགས་དང་བཅས་པ་སྟོང་པར་གྱུར། །སྟོང་པའི་ངང་ལས་ཨཱཿལས་ཅང་ཏེའུ། །ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ་དབྱིངས་སུ། །རྔ་ལྕགས་ཀུན་བཟང་ཡབ་ཀྱི་རྡོ་རྗེ་ཡི། །སྙོམས་པར་ཞུགས་པས་བྱང་ཆུབ་སེམས་ཀྱི་རྒྱུན། །ནམ་མཁའི་མཐར་ཐུག་ཁྱབ་ཅིང་བླ་མེད་ཀྱི། །སྙིང་པོའི་ཆོས་སྒྲས་སྟོང་གསུམ་གང་བར་གྱུར། །ངྷརྨ་ངྷཱརྟུ་ཧཱུཾ་ཧཱུཾ་བཾ་ཀྵ་ས་མ་ཡ་ཧོཿ ཞེས་འཁྲོལ་ལོ།། །།སྤྱི་དོན་གཉིས་པ་ཆོ་གའི་དགོངས་པ་འགྲེལ་བ་དངོས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། བཤམ་དགོད་འདུ་བྱ་བ་དང༌། ཆོ་གའི་སྔོན་འགྲོའོ། །དང་པོ་ནི། གཞུང་ལས། ལྷ་བསྒྲུབ་དཀྱིལ་འཁོར་འབྲིའམ་ཚོམ་བུ་བཀོད༔ འབྱོར་ཚོགས་གཏོར་མ་བག་དྲོ་རྒྱན་ལྡན་དང་༔ ཕྱི་ནང་གསང་མཆོད་སྨན་རཀ་གཡས་གཡོན་བཤམས༔ ཞེས་གསུངས་པ་ལྟར་བསྙེན་སྒྲུབ་ཡན་ལག་བཞི་སོ་སོའི་ངེས་པས་


JLAZ005_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་ཞིང༌། སྒྲུབ་ཆེན་ལྟ་བུའི་ཚེ་ནི་སྒྲུབ་ཁོག་གི་ཡི་གེ་ཟུར་བཀོད་ལས་ཤེས་པར་བྱའོ། །གཉིས་པ་ཉམས་སུ་ལེན་པའི་སྔོན་འགྲོའི་རྣམ་གྲངས་ལ་གཉིས། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལ་བཞི། སོ་ཐར་གྱི་སྡོམ་པ་ཡར་ལྡན་དུ་བྱེད་ཅིང་ལོག་ལྟའི་གཉེན་པོར་སྐྱབས་སུ་འགྲོ་བ་དང༌། བྱང་སེམས་ཀྱི་བསླབ་པ་མི་ཉམས་པར་བྱེད་ཅིང་ཐེག་དམན་གྱི་གཉེན་པོར་སེམས་བསྐྱེད་པ་དང་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཚོགས་ལམ་གྱི་གོམས་སྟོབས་སྐད་ཅིག་ལ་བགྲོད་ཕྱིར་ཡན་ལག་བདུན་པ་དང་སྔགས་སྡོམ་ཁྱད་པར་ཅན་ཡར་ལྡན་དུ་བྱེད་ཕྱིར་དམ་བཅའ་བཟུང་བའོ། །དང་པོ་ལའང་ནང་གསེས་བདུན་ཏེ། གང་གི་སྐྱབས་སུ་འགྲོ་བའི་རྟེན་གྱི་གང་ཟག །རྒྱུ་གང་གིས་སྐྱབས་སུ་འགྲོ་བ། དུས་ནམ་གྱི་ཚེ། ཡུལ་གང་ལ་འགྲོ། ཚུལ་ཇི་ལྟར། ཆེད་དུ་གང་གི་ཕྱིར། སྦྱང་གཞི་སྦྱོང་བྱེད་ཕན་ཡོན་དང་བཅས་སྡོམ་ནས་བཤད་པའོ། །དང་པོ་ནི། རང་ཉིད་ཀྱི་གཡས་གཡོན་དུ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཚོགས་པར་བསམས་ཏེ་འདུན་པ་ཅིག་གིས་སོ། །གཉིས་པ་ལ་གསུམ་སྟེ། འཇིགས་པ་དང༌། དད་པ་དང༌། སྙིང་རྗེ་བའོ། །དང་པོ་ལ་གསུམ། འཁོར་བའི་སྡུག་བསྔལ་བཟོད་པར་དཀའ་བ་ལ་འཇིགས་པ། རང་དོན་ཡིད་ལ་བྱེད་པའི་འཇིགས་པ། ཐ་མལ་སྣང་ཞེན་གྱི་འཇིགས་


JLAZ005_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གཉིས་པ་དད་པ་ནི། སྐྱབས་ཡུལ་དེ་རྣམས་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་བའི་ཚུལ་དང༌། དེ་ལས་སྐྱོབ་པའི་ཐབས་མཁྱེན་པས་ན་མཁྱེན་པའི་ཡོན་ཏན། སྐྱོབ་པར་བྱེད་པའི་ཐུགས་ཀྱིས་བརྩེ་བས་ན་བརྩེ་བའི་ཐུགས་རྗེ། སྐྱོབ་པར་ནུས་པའི་ནུས་མཐུ་ཡོད་པས་ན་ནུས་པའི་བདག་ཉིད་དེ་ཡོན་ཏན་གསུམ་ཡོད་པ་མཐོང་ནས་མཆོག་ཏུ་དད་པའོ། །གསུམ་པ་སྙིང་རྗེ་ནི། སེམས་ཅན་ཐམས་ཅད་རང་རང་གི་རྣམ་པར་སྨིན་པའི་འབྲས་བུ་སྡུག་བསྔལ་གྱིས་གཟིར་བ་དང༌། སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ལ་གནས་པ་ལ་མི་བཟོད་པའི་སྙིང་རྗེ་བའོ། །གསུམ་པ་དུས་ནི། ཇི་སྲིད་བྱང་ཆུབ་སྙིང་པོའི་གོ་འཕང་ལ་མ་རེག་གི་བར་དུའོ། །བཞི་པ་ཡུལ་ནི། ཕྱོགས་བཅུ་དུས་གསུམ་གྱི་སྐྱབས་གནས་མ་ལུས་པ་དང༌། བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་བ་གསུམ། སངས་རྒྱས་ཆོས་དང་དགེ་འདུན་ཏེ་མདོ་ལུགས་དང་བསྟུན་ན་འབྲས་བུ་དག་པ་ཉིས་ལྡན་ལ་དམིགས་ནས་སྐྱེལ་མ་ཞུ་བ་ལྟར། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་བསྒྲུབ་པའི་གྲོགས་སུ་ཞུ་བའི་སླད་དུ་འགྲོ་བ་རྒྱུའི་སྐྱབས་འགྲོ། མ་འོངས་པ་ན་སྐྱབས་གསུམ་དེ་དག་རང་རྒྱུད་ལ་ཐོབ་པ་བྱ་བའི་སླད་དུ་སྐྱབས་སུ་འགྲོ་བ་འབྲས་བུའི་སྐྱབས་འགྲོ་སྟེ་དམིགས་པའི་ཆ་ནས་དེ་སྐད་ཅེས་བཏགས་པའོ། །དཀོན་མཆོག་རིན་པོ་ཆེ་གསུམ་དང༌། དེ་དག་གི་བསྟན་པ་རིན་པོ་ཆེ་བསྲུང་བར་བཀའ་བསྒོས་ཤིང་གཉེར་དུ་གཏད་པའི་ཡེ་ཤེས་ཀྱི་སྲུང་མ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ནམ་མཁའི་ཁྱོན་ལ་སྐར་མ་ཤར་བ་ལྟར་ཁྲ་


JLAZ005_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་ངེར་བཞུགས་པར་བསམ་པའི་མོས་པ་ལམ་བྱེད་དམ། ཡང་ན་སྨིན་སློབ་ཀྱི་སྐབས་སུ་ངེས་པའི་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་སོ་སོའི་ཡུལ་ལ་སྐྱབས་སུ་འགྲོ་ཚུལ་གྱི་དག་པ་དྲན་པའི་ངང་ནས་སོ། །ལྔ་པ་ཚུལ་ཇི་ལྟ་བུས་སྐྱབས་སུ་འགྲོ་བ་ནི། དེ་ཡང་ཚོགས་ཞིང་དེ་རྣམས་རྣམ་པ་ཐ་དད་དུ་ཤར་ཡང་དོན་དམ་པར་རྩ་བ་གསུམ་གྱི་ཡེ་ཤེས་ཀྱི་རོལ་པ་འགག་པ་མེད་པའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་སུ་ཧྲིལ་གྱིས་འདུ་ཞིང༌། དཔལ་གསང་བ་འདུས་པ་ལས། དྲི་མེད་སེམས་ནི་སངས་རྒྱས་འགྱུར། །ཆོས་ཀྱང་ངག་ཏུ་ཡང་དག་གསུངས། །སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །ཞེས་གསུངས་པས་ཤེས་ལ། དེ་ལ་ཡང་མཐོར་གཏོང་དམར་གཏོང་ཁྱོད་ཤེས་ཀྱི་ཚུལ་དུ་བློས་ལིངས་ཀྱིས་བཀལ་ནས་སྐྱབས་སུ་འགྲོ་བའོ། །དྲུག་པ་གང་གི་ཆེད་དུ་ན་རང་ཉིད་ཞི་བདེ་ཙམ་མ་ཡིན་པར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པའི་ཆེད་དུ་རང་གིས་བྱང་དྲངས་ནས་སེམས་ཅད་ཐམས་ཅད་ཀྱིས་མགྲིན་གཅིག་པར་འདོན་པར་བསམས་ལ། འཁོར་འདས་མཉམ་སྦྱོར་གྱི་ཚུལ་དུ་ཐལ་མོ་སྙིང་གར་སྦྱར་ནས། ཨཱོཾ་ན་མོ་ཧཱུྃ༔ ཕྱོགས་བཅུ་དུས་གསུམ་བཞུགས་པའི་སྐྱབས་གནས་མ་ལུས་དགོངས༔ ཞེས་པའི་ཚིག་རྐང་ལྔས་སྐྱབས་སུ་འགྲོ་ཞིང་མཇུག་ཏུ་སྐྱབས་ཡུལ་


JLAZ005_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་བསྡུ་བར་གཞན་དུ་བཤད་ཀྱང༌། འདིར་རེ་ཞིག་ཡན་ལག་བདུན་པའི་བར་དུ་ཚོགས་ཞིང་དུ་བཞུགས་སུ་གསོལ་བ་ཡིན་ནོ། །བདུན་པ་དེ་ལྟར་སྐྱབས་འགྲོའི་སྦྱང་གཞི་དང་སྦྱོང་བྱེད་ནི། སྤྱིར་རང་སྣང་མ་དག་པ་ཐམས་ཅད་དང༌། ཁྱད་པར་གྱི་སྦྱང་གཞི། འཇིག་རྟེན་པའི་དཔོན་པོ། ཚངས་པ་དང་དབང་ཕྱུག་ལ་སོགས་མུ་སྟེགས་ཕྱི་པའི་ལྷ་དང༌། ལྷ་ཀླུ་བདུད་བཙན་མཐུ་བོ་ཆེ་ལ་སོགས་སྐྱབས་སུ་འགྲོ་བར་མི་འོས་པའི་རིགས་ལ་སྐྱབས་སུ་སོང་བ་དང༌། བླ་མ་དཀོན་མཆོག་གསུམ་ལ་སོགས་སྐྱབས་སུ་འགྲོ་བར་འོས་པའི་ཡུལ་ལ་དེ་ལས་ལྡོག་སྟེ་མ་གུས་པར་བགྱིས་པ་ལ་སོགས་པའི་སེམས་སྣང་བག་ཆགས་དང་བཅས་པ་ནི་སྦྱང་གཞི་ཡིན་ལ། དེ་ཚུལ་བཞིན་དུ་བྱེད་པ་ནི་སྦྱོང་བྱེད་ཀྱི་ལམ་དེ་གཉིས་དབྱེར་མེད་དུ་ཉམས་སུ་ལེན་པ་ནི་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ངེས་ལ། བདེ་འདུས་ལས། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །ཞེས་གསུངས་པ་ལྟར་སྐྱབས་འགྲོ་བྱེད་མཁན་རྣལ་འབྱོར་པ་རང་ཉིད་ཀྱི་སེམས་སྐད་ཅིག་མའི་འཁྲུལ་འཁོར་རམ་བྱེད་ལས་ཡིན་ལ། དེའི་ངོ་བོ་གསལ་སྟོང་དབྱེར་མེད་དུ་གཏན་ལ་ཕབ་ནས། རང་བཞིན་ཅིར་ཡང་མ་གྲུབ་པའི་ངང་ལས་མ་གཡོས་བཞིན་དུ་གདངས་མ་འགགས་པ་སྐྱབས་སུ་འགྲོ་བའི་ཡུལ། སྐྱབས་སུ་འགྲོ་བའི་མཁན་པོ། སྐྱབས་སུ་འགྲོ་བའི་ཚུལ་རྣམས་སུ་ཤར་བ་ཟུང་


JLAZ005_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཏུ་ཉམས་སུ་ལེན་པ་ཡིན་ནོ། །རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ལྟར་ཐམས་ཅད་རང་རིག་གཅིག་པུའི་ཀློང་དུ་འདུས་པ་མོས་པ་ལམ་བྱེད་ཀྱི་སྒོ་ནས་བསླབས་པས་ཅི་ཞིག་ན་མངོན་དུ་འགྱུར་བའོ། །དེ་ལྟ་བུའི་སྐྱབས་འགྲོའི་ཕན་ཡོན་ནི་བསམ་ལས་འདས་ཏེ། ལུང་ལས། སྐྱབས་སོང་འདི་ལ་གཟུགས་མཆིས་ན། །ནམ་མཁའ་འདི་ཡང་སྣོད་དུ་ཆུང༌། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་ལ་གཞལ་བས་ཟད་མི་ནུས། །ཞེས་གསུངས་པ་ལྟར་དང༌། འདི་ནི་ལམ་གྱི་རྨང་རྡོ་ཁོ་ན་ཡིན་ཕྱིར་རྣམ་དག་ཞིག་མ་བྱུང་ན་མགོ་ཉེས་སུ་འགྱུར་བར་མ་ཟད་ནང་པ་སངས་རྒྱས་པའི་ཁོངས་སུའང་མི་ཚུད་པས་གནད་དུ་བསྣུན་པར་བྱའོ། །གཉིས་པ་སེམས་བསྐྱེད་པ་ལ་གསུམ། ཀུན་སློང་འཆོས་པ་དང་སེམས་བསྐྱེད་པ་དངོས། སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་པའོ། །དང་པོ་ནི། སྡུད་པ་ལས། སངས་རྒྱས་ཐེག་པ་འདི་ལ་ངེས་པར་འབྱུང་འདོད་གང༌། །འགྲོ་བ་ཀུན་ལ་སེམས་སྙོམས་ཕ་མའི་འདུ་ཤེས་དང༌། །ཕན་པའི་སེམས་དང་བྱམས་པའི་ཡིད་ཀྱིས་བཏུལ་བྱ་ཞིང༌། །ཐ་བ་མེད་ཅིང་དྲང་ལ་ཚིག་འཇམ་སྨྲ་བར་བྱ། །ཞེས་གསུངས་པ་ལྟར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཕ་དང་མ་ནི་མ་བྱས་པ་མེད་ལ། བཤེས་སྤྲིང་ལས། མ་ཡི་ཐུག་མཐའ་རྒྱ་


JLAZ005_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཤུག་ཚིག་གུ་ཙམ། །རིལ་བུར་དྲིལ་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་ཤིང་ཕ་མ་ནི་བྱས་རེས་ད་ལྟའི་ཕ་མ་བཞིན་ཕན་ཤིན་ཏུ་བཏགས་པའི་དྲིན་ཅན་ཤ་སྟག་ཡིན་ཡང༌། ཚུལ་དེ་ལྟ་བུ་ངོ་མ་ཤེས་ཞིང༌། གཉེན་པོ་དམན་པས། ཕ་མ་བསད་པའི་གྲངས་ཀྱང་མི་ཆོད། ལས་ནི་མ་བྱས་དང་མ་མྱོང་བྱ་བ་མེད། ད་རེས་ཚུལ་དེ་ལྟ་བུའི་གནད་གོ་ཞིང་ཐེག་པ་ཆེན་པོའི་ལམ་ཟབ་མོ་དང་མཇལ་དུས་བྱང་སེམས་ཁྱད་པར་ཅན་ཅིའི་ཕྱིར་མི་བསྒོམ། དེས་ན་བདག་གི་ཕ་མ་འཁོར་བའི་རྒྱ་མཚོ་མུ་མཐའ་མེད་པའི་སྡུག་བསྔལ་གྱིས་གཟིར་བ་སྙིང་རེ་རྗེ་སྙམ་དུ་ཞེ་ཐག་པ་ནས་བསྒོམ་དགོས་ཏེ། སྡུད་པ་ལས། སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱི་ཡི། ཆོས་གཅིག་ལ་བསླབ་པར་བྱའོ། །དེ་གང་ཞེ་ན་སྙིང་རྗེ་ཆེན་པོ་ལའོ། །གང་ལ་སྙིང་རྗེ་ཆེན་པོ་མཆིས་པ་དེ་ལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པ་ལྟར་འགྱུར་རོ། །ཞེས་གསུངས་ཤིང༌། འོ་སྐོལ་རྣམས་ཀྱིས་སྙིང་རྗེའི་བསམ་པས་ལུས་སྲོག་གཏོང་ཕོད་པ་ལྟ་ཅི། ཐུན་རེ་རེ་ཙམ་ཡང་སྙིང་རྗེའི་བསམ་པ་རྒྱུད་ལ་སྐྱེ་མཁན་དཀོན་པར་འདུག་སྟེ། དེ་ལྟ་ན་རྣམ་མཁྱེན་ནི་ལྟ་ཞོག །ཐར་བའི་རེ་བ་ཙམ་ཡང་མ་མཆིས་ཏེ། ཅིའི་ཕྱིར་ན་ཐར་པ་དང་བྱང་ཆུབ་དོན་དུ་གཉེར་བ་ལ་བྱང་ཆུབ་སེམས་དཔས་ཀྱང་ལུས་སྲོག་ལ་འཕངས་པ་མེད་པར་


JLAZ005_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཞན་བརྗེས་ནས་སེམས་བསྐྱེད་པ་གྲངས་ཀྱིས་མི་ཆོད་དེ། དེ་ཡང་འདི་ལྟ་སྟེ། སྔོན་ཐུབ་པའི་དབང་པོ་ཉིད་རྒྱལ་པོ་པདྨ་བྱ་བར་འཁྲུངས་ཚེ། དུས་རེ་ཞིག་ན་ཁོང་གི་མངའ་རིས་སུ་ནད་ཡམས་ཆེན་པོ་བྱུང་ནས་མི་མང་པོ་ཤི་བས། རྒྱལ་པོས་སྨན་པ་རྣམས་བོས་ནས། འདི་ལ་ཅིས་ཕན་དྲིས་པས། དེ་དག་ན་རེ། ཉ་རོ་ཧི་ཏའི་ཤ་ཡོད་ན་ཕན། གཞན་གང་ཕན་ནད་གྲིབ་ཀྱིས་རྨུགས་ནས་མི་ཤེས་པ་འདུག་ཞུས་པས། རྒྱལ་པོས་དུས་བཟང་ལ་བབ་པའི་སྔ་དྲོར་ཁྲུས་བྱས། གོས་གསར་བ་གྱོན་གསོ་སྦྱོང་བླངས། དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་ཕུལ། གསོལ་བ་དྲག་པོ་བཏབ་ནས། ནད་པ་ལ་སྙིང་ཤིན་ཏུ་རྗེ་བའི་བསམ་པས། བདག་ཤི་མ་ཐག་ཆུ་ཀླུང་ལྡོག་བྱེད་དུ་ཉ་རོ་ཧི་ཏར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་ཁང་བཟང་གི་ཁ་ནས་མཆོངས་ཏེ་ལྕེབས་སོ། །དེ་མ་ཐག་སྨོན་ལམ་གྱི་དབང་གིས་རྒྱལ་པོ་ཆུ་ཀླུང་ལྡོག་བྱེད་དུ་ཉ་དེར་རྫུས་ནས་སྐྱེས་སོ། །དེས་མིའི་སྐད་དུ་ང་ཉ་རོ་ཧི་ཏ་ཡིན་པས་ངའི་ཤ་ཟོ་ཞིག་ཅེས་སྨྲས་པས་ཐམས་ཅད་ཀྱིས་ཤ་བླངས་ཏེ། གཞོགས་གཅིག་གི་ཤ་ཟད་ཙ་ན་གཞོགས་བསྒྱུར་ནས་བཅད་པས་གཅིག་ཟད་ཙ་ན་གཅིག་གི་ཤ་སྐྱེས་ནས་དེ་ལྟར་རེས་མོས་ཀྱིས་ཟོས་པས་མི་ཐམས་ཅད་ནད་ལས་ཐར་རོ། །དེར་མི་རྣམས་ལ་ཁྱེད་རྣམས་ཀྱི་དོན་དུ་ངས་འདི་ལྟར་བྱས་སོ་ཞེས་ལོ་རྒྱུས་གསུངས་ཏེ། དྲིན་ལན་དུ་སྡིག་པ་སྤོངས་


JLAZ005_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགེ་བ་ཅི་ནུས་སྒྲུབས་ཤིག་གསུངས་པས་དེ་དག་གིས་ཀྱང་བཀའ་བཞིན་བསྒྲུབས། དེ་ནས་བཟུང་སྟེ་དེ་དག་ཀྱང་ངན་འགྲོར་མ་ལྟུང་ངོ་ཞེས་གསུངས་སོ། །དེས་ན་བྱང་ཆུབ་དོན་དུ་གཉེར་བ་ལ་བདག་བས་གཞན་གཅེས་ཀྱི་སྙིང་རྗེ་ཆེན་པོ་ལ་སྦྱང་དགོས་ཤིང༌། ལ་ལ་དག་འདི་སྙམ་དུ་དེ་ནི་སངས་རྒྱས་ཀྱི་མཛད་པ་ཡིན་མོད། སོ་སྐྱེས་ཀྱིས་མི་ནུས་སྙམ་ནས་ཚིག་ཙམ་དུ་བས་ནས་སྒྱིད་ལུག་པར་བྱ་སྟེ། མ་ངེས་ཏེ། སྔོན་གྱི་གཏམ་རྒྱུད་དུ། བྱ་ས་ཀོ་ཁར་ཀོ་བ་གཅིག་གི་ནང་དུ་བཙུན་པ་དྲུག་དང་བང་ཕྱིན་པ་གཅིག་རྣམས་ཞུགས་ཏེ་ཀོ་བ་བཏང་བས་ཆུ་ཡི་བཞི་ཆ་ཙམ་སོང་བ་དང་ཀོ་མཁན་ན་རེ། ཅུང་ལྗིད་འདུག་པས་རྐྱལ་ཤེས་པ་ཞིག་ཡོད་ན་ཐོན་རོགས་གྱིས། ཡང་ན་ང་ཡིས་ཐོན་གྱི་ཁྱེད་རང་གཅིག་གིས་སྐྱ་བ་ཟུང་ཟེར་བ་ལ། ཐམས་ཅད་ཀྱིས་གཉིས་ཀ་མི་ཤེས་པར་འདུག །བང་ཕྱིན་པ་དེ་ན་རེ། ཐམས་ཅད་ཤི་བ་ལས་ང་གཅིག་པུ་ཤི་བ་དྲག་ཟེར་ནས་ཆུ་ལ་མཆོངས་ནས། དེ་མ་ཐག་འཇའ་ཟུག །མེ་ཏོག་གི་ཆར་བབས། རྐྱལ་མ་ཤེས་ཀྱང་སེམས་བསྐྱེད་རྣམ་པར་དག་པའི་དབང་གིས་མ་ཤི་བར་གྲགས། མི་དེས་སྔར་ཆོས་ཙམ་བྱས་པའི་རིགས་སུ་མི་འདུག་སྐད་དེ། བློ་རྣམ་དག་རེ་རེས་དེ་འདྲ་ཕོད་དེ་འབྲས་བུ་དེ་ལྟ་བུ་འབྱུང་བར་ནུས་པ་ཡིན་འདུག་པས་དེ་དག་ལ་གཞིག་པ་ཡང་ཡང་བཏང་ནས་ཀུན་སློང་འཆོས་པའི་སྙིང་སྟོབས་བསྐྱེད་དགོས་པ་ཡིན་


JLAZ005_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། འདི་ལྟ་བུ་སྔོན་དུ་མ་སོང་ན་སེམས་བསྐྱེད་ཀྱི་ཚིག་བརྒྱ་ཚར་ཁྲི་ཚར་བཏོན་ཀྱང་སེམས་བསྐྱེད་རྣལ་མ་ཞིག་སྐྱེ་བར་མི་ནུས་ཏེ། དེས་ན་རྒྱུ་སྙིང་རྗེ་ཆེན་པོའི་བློ་སྦྱངས་ཀྱིས་ཟིན་པ་ཁོ་ན་ལ་རག་ལས་ཤིང༌། དེའི་ངོ་བོ་ཧྲིལ་གྱིས་དྲིལ་ན། རང་གཞུང་ལས། དེ་ལ་བྱམས་པ་ནི་ཞེ་སྡང་མེད་པའི་སེམས༔ སྙིང་རྗེ་ནི་འདོད་ཆགས་མེད་པའི་སེམས༔ བྱང་སེམས་ནི་གཏི་མུག་མེད་པའི་སེམས༔ ཞེས་རིམ་པ་ལྟར་སྡེ་སྣོད་གསུམ་དང་བསླབ་པ་མི་དགེ་བའི་ཕྱོགས་ལས་རྒྱུད་སྡོམ་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་ལ་སོགས་པ་དགེ་བ་གོང་མར་སྤེལ་བ་ནི་སེམས་ཀྱི་བསླབ་པ། དོན་གཉིས་བསྒྲུབ་ཅིང་ཤེས་བྱ་འབྱེད་པ་ནི་ཤེས་རབ་ཀྱི་བསླབ་པ་སྟེ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཅེས་ཀྱང་རིམ་པར་འཆད་དོ། །གསུམ་གྱི་སྟོང་ཐུན་དང་སྦྱར་ནས་གསུངས་ཤིང༌། དེས་ན་སྙིང་རྗེ་གོ་ལོག་ཏུ་མ་སོང་བར་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒོ་གསུམ་དགེ་བའི་ལས་ལ་བཀོལ་ནས་འདི་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་སྙམ་པའི་འདུན་པ་དེ་དང་མ་བྲལ་བས། ནམ་མཁའི་མཐའ་ཀླས་གྱུར་བའི་འགྲོ་བ་མ་ལུས་པ༔ ཞེས་ཤློ་ཀས་སེམས་བསྐྱེད་པར་བྱའོ། །དེ་ལྟར་ཀུན་རྫོབ་ཀྱི་སེམས་བསྐྱེད་མཐའ་དག་སྨོན་འཇུག་གཉིས་སུ་འདུ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་ནི་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །ཕར་ཕྱིན་ལུགས་ཀྱི་དགོངས་འགྲེལ་གཞུང་ཆེན་པོ་རྣམས་སུ་སེམས་བསྐྱེད་འདི་རྒྱས་པར་བདུན་ཚན་གྱི་བར་དུ་དབྱེ་ཡང་འདིར་ཤཱནྟ་དེ་ཝའི་ལུགས་ཀྱིས་མདོར་བསྡུས་གཉིས་ཚན་གྱིས་འདུམས་


JLAZ005_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྨོན་འཇུག་གི་དོན་ནི། སྨོན་པ་འགྲོ་བ་འདོད་པ་དང༌། འཇུག་པ་འགྲོ་བ་དངོས་ལྟ་བུ་ལ་སྦྱོར་ཞིང༌། རྒྱ་གར་གྱི་སློབ་དཔོན་རྣམས་ས་མཚམས་ཀྱི་སྒོ་ནས་དབྱེ་བའི་ཚེ་བདེན་པ་མཐོང་མ་མཐོང་ལ་བཞེད་པ་འདུག་ཀྱང༌། ཀུན་མཁྱེན་བསམ་ཡས་པས། གཞན་དོན་བྱང་ཆུབ་འདོད་པ་ནི་སྨོན་པ། སྦྱོར་བས་ཁྱབ་ནས་ཞུགས་པ་ནི་འཇུག་པ་སྟེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་ཡིན་ནོ། །ཞེས་གསུངས་སོ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་གསུངས་ཤིང་དེ་ཡང་དང་པོ་སྨོན་པ་ཁོ་ན་ལ་གཙོ་ཆེ་བར་བསླབ་དགོས་ཏེ། རང་གཞུང་ལས། སྨོན་པའི་བྱང་སེམས་ལ་བློ་སྦྱངས་ནས༔ འཇུག་པ་ཤུགས་ལ་འོང་ཞིང་༔ སྨོན་པའི་སེམས་མ་བསྐྱེད་ན་འཇུག་པ་འགྲུབ་མི་སྲིད༔ མེད་པ་མི་འབྱུང་བའི་རྒྱུ་འབྲས་སོ། །ཞེས་གསུངས་པས་སོ། །འོན་ཀྱང་ལ་ལ་དག་རྡོ་རྗེའི་ཐེག་པ་ཐབས་ལ་མཁས་པ་ཡིན་པས་རྒྱུའི་ཐེག་པའི་སེམས་སྦྱང་དང་རྒྱས་བཤད་ཀྱི་ལུང་མི་རིགས་སོ་སྙམ་པ་ནི་བླུན་པ་སྟེ། ཐེག་པ་ཆེན་པོའི་རྩ་བ་སེམས་བསྐྱེད་ལ་ཐུག་པས་སྤྲོས་ནས་བཤད་པ་སྟེ། ཇི་སྐད་དུ། ཐེག་པའི་ཁྱད་པར་ཤེས་རབ་སྙིང་རྗེ་སྟེ། །དེ་མིན་ཐེག་པ་ཆེན་པོར་ཁས་འཆེས་པ། །བོང་བས་སེང་གེའི་པགས་པ་ཀྱོན་དང་མཚུངས། །ཞེས་གསུངས་པར་མ་ཟད་གཞུང་ཚིག་དངོས་བསྟན་གྱིས་གསལ་བར་གོ་ནུས་ལ། དེ་ཡང་གནས་སྐབས་འདི་དག་ཏུ་སྟོང་པ་ཉིད་སྙིང་རྗེ་ཟུང་དུ་མ་འབྲེལ་ན་ཡ་བྲལ་གྱིས་ལམ་རྣམ་དག་ཏུ་འགྲོ་བར་མི་ནུས་ཏེ།


JLAZ005_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་རྣམ་པར་འཕྲུལ་པ་ལས། སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་སེམས་ཅན་ཡལ་བར་འདོར་བ་ཡང་བདུད་ཀྱི་ལས་སོ། །ཤེས་རབ་ཀྱིས་རྣམ་པར་དཔྱོད་ཅིང་སྙིང་རྗེ་ཆེན་པོ་ལ་དམིགས་པར་འཛིན་པ་ཡང་བདུད་ཀྱི་ལས་སོ། །ཞེས་གསུངས་པས་གསལ་ཆ་ནས་སྙིང་རྗེའི་གདངས་སུ་ཤར་ཡང༌། སྟོང་ཆ་ནས་ཞེན་པ་མེད་པ་དགོས་པའི་ཕྱིར་རོ། །གསུམ་པ་སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་པ་ནི། སྤྱིར་བཏང་གི་སྦྱང་གཞི་སྐྱབས་འགྲོ་དང་ཆོས་མཚུངས། ཁྱད་པར་བ་ནི། ཚེ་ཐོག་མ་མེད་པ་ནས་གཞན་ལ་བསམ་ངན་བསྒོམས་པ་དང༌། སེམས་བསྐྱེད་གོ་ལྡོག་ཏུ་སྤྱད་པ་ལ་སོགས་པའི་སེམས་དང་སེམས་བྱུང་ཐམས་ཅད་ནི་སྦྱང་གཞི་ཡིན་ལ། སེམས་བསྐྱེད་ཀྱི་རྣལ་འབྱོར་ནི་སྦྱོང་བྱེད། དེ་གཉིས་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ནི་དོན་དམ་པའི་སེམས་བསྐྱེད་དེ་ལུགས་གཞན་དུ་འཁོར་འདས་དབྱེར་མེད་ཀྱི་སེམས་བསྐྱེད་ཅེས་གྲགས་སོ། །གསུམ་པ་ཡན་ལག་བདུན་པ་ལ་གཉིས། དངོས་དང་སྤྱིར་བསྡོམས་ཀྱི་ཕན་ཡོན་ནོ། །དང་པོ་ལ་རྣམ་གྲངས་བདུན་ལས། དང་པོ་ལ་ཕྱག་འཚལ་བའི་ཡན་ལག་ལ་བཞི། ཡུལ་གང་ལ། ཚུལ་ཇི་ལྟ་བུས། དོན་གང་གི་ཆེད་དུ། དེ་ལྟར་བཙལ་བའི་ཕན་ཡོན་ནོ། །དང་པོ་ནི། སྔར་བཤད་མ་ཐག་པའི་ཚོགས་ཞིང་རྣམས་ལའོ། །གཉིས་པ་ནི། རང་ལུས་ཐ་མལ་པ་ནམ་མཁའ་གང་བར་སྤྲུལ་ཞིང་མཁའ་ཁྱབ་ཀྱི་སེམས་ཅན་ཡོད་དོ་ཅོག་


JLAZ005_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་སྒོ་གསུམ་ཕུ་དུད་ཆེན་པོས་ཁྱེད་ཤེས་ཀྱི་མོས་གུས་དང་བཅས་ཡན་ལག་ལྔ་ལྡན་གྱིས་ཕྱག་བཙལ་ནས། དེ་དག་གི་སྐུ་གསུང་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས། རང་ཅག་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྡིག་སྒྲིབ་དག་པར་བསམ་པ་ནི་ང་རྒྱལ་གྱི་གཉེན་པོ་ཡན་ལག་དང་པོའོ། །གསུམ་པ་ནི། བདག་སོགས་སེམས་ཅན་ཐམས་ཅད་ལ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཅིང༌། དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་སྩོལ་བའི་ཆེད་དུ་བསམ་ནས། བདེ་གཤེགས་ཀུན་འདུས་རྡོ་རྗེ་འཆང་ཆེན་བླ་མ་རྗེ། །ཞེས་ཤློ་ཀས་ཕྱག་འཚལ་བར་བྱའོ། །བཞི་པ་ཕན་ཡོན་ནི། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། རང་གི་སྒོ་གསུམ་བཏུད་བྱས་ནས། །རྒྱལ་བའི་སྐུ་ལ་ཕྱག་འཚལ་ན། །དེ་ཡི་བསོད་ནམས་འཇིག་རྟེན་དུ། །གཟུགས་ཅན་གྱུར་ན་ཤོང་མི་འགྱུར། །ཅེས་གསུངས་པ་ལྟར་རོ། །གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ལ་བཞི། བླ་ན་ཡོད་པའི་མཆོད་པ་དང༌། བླ་ན་མེད་པའི་མཆོད་པ་དང༌། དེ་གཉིས་ཀ་འགྲོ་བའི་དོན་དུ་བསམ་པ་དང༌། དེའི་ཕན་ཡོན་ནོ། །དང་པོ་ནི་དངོས་སུ་འབྱོར་བའི་མཆོད་པ་གང་ཞིག་ལྷ་མིའི་མེ་ཏོག་ལ་སོགས་ཏེ་ཕྱི་མཆོད་དང༌། སྨན་རཀ་གཏོར་གསུམ་ལ་སོགས་ཏེ་ནང་མཆོད་དང༌། བདེ་སྟོང་ཞུ་བདེའི་འབར་འཛག་ལ་སོགས་ཏེ་གསང་མཆོད་རྣམས་དང༌། མདོར་ན་བཀོད་པས་ཁྱད་པར་


JLAZ005_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཤིང་མཆོད་པར་འོས་པའི་དངོས་པོ་ཀུན་གྱིས་སོ། །གཉིས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཏིང་ངེ་འཛིན་གྱིས་སྤྲུལ་པའི་མཆོད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་བ་ལས་བྱུང་བ་གང་ཇི་སྙེད་པ་རྣམས་ནི་དེ་ལས་གོང་དུ་གྱུར་པའི་མཆོད་པ་གཞན་མེད་པས་བླ་ན་མེད་པ་ཞེས་བྱ་ཞིང༌། ཚུལ་དེ་གཉིས་ཀྱིས་མཆོད་པས་ཚོགས་ཞིང་དགྱེས་པ་བསྐྱེད་པར་བལྟ་བ་ནི་སེར་སྣའི་གཉེན་པོ་ཡན་ལག་གཉིས་པའོ། །གསུམ་པ་ནི་བདག་གཅིག་པུ་བསོད་རྣམས་ཀྱི་མཐུ་ཕུན་སུམ་ཚོགས་པར་ཐོབ་པའི་དོན་དུ་མི་བསམ་པར། མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འབུལ་ལོ་སྙམ་པའི་ལྷག་བསམ་ཟོལ་མེད་དང་བཅས། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ཞེས་ཤློ་ཀས་དབུལ་བར་བྱའོ། །བཞི་པ་ཕན་ཡོན་ནི། པད་དཀར་ལས། མེ་ཏོག་གཅིག་ཙམ་གྱིས་ཀྱང་མཆོད་པ་ཡང༌། །བདེ་གཤེགས་སྐུ་གཟུགས་རྩིག་ངོས་བྲིས་པ་ལ། །ལུས་འཁྲུགས་བཞིན་དུ་སེམས་ཀྱིས་ཕུལ་བ་ན། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང༌། །ཞེས་གསུངས་པ་ལྟར་རོ། །གསུམ་པ་བཤགས་པའི་ཡན་ལག་ལ་གསུམ། ཉམས་པའི་བརྡ་སྦྱར་བ་དང༌། དེ་ལ་འགྱོད་པའི་སེམས་ཀྱིས་བཤགས་པ། དེའི་ཕན་ཡོན་ནོ། །དང་པོ་ནི། བདག་གཞན་ཐམས་ཅད་ཀྱི་ཐོག་མ་མེད་པ་ནས་རྒྱུ་དུག་གསུམ་གྱི་བློས་ཀུན་ནས་བླངས་པའི་


JLAZ005_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་བདག་གིས་བགྱིས་པ་དང༌། གཞན་ལ་བྱར་བཅུག་པ་དང༌། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བའི་སེམས་བསྐྱེད་པ་དང༌། ཕ་མ་དང་དགྲ་བཅོམ་པ་གསོད་པ་ལ་སོགས་ཏེ་མཚམས་མེད་པ་ལྔ་དང༌། སྲོག་གཅོད་མ་བྱིན་ལེན་ལ་སོགས་ཏེ་མི་དགེ་བ་བཅུ་སྟེ། ལས་ཕྲ་རགས་ཅི་བསགས་པའང་ཤིན་ཏུ་འགྱོད་ཅིང་ཉེས་པ་ཁས་ལེན་པའི་འདུན་པ་བྱེད་པའོ། །གཉིས་པ་ནི། དེ་དག་ཐམས་ཅད་ལ་དྲན་གསོས་བཏབ་སྟེ། གནོང་འགྱོད་དྲག་པོའི་བསམ་པས་ཚོགས་ཞིང་རྣམས་ཀྱི་སྤྱན་སྔར་སྟོབས་བཞིའི་དག་པ་དྲན་པའི་སྒོ་ནས་བཤགས་པ་ནི་གཏི་མུག་གི་གཉེན་པོ་ཡན་ལག་གསུམ་པ་སྟེ། དུས་འདི་ནས་བཟུང་འཁོར་བ་ཐོག་མཐའ་མེད་པ་ནས༔ སོགས་ཤློ་ཀས་བཤགས་པར་བྱའོ། །གསུམ་པ་ཕན་ཡོན་ནི། ཡུམ་བར་མ་ལས། གང་ཞིག་དྲན་པའི་མོད་ལ་ནི། །སྡིག་པ་དྲན་པས་འགྱོད་པ་ཡིས། །བཤགས་པས་ཐམས་ཅད་འཛད་པ་དེ། །རྒྱལ་བའི་སྲས་པོས་ཕྱིས་སྡོམས་ཤིག །ཅེས་གསུངས་པ་ལྟར་རོ། །བཞི་པ་གཞན་རྒྱུད་ཀྱི་བསོད་ནམས་ལ་དགའ་བ་བསྒོམ་པ་རྗེས་སུ་ཡི་རང་བའི་ཡན་ལག་ལ་གཉིས། དམིགས་ཡུལ་གྱི་ཁྱད་པར་ལ་བསམ་པ་དང༌། ཕན་ཡོན་ནོ། །དང་པོ་ནི། སངས་རྒྱས་དང་བྱང་སེམས་འཕགས་པའི་ཚོགས་ཀྱིས་འགྲོ་དོན་མཛད་པ་དང༌། ཉན་རང་ལ་སོགས་ཏེ་མོས་


JLAZ005_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པ་རྣམས་ཀྱིས་རང་རང་གི་བསླབ་པའི་ཚུལ་ཁྲིམས་བསྲུང་བ་དང༌། ཁྱིམ་པ་ལ་སོགས་ཏེ་སོ་སོའི་སྐྱེ་བོས་འདུས་བྱས་ཀྱི་དགེ་ཚོགས་ཅི་བསགས་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་སེམས་ཀྱིས་དགའ་བ་སྒོམ་པ་ནི་ཕྲག་དོག་གི་གཉེན་པོ་ཡན་ལག་བཞི་པ་སྟེ། ངག་ཏུ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན་ཐོས་རང་རྒྱལ་དང་༔ ཞེས་པའི་ཤློ་ཀས་རྗེས་སུ་ཡི་རང་བར་བྱའོ། །གཉིས་པ་ཕན་ཡོན་ནི། འདི་ནི་བྱ་སླ་ལ་རླབས་ཆེ་བ་ཞིག་སྟེ། དགེ་བ་གསོག་པ་པོ་དང༌། དེ་ལ་རྗེས་སུ་ཡི་རང་བའི་བསམ་པ་སྐྱེས་པ་གཉིས་བསོད་ནམས་མཉམ་པོར་ཐོབ་པར་གསུངས་ཏེ། སྔོན་རྒྱ་གར་འཕགས་པའི་ཡུལ་དུ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེ་བཞིན་གཤེགས་པའི་ཚོགས་ལ་བསྙེན་བཀུར་གྱིས་མཆོད་པ་ལས། དབུལ་པོ་ཞིག་གིས་དེ་ལ་རྗེས་སུ་ཡི་རང་བའི་བསམ་པ་སྐྱེས་པ་བསོད་ནམས་མཉམ་པའི་ནང་ནས་ཆེ་བར་ཐོབ་པར་གསུངས་སོ། །ལྔ་པ་རང་གཞན་ལ་ཕན་པའི་ལྷག་བསམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པའི་ཡན་ལག་ལ་གསུམ། གཞུང་ཚིག་དང་བསྟུན་ནས་སྟོང་ཐུན་བརྗོད་པ་དང༌། ཆོས་འཁོར་བསྐོར་བར་གསོལ་བ་གདབ་པ་དངོས། དེ་ལ་ཕན་ཡོན་བཤད་པའོ། །དང་པོ་ནི། གང་དག་ཕྱོགས་རྣམས་ཀུན་གྱི་ཞིང་ཁམས་རྣམ་དག་མུ་མེད་པ་ན་བཞུགས་པའི་སངས་རྒྱས་ཐམས་ཅད། སྔོན་སྟོན་པ་ཡང་དག་པར་


JLAZ005_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་པ་བྱས། །ཞེས་པའི་ཚིགས་བཅད་ཤློ་ཀ་གསུངས་ནས་ཞག་བདུན་ཕྲག་བདུན་གྱི་བར་ཆོས་མ་གསུངས་པར་ཐུགས་ལས་ཆུང་བར་གཞོལ་བ་ན། ཚངས་པ་གཙུག་ཕུད་ཅན་དང་བརྒྱ་བྱིན་གྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་ལ་སོགས་པ་ཕུལ་ནས་ཆོས་འཁོར་བསྐོར་བར་བསྐུལ་བའི་གསོལ་བ་བཏབ་པའི་ཚེ། དེ་ལྟར་དུ་ཞལ་གྱིས་བཞེས་པ་ལྟར་རོ། །གཉིས་པ་ནི། ཚུལ་དེ་ལྟ་བུས་སངས་རྒྱས་ཆོས་གསུང་བར་མི་བཞེད་ཅིང་མཉམ་པར་གཞག་པ་གང་ན་སུ་བཞུགས་པ་དེ་དག་གི་དྲུང་དུ། བདག་ཉིད་ཀྱིས་ལུས་གྲངས་མེད་པར་སྤྲུལ་ཏེ། སངས་རྒྱས་རེ་རེའི་སར་ཕྱིན་ནས་གསེར་འཁོར་རྩིབས་སྟོང་དང་ལྡན་པ་རེ་ཕུལ་ནས། འགྲོ་བའི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་ཕུར་ཚུགས་སུ་འདེབས་པ་སྟེ་འདོད་ཆགས་ཀྱི་གཉེན་པོ་ཡན་ལག་ལྔ་བའི་དོན་དྲན་པས། ཕྱོགས་རྣམས་ཀུན་གྱི་ཞིང་ཁམས་མཐའ་ཡས་མི་མེད་ན༔ སོགས་ཀྱི་ཤློ་ཀས་བསྐུལ་པར་བྱའོ། །གསུམ་པ་ཕན་ཡོན་ནི། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། རྒྱལ་པའི་དགོངས་པ་མཛད་པ་ལ། །གང་གིས་གསོལ་བ་འདེབས་པ་དེ། །དབང་གི་རྒྱལ་པོ་ལྟ་བུ་སྟེ། །དེ་ཡི་བསོད་ནམས་འཆིང་པ་འདྲ། །


JLAZ005_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུང་པ་ལྟར་རོ། །དྲུག་པ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ་གདབ་པའི་ཡན་ལག་ལ་བཞི་སྟེ། ཡུལ་གང་ལ། དོན་གང་གི་ཕྱིར། དུས་ཇི་སྲིད་དུ་གསོལ་བ་བཏབ་པ། དེའི་ཕན་ཡོན་ནོ། །དང་པོ་ནི། རྒྱལ་བ་གང་དག་སེམས་ཅན་གྱི་དོན་ཅི་རིགས་པར་མཛད་ནས་མྱ་ངན་ལས་འདའ་བའི་དགོངས་པ་གཏོད་པའོ། །གཉིས་པ་ནི། འཁོར་བར་འཁྱམས་པའི་སེམས་ཅན་རྗེས་སུ་བཟུང་བའི་དོན་དུའོ། །གསུམ་པ་ནི། སྔོན་དེ་བཞིན་གཤེགས་པ་ལ་དགེ་བསྙེན་ཙུན་དས་གསོལ་བ་བཏབ་པ་ལྟར་བདག་གིས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་བསྟན་པའི་སྒྲོན་མེ་སྦར་ཞིང་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་ཞེས་གསོལ་བ་གདབ་པ་ནི་ལོག་ལྟའི་གཉེན་པོ་ཡན་ལག་དྲུག་པ་སྟེ་དོན་དྲན་པས། རྒྱལ་བ་གང་དག་མྱ་ངན་འདའ་བར་བཞེད་པ་རྣམས༔ སོགས་ཤློ་ཀས་གསོལ་བ་གདབ་པར་བྱའོ། །བཞི་བ་དེ་ལྟར་བགྱིས་པའི་ཕན་ཡོན་ནི། མདོ་ལས། ཉོན་ཅིག་ཚངས་པའི་རྒྱལ་པོ་ཁྱོད། །བཅོམ་ལྡན་འདས་ལ་གསོལ་འདེབས་པ། །བསོད་ནམས་དེ་ནི་ཁྱད་པར་འཕགས། །སངས་རྒྱས་མྱ་ངན་འདའ་མི་མངའ། །ཞེས་གསུངས་པ་ལྟར་རོ། །བདུན་པ་བསགས་པའི་དགེ་རྩ་རྣམས་བྱང་ཆུབ་ཏུ་བསྔོ་བའི་ཡན་ལག་ལ་གསུམ། བསྔོ་བྱའི་དགེ་ཚོགས་གསལ་གདབ་པ་དང༌། བསྔོ་ཡུལ་དམིགས་པ་མེད་པར་རྒྱས་གདབ་པ། བསྔོ་


JLAZ005_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་རྒྱུ་མཚན་ནོ། །དང་པོ་ནི། བདག་གཞན་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་འདས་མ་འོངས་ད་ལྟ་དུས་གསུམ་དུ་གཏོགས་པའི་སྒོ་གསུམ་དམིགས་བཅས་དམིགས་མེད་ཀྱི་དགེ་བ་བདག་གིས་བགྱིས་པའམ། གཞན་ལ་བགྱིད་དུ་སྩལ་བ། གཞན་གྱིས་བགྱིས་པ་ལ་སེམས་ལྷག་པར་རངས་པ་སོགས་མདོར་ན་ཕྱིན་ཅི་ལོག་མ་ཡིན་པའི་རིགས་བསྔོ་བར་རུང་བའི་དགེ་ཚོགས་རྣམས་སོ། །གཉིས་པ་ནི། འཁོར་གསུམ་ཡོངས་དག་དམིགས་པ་མེད་པ་རྡོ་རྗེ་ཐེག་པའི་ཀློང་དུ་བསྔོ་བ་ནི་ཐེ་ཚོམ་མམ་ལུང་མ་བསྟན་གྱི་གཉེན་པོ་ཡན་ལག་བདུན་པ་སྟེ་གནད་དོན་དྲན་པའི་སྒོ་ནས། བདག་གཞན་འགྲོ་བས་དུས་གསུམ་བསགས་གཏོགས་དགེ་བ་ནི༔ སོགས་ཀྱིས་བསྔོ་བར་བྱའོ། །གསུམ་པ་བསྔོ་དགོས་པའི་རྒྱུ་མཚན་ནི། འོག་ཏུ་མཇུག་བསྡོམས་ཀྱི་བསྔོ་བའི་སྐབས་རྒྱས་པར་འཆད་པར་འགྱུར་རོ། །དེ་ཡང་མདོ་ལུགས་སྤྱི་ཁྱབ་ཏུ་ཡན་ལག་བདུན་པ་བཤད་མ་ཐག་པ་ཁོ་ན་གྲགས་ཆེ་མོད། དེ་དག་ལ་དམིགས་པའི་བྱེ་བྲག་གིས་འགྲེལ་པའང་ཇི་སྙེད་ཅིག་འབྱུང་སྟེ། འདི་ལ་ནི་གཏེར་ཁ་འདི་ཁའི་རང་སྐད་ཁྱད་པར་ཅན་གྱི་མན་ངག་མང་པོ་ཡང་མཆིས་ཏེ་དཔྱོད་ལྡན་གྱིས་བརྟག་པར་བྱའོ། །དེ་ཡང་སྔགས་ལུགས་ཀྱི་སྤྱི་དང་སྔ་གཏེར་ཚད་ཐུབ་མང་པོར་ཡན་ལག་བཅུ་པ་ཞེས་སྤྱི་ཁྱབ་དང་མཐུན་པའི་མགོར་སྤྱན་འདྲེན་དང་བཞུགས་


JLAZ005_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། མཇུག་ཏུ་སྨོན་ཚིག་སྦྱར་བ་དང་ལ་ལར་སྐྱབས་འགྲོའི་ཚིག་རྐང་དང་འབྲེལ་བའི་ཡན་ལག་བརྒྱད་པ་སོགས་ཀྱང་འབྱུང་སྟེ་མཐའ་གཅིག་ཏུ་མི་བཟུང་ངོ༌། །གཉིས་པ་སྤྱི་བསྡོམས་ཀྱི་ཕན་ཡོན་ནི། འདི་ནི་ཤིན་ཏུ་ཁག་ཆེ་སྟེ། སྤྱིར་ཚོགས་བསགས་པའི་སྒོ་ཐམས་ཅད་འདིའི་ཁོངས་སུ་འདུས་པ་དང༌། ཁྱད་པར་ཕར་ཕྱིན་ཐེག་པར་བསྐལ་བ་གྲངས་མེད་གསུམ་ཞེས་གཏམ་དཀྲིགས་མི་འཁྲུག་ཁྱད་འབྱིན་ལ་སོགས་ཏེ་གྲངས་ཀྱི་མངོན་བརྗོད་རིག་པའི་གཞུང་ལུགས་ནས་དྲངས་པའི་མཐར་གྲངས་མེད་པ་ནི་ཐ་མའོ། །ཞེས་པའི་གྲངས་མེད་གསུམ་དུ་ཚོགས་བསགས་དགོས་པར་གསུངས་པ་ཡང་གནད་ཁྱད་པར་ཅན་འདི་དག་གིས་ཟིན་ན་གྲངས་མེད་ཀྱི་ཚོགས་སྐད་ཅིག་སྐད་ཅིག་ལ་རྫོགས་ནུས་ཏེ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། སེམས་སྟོབས་ཆེ་ན་སྐད་ཅིག་རེ་རེ་ལ་ཚོགས་བསྐལ་བ་མང་པོ་འདུམས་པར་བཤད་པས་གྲངས་མེད་གསུམ་ཇི་ལྟ་བར་གསོག་མི་དགོས་ཤིང༌། གསང་སྔགས་ལ་དབང་པོ་ཤིན་ཏུ་རྣོན་པོའི་དབང་དུ་བྱས་ཏེ། སེམས་སྟོབས་ཆེན་པོའི་ཚོགས་དཔག་ཏུ་མེད་པ་སྐད་ཅིག་རེ་རེས་འདུམས་པ་ཅན་ལ་རྒྱུན་ཆགས་སུ་བསླབས་པས་ཚེ་གཅིག་ལ་སོགས་པས་གྲོལ་བར་འཐད་པ་ཡིན་ནོ། །ཞེས་དང༌། ཚུལ་གསུམ་སྒྲོན་མེ་ལས། ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་ལ། གནད་འགག་དེ་


JLAZ005_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཁོང་དུ་མ་ཆུད་པར་ངེས་པའི་གནད་ཐམས་ཅད་སྟོང་སྒྲ་ཁོ་ན་ལ་རྒྱས་འདེབས་ཤིང༌། ཚིག་ཤར་ཀློག་པ་ཙམ་ལའང་རོ་འཛིན་ལ་རྒྱ་མདུད་ཀྱིས་བརྩེགས་པའི་རྨོངས་པ་དག་གིས་དམ་པའི་བྱ་བ་ལ་ནན་གྱིས་འགྲན་ཞིང་མུ་ཅོར་སྨྲ་བ་དག་སྙིང་རྗེ་བའོ། །བཞི་པ་སྡོམ་པ་བཟུང་ཞིང་དམ་བཅའ་བ་ལ་གཉིས། ཚུལ་ཇི་ལྟ་བུས་བཟུང་བ་དང་མཇུག་ཏུ་ཚོགས་ཞིང་ལས་དངོས་གྲུབ་བླངས་ཏེ་བསྡུ་བའོ། །དང་པོ་ལ་བཞི། སོ་སོར་ཐར་བའི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ། རིགས་འཛིན་སྔགས་ཀྱི་དམ་ཚིག །དེ་དག་གིས་ཐམས་ཅད་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་སྲུང་མཚམས་དང་བྲལ་བར་ལ་བཟླ་བའོ། །དང་པོ་ནི། ད་ཕྱིན་ཆད་ཚེ་རབས་འཁོར་བ་ཐོག་མ་མེད་ནས་བསགས་པའི་སྡིག་ལྟུང་ཉམས་ཆག་སྤྱི་དང༌། ཁྱད་པར་སོ་སོ་ཐར་པའི་སོ་ཐར་རིགས་བདུན་ནི་དགེ་སློང་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློབ་མ་སྟེ་རབ་ཏུ་བྱུང་བ་ཕྱོགས་ཀྱི་ལྔ་དང༌། དགེ་བསྙེན་ཕ་མ་གཉིས་ཏེ་ཁྱིམ་པ་ཕྱོགས་ཀྱི་སྡོམ་པ་དང་བསྡོམས་པས་རྣམ་གྲངས་བདུན་དུ་བྱུང་བ་ཤེས་པར་བྱའོ། །སྡོམ་པ་སོགས་མདོར་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསྲུང་བར་འོས་པ་མཐའ་དག་སྤུ་ཙམ་ཡང་མི་ཉམས་པར་བསྲུང་ཞིང༌། གལ་ཏེ་སྔར་ཉམས་པ་རྣམས་ལའང་བཤགས་སྡོམ་དྲག་པོས་དུས་ཚིགས་དང་བསྟུན་པའི་གསོ་སྦྱོང་ལ་འདུ་ཤེས་གསུམ་དང་ལྡན་པས་སོ་སོ་ཐར་པ་ལ་སོགས་རང་རང་གི་མདོ་ཉན་པ་དང་ལྟུང་བ་བྱིན་རླབས་སྤྱི་བཤགས་སོགས་དམ་པའི་


JLAZ005_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འདུལ་བ་དང༌། རྒྱ་ཆེར་འགྲེལ་ལས་ཇི་སྐད་བཤད་པའི་སྤང་གཉེན་ཁྱད་པར་ཅན་བརྟེན་པའི་བསམ་པ་དྲག་པོས། སླན་ཆད་ཉམས་ཆག་ཀུན་བསྐང་སྡོམ་པ་མ་ལུས་བཟུང་༔ ཞེས་དང༌། འདི་ལ་ཁ་ཅིག་ན་རེ་སོ་སོ་ཐར་པའི་སྡོམ་པ་རྫ་ཆག་པ་དང་འདྲ་བས་གཉེན་པོས་མི་སོས་པས་རང་དགའི་གཏམ་མོ་ཞེ་ན། བདེན་མོད་ཀྱི་ངན་པ་བྱས་རྒྱལ་ལས་འགྱོད་སྡོམ་གྱི་གཉེན་པོ་ཁྱད་པར་ཅན་རྟེན་ན་འདུས་བྱས་ཀྱི་སྒྲིབ་པ་འཛད་པར་ནུས་སོ། །གཉིས་པ་ནི། རྣམ་པ་ཀུན་ཏུ་ཉོན་མོང་པ་དང་ཤེས་བྱའི་སྒྲིབ་པ་སྦྱང་ཕྱིར་བྱང་ཆུབ་སེམས་དཔའི་བསླབ་པ་བཟུང་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་སྦྱིན་པ་ལ་སོགས་དྲུག་གི་སྟེང་དུ་ཐབས་ལ་མཁས་པ་དང༌། སྟོབས་དང༌། སྨོན་ལམ་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞི་བསྣན་པས་བཅུའོ། །བཅུ་ལ་གཡེལ་བ་མེད་པར་སྤྱོད་ཅིང༌། ལམ་ལྔ་ཐོས་བསམ་དང་བསོད་ནམས་ཀྱི་ཚོགས་གཙོ་ཆེར་སྤྱོད་པས་ཚོགས་ལམ། རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་ལམ་ལ་སྦྱོར་བས་སྦྱོར་ལམ། ཆོས་ཉིད་མངོན་སུམ་མཐོང་བས་མཐོང་ལམ། མཐོང་ཟིན་སྒོམ་པར་བྱེད་པས་སྒོམ་ལམ། བསླབ་བྱ་མཐར་ཐུག་ནས་སྒོམ་དུ་མེད་པས་མི་སློབ་པའི་ལམ་ཞེས་བྱའོ། །དང་། ས་བཅུ་སྦྱང་བར་བྱའོ་སྙམ་པའི་འདུན་པ་དྲག་པོས། རྒྱུན་དུ་སྒྲིབ་གཉིས་སྦྱང་ཕྱིར་ཕར་ཕྱིན་ས་ལམ་བགྲོད༔ ཅེས་དང༌། གསུམ་པ་ནི། སྔགས་སྡོམ་ལ། མཐའ་ཡས་ཀྱང་མདོར་བསྡུས་ན་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་འདུ་སྟེ། དེ་ལ་གཟུགས་སྣང་ལྷར་ལྟ་བ་སྐུའི་དམ་ཚིག་སྒྲ་གྲག་སྔགས་སུ་འཁྱེར་པ་གསུང་གི་དམ་ཚིག །དྲན་རིག་རྒྱུན་


JLAZ005_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མེད་ཅིང་གང་ཤར་རང་གྲོལ་འཁོར་འདས་མཉམ་པ་ཉིད་ཀྱི་གདེང་གིས་ཟིན་པ་ཐུགས་ཀྱི་དམ་ཚིག་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྣང་གྲག་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་རྣམ་རོལ་དུ་རྒྱས་འདེབས་པའི་སེམས་ཀྱིས། བདག་གཞན་སྣང་སྟོང་གཟུགས་སྣང་ཡེ་ཤེས་ལྷ་ཡི་ཚོགས༔ བརྗོད་པའི། དྲན་རྟོག །སྣང་སྲིད། ཅེས་བརྗོད་དོ། །ད་ནི་དོན་ཚན་བཞི་པའམ། ཚིག་རྐང་ཐ་མ་ལ་འབྲུ་འགྲེལ་གཉེར་བར་བྱ་སྟེ། ཡེ་ནས་རང་བཞིན་གྱི་སྤྲོས་པའི་མཐའ་བཞིའམ་བརྒྱད་དང་བྲལ་ཞིང་མ་བྱས་ལྷུན་གྲུབ་ཀྱི་གནས་ལུགས་ཀ་དག་ཁྱབ་གདལ་ཆེན་པོ་ཇི་བཞིན་པར་རྟོགས་པ་དེ་ཉིད། གློ་བུར་གྱི་བློས་མ་བཅོས་པར་བརྡལ་ཁྱབ་ལྷུན་འབྱམས་བཅིང་གྲོལ་ལས་འདས་པའི་རིག་པ་ཁོ་རང་གི་ཡིན་ལུགས་བསམ་བརྗོད་བློ་ལས་འདས་པའི་དགོངས་པར་གནས་ཤིང་དེའི་ངང་ལས་གང་ཤར་གྱི་རྣམ་རྟོག་ཞེན་འཛིན་དང་བྲལ་བས་རྟོག་ཚོགས་ཇི་ཙམ་ཤར་ཡང་མ་བཅོས་རང་ཁའི་དབྱིངས་སུ་ནམ་མཁའ་ལ་སྤྲིན་དེངས་པ་ལྟ་བུར་རང་སར་དག་སྟེ། ཡང་དག་པའི་དགོངས་པ་ཀུན་ཏུ་གསལ་ལ་འཁྲུལ་ལ་མེད་པ་བྱ་རྩོལ་བློ་ལས་འདས་པ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་ངང་དུ། སྣང་བའི་ཆ་ཡབ། སྟོང་པའི་ཆ་ཡུམ། དེ་གཉིས་དབྱེར་མི་ཕྱེད་པ་སྟེ་རང་བཞིན་མེད་པ་ཀུན་བཟང་ཡབ་ཡུམ་གྱི་དགོངས་པའི་ཀློང་ཆེན་པོར་འབྱམས་ཀླས་པས། ཨེ་མ་ཧོ། ཞེས་པ་ཤིན་ཏུ་ངོ་མཚར་


JLAZ005_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རྨད་དུ་བྱུང་བའི་སྒྲ་སྟེ། ངོ་བོ་སྟོང་པའི་རང་མདངས་གསལ་ལ་མ་འགགས་པ་སྐྱེ་མེད་སྤྲོས་བྲལ་གྱི་གནས་ལུགས་རྫོགས་པ་ཆེན་པོའི་ངང་ལ་གནས་ཤིང་ལ་བཟླ་བའི་དོན་ཏེ་རྡོ་རྗེའི་གསུང་འདི་ལྟ་བུ་ལ་འགྲེལ་བཤད་གཉེར་བའི་སྤོབ་པ་ཐོབ་པ་ནི་སློབ་དཔོན་ཆེན་པོའི་ཐུགས་རྗེ་ཁོ་ན་ལས་གཞན་དུ་མ་དམིགས་པས་དུས་དེ་ཉིད་དུ་མོས་གུས་ཀྱི་མཆི་མ་འཁྲུག་པ་ཙམ་དུ་གྱུར་ཏོ། །གཉིས་པ་ནི། ཚོགས་ཞིང་ལས་དངོས་གྲུབ་བླངས་ཏེ་བསྡུ་བ་ནི། ཨོཾ་ཨཱཿཧཱུཾ་ནི་རྡོ་རྗེ་གསུམ་གྱི་རང་བཞིན། བཛྲ་གུ་རུ་དེ་ཝ་ཌཱཀྐི་ནི་ཞེས་པ་རྩ་བ་གསུམ་གྱི་ཐུགས་སྲོག །བཛྲ་མ་ཧཱ་ཀྲོ་ངྷ་ནི་རྡོ་རྗེ་ཁྲོ་བོ་ཆེན་པོ། སིདྡྷི་ས་མ་ཡ་ཧཱུཾ༔ དངོས་གྲུབ་གནད་ནས་བསྐུལ་བ། ཧ་རི་ནི་ས། མཁའ་འགྲོ་སྡེ་བཞི་དང༌། ར་ཙ་ཧྲི་ཡཱ། དཔའ་བོ་སྡེ་བཞིའི་སྲོག་ཡིག །ཐུགས་སྲོག་གི་སྙིང་པོ་དེ་དག་རྣམས་ལས་དྲངས་པས་ཐུགས་རྒྱུད་བསྐུལ་ཏེ། ངྷརྨ་ཞེས་པས་ཆོས་ཀྱི་དབྱིངས་ནས། ཀཱ་ཡ་ཞེས་པས་སྐུའི། ཝཱཀྐ་ཞེས་པས་གསུང་གི ཙིཏྟ་ཞེས་པས་ཐུགས་ཀྱི། སིདྡྷི་ཕ་ལ་ཞེས་པས་དངོས་གྲུབ་བཟང་པོ་སྩོལ་ཞེས་པའི་སྒྲས་བསྐུལ་བས། དེ་དག་གི་གནས་གསུམ་ནས་རྡོ་རྗེ་གསུམ་གྱི་དངོས་གྲུབ་བདག་གི་སྒོ་གསུམ་དུ་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་ཐིམ་རྗེས། ཨཱཿཞེས་པ་ནི་སྐྱེ་མེད་ཀྱི་ཡིག་འབྲུ་སྟེ། ཚོགས་ཞིང་དང་བདག་ཉིད་གཉིས་སུ་མེད་པར་བསྲེས་ལ་སྐྱེ་མེད་ཆོས་སྐུའི་ཀློང་དུ་མཉམ་པར་བཞག་


JLAZ005_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དེས་ནི་ཐུན་མོང་གི་སྔོན་དུ་འགྲོ་བའི་རིམ་པ་བསྟན་ཟིན་ཏོ། །ཨ་ཧོཿ ཚེ་རབས་མང་པོར་ཚོགས་གཉིས་བསགས་པའི་རྣལ་འབྱོར་རྣམས། །བློས་བྱས་ལྟར་སྣང་འཆིང་བུའི་བྱི་དོར་རྒྱང་བསྲིངས་ནས། །འདི་འདྲའི་མཆོག་གཏེར་ཡིད་བཞིན་ནོར་བུ་དགའ་བས་ལོངས། །དོན་གཉིས་འབྲས་བུ་གཡུར་དུ་ཟ་བའི་དགོས་པ་ཡོད། །ཅེས་བར་སྐབས་ཀྱི་ཚིག་སྒྲ་བཟང་བོའོ།། །།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གཉིས། འགལ་རྐྱེན་བསལ་བ་དང༌། མཐུན་རྐྱེན་བསྒྲུབ་པའོ། །དང་པོ་ལ་གསུམ། ཐ་ཚིག་ལ་གནས་པའི་དཀར་ཕྱོགས་ཀྱི་དགེ་བསྙེན་ལ་བརྔན་གཏོར་བྱིན་ཏེ་ཕྲིན་ལས་བཅོལ་བ་དང༌། དགེ་བའི་ལས་ལ་བར་དུ་གཅོད་པའི་ནགས་ཕྱོགས་ཀྱི་འབྱུང་པོ་ལ་གླུད་གཏོར་བསྔོས་ནས་བསྐྲད་ཅིང་གཟིར་བ་དང༌། ཅིས་ཀྱང་མི་ཤིགས་པའི་སྲུང་འཁོར་བསྒོམ་ཚུལ་བསྟན་པའོ། །དང་པོ་ལ་བཞི། ཡས་རྣམས་ཐུན་མོང་དུ་བརླབ་པ། བཀའ་བསྒོ་བ། ང་རྒྱལ་བཟུང་བ། བརྔན་ཏེ་ཕྲིན་ལས་གཞོལ་བའོ། །དང་པོ་ནི། སྣོད་གཙང་མར། དཀར་ཕྱོགས་པ་རྣམས་ལ་དཀར་གསུམ་མངར་གསུམ་འབྲུ་སྣ་ལས་བྱུང་བའི་གསེར་སྐྱེམས་དང་གཡུ་སྔོན། སྣོད་གཅིག་ཏུ་འབྱུང་པོ་དང་ལན་ཆགས་ལ་སོགས་ནག་ཕྱོགས་ཀྱི་རིགས་ལ་སྒྲུབ་པ་པོ་མཆེད་ལྕམ་དང༌། རྒྱུ་སྦྱོར་ལ་སོགས་པའི་སྦྲེས་གླུད་ཀྱི་མཐའ་བསྐོར་དུ་བཤོས་བུ། ཆང་ཀྲད།


JLAZ005_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ། འབྲས་ཆན། ཤ་ཆང་གོས་དུམ། སྐྲ་སེན་ལ་སོགས་པ་བཅུག །ཆུ་གཙང་གིས་བྲན་ལ། བྱིན་གྱིས་བརླབ་པ་དངོས་ལ་གཉིས། བདག་ཉིད་ལྷར་གསལ་བ་དང༌། སྔགས་དྲུག་ཕྱག་རྒྱ་དྲུག་གི་དམིགས་པའི་བྱེ་བྲག་འབྱེད་པའོ། །དང་པོ་ནི། སྔར་ཚོགས་ཞིང་དང་དབྱེར་མེད་དུ་བསྲེས་པའི་མཉམ་གཞག་དེ་ཉིད་ཀྱི་ངང་ལས། པད་ཟླའི་སྟེང་དུ་ཧྲཱིཿཡིག་དངུལ་ཆུའི་མདོག་ཅན་ཞིག་ལས་སྐད་ཅིག་དྲན་རྫོགས་སུ་སྤྱན་རས་གཟིགས་ཁ་སར་པ་ཎི་སྐུ་ཆེ་བ་རྣམ་སྣང་གངས་ཆེན་མཚོ་དང་མཉམ་པ་ཞིག་ཏུ་ང་རྒྱལ་བཟུང་ལ། སྟོང་པའི་ངང་ལས་པད་ཟླའི་སྟེང༌། །ཞེས་སོགས་དང༌། ཨཱོྃ་མ་ཎི་པདྨེ་ཧཱུཾ། ཞེས་སྙིང་པོ་དེ། ཐབས་སྙིང་རྗེ་ཆེན་པོ་དང༌། ཤེས་རབ་སྟོང་པ་ཉིད་དང༌། དེ་གཉིས་དབྱེར་མི་ཕྱེད་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་བརྡར་ལན་གསུམ་བརྗོད་ལ་ཞི་དུལ་གྱི་སེམས་དང་བཅས་པས་སོ། །དེ་ལྟ་བུའི་སྔགས་དོན་ནི། སྤྱིར་བཏང་དུ་རིགས་དྲུག་གི་ས་བོན་ལ་སྦྱོར། རྒྱས་པར་དབྱེ་ན་དག་དྲན་བསམ་གྱིས་མི་ཁྱབ་ཀྱང༌། ཐེག་པ་འདིའི་སྐབས་སུ། ཨཱོྃ་སེམས་དང་ཆོས་ཉིད་སྤྲོས་བྲལ། མ་སེམས་དང་ཆོས་ཉིད་རང་བྱུང༌། ཎི་སེམས་དང་ཆོས་ཉིད་རང་གསལ། པད་སེམས་དང་ཆོས་ཉིད་གསལ་དག །མེ་སེམས་དང་ཆོས་ཉིད་སྟོང་གསལ། ཧཱུཾ་སེམས་དང་ཆོས་ཉིད་ཀ་དག་ཅེས་སྤྲུལ་པའི་རྒྱལ་པོ་སྲུང་བཙན་སྒམ་པོས་འགྲེལ་ལོ། །གཉིས་པ་


JLAZ005_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྔ་ཚན་དྲུག་ཡོད་པ་ལས། དང་པོ་ནི། བཅའ་བའི་ཕྱག་རྒྱ། བཟླ་བའི་སྔགས། བསྐྱེད་པའི་ལྷ། ས་བོན་གྱི་ཡི་གེ བྱིན་རླབས་ཀྱི་ཕན་ཡོན་ནོ། །དེ་ལ་བཅའ་བའི་ཕྱག་རྒྱ་ནི། ཆོས་ཉིད་སྟོང་པ་ཉིད་མཚོན་པའི་བརྡར། ཐལ་མོ་ཁོང་སྟོང་དུ་སྦྱར་ལ། བཟླ་བའི་སྔགས་ནི། ཨཱོྃ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨཿ སྭ་བྷཱ་ཝ་བི་ཤུདྡྷོ་྅ཧཾ། ཞེས་པ་སྟེ་སྔགས་འདི་མཚན་མའི་དངོས་པོ་གཞིག་པའི་སྙིང་པོ་ཁྱད་པར་ཅན་ཡིན་ཕྱིར་རྣམ་པ་ཀུན་ཏུ་གྲགས་ཆེ་བས་སྔགས་དོན་འགྲེལ་ཏེ། དང་པོར་ཨཱོྃ་ཞེས་པས་ཡེ་ཤེས་རྣམ་པ་ལྔ་མགོ་འདྲེན་པ་སྟེ། སྔ་འགྱུར་གྱི་སྐབས་སུ་ཨཱོྃ་ལ་འ་འདོགས་ཀྱང་ངེས་པར་དགོས་ཤིང༌། དག་ཡིག་ལ་ལར་འ་འདོགས་བཀག་པ་ལྟར་སྤྱིར་བཏང་ལ་དགོས་པའི་བར་བཀབ་ནི་མ་གྲུབ་མོད། སྔ་འགྱུར་རང་སྐད་ཀྱི་སྔགས་ཐམས་ཅད་ལ་མེད་དུ་མི་རུང་བ་ཡིན་ཏེ་རྒྱུ་མཚན་ཡོད་དོ། །ཡེ་ཤེས་ལྔ་དང་སྐུ་ལྔ་མཚོན་པ་སྟེ། ཨ་ཆོས་དབྱིངས་ཡེ་ཤེས། ལྷ་ནི་རྣམ་པར་སྣང་མཛད། འ་མེ་ལོང་ཡེ་ཤེས། ལྷ་ནི་རྡོ་རྗེ་སེམས་དཔའ། ན་རོ་མཉམ་ཉིད་ཡེ་ཤེས། ལྷ་ནི་རིན་ཆེན་འབྱུང་ལྡན། ཟླ་ཚེས་སོར་རྟོག་ཡེ་ཤེས། ལྷ་ནི་སྣང་བ་མཐའ་ཡས། ཐིག་ལེ་བྱ་གྲུབ་ཡེ་ཤེས། ལྷ་ནི་དོན་ཡོད་གྲུབ་པ་སྟེ། ཨཱོྃ། དེས་ན་ཡིག་འབྲུ་འདི་ལ་རིགས་ལྔའི་སངས་རྒྱས་ལྷུན་གྱིས་གྲུབ་པ་ནི། རྒྱུད་ལས། ཨ་ནི་རྣམ་སྣང་འ་མི་བསྐྱོད། །ན་རོ་རིན་ཆེན་འབྱུང་


JLAZ005_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཏེ། །ཟླ་ཚེས་སྣང་བ་མཐའ་ཡས་ལ། །ཐིག་ལེ་དོན་ཡོད་གྲུབ་པའོ། །ཞེས་མཚོན་བྱ་དོན་གྱི་ཡི་གེར་གསུངས་ལ། འདི་ལ་ལོ་ཙཱ་བ་འགའ་ཞིག་གིས་ཕྱོགས་རེའི་ཁ་འཛིན་གྱིས་རྩོད་གཞི་ཆེན་པོར་བྱས་མོད་ཀྱང་ཞར་བའི་ལྟ་སྟངས་དང་འདྲ་སྟེ་བཞད་གད་ཀྱི་གནས་སོ། །མཚོན་བྱེད་དཔེའི་ཡི་གེ་རིག་པའི་བསྟན་བཅོས་ཁོ་ནའི་སྐབས་ཀྱང་འ་འདོགས་ཀྱི་ཤེས་བྱེད་ཆོས་འབྱུང་བསྟན་པའི་ཉིན་བྱེད་ནས་བཤད་པ་ལྟར་འགལ་བ་མེད་ལ། སྤྱིར་བཏང་དུ་ནི། སྒྱུ་འཕྲུལ་གྱི་འགྲེལ་བ་བླ་མ་རོང་ཟོམ་པའི་ལུགས་ལ། ཨོཾ་ནི་ཨ་ཨུ་མ་གསུམ་འདུས་པ་ལས་ཨོཾ་སྟེ་རྡོ་རྗེ་གསུམ་གྱི་ས་བོན་དུའང་བཞེད་དོ། །སྭ་བྷཱ་ཝ་ནི་རང་བཞིན། ཤུད་དྷོ་ནི་དག་པ། སརྦ་དྷརྨ་ནི་ཆོས་ཐམས་ཅད། སྭ་བྷཱ་ཝ་བི་ཤུད་དྷོ་྅ཧཾཿ ཞེས་པ་རང་བཞིན་གྱིས་རྣམ་པར་དག་ལ། ཨ་ཧཾ་ཞེས་པའི་སྒྲས་ནི་ངའོ་ཞེས་ང་རྒྱལ་ལ་འཇོག་པ་སྟེ། དོན་བསྡུ་ན་འཁོར་འདས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ལ། དེ་ལྟར་དག་མ་དག་གི་རྣམ་འབྱེད་མཁན་པོ་ཡང་རང་སེམས་ཡིན་ལ་དེའི་ངོ་བོ་ཅིར་ཡང་མ་དམིགས་པ་དེ་ལྟ་བུའི་གནས་ལུགས་དེ་ངས་རྟོགས་སོ། །ཞེས་ང་རྒྱལ་འཇོག་པའོ། །སྔགས་འདི་བྱུང་ཚད་ལ་དག་པ་དེ་ལྟ་བུ་ཤེས་དགོས་པའི་སྤྱི་དོན་གལ་པོ་ཆེའོ། །དེ་ཡང་སྤྱིར་གསང་སྔགས་ཀྱི་སྤྱི་དག་ཁྱད་པར་སྔ་འགྱུར་རང་སྐད་ལ་བྱིངས་དང་རྣམ་འགྱུར་རྐྱེན་


JLAZ005_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་ཉེ་བར་བསྒྲུབ་པའི་སྒྲ་པ་ཐུན་མོང་བའི་སྐད་དང་མི་འདྲ་བའི་གནད་བི་ཤ་ཤ་ཟའི་སྐད་དང་མཐུན་ཙི་དང༌། ཨ་ཝ་བྷྲཾ་ཤ་ཟུར་ཆག་སྟེ་གོང་མ་དང་འདྲ་དང༌། སཾ་ཀྲྀ་ཏའི་སྐད་ཡུལ་སྡེ་ཐ་དད་པའི་སྐད། དབུས་ན་རྡོ་རྗེ་གདན༌། ཤར་ན་བྷ་ལའི་གླིང༌། ལྷོ་ན་བྷེ་ཏ། ནུབ་ན་ཨོ་རྒྱན། བྱང་ན་ཁ་ཆེ། ཤར་ལྷོར་ཁང་བུ། ལྷོ་ནུབ་ཟངས་གླིང༌། ནུབ་བྱང་རླུང་གླིང༌། བྱང་ཤར་ཀ་མ་རུ་པའི་གླིང་སྟེ། དེ་རེ་རེ་ལ་སྒྲ་ལྔ་ལྔ་ཡོད། དང༌། ཤིན་ཏུ་གསང་བའི་བརྡའི་སྐད་ལ་སོགས་པ་ལེགས་སྦྱར་སཾ་ཀྲྀ་ཏའི་སུམ་ཅུ་རྩ་གསུམ་པ་དང་མཐུན། སྐད་ཀྱིས་བཅོས་སུ་མི་བཏུབ་པའི་རིགས་དང༌། གཞན་ཡང་འགྱུར་སྐད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚིག་འགྱུར་དང༌། དོན་འགྱུར་དང༌། སྲོག་འགྱུར་དང༌། མཚན་འགྱུར་དང༌། མན་ངག་གི་འགྱུར་ལ་སོགས་པ་མང་དུ་ཡོད་ལ། དེ་བཞིན་དུ་མི་མ་ཡིན་དང་འགྲོ་ལྡིང་བའི་སྐད་ལ་སོགས་པ་ཆེས་མང་བར་བཤད་པས། རིག་འཛིན་བརྒྱུད་པའི་ཞལ་ལུང་ཁོ་ན་ལ་ལྟོས་དགོས་པར་གསུངས་ཕྱིར་བཤད་མ་ཐག་པའི་སྔགས་དོན་གྱིས་མཚོན་ཏེ་རིམ་པར་དེ་ལྟར་དུ་འགྲེལ་པས་རིག་བྱེད་པ་དག་གིས་དཔྱད་པའི་ཡུལ་མ་ཡིན་མོད། འོན་ཀྱང་ར་གན་སུ་ཝརྞར་རྫུས་པའི་རིགས་ཀྱིས་གྱ་ཚོམ་གྱི་ཚིག་ལ་སྔ་འགྱུར་གྱི་ཁ་གཡར་པ་ལ་ནི་ཞིབ་མོར་དཔྱད་བྱའི་གཞི་སྟེ། ཨ་རུ་ར་དང་བ་རུ་ར་སོ་སོའི་རང་མདོག་སྟོན་པས་སོ། །བསྐྱེད་པའི་ལྷ་ནི་སྔར་བཤད་མ་ཐག་པའི་


JLAZ005_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་དེའི་སྟེང་དུ། སྦྱོང་བའི་ལྷ་ཤཱཀྱ་རིན་ཆེན་མང་ཐུབ་པ་སྤྱི་འགྲོས་ལྟར་གསལ་ཞིང༌། ས་བོན་གྱི་ཡི་གེ་ནི་རིན་ཆེན་མང་གི་ཐུགས་ཀར་ཨཱཿདཀར་པོ་གཅིག་གསལ་བ་ལས་འོད་ཟེར་འཕྲོས་ནས་གཏོར་རྫས་རྣམས་ལ་ཕོག་པས་བྱིན་རླབས་ཀྱི་ཕན་ཡོན་ནི། འབགས་བཙོག་དྲ་དྲི་ཉེས་སྐྱོན་སེར་སྣའི་སྒྲིབ་པ་ལ་སོགས་མ་དག་པའི་སྐྱོན་མཐའ་དག་སྦྱངས་ནས་རང་བཞིན་གྱི་རྣམ་པར་དག་པ་བྱེད་པ་དེ། དག་དྲན་ཤེས་རྒྱུད་ལ་བྱས་ཏེ། ཕྱག་རྒྱའི་སྟེང་དུ་རིན་ཆེན་མང༌། སོགས་ཤློ་ཀས་སྟོང་པར་བསམ་མོ། །ལྔ་ཚན་གཉིས་པ་ལས། བཅའ་བའི་ཕྱག་རྒྱ་ནི་དཔྲལ་བ་མཛོད་སྤུའི་ཐད་དུ་ལག་པའི་སྙིམ་པ་སྤྲད་ལ། གུང་མོ་གཉིས་དང་སྲིན་ལག་གཉིས་སོར་རྩེ་སྤྲད་པའི་ཚིགས་པ་འོག་མ་བཅག །མཐེབ་འཛུབ་གཞན་རྣམས་སྦྲེང་བ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་བཅས་ལ། བཟླ་བའི་སྔགས་ནི་ནམ་མཁའ་མཛོད་ཀྱི་གཟུངས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསོགས་དང༌། བསྐྱེད་པའི་ལྷ་ནི་ཕྱག་རྒྱ་དེའི་སྟེང་དུ་སྤེལ་བའི་ལྷ་ནམ་མཁའ་མཛོད་སེར་པོ་རིན་པོ་ཆེ་དང་སྒྲོམ་བུ་འཛིན་པར་གསལ་བའི་སྒྲོམ་བུའི་ནང་དེར་ས་བོན་གྱི་ཡེ་གེ་ཁཾ་སྔོན་པོ་གསལ་བ་ལས་འོད་འཕྲོས་པས། བྱིན་རླབས་ཀྱི་ཕན་ཡོན་ནི་གཏོར་གླུད་ཐམས་ཅད་གང་ལ་གང་འདོད་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་རྒྱ་ཆེར་སྤེལ་ནས་མགྲོན་རྣམས་ཚིམ་པར་བྱེད་པ་སྟེ།


JLAZ005_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱའི་སྟེང་དུ་ནམ་མཁའ་མཛོད༔ སོགས་ཤློ་ཀ་བརྗོད། ལྔ་ཚན་གསུམ་པ་ལས། བཅའ་བའི་ཕྱག་རྒྱ་ནི། མགྲིན་པའི་ཐད་དུ་ཐལ་མོ་ཁ་བྱེ་བ་པདྨའི་དབྱིབས་ལྟ་བུར་བྱས་ལ་བཟླ་བའི་སྔགས་ནི་བདུད་རྩི་ཐབ་སྦྱོར་གྱི་གཟུངས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་སོགས་དང༌། བསྐྱེད་པའི་ལྷ་ནི་ཕྱག་རྒྱ་དེའི་སྟེང་དུ་བསྒྱུར་ལྷ་བདུད་རྩི་འཁྱིལ་བ་སྔོན་པོ་ཕྱག་གཉིས་བདུད་རྩིའི་བུམ་པ་འཛིན་པར་གསལ་བའི། ས་བོན་གྱི་ཡི་གེ་ནི་དེའི་ཐུགས་གར་ཧཱུྃ་སྔོན་པོ་ཞིག་གསལ་བ་དེ་ལས་འོད་འཕྲོས་པས། བྱིན་བརླབས་ཀྱི་ནུས་པས། གཏོར་ཡས་དེ་དག་ཐམས་ཅད་དངོས་པོ་གཅིག་ཁོ་ན་མ་ཡིན་པར། གཟུགས་སྒྲ་དྲི་རོ་རེག་བྱ་དཀར་མངར་ཤ་ཁྲག་ལ་སོགས་མགྲོན་སོ་སོ་ཅི་འདོད་དངོས་པོར་བསྒྱུར་བ་སྟེ། ཕྱག་རྒྱའི་སྟེང་དུ་བདུད་རྩི་འཁྱིལ༔ སོགས་ཤློ་ཀ་བརྗོད། ལྔ་ཚན་བཞི་པ་ལས། བཅའ་བའི་ཕྱག་རྒྱ་ནི། གཡོན་མཛུབ་མོ་ཐུགས་ཀར་སྒྲེང་ཞིང་གཡས་མཆོག་སྦྱིན་ཐུར་དུ་བསྟན་ལ། བཟླ་བའི་སྔགས་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་གཟུངས། འདི་ཡང་དགོས་གནད་ཆེ་བས་འགྲེལ་ནས་འགོད་དེ། ན་མཿཞེས་པ་ཕྱག་འཚལ་ལོ། །སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད། ཨ་ཝ་ལོ་ཀི་ཏེ་སྤྱན་རས་གཟུགས། ཨཱོྃ་བདེ་ལེགས་སུ་བྱེད་པ། སམ་བྷ་ར་ཞེས་པ་ཡང་དག་པར་ཚོགས་པ། སམ་བྷ་ར་ཞེས་


JLAZ005_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་རྒྱས་པ། ཧཱུྃ་ནི་གཏོར་མས་ཚིམ་པར་གྱུར་ཅིག །ཅེས་པ་དང༌། སྔགས་འདིའི་ལོ་རྒྱུས་ཞིབ་པ་ཁ་འབར་མའི་མདོ་ལས་འབྱུང་ཞིང༌། འགྱུར་ཁྱད་ནི་མགྲོན་དེ་དག་ལ་སྔགས་གྲངས་དང་མཉམ་པའི་འབྲས་མ་ག་དྷཱའི་བྲེ་བོ་ཆེའི་ཁལ་གྲངས་སྦྱིན་པ་དང་མཉམ་པར་གསུངས། བྲེ་དེ་ནི་ད་ལྟ་དབུས་གཙང་གི་འབོ་དང་མཉམ་པར་བཤད་པ་ཡང་ཡོད་དེ་ཇི་ལྟར་ཡང་ཕན་ཡོན་ནི་བསམ་ལས་འདས་པ་ཞིག་གོ །བསྐྱེད་པའི་ལྷ་ནི་ཕྱག་རྒྱ་དེའི་སྟེང་དུ་ཐོབ་པའི་ལྷ་སྤྱན་རས་གཟིགས་དབང༌། ས་བོན་གྱི་ཡི་གེ་ནི་དེའི་ཐུགས་ཀའི་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས་པ་དང༌། ཁྱད་པར་བདག་བསྐྱེད་ཀྱི་གཡས་མཆོག་སྦྱིན་དུ་བསྟན་པའི་མཛུབ་མོའི་རྩེ་ནས་བདུད་རྩིའི་འོ་རྒྱན་བབས་པས། བྱིན་རླབས་ཀྱི་ཡོན་ཏན་ནི། ཡི་དྭགས་ལ་སོགས་པའི་མགྲོན་སོ་སོའི་ལས་སྒྲིབ་ཀྱི་དབང་གིས་མ་བསྔོས་ན་མི་ཐོབ་པ་དང༌། དབང་ཆེ་བས་ཐོབ་ཀྱང་ཆུང་བས་མི་ཐོབ་པའི་རིགས་སོགས་ཡོད་པས་དེ་དག་ཐམས་ཅད་ལ་ཉེ་རིང་དང་ཕམ་རྒྱལ། འཐབ་རྩོད་མེད་པར་ཀུན་སྙོམས་ཆེན་པོར་བྱེད་པ་སྟེ། ཕྱག་རྒྱའི་སྟེང་དུ་སྤྱན་རས་གཟིགས༔ སོགས་ཤློ་ཀས་བསྔོ། ལྔ་ཚན་ལྔ་པ་ལས། བཅའ་བའི་ཕྱག་རྒྱ་ནི། གཡོན་ཐལ་མོ་ཁ་བཟེད་པ་ལྟ་བུའི་སྟེང་དུ་གཡས་ཁུ་ཚུར་ཁ་སྦུབ་ལ་མཐེ་བོང་སྒྲེང་ཞིང་མཛུབ་མོ་རྣམས་གཅིག་རྒྱབ་གཅིག་བསྐོར་བ་དྲིལ་བུའི་ཕྱག་རྒྱར་གྲགས་པ་བཅས་


JLAZ005_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟླ་བའི་སྔགས་ནི་ཡེ་ཤེས་སྐར་མདའི་གཟུངས། ཨཱོྃ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་སོགས་དང༌། བསྐྱེད་པའི་ལྷ་ནི་ཕྱག་རྒྱ་དེའི་སྟེང་དུ་ཚིམ་པའི་ལྷ་དོན་ཡོད་གྲུབ་པ་ཕྱག་མཚན་རལ་གྲི་དང་དྲིལ་བུ་བསྣམས་པར་གསལ་ལ། ས་བོན་གྱི་ཡི་གེ་ནི། དེའི་ཐུགས་ཀ་ན་ཧ་ལྗང་གུ་ཞིག་གནས་པ་ལས་འོད་ཟེར་འཕྲོས། བྱིན་རླབས་ཀྱི་ཡོན་ཏན་ནི། མགྲོན་ཐམས་ཅད་ཀྱི་རེ་བ་ཡིད་བཞིན་དུ་སྐོང་ཞིང་མཐོ་དམན་ཡོངས་ལ་ཁྱབ་པར་བྱེད་པ་སྟེ། ཕྱག་རྒྱའི་སྟེང་དུ་དོན་གྲུབ་སྐུ༔ སོགས་ཤློ་ཀ་བརྗོད་དོ། །ལྔ་ཚན་དྲུག་པ་ལས། བཅའ་བའི་ཕྱག་རྒྱ་ནི། སོར་མོ་རྣམས་རྒྱབ་སྤྲད་ནས་གཅིག་ལ་གཅིག་འཁྱུད་པ། མཐེ་བོང་རང་རང་གི་ལག་མཐིལ་དུ་བཀུག་ལ་དབང་སྒྱུར་འཁོར་ལོའི་ཕྱག་རྒྱ་བཅས་ལ། བཟླ་བའི་སྔགས་དབང་སྒྱུར་མཆོག་གི་གཟུངས། ན་མཿས་མནྟ་བུངྔྷ་ནན༔ སོགས་དང་བསྐྱེད་པའི་ལྷ་ནི་ཕྱག་རྒྱ་དེའི་སྟེང་དུ་དབང་དུ་བྱེད་པའི་ལྷ་ཕྱག་ན་རྡོ་རྗེ་རྔམ་བརྗིད་དང་ལྡན་པ། སྐུ་མདོག་མཐིང་ནག་རྡོལ་དྲིལ་འཛིན་པ་དང༌། ས་བོན་གྱི་ཡི་གེ་ནི་དེའི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་གསལ་བ་དེ་ལས་འོད་ཟེར་འཕྲོས་པས། བྱིན་བརླབས་ཀྱི་ཡོན་ཏན་ནི། མགྲོན་རིགས་མཆོག་དམན་ཐམས་ཅད་བདག་གིས་དབང་དུ་འདུས་ནས་ཇི་ལྟར་གསོལ་བའི་ལས་སྒྲུབ་པ་དང༌། བསྒོས་པའི་བཀའ་ལ་ཉན་པ་སྟེ། ཕྱག་


JLAZ005_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའི་སྟེང་དུ་ཕྱག་རྡོར་སྐུ༔ སོགས་ཤྭ་ལོ་ཀ་བརྗོད། དེ་ལྟར་ཕྱག་རྒྱ་རྣམས་ནི་རང་ཉིད་ཁ་སར་པ་ཎིའི་ཏིང་ངེ་འཛིན་དང་ལྡན་པས་བྱ་རྒྱུ་ཡིན་ལ། ལྷ་རྣམས་ནི་ཚིག་དོན་དང་བསྟུན་ནས་སྐད་ཅིག་སྐད་ཅིག་ལ་གནས་འགྱུར་ནས་དེ་དང་དེར་སྒོམ་པ་གང་ལ་གང་འདུལ་གྱི་རང་བཞིན་ལས་ངོ་བོ་ནི་ཐ་དད་ལྟ་བུ་མ་ཡིན་ནོ། །དེ་ལྟ་བུའི་སྔགས་དྲུག་ཕྱག་རྒྱ་དྲུག་གི་ནི་ལྷོ་བྱང་གི་གཏེར་ཁ་སོ་སོར་དགོངས་པ་མི་མཐུན་ཙམ་ཕྲ་མོ་མཆིས་པས་མཐའ་གཅིག་ཏུ་བཟུང་བར་དཀའ་ཡང༌། ཧ་ཅང་འགལ་འདུར་གྱུར་པ་མེད་མོད། འོན་ཀྱང་ད་ལྟ་འདི་ཉིད་ལའང་ཕྱག་རྒྱ་བཅའ་ཚུལ་དང༌། ལྷག་པར་བཅའ་མཚམས་ཐོག་མ་ཉིད་ནས་འཕྱུགས་བའི་ལག་ལེན་འགའ་ཞིག་ཀྱང་སྣང་སྟེ། དེས་ནི་ཕྱག་རྒྱ་དང་གྱེར་སྒོམ་མཐར་ཆགས་ཡ་བྲལ་དུ་གྱུར་བ་དག་མཐོང་ནས་འདི་ཉིད་དུ་གཞུང་གི་དགོངས་པ་ཤིན་ཏུ་རྐང་ཚུགས་པའི་ངོས་ནས་ཚད་ལྡན་གྱི་གཞུང་ལ་དཔང་པོ་གསོལ་ཏེ་ཚིག་དོན་འབྲེལ་ཆགས་ལ་ཤིན་ཏུ་གསལ་བ་ནི་བྱས་མོད་ཀྱི། བོད་དག་ཕྲ་མ་སྔ་བཙན་ལ་དགའ་བས་སྐྱོན་ཡོན་གང་དུ་འགྲོ་སོམ་ཉིའི་གནས་སུ་མཐོང་ཡང་ལས་ཀྱི་འབྲས་བུས་ནམ་ཡང་མི་བསླུ་བའི་ཕྱིར་ནོངས་བར་མ་གྱུར་ཏོ། །གཉིས་པ་བཀའ་བསྒོ་བ་ནི། ན་མོ་ཞེས་པས་དཀོན་མཆོག་གསུམ་ལ་འདུད་པའི་ཚིག་སྔོན་དུ་བཏང་ནས། སངས་རྒྱས་ནི་རྐང་གཉིས་ཀྱི་གཙོ་


JLAZ005_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང༌། ཆོས་ཉིད་ལ་ཆགས་པ་དང་བྲལ་བས་བདེན་པའི་མཆོག །སོ་སྐྱེ་ལས་འཕགས་པའི་དགེ་འདུན་ནི་འདུས་པའི་གཙོ་བོར་གྱུར་པས་བདེན་པའི་མཆོག །དཀོན་མཆོག་དེ་གསུམ་གྱི་བཀའ་ལ་མི་ཉན་པ་དང༌། འཆི་བའི་སྲོག་ལ་མི་གཅེས་པ་དང༌། སྐྱེ་འགྲོ་རླུང་ལ་མི་བརྟེན་པ་དང༌། དེ་བཞིན་དུ་འཚོ་བའི་ཟས་ལ་མི་ཆགས་པ་དང༌། ཡང་དག་པར་སྨྲས་པའི་ཚིག་ལ་མི་ཉན་པ་དང༌། ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་མི་སེམས་པ་ནི་གང་ན་སུ་ཡང་མེད་པས་དེས་ན་འདིར་འཚོགས་པའི་མགྲོན་རྣམས་ཀྱང་དེ་ལ་ཉོན་ཅིག་ཅེས་ཚིག་གིས་བཀྲོལ་བ་སྟེ། དཔེར་ན་སྐྱེ་བོ་མི་བསྲུན་པ་ཞིག་ལ་གཏམ་སྨྲ་ན། དེའི་སྔོན་དུ་ཁོ་དེ་འདི་ལྟར་རྒྱལ་པོ་དང་རྗེ་བོ་ལ་མི་ཉན་པ་སུ་ཡང་མེད་ཅེས་པ་ལྟ་བུས་མཚོན་ཏེ། ཉན་པའི་སྣོད་དུ་རུང་བར་བྱེད་པའི་དོན་ཏེ། དེའི་ངང་ལས། སངས་རྒྱས་རྐང་གཉིས་གཙོ་དེ་བདེན་པའི་མཆོག༔ སོགས་བརྗོད་པའོ། །གསུམ་པ་ང་རྒྱལ་བཟུང་བ་ནི། ཧཱུྃ་ནི་བདེ་གཤེགས་ཐམས་ཅད་ཀྱི་སྙིང་པོ། ཧྲཱིཿནི་རྟ་མཆོག་ཧེ་རུ་ཀའི་ས་བོན། དེའི་ངོ་བོ་ང་ལས་མི་འདའའོ་སྙམ་པའི་ངང་ནས་མགྲོན་རྣམས་ལ་ལས་འདི་དང་འདི་གྱིས་ཤིག་ཅེས་པ་དང༌། གལ་ཏེ་མི་བྱེད་ན་བདག་ཉིད་དབང་ཆེན་ཁྲོས་པའི་སྐུར་ལངས་ནས་ཁྱོད་རྣམས་གཟུར་བའོ། །ཞེས་དོན་ལ་ཞི་དྲག་ཕྱེད་མའི་ང་རྒྱལ་ཏེ། སྐུ་ཞི་བའི་ཚུལ་ལ་ཐུགས་ཅུང་ཟད་ཁྲོས་པའི་ཚུལ་གྱིས།


JLAZ005_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ང་ནི་དུས་གསུམ་དཔལ་ལྡན་རྡོ་རྗེ་འཆང་༔ སོགས་བརྗོད། བཞི་པ་ནི། དཀར་ཕྱོགས་ཀྱི་དགེ་བསྙེན་དྲེགས་སྡེ་ཕྱི་ནང་གསང་གསུམ་དང༌། མི་སྣང་བའི་ས་བདག་ལྟོ་འཕྱེ་ཆེན་པོ་ལ་སོགས་ཏེ་རྗེ་བོའི་རིགས་སའི་ལྷ་མོ་བསྟན་མ་དང༌། ས་བདག་ཐེ་སེ་རྒྱལ་པོ་བློན་པོ་ཙང་ཀུན་ལ་སོགས་ཏེ་ལོ་ཟླ་ཞག་དུས་ལ་དབང་བྱེད་པའི་ཚོགས་ལ་གཏོར་ཡས་བསྔོས་ནས། དཀྱིལ་འཁོར་བཞེངས་པའི་ས་ཡུལ་སོགས་མདོར་ན་ལས་ཇི་ལྟ་བུ་བྱེད་པའི་རིང་གཡར་པོ་ཐོང་ཞེས་པ་ལྟ་བུས་ཀོ་ལོང་སད་པ་སྟེ། འདིས་ནི་ས་བླང་བ་སྤྲོས་པ་ཉེར་བསྡུས་གཞན་གྱི་གོ་ཡང་ཆོད་ཅིང་ཇི་ལྟར་ཡང་ངག་ཏུ། ཧྲཱི༔ ལྷ་ཀླུ་གནོན་སྦྱིན་རྒྱལ་པོ་གཟའ་བཙན་དང༌། །སོགས་བརྗོད་ལ་རོལ་མོ་བསྒྲག་ཅིང༌། གཏོར་མ་གཙང་སར་གཤེགས། གསེར་སྐྱེམས་ཕྱོགས་བཅུར་གཏོར་རོ། །གཉིས་པ་ལ་བཞི། བསྐྱེད་རིམ་ཁྲོ་བོར་བསྒྱུར་བ། བགེགས་དགུག་པ། གཏོར་ཡས་བསྔོ་བ། བསྐྲད་གཟིར་གསད་གསོད་དང་བཞི་ལས། དང་པོ་ནི། ཞི་བས་མི་འདུལ་བའི་བགེགས་དང་ལོག་འདྲེན་བསྐྲད་ཕྱིར་རང་ཉིད་སྤྱན་རས་གཟིགས་སུ་ཡོད་པ་དེ་ཉིད་སྐད་ཅིག་ལ་གནས་འགྱུར་ཏེ་དཔལ་རྟ་མཆོག་རོལ་པ་འདོན་ཆ་དང་མཐུན་པར་གསལ་བཏབ་ལ་ང་རྒྱལ་གཟུང་སྟེ། ཧྲཱིཿཡིག་ལས་བྱུང་བདག་ཉིད་རྟ་མགྲིན་དབང་༔ སོགས་བརྗོད། གཉིས་པ་བགེགས་དགུག་པ་ནི། བདག་བསྐྱེད་ཀྱི་ཐུགས་ཀ་


JLAZ005_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁྲོ་བོའི་རྒྱལ་པོ་ཊཀྐི་རཱ་ཛ་དམར་སྐྱ་ཞལ་གཅིག་ཕྱག་གཉིས་པ། གཡས་ཐོ་བ་དང༌། གཡོན་ལྕགས་ཀྱུ་འཛིན་པ་གྲངས་མེད་སྤྲོས་པས་བགེགས་རྣམས་འགུགས་པར་བསམས་ལ་དྲིལ་བུ་དང་བཅས་པའི་གཡོན་པའི་ཁུ་ཚུར་གདོང་རང་ལ་ཕྱོགས་པའི་མཐེའུ་ཆུང་བརྐྱང་བའི་སྟེང་དུ་རྡོ་རྗེ་དང་བཅས་པའི་གཡས་པའི་མཛུབ་མོས་འཁྱུད་པ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཧཱུྃ་ཕྱོགས་བཞི་མཚམས་བཞིའི་སྟེང་འོག་ཐམས་ཅད་དུ༔ ཞེས་པའི་མཐར། ཨཱོྃ་བཛྲ་ཊཀྐི་རཱ་ཛ་ཧཱུྃ༔ ཞེས་བརྗོད་པས་ཁྲོ་བོ་དེས་བགེགས་རྣམས་བཀུག་ནས་འདུས་པར་བསམས་ལ་ཁྲོ་བོ་རང་གི་སྙིང་གར་བསྡུ། ཚད་མེད་བཞིའི་སྔགས་རྒྱ་བསྟུན་ནས་ཛཿཧཱུྃ་བྃ་ཧོཿ བཛྲ་ཨཾ་ཀུ་ཤ་ཛཿ ཞེས་བརྗོད་པས་བགེགས་རྣམས་འཁྱར་དབང་མེད་ཅིང་རང་ཉིད་ལ་ཞུམ་པའི་སྒོ་ནས་འདུད་པར་བསམ། གསུམ་པ་གཏོར་ཡས་བསྔོ་བ་ནི། རྫས་རྣམས་འདོད་ཡོན་ལྔའི་རང་བཞིན་སོ་སོ་གང་ལ་ཅི་འདོད་ཀྱི་རང་བཞིན་དུ་བསམས་ལ། ཧཱུྃ་ཉོན་ཅིག་བགེགས་དང་ལན་ཆགས་འབྱུང་པོའི་ཚོགས༔ ཞེས་པའི་མཐར། སུམ་བྷ་ནིའི་སྔགས་དོན། སུཾ་བྷ་ངེས་པར་འདུལ་བ། ནི་སུམ་བྷ་མ་ལུས་ངེས་པར་འདུལ་ཞེས་ཁྲོ་བོ་གནོད་མཛེས་ལ་བོད་པ། ཧཱུྃ་གསལ་བར་བྱེད་པ། གྲྀ་ཧ་ཎ་གཉིས་ནི་ཟུང་ཟུང་སྟེ། གནོད་བྱེད་འཕྲོས་པ་ལ་ཟུང་ཞིག་དང༌། གྲྀ་ཧ་ཎ་པ་ཡ་གཉིས་འཛིན་དུ་ཆུག་འཁོར་ཡང་འཛིན་དུ་ཆུག་ཅེས་དང༌།


JLAZ005_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ནི་བསྐུལ་པ་ཨཱ་ན་ཡ་ཁུག །ཧོཿནི་ཀྱེ། བྷ་ག་ཝན་བཅོམ་ལྡན་འདས་ཏེ་ཀྱེ་བཅོམ་ལྡན་འདས་ཁུག་ཅིག་ཅེས་པ་དང༌། བིདྱཱ་རཱ་ཛ་ནི་རིག་པའི་རྒྱལ་པོ་ཞེས་གནོད་མཛེས་ལ་དབུགས་འབྱིན་པ། ཧཱུྃ་ཕཊ་ནི་གསོད་པའི་ཕྱིར་བསྐུལ་པའོ། །གླུད་གཏོར་ཡས་རྫས་དང་བཅས་ཕྱི་རོལ་ཏུ་དོར་རྗེས་གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ་བོ། །བཞི་པ་ནི། རང་ཉིད་རྟ་མཆོག་ཧེ་རུ་ཀའི་ཐུགས་ཀ་ནས་སྤྲུལ་པའི་རོལ་པ། ཁྲོ་བོ་རྡོ་རྗེའི་མེ་ཆར་དཔག་མེད་སྤྲོས། དེ་དག་གི་བགེགས་རིགས་འབྱུང་པོའི་ཚོགས་ལ་བསྡིགས་ཤིང་གཟིར་བས་རྒྱ་མཚོའི་ཕ་མཐའ་ཙམ་དུ་ཡང་སྡོད་དབང་མེད་པར་ལས་ཆེན་བཅུ་གཉིས་ཞི་རྒྱས་དབང་དགུག་རྨོངས་རེངས་དབྱེ་བསྐྲད་དང༌། །གནན་གཟེར་གསད་གསོ་ལས་ཆེན་བཅུ་གཉིས་སོ། །ལས་བསྐྲད་གཟིར་གསང་གསུམ་གྱི་སྒོ་ནས་སྒྱུ་མའི་ལྔ་ཕུང་མིང་ཡང་མེད་པར་བྱས་ཤིང༌། སེམས་ཉིད་ཆོས་སྐུའི་ཀློང་དུ་གསོ་བར་མོས་པའི་དམིགས་གནད་ཁྱད་པར་ཅན་དེ་ལྟ་བུའི་ངང་ནས། དངོས་གྲུབ་བསྒྲུབ་ལ་བར་གཅོད་བྱེད་པའི་བགེགས༔ སོགས་བརྗོད། གསུམ་པ་བསྲུང་འཁོར་བསྒོམ་པ་ལ་གཉིས། ཀུན་རྫོབ་ཀྱི་རོལ་པར་དམིགས་བཅས་སུ་བསྒོམ་པ་དང༌། དོན་དམ་གྱི་ངོ་བོར་དམིགས་མེད་དུ་བསྒོམ་པའོ། །དང་པོ་ལ་གསུམ། སྤྱིའི་གནད་ལ་བསམས་ནས་ཨ་འཐས་ཀྱི་ཐེ་ཚོམ་བསལ་བ། བསྒོམ་གཞིའི་མན་ངག་བཤད་པ། བསྒོམ་བྱའི་སྲུང་འཁོར་གྱི་རྣམ་གཞག་གོ །དང་པོ་ནི། ཆོས་དང་ཐུགས་རྒྱུད་འདྲེས་པའི་རྒོད་


JLAZ005_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་པ་ཆེན་པོ་སྣ་ཚོགས་རང་གྲོལ་གྱི་ཞལ་ནས། དམིགས་པ་གཅིག་བསྒོམ་ཚར་ནས་གཞན་བསྒོམ་ཐབས་མེད་པ་ལྟ་བུ་མ་ཡིན་ཞིང༌། ཐམས་ཅད་སེམས་ཀྱིས་རྣམ་རོལ་ཡིན་པ་ལ་འདི་དང་འདི་མི་འཁྲུག་པར་འདུག་སྙམ་པ་ལྟ་བུའི་གུ་དོག་བྱར་མི་རུང་བ་ནི་སྤྱིའི་གནད་ཆེ་ཤོས་ཡིན་ཞེས་པ་ཤིན་ཏུ་ཐུགས་བདེན་པར་སྣང༌། ནང་གི་དེ་ཁོ་ན་ཉིད་ལ་དབང་འབྱོར་ཞིང་ངེས་ཤེས་རྙེད་ན་དེ་ལྟ་མི་དགོས་མོད་ཀྱང༌། བྱིངས་ཀྱི་གནད་དེ་ལྟ་བུ་མ་གོ་བས་དམིགས་པའི་རིགས་ཇི་ལྟ་བུ་ཞིག་ལའང་ཨ་འཐས་ཀྱི་མཚན་མར་གོལ་ནས་ཐུག་རག་ཕོག་གིས་དོགས་པ་དང༌། བྱས་མ་ཚར་བའི་ཉེན་དོགས་དང༌། དེ་དང་དེ་མཉམ་པོར་མི་འཁྲུག་སྙམ་པ་དང༌། གཅིག་ཟིན་ནས་གཅིག་འཇོག་པ་ལྟ་བུ་དགོས་སམ་སྙམ་པའི་ཐེ་ཚོམ་གྱི་དྲྭ་བར་འཐུམས་ནས་ཇི་བཞིན་སྒོམ་ཤེས་མཁན་དཀོན་པར་མཐོང་མོད། འོན་ཀྱང་བཤད་ཚུལ་འདི་འདྲའང་བླུན་པོའི་ལུགས་སུ་སྣང་ཡང༌། ཇི་སྐད་དུ། ཡུལ་གྱི་སྐད་ཀྱིས་ཆོས་གོ་ན། །བསྟན་བཅོས་སྐད་ཀྱིས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་འདི་ནི་སྒྲུབ་པ་ལག་ཐོག་ཏུ་ཁེལ་བའི་དབང་དུ་བྱས་ནས་འཆད་པ་ཡིན་ཏེ། དེའང་གཞུང་ཆེན་རྣམས་སུ་ནི་ཤེས་བྱ་གཏན་ལ་ཕབ་ནས་གསུངས་པས་ལས་དང་པོ་པ་དང་དབང་རྟུལ་རྣམས་ཀྱིས་ཤེས་རྒྱུད་ལ་འབྱོར་བར་མི་ནུས། དེས་ན་འདི་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། སྔོན་དགེ་བའི་བཤེས་གཉེན་པུ་ཏོ་བ་དང༌། ཆོས་ཀྱི་འོད་ཟེར་


JLAZ005_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་ཐུན་མོང་གི་སློབ་མ་མང་པོ་ཡོད་པར་གཉིས་ཀས་ཆོས་གཅིག་གི་ལུགས་སུ་གསུངས་ཀྱང༌། བཤད་ཚུལ་གྱི་ཁྱད་ལ་ཉན་པ་པོ་རྣམས་ཀྱི་རྣ་བར་འཇེབས་མིན་ཁྱད་པར་ཤིན་ཏུ་ཆེ་བར་བྱུང་བའི་གཏམ་རྒྱུད་སྣང་བ་ལྟར་འདིར་ཡང་ཉམས་ལེན་པ་ཁོ་ན་ལ་གོ་བདེ་ཞིང་ཤེས་རྒྱུད་ལ་འབྱོར་བའི་ལུགས་སུ་འཆད་པ་ཡིན་ནོ། །གཉིས་པ་ནི། མ་ཧཱ་ཡོ་ག་ལ་སོགས་པ་ཐབས་བསྐྱེད་རིམ་གཙོ་བོར་བཏོན་པའི་ཆོ་ག་མཁན་དང་མི་འདྲ་བར་འདི་ནི་ལུང་ཨ་ནུ་ཡོ་ག་ཟབ་པ་གཙོར་བཏོན་དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རྟོགས་པའི་ལྟ་བ་རྒྱུན་ཆད་མེད་པའི་ངང་ནས་འཇུག་པ་ཡིན་ཕྱིར། རང་གི་རིག་པའི་ངོ་བོ་རྒྱུ་ཡི་ཧེ་རུ་ཀ༔ ཞེས་བྱ་བ་ངོ་བོ་སེམས་ཉིད་སྟོང་གསལ་ཀ་དག་ལ། རྣམ་པ་རྡོར་སེམས་དམར་གསལ་ནམ་མཁས་གར་ཁྱབ་སྐུ་ཡིས་ཁྱབ་ཅིང༌། དེ་ཡང་ཨ་འཐས་རྟག་བརྟན་ཐེར་ཟུག་མ་ཡིན་པར་ཟང་ཐལ་སྒྲིབ་གཡོགས་དང་བྲལ་བས་ཆོས་ཀྱི་དབྱིངས་གང་བ་ཞིག་ཏུ་གསལ་བཏབ་ལ། ཏིང་ངེ་འཛིན་གྱི་འཕྲོ་འདུ་ཐམས་ཅད་འདིའི་ངང་ལས་མདངས་མ་འགགས་པའི་རོལ་རྩལ་དུ་བྱ་བ་ཡིན་ཏེ། སྲུང་འཁོར་བསྒོམ་པ། མཆོད་གཏོར་བརླབ་སྦྱངས། ཏིང་ངེ་འཛིན་རྣམ་གསུམ་ཐམས་ཅད་འདིའི་རྫུ་འཕྲུལ་གྱི་རོལ་པར་བྱ་བ་ནི་གཞི་ཀ་དག་ཆོས་དབྱིངས་མཚོན་ལ། སྣང་སྲིད་འཁོར་འདས་ཐམས་ཅད་དེའི་ངང་དུ་མ་འདུས་པ་རྡུལ་ཕྲ་རབ་ཙམ་ཡང་མེད་ཅིང༌། བྱེར་སྡུད་ཐམས་ཅད་འདིའི་ངང་དུ་བྱ་


JLAZ005_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་མངོན་རྟོགས་རིན་ཆེན་ཕྲེང་བའམ། མངོན་རྟོགས་ཆེན་མོར་གྲགས་པ་ལས་འབྱུང་བའི་འདོན་ཚིག །བདག་ཉིད་རྒྱུའི་ཧེ་རུ་ཀའི་ཐུགས་ཀར༔ པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར༔ ཞེས་སོགས་བརྗོད་པའོ། །གསུམ་པ་ནི། བཤད་མ་ཐག་པའི་དམིགས་འདུན་ཟུང་འཇུག་ཏུ་རྡོ་རྗེའི་ལྟེ་བའི་ས་བོན་གྱི་ཡི་གེ་ཧཱུྃ་དེ་ཉིད་ལས་སྣ་ཚོགས་རྡོ་རྗེ་གྲངས་མེད་འཕྲོས་པ་རྣམས་འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་རིམ་པར་སྒོམ་པ་སྟེ། དེ་ལ་ཞར་དུ་སྣ་ཚོགས་རྡོ་རྗེའི་སྒྲ་བཤད་འཆད་དེ་ཁ་དོག་སྣ་ཚོགས་སུ་ཡོད་པ་དང༌། འོད་ཟེར་སྣ་ཚོགས་སུ་འཕྲོ་བ་དང༌། ཕྲིན་ལས་སྣ་ཚོགས་སུ་འགྲུབ་པ་དང༌། རྭ་རྣམས་ཕྱོགས་སྣ་ཚོགས་སུ་གྱེས་པ་སྟེ། དེ་ཡང་ལྟེ་བ་གྲུ་བཞི་མཐིང་ནག །རྭ་རྣམས་ཕྱོགས་མདོག་ཅན་གྱི་རྭའི་གྲངས་ལ་བཞེད་ཚུལ་ཤིན་ཏུ་མང་བར་མཆིས་ཀྱང༌། འདིར་འཇིག་ཚོགས་ཀྱི་ལྟ་བ་ཉི་ཤུ་འཇོམས་པའི་རྟེན་འབྲེལ་དུ་རྭ་ཉི་ཤུ་པ་སྟེ། དེ་ཡང་དཔེར་ན་རྡོ་རྗེ་རྩེ་ལྔ་པ་གཉིས་རྒྱ་གྲམ་དུ་བསྣོལ་བ་ལྟ་བུ་ལ་ཚང་བའོ། །ད་ནི་ཕྱི་གུར་གྱི་རྣམ་གཞག་འཆད་དེ། སྔར་གྱི་ཐུགས་སྲོག་ལས་འཕྲོས་པའི་སྣ་ཚོགས་རྡོ་རྗེས་ཕྱོགས་མཚམས་ཐམས་ཅད་དུ་གོ་མཚམས་མེད་པར་ཁེངས་པ་ལས། ཕན་ཚུན་དུ་འདུད་ཅིང་བཞུ་བླུགས་སུ་འབྲེལ་བས་འོག་ཐམས་ཅད་རྡོ་རྗེའི་ས་གཞི་ཡངས་ཤིང་རྒྱ་ཆེ་བ། སྲ་


JLAZ005_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བརྟན་པ། ལོགས་ཐམས་ཅད་དུ་རྡོ་རྗེ་སྔོན་པོ་གྱེན་འགྲེང་ཤིན་ཏུ་ཆེ་བ་དག་བརྩིག་པའི་བར་མཚམས་ཐམས་ཅད་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་བཀག་ནས། ནང་གི་འཁྲིགས་ཞལ་བ་ལྟར་འགྲིག་པས་རླུང་ཡང་ཐར་བར་མི་ནུས་ཤིང༌། དབྱིབས་ལྕགས་རྨོག་ཁ་སྦུབ་པ་ལྟ་བུར་གྱུར་པའི་རྩེ་མོར་ཁྲོ་བོའི་རྡོ་རྗེ་ནག་པོ་རྩེ་ལྔ་ཕྱེད་པའི་རྣམ་པ་ཅན་རྭ་གདེངས་པས་མཚན་པ་དང༌། ནང་དུ་རྡོ་རྗེའི་དྲྭ་བ་དང༌། གུར། བླ་བྲེས་ཀྱི་རྣམ་པ་ཅན། དེའི་ཕྱི་རོལ་ཏུ་འཁོར་ལོ་དཀར་པོའི་གུར་ཁང་དབྱིབས་སྔ་མ་ཇི་ལྟ་བ། དེའི་ཕྱི་རོལ་ཏུ་པདྨ་དམར་པོའི་གུར་ཁང༌། དེའི་ཕྱི་རོལ་དུ་རྒྱ་གྲམ་ལྗང་གུའི་གུར་ཁང༌། རིམ་བཞིན་རིན་ཆེན་འབར་བ། ཁ་ཊྭཱྃ། དགྲ་སྟྭ། གཏིན་ཤིང་ཞེས་པ་འབྲས་སྦྲུའི་ཐོ་བ་ལྟ་བུ་དང༌། བེ་ཅོན། ལྕགས་ཀྱུ། རལ་གྲི་རྣམས་ཀྱི་གུར་ཁང་དང༌། དེ་བཞིན་དུ་འབྱུང་བ་ལྔའི་གུར་ཁང་ནི། སའི་གུར་ཁང་ལྕི་ཞིང་འཐས་པ་སེར་པོ། ཆུ་བོ་དབའ་ཀློང་འཁྲུག་པའི་གུར་ཁང་སྔོན་པོ་གཤེར་ཞིང་བསིལ་བ། མེ་འུར་སྒྲ་དང་བཅས་པའི་གུར་ཁང་ཚ་ཞིང་སྲེག་པ། རླུང་སྤུ་གྲི་རེག་གཅོད་ལྗང་གུ་ཡང་ཞིང་གཡོ་བ། དེའི་ཕྱི་རོལ་ཏུ་གཞོམ་གཞིག་དང་བྲལ་བ་ནམ་མཁའ་སྔོ་སངས་གདོད་ནས་ལྷུན་གྲུབ་ཀྱི་གུར་ཁང་དང་བཅས་པའི་རིམ་པ་དེ་དག་ལས་རང་འདྲའི་མཚོན་ཆ་དཔག་ཏུ་མེད་པ་འཕྲོ་ཞིང་འུར་སྒྲ་དང་བཅས་ཀླད་ལ་འཁོར་བས་བགེགས་དང་ལོག་འདྲེན་ལ་སོགས་ལྟ་ཅི། འབྱུང་བའི་རླུང་ཡང་ཐར་བར་མི་ནུས་པ་ཞིག་ཏུ་


JLAZ005_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཞིང༌། སྲུང་འཁོར་དེ་དག་རྣམས་རྣམ་པ་སོ་སོར་གསལ་ཡང་རྒྱུ་སྔར་གྱི་ཐུགས་སྲོག་ལས་འཕྲོས་པའི་རྡོ་རྗེ་ཤ་སྟག་ལས་གྲུབ་ཅིང༌། དེའི་རང་བཞིན་ཡེ་ཤེས་ལྔའི་རྣམ་རོལ་ཏུ་གོ་བ་སྲུང་འཁོར་འཁོར་འདས་དབྱེར་མེད་དོ། །དེས་ནི་བདག་མདུན་ཟུང་འཇུག་གི་སྲུང་འཁོར་བསྒོམ་ཚུལ་ཐུན་མོང་དུ་བཤད་པའོ། །སྲུང་གུར་རྒྱ་ཆེན་པོ་དེའི་ནང་དུ་ཐུགས་སྲོག་གི་ཧཱུྃ་ལས་བྷྲཱུྃ་སེར་པོ་གཅིག་ཆད་པ་ལས། སྐད་ཅིག་དེ་ཉིད་ལ་གནས་འགྱུར་ཏེ་འཁོར་ལོ་སེར་པོ་རྩིབས་བཅུ་པ་བླ་གབ་དང་བར་མཚམས་མེད་ཅིང་ཐོགས་རྡུགས་མེད་པ་ཞིག་ཏུ་གསལ་འདེབས་པ་ཡིན་ལ། འཁོར་ལོ་འདིའི་བཟོ་དབྱིབས་དང་ཡིན་ལུགས་ལེབ་ཆགས་སམ། གདན་ཐབས་སུ་གོ་བ་ཆེས་མང་མོད། མཁས་པ་ལ་ལས་རང་ལུགས་ལའང༌། དེ་ལྟར་དུ་བཤད་པ་གསན་གཟིགས་མ་འབྱུང་བའི་སྐྱོན་དུ་སེམས་ཤིང༌། དེ་ལྟ་ན་སྟེང་འོག་གི་ཧཱུྃ་ཀཱ་ར་སྟོབས་ཆེན་གཉིས་ལ་བཞུགས་ས་ཡང་མི་འབྱུང་བས་ཧ་ཅང་ཐལ་ཆེས་ཏེ། འདི་འདྲ་སྔགས་གསར་རྙིང་གཉིས་ཀའི་སྒོམ་ཁོག་ལ་ཆེས་མང་བར་འབྱུང་མོད། དེས་ན་གསར་རྙིང་དགོངས་པ་མཐུན་ཏེ། ཚར་པ་ཆོས་རྗེས་ཀྱེ་རྡོ་རྗེའི་ལམ་འབྲས་སུ་འགྲེལ་བ་འདི་ལྟར་མཛད་དེ། མཚོན་ཆ་འཁོར་ལོ་སྟེ་ལྟེ་བ་སུམ་ཆ། དེ་ནས་སུམ་ཆ་རྩིབས་ཀྱི་སྦོམ་པ། དེ་ནས་སུམ་ཆ་རྩིབས་ཀྱི་རྩེ་


JLAZ005_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྣོ་བའོ། །དེ་ཡང་དང་པོ་གཉིས་ཁོག་སྟོང༌། ཕྱི་མ་རྩེ་མོ་ཤིན་ཏུ་རྣོ་བ། རལ་གྲི་སོ་གཉིས་མ་ལྟ་བུ། ཞེས་གསུངས་པ་དང༌། རྙིང་མ་རང་ལུགས་ལ་རྒོད་ཚང་རིག་འཛིན་ཆེན་པོས་ཞིབ་འགྲེལ་འདི་ལྟར་མཛད་དེ། རྩིབ་བཅུ་ཞེས་པ་དེ་ཡང་ཕྱོགས་མཚམས་ལ་རྩིབས་བརྒྱད་དང༌། སྟེང་འོག་གཉིས་སུ་རྩིབས་རེ་རེ། དེ་གཉིས་ནི་དཔེར་ན་མ་ཎི་འཁོར་ལོའི་ལྕགས་ཀྱི་སྲོག་ཤིང་བཀལ་བ་ལྟ་བུ་དང་འཁོར་ལོའི་རྩིབས་རྣམས་ཀྱང་ལེབ་མོ་མ་ཡིན་པར་སིལ་སྙན་ཁ་སྦྱར་བ་ལྟ་བུའམ། ཕུབ་གཉིས་ཁ་སྦྱོར་ལྟ་བུ་ནང་ཁོང་སེང་ཡོད་པ་དང༌། སྟེང་འོག་གཉིས་ཀྱི་རྩིབས་ཀྱང་མདུང་གི་ལྕགས་སྦུབ་ལྟ་བུ་ནང་ཁོང་སྟོང་ཅན་ནོ། །ཞེས་གསུངས་ཀྱི་རྫོགས་ཆེན་གྱི་སྟོང་སྒྲ་ལ་ལྗགས་བསྡུ་མི་དགོས་སོ། །སྔར་བཤད་པའི་འཁོར་ལོ་རྩིབས་བཅུ་པ་རྒྱ་ཁྱོན་ཤིན་ཏུ་ཆེ་བ་སྟོང་ཁམས་དང་མཉམ་པ་དེ་ཉིད་ཀྱི། དབུས་དང་རྩིབས་བཅུ་སོ་སོའི་ནང་དུ་ཉི་གདན་རེ་རེ་ལ། རྒྱུའི་ཧེ་རུ་ཀའི་ཐུགས་སྲོག་ལས་དབུས་མར་བྷཱུྃ་ཡིག་དང༌། ཕྱོགས་མཚམས་སྟེང་འོག་རྣམས་སུ་ཧཱུྃ་བཅུ་འཕྲོས་པ་སོ་སོའི་གདན་ལ་འཁོད་པ་སྐད་ཅིག་ལ་གནས་འགྱུར་ཏེ། དབུས་མའི་བྷྲཱུྃ་ཡིག་ལ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྐྱེད་ཅིང༌། དེ་ཡང་བྷྲཱུྃ་ཡིག་དེ་ལ་དག་སྦྱོར་འདི་ལྟར་ཡོད་དེ། ཡི་གེ་རྣམས་ཁ་ཕྲལ་བ་ལ། བ་ལ་ཧ་བྱིན་པས་སྟོབས་


JLAZ005_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ལ་བ་བྱིན་པས་འཕྲོག་པ། ཀླད་སྐོར་ལ་མ་བྱིན་པས་མར་དགྲའོ། །དགྲ་བོའི་སྟོབས་འཕྲོག་པ་ཞེས་བྱའོ། །ལྷ་དེའི་སྐུ་མདོག་ནི་སེར་པོ། ཞལ་གཅིག་ཕྱག་གཉིས་ཤིན་ཏུ་ཁྲོ་གཏུམ་ཆེ་བའི་ཕྱག་གཡས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང༌། གཡོན་སྡིགས་མཛུབ་དང་བཅས་པས་དྲིལ་བུ་འཛིན་པ། སྦྲུལ་སྟག་ལ་སོགས་པའི་རྒྱན་གྱིས་སྦུད་ཅིང༌། རྩིབས་བཅུའི་ཁྲོ་བཅུ་ལ་སོགས་གཞུང་བཞིན་དུ་བསྐྱེད་ལ། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པ་དང༌། དབང་བསྐུར་རྒྱས་གདབ་ལ་སོགས་པ་གཞུང་ཚིག་དང་མཐུན་པར་བྱེད་ཅིང༌། དེ་ཡང་འཁོར་ཐམས་ཅད་ཞལ་གཙོ་བོ་ལ་སྟོན་པའི་སྲུང་འཁོར་གྱི་ནང་ཁོངས་སུ་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྐྱབས་འོག་ཏུ་འཛུད། བློས་མ་ནུས་ན་དམིགས་བསལ་དང་བཅས་པའི་ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་དང་བཞུ་ལུགས་སུ་གྱུར་པས་བར་ཆད་གང་གིས་ཀྱང་གླགས་མི་ཚུགས་པར་སྒོམ་ཞིང༌། སྒྲུབ་ཆེན་ལྟ་བུ་མ་ཡིན་པའི་ཚེ་སྲུང་འཁོར་སྒོམ་པའི་གཞུང་ཚིག་རྣམས་འདོན་པར་མ་སྤོབས་ན་དམིགས་པ་ནི་མི་ཤེས་ཁ་མེད་ཡོད་མོད། ད་ལྟ་དགོངས་འདུས་དཀྱིལ་ཆོག་ལ་སྲུང་འཁོར་འདི་ལྟ་བུ་ཞིག་ཡོད་དམ་སྙམ་པའི་རྟོག་པ་ཙམ་ཡང་མ་ཞུགས་པར། མེ་ཏོག་ཕྲེང་མཛེས་ཀྱི་སྲུང་འཁོར་ཉེ་བསྡུས་འཆད་མ་རེག་པ་ལ་ཡིད་བརྟན་


JLAZ005_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འཆའ་བའི་དགོངས་འདུས་མཁན་པོ་ཡང་ཡོད་དེ་ཕྲ་མ་སྔ་བཙན་ལ་དགའ་བ་ནི་ཆོས་ཀྱི་བག་ཆགས་དང་བྲལ་བའི་སྐྱོན་དུ་སྣང་ངོ༌། །ཧྲཱིཿས་བོན་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་འཕྲོས༔ ཞེས་སོགས་དང༌། མཇུག་གི་སྔགས་དོན། ཨཱོྃ་ཨཱཿཧཱུྃ་སྐུ་གསུང་ཐུགས། བཛྲ་གུ་རུ་དེ་ཝ་ཌཱ་ཀྐི་ནི། བླ་མ་ཡི་དམ་མཁའ་འགྲོ། ཧ་རི་ནི་ས། མཁའ་འགྲོ་སྡེ་བཞི། ར་ཙ་ཧྲཱི་ཡ༔ དཔའ་བོ་རིགས་བཞི། བཛྲ་ནི་རྡོ་རྗེ། མ་ཧཱ་ནི་ཆེན་པོ། ཀྲོ་དྷ་ནི་ཁྲོ་བོ། རཀྵཾ་རཀྵཾ་ནི་སྲུངས་ཤིག །ཧཱུྃ་ནི་ཐུགས་རྒྱུད་བསྐུལ་བ་སྟེ། བདག་གཞན་གྱི་སྒོ་གསུམ་ལ་སྲུངས་ཤིག་བསྐུལ་བའོ། །གཉིས་པ་ནི། དེ་ལྟར་མཚན་བཅས་ཀྱི་སྲུང་འཁོར་སྒོམ་པ་དེ་དག་ཀྱང་དོན་དམ་པར་བདག་གཞན་ཕན་གནོད་བསྲུང་བྱ་སྲུང་བྱེད་ཐམས་ཅད་སྤྲོས་པའི་ཡུལ་ལས་འདས་པ་ཆོས་དབྱིངས་གདལ་ཁྱབ་ཡེ་གྲོལ་ཆེན་པོའི་ཀློང་དུ་སྣང་གྲག་ཐམས་ཅད་རྒྱས་འདེབས་པའི་ལྟ་གདེང་གིས་ཟིན་པས། ཧཱུྃ་ཧྲཱིཿཡེ་ཤེས་རོལ་པ་དབང་གི་དཀྱིལ་འཁོར་འདིར༔ ཞེས་སོགས་བརྗོད་ཅིང་འདི་ནི་འཁོར་འདས་མཉམ་པ་ཉིད་ཀྱི་སྲུང་འཁོར་རོ། །ཆོག་ཁྲིགས་རྙིང་པ་ལ་སྐབས་འདིར་ཡང་ཡན་ལག་བདུན་པ་དང་སྐྱབས་སེམས་སོགས་བྱུང་བ་མེ་ཏོག་ཕྲེང་མཛེས་དང་འདྲེས་པ་ཡིན་ཞིང་དེས་ན་སྔ་མས་གོ་བཅད་དེ་བཏང་སྙོམས་སུ་བཞག་སྟེ་མི་འབྲེལ་ལོ། །ཁ་ཅིག་ན་རེ། ཚར་གཉིས་ལྡབ་པ་


JLAZ005_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡོན་ཏན་ལས་སྐྱོན་མེད་དོ་ཞེས་སྨྲ་ན། བློས་ལྕོགས་ན་ཐོག་མའི་སྐྱབས་སེམས་ནས་མཐར་བསྡུ་ཆོག་ལ་ཐུག་གི་བར་ཇི་ཙམ་མང་བ་བསྐྱར་བས་ཆོག་གི་དཀྱིལ་ཆོག་དང་འབྲེལ་བ་འདི་ལྟ་བུའི་ཚེ་ཡང་བདག་བསྐྱེད་རྐྱང་པའི་སྒོས་ཆོས་ཐམས་ཅད་འབྱོལ་ཉོག་ཏུ་བསྲེ་དགོས་པ་ཡིན་ན། ད་དུང་མེ་ཏོག་ཕྲེང་མཛེས་ནས་བཤད་པའི་བགེགས་གཏོར་ཟུར་པ་ཡང་ཆད་སྐྱོན་དུ་འདུག་པས་བསྣན་དགོས་སོ། །འོན་ཀྱང་ཆོ་ག་ལ་ལར་ཞལ་འཕངས་མཛད་པ་ནི། ཀུན་རྫོབ་དང་དོན་དམ་གྱི་དབྱེ་བས་སྐྱབས་སེམས་ཚར་གཉིས་སུ་བྱུང་བ་ཡིན་ལ། འདི་ནི་གཞུང་ཚིག་གིས་གོ་བར་ནུས་སོ། །གཉིས་པ་མཐུན་རྐྱེན་སྒྲུབ་པའི་ཡན་ལག་མཆོད་རྫས་བརླབ་པ་ལ་གཉིས། སྤྱིར་བརླབ་པ་དང༌། བྱེ་བྲག་ཏུ་བརླབ་པའོ། །དང་པོ་ནི། འདི་ཉིད་ཀྱི་མཆོད་པའི་ལག་ལེན་དམར་ཁྲིད་ཡིག་ཆུང་ལས་རྣམ་གྲངས་གསུམ་དུ་གསུངས་ཏེ། ཡེ་ནས་ལྷུན་གྱིས་གྲུབ་པའི་མཆོད་རྫས༔ ཞར་བྱུང་གི་མཆོད་རྫས༔ རྩོལ་བས་བསྒྲུབས་པའི་མཆོད་རྫས་སོ༔ དང་པོ་ལ་གསུམ། ཕྱི་མ་བཤམས་ལྷུན་གྱིས་གྲུབ་པ༔ གླིང་བཞི་གླིང་ཕྲན་ལྕགས་རི་ཁོར་ཡུག་ཉི་ཟླ་སྐར་ཕྲན་ལ་སོགས་པ༔ རི་བོ་མཆོག་རབ་དང་བཅས་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་བཀོད་ལེགས་པ། ནང་རྩོལ་མེད་ཤུགས་ཀྱིས་སྤྲུལ་པ་ལྷ་དང་ལྷ་མོ།


JLAZ005_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་མི་མོ་ལ་སོགས་པ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་རྒྱན་ཆ་ལུགས་རྣམ་འགྱུར་རོལ་རྩེད༔ ལོངས་སྤྱོད་འདོད་ཡོན་དང་བཅས་ཏེ་རྒྱུ་བཟང་༔ གསང་བ་སེམས་ཀྱི་རོལ་པ་ཆོ་འཕྲུལ་དུ་མ་ལས་བྱུང་ཞིང་དམིགས་པའི་མཆོད་རྫས༔ འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལས་མངོན་པར་ལྷག་པའོ༔ གཉིས་པ་ལ་གསུམ། ཕྱི་ཞར་བྱུང་གི་མཆོད་རྫས་གཟུགས་སྒྲ་དྲི་རོ་རེག་བྱའི་རིགས་སུ་གྱུར་ཏོ་ཅོག༔ ནང་ཞར་བྱུང་གི་མཆོད་རྫས་བཟའ་བཏུང་གི་རང་བཞིན་ནང་ནུབ་ཉིན་གུང་ལ་སོགས་སུ་ལོངས་སྤྱོད་པ་ཐམས་ཅད་དོ༔ གསང་བ་ཞར་བྱུང་གི་མཆོད་རྫས་རང་ལས་གུད་དུ་མ་མཆིས་པ་ཟབ་མོ་སྦྱོར་སྒྲོལ་དང་༔ ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའོ། །གསུམ་པ་ལ་གསུམ། ཕྱི་རྒྱུའི་མཆོད་པ་དང་༔ རྐྱེན་གྱིས་བསྒྱུར་བའི་མཆོད་པ་དང་༔ ནང་རྒྱུའི་དང་༔ རྐྱེན་གྱིས་བསྒྱུར་བ༔ གསང་བ་རྒྱུའི་དང་༔ རྐྱེན་གྱིས་བསྒྱུར་བའི་མཆོད་རྫས་ཏེ༔ ཞེས་གསུངས་ཤིང་དེ་ལ་དང་པོ་ཕྱི་རྒྱུའི་མཆོད་པ་ནི་ཡོངས་གྲགས་ལྟར་གྱི་ཕྱི་མཆོད་རྣམས་ལས། དེ་རྐྱེན་གྱིས་བསྒྱུར་བ་ནི། མཆོད་ཡོན་ལ་ཞིག་དཀར་པོའི་ལྦུ་བ་དང༌། གུར་གམ། ཤིང་སྤྱི་ཞུར། རྒྱ་སྐྱེགས་ཀྱི་མེ་ཏོག་ཡུང་བ་དང་དང་རམས་ཕྱེ་བསྲེས་པ་ལ་སོགས་པས་ཁ་དོག་ཐ་དད་པ་བསྒྱུར་བ་ལ་


JLAZ005_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང༌། དེ་བཞིན་དུ་མེ་ཏོག་ཀྱང་དངོས་སུ་གྲུབ་པའམ། ཡང་ན་དར་རས་གྲོ་ག་ལ་སོགས་པར་ཚོན་གྱིས་བསྒྱུར་ནས་བྲིས་ཤིང་མཛེས་པར་བྱས་པ་དང༌། བདུག་སྤོས་ནི་གཞུང་འདི་ག་ལས་འབྱུང་བའི་སྤོས་སྦྱོར་མཚན་ཉིད་པའམ། སྟབས་བདེ་བར་བྱེད་ན་འདི་ཉིད་ལས་བཤད་པའི་ཚུལ་བཞིའི་སྦྱར་སྤོས་ཞེས། ཤིང་ཚ་ཆུའི་ཚུལ༔ སྤོས་དཀར་ཐལ་གྱི་ཚུལ༔ ལི་ཤི་རྡོར་གྱི་ཚུལ༔ སྤང་སྤོས་ཚྭའི་ཚུལ་ཞེས་བཞི་པོ་མང་ཉུང་གི་སྦྱོར་ཚད་བཤད་མ་ཐག་པ་ལེགས་པར་སྦྱར་ལ། སྦྲང་བུར་གྱིས་ཁ་ཚར་བཏབ། ཁུ་བ་ཆང་ལ་བྱས། སུག་སྨེལ་གྱི་ཕབས་བཏབ་དྲི་ཞིམ་པའི་སྤོས་ཁྱད་པར་ཅན་ཤིན་ཏུ་ལས་སླ་བ་ཞིག་འཕྲལ་དུ་འབྱུང་ངོ༌། །སྣང་གསལ་ནི། རྩི་མར། འབྲུ་མར། ཏིལ་མར་སོགས་ལས་སྤར་བའམ། མ་འགྲུབ་ན། འོད་མ་དང༌། སྒྲོན་ཤིང་ཀྱང་རུང་བར་བཤད་ཅིང༌། དྲི་ཆབ་ནི། ཆུ་གཙང་སྲོག་ཆགས་དང་བྲལ་བར། ག་བུར། ཙནྡན། གུར་གུམ། ཛཱ་ཏི། སི་ཧ་ལ་སོགས་པའི་སྨན་བཟང་པོ་ཅི་འཛོམ་པའི་རྐྱེན་གྱིས་སྦོམ་པའམ། ཡང་ན་བའི་རྣམ་ལྔས་དེ་ཚོད་བྱས་པ། ཞལ་ཟས་ནི་འོག་ཏུ་འཆད་ཅིང༌། རོལ་མོ་ནི། དྲིལ་བུ། ཐོད་རྔ། ཅང་ཏེའུ། ཕེག་རྡོབ། གཎྜི། དུང༌། པི་ཝང༌། གླིང་བུ། འཁར་རྔ། རྫ་རྔ། དྲ་བ། རྒྱུད་མངས། རྔ་ཟླུམ་


JLAZ005_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང༌། དེ་དག་གི་པགས་པ་འགྲོ་བ་རྣམས་ལ་རྐྱེན་གྱིས་བསྒྱུར་བ་སྟེ་པགས་རྫས་གཞུང་འདི་ཉིད་ལས་བཤད་པ་ལྟར་གྱི་སྦྱོར་སྡེ་བྱས་པ་དང༌། ནང་མཆོད་དང་གསང་མཆོད་གཉིས་རྐྱེན་གྱིས་བསྒྱུར་བའི་རྣམ་གཞག་ནི་འོག་ཏུ་འཆད་པའོ། །དེ་དག་ཐམས་ཅད་ཀྱི་རང་བཞིན་འབྱུང་བ་ལྔའི་ཁོངས་སུ་མ་འདུས་པ་རྡུལ་ཆ་ཙམ་ཡང་མེད་ཅིང༌། འབྱུང་ལྔས་ཁྱབ་ཚད་ལ་རིགས་ལྔའི་ངོ་བོས་ཁྱབ་པས་གཙང་དམེའི་གཉིས་རྟོག་དང༌། བསང་སྦྱངས་བྱིན་རླབས་ལ་སོགས་པའི་མཐའ་དང་སྤྲོས་པས་དབེན་ཀྱང༌། ཀུན་རྫོབ་གློ་བུར་གྱི་བག་ཆགས་སྦྱང་བའི་ཕྱིར་དུ་སྔར་གྱི་རྒྱུའི་ཧེ་རུ་ཀའི་ཐུགས་སྲོག་ལས། རིགས་ལྔའི་ས་བོན། ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཞེས་ཆད་པས་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་བདེན་པ་གཉིས་ཀྱིས་བསྡུས་པ་ཐམས་ཅད་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་དུ་རྒྱས་འདེབས་པའི་དག་དྲན་སོ་མའི་ངང་ནས། ཕྱི་ནང་གསང་བའི་མཆོད་པ་འདི་དག་དང་༔ སོགས་བརྗོད། གཉིས་པ་ལ་གཉིས། དངོས་སུ་བཤམས་པའི་ཕྱི་ནང་གི་མཆོད་རྫས་རྣམས་ཏིང་ངེ་འཛིན་དང་སྔགས་ཀྱིས་བརླབ་པ་དང༌། སྨན་རཀ་གཏོར་གསུམ་སྒོས་སུ་བརླབ་པའོ། །དང་པོ་ལ་བཞི། སྔགས་དང་དམིགས་པའི་བྱེད་ལས། འདོན་བསྒོམ་སྦྲག་མའི་དག་བརྗོད། དེ་ལྟར་མ་བརླབས་པའི་སྐྱོན། བརླབས་པའི་ཡོན་ཏན་ནོ། །དང་པོ་ནི།


JLAZ005_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ལྟར་སྟོང་གསལ་རྒྱུའི་ཧེ་རུ་ཀ༔ དེ་ཉིད་ཀྱི་ཐུགས་སྲོག་ལས། རཾ་དམར་པོ་ཚ་ཞིང་བསྲེག་པ་འཕྲོས། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་མཆོད་རྫས་ཀུན་གྱི་མ་དག་པའི་ཉེས་སྐྱོན་དང༌། དངོས་འཛིན་གྱི་རྟོག་པ་བསྲེགས། ཡཾ་ལྗང་གུ་ཡང་ཞིང་གཡོ་བ་ཞིག་འཕྲོས་པས་དེ་ལས་ཡེ་ཤེས་ཀྱི་རླུང་བྱུང་ནས་བག་ཆགས་ཀྱི་མངོན་ཞེན་གཏོར། ཁཾ་དཀར་པོ་གཤེར་ཞིང་སིལ་བ་འཕྲོས་པས། དེ་ལས་ཡེ་ཤེས་ཀྱི་ཆུ་བྱུང་ནས་གཉིས་འཛིན་གྱི་དྲི་མ་ཐམས་ཅད་བཀྲུས། ངོ་བོ་སྟོང་པ་ཨཱོྃ། རང་བཞིན་གསལ་བ་ཨཱཿ ཐུགས་རྗེ་ཀུན་ཁྱབ་ཧཱུྃ། དེ་སྐུ་གསུམ་དབྱེར་མེད་ཀྱི་ཀློང་དུ་མི་དམིགས་པར་སྦྱངས་ལ། ངག་ཏུ། རཾ་ཡཾ་ཁཾ༔ ཨཱོྃ་ཨཱ་ཧཱུྃ༔ ཡེ་ཤེས་མེ་ཡིས་ཉོན་མོངས་བག་ཆགས་བསྲེགས༔ སོགས་དང༌། སྔགས་དོན་ནི། རཾ་སྥ་ར་ཎ་ཕཊ༔ ཅེས་པ་མེས་བསྲེགས། སཾ་ཧ་ར་ཎ་ཧཱུྃ། ཞེས་ཡང་དག་པར་སྦྱང༌། ཡཾ་སྥ་ར་ཎ་ཕཊ༔ ཅེས་རླུང་གིས་གཏོར། སཾ་ཧ་ར་ཎ་ཧཱུྃ། ཞེས་ཡང་དག་པར་གཏོར། ཁཾ་སྥ་ར་ཎ་ཕཊཿ ཆུས་བཀྲུས། སཾ་ཧ་ར་ཎ་ཧཱུྃ་ཡང་དག་པར་བཀྲུས། ཞེས་པས་དོན་དེ་སྔགས་དོན་འདི་བྱུང་ཚད་ལ་ཤེས་པར་བྱའོ། །གཉིས་པ་ནི། མཚན་འཛིན་གྱི་དངོས་པོ་ཐམས་ཅད་ཞིག་པའི་འཁོར་འདས་མཉམ་པ་ཉིད་ཀྱི་རིག་པ་སོ་མ་དེའི་ངང་ལས། ཐུགས་


JLAZ005_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལས་ཡི་གེ་ཨཱོྃ་ཨཱཿཧཱུྃ་སྤྲོས་པས། ཨཱོྃ་གྱིས་མང་པོ་སྤེལ། ཨཱ༔ ཡིས་དྲི་མ་སྦྱངས། ཧཱུྃ་གིས་གང་ལ་གང་འདོད་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་བསྒྱུར་ནས། བློས་དཔག་ཏུ་མེད་ཅིང་རང་བཞིན་གྱི་རྣམ་པར་དག་པའི་ཡེ་ཤེས་ཆེན་པོའི་རོལ་པས། ཨཱོྃ་ཨཱཿཧཱུྃ། ཨཱོྃ་ནི་སྤེལ་བྱེད་སྐུ་ཡི་ཡིག་འབྲུར་གསལ༔ སོགས་མཐར། ཨཱོྃ་ཨཱཿཧཱུྃ་ཞེས་བརྗོད་པ་ནི་དེའི་རྣམ་རོལ་རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དག་པའོ། །གསུམ་པ་ནི། དེ་ལྟར་མ་བརླབས་ན་ཕྱི་མཆོད་ལ་མཚོན་ན། ཡོན་ཆབ་ལ་དྲི་ཟ་ཉེ་བའི་འཁོར། མེ་ཏོག་ལ་མེ་ཏོག་ཚེ་རྒྱལ། བདུག་སྤོས་ལ་ནག་པོའི་དྲི་ལྡང༌། སྣང་གསལ་ལ་གྲིབ་གནོན་རྐུན་པོ། དྲི་ཆབ་ལ་བདུག་པ་དྲི་འཕྲོག །ཞལ་ཟས་ལ་ལོག་འདྲེན་གདོང་བརྒྱ་ཞེས་བྱའི་བགེགས་འཇུག་པར་བདེ་གཤེགས་འདུས་པ་ལས་གསུངས་པས་མཚོན་ཏེ། ནང་མཆོད་རྣམས་ལའང་འབགས་བཙོག་གི་དྲི་མས་སྦགས་པའི་སྐྱོན་གྱིས་རྩ་བ་གསུམ་དང་དམ་ཅན་ལ་སོགས་པ་དབང་དུ་བསྡུ་བར་མི་ནུས་པའི་སྐྱོན་ཡོད་དོ། །བཞི་པ་ནི། ཏིང་ངེ་འཛིན་གསལ་ཞིང་བྱེ་བྲག་ཕྱེད་པས་སྐྱོན་དེ་ལས་ལྡོག་སྟེ་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །གཉིས་པ་ནང་གི་མཆོད་པ་སྒོས་སུ་བརླབ་པ་ལ་གསུམ། སྨན་བརླབ་པ། རཀྟ་བརླབ་པ། གཏོར་མ་


JLAZ005_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་པའོ། །དང་པོ་ལ་བཞི། སྨན་གྱི་སྣོད་དང་ཁ་གྲངས་བཤམ་ཚུལ། སྨན་གྱི་རྒྱུ། སྨན་གྱི་ངེས་ཚིག །བརླབ་པ་དངོས་སོ། །དང་པོ་ནི། གཞུང་ལས། རང་གི་མདུན་དུ་སྟེགས་ཀྱི་ཁར། རབ་གཙོ་བོའི་གྲངས་དང་མཉམ་པ༔ འབྲིང་ལྔ༔ ཐ་མའང་གསུམ་མམ༔ གཅིག་ལ་སོགས་པའི་ཀ་པཱ་ལ་མཚན་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་སུ་བདེ་སྐྱོང་གི་དཔྱད་རྒྱས་པར་འདུག་པ་རྣམས་ཅུང་ཟད་དགོངས་པ་མི་མཐུན་ཙམ་མཆིས་པ་དང༌། གཏེར་ཁ་ཆེན་པོ་འདིར་ཡང་ཐོད་བཤད་རྒྱས་པར་ཡོད་པ་རྣམས་བཤད་ཚུལ་ཐ་དད་མཆིས་པར་རང་རང་གིས་ལུགས་ཡིན་པར་ཤེས་དགོས་ལ། དེང་སང་བུ་ཆུང་ལོ་གསུམ་ཡན་ཆོད་ཀྱི་ཁ་ནས་ཐོད་ཉམས་བྱེད་པ་གདའ་བ་ནི་ཅི་དགར་སྨྲ་བ་ཙམ་དུ་སྣང་ངོ༌། །ལྡན་གས་གྲུམས་ཆག་སྐྱོན་སོགས་མེད་པར༔ ཞེས་ཁ་གྲངས་ཀྱང་གཞུང་གི་དགོངས་པ་བཤད་མ་ཐག་པ་ལྟར་ཅི་འགྲུབ་ཏུ་བྱ་བ་ལས་གཅིག་རང་ལ་མཐའ་བཀག་པ་ནི་མ་གསུངས་ཤིང་དཀྱིལ་འཁོར་ཆེན་པོ་དང་འབྲེལ་ཚེ་སྣོད་ཀྱང་བྷནྡྷ་མཚན་ལྡན་སྐྱོན་མེད་ཁོ་ན་ལེགས་པ་ཡིན་ནོ། །བཤམ་ཚུལ་ཀྱང་སྔ་མའི་ཡིག་ཆུང་ལས། བདུད་རྩི་ལ་སོགས་པའི་སྣོད་ཀ་པཱ་ལའམ༔ དེ་ལས་གཞན་ལ་ཡང་རུང་སྟེ༔ གང་ཡིན་པ་དེ་གས་པ་དང་ཆག་གྲུམས༔ ཡོ་བ་མི་བགྱིས་པ་ལ་སོགས་ལས༔ ཚུལ་མི་མཐུན་པ་སྐྱོན་ཅན་དུ་མི་བཤམ༔ དེ་འདྲའི་སྐྱོན་ཅན་དུ་བཤམ་ན༔ སྣོད་གས་པས་གནས་སྐབས་སུ་ལོངས་སྤྱོད་དབུལ༔ མིས་མི་བྱམས༔


JLAZ005_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཡུལ་མཐའ་འཁོབ་ལ་སོགས་པར་སྐྱེ་བར་འགྱུར་རོ༔ ཞེས་གསུངས་པས་ཤིན་ཏུ་བཀོད་ལེགས་པར་བཤམ་མོ། །གཉིས་པ་དེའི་ནང་དུ་སྦོམ་པའི་བཅུད་དམ་རྒྱུ་ནི། སྔ་མའི་འཕྲོ་ལས། འཛོམ་ན་ཆང་༔ མ་འཛོམ་ན་ཡང་ཇི་ལྟར་འཛོམ་པའི་བཏུང་བའི་ནང་དུ༔ པཉྩ་ཨ་མྲྀ་ཏ་ཡོད་ན་རབ༔ དེ་མ་འབྱོར་ན་བདུད་རྩིའི་རིགས་དང་སྨན༔ སིནྡྷུ་ར༔ སྦྲང་བུ་རམ་ལ་སོགས་མདོར་ན་དྲི་རོ་བཅུད་ལྡན་གྱི་རྫས་ཁྱད་པར་ཅན་གང་འཛོམ་སྦྱར་བས་ཐོད་པ་རྣམས་གང་བར་བྱ༔ སྟེང་ནས་དར་དམར་སེར་རམ༔ མེ་ལོང་གི་ཞལ་ཁེབ་དང་ལྡན་པར་བྱས་ལ་གཡས་སུ་བཤམ་མོ༔ ཞེས་གསུངས་པ་ལྟར་དམ་སེལ་མེད་པའི་ཆོས་སྨན་མཚན་ཉིད་པ་དང༌། བདུད་རྩིའི་རིགས་ལ་གཏོགས་པའི་སྨན། ཆུ་བོའི་སིནྡྷུའི་འགྲམ་གྱི་རང་བྱུང་གི་ལི་ཁྲི་རྙེད་ན་རབ། མ་རྙེད་ན་གཏེར་ཁ་རྣམ་དག་ལས་བྱོན་པའམ། ཙཱ་རི་གསར་རྙིང་ལ་སོགས་གནས་ཆེན་ཁྱད་པར་ཅན་ལས་བྱུང་བའི་སིནྡྷུ་ར། ཀར་བུར། བཅུད་སོ་ལྔ་ལ་སོགས་པ་ཅི་འགྲུབ་ཀྱིས་སྦམས་ལ། ཁ་གཡོགས་ནི་གཞུང་ལས་གསུངས་པ་ལྟར་གྱི་དར་རྣམ་ཤེས་ཚོགས་བརྒྱད་མ་སྤངས་གནས་སུ་དག་པའི་བརྡ་མཚོན་དུ་ལྟེབ་བབས་བརྒྱད་དུ་བྱས་པས་གཡོགས་པའམ། ཡང་ན་ཁམས་དཀར་དམར་གཉིས་དག་པའི་བརྡར་འཁར་བ་ཞེས་ཟངས་དང་ཤ་དཀར་བསྲེས་པ་ལས་གྲུབ་པའི་


JLAZ005_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་མཚན་ཉིད་པས་ཞལ་ཁེབས་བྱ་སྟེ། གཡས་སུ་བཤམས་ཞེས་པ་ནི་གཏོར་མའི་གཡས་སུ་བཤམས་པའི་དོན་ཏེ། འཆད་ཚུལ་གཞན་ཡང་ཡོད་དེ། བཤད་མ་ཐག་པ་ཉིད་ལེགས་སོ། །གསུམ་པ་ངེས་ཚིག་ནི། གཤམ་དུ་འབུལ་བའི་སྐབས། རྒྱུ་དྲུག་རྐྱེན་བཞི་བདུད་རྩི་ར་ས་ཡཱ་ན༔ ཞེས་གསུངས་པས་རྒྱུ་དྲུག་ལ་ཕྱི་ནང་གསང་གསུམ་གྱི་སྒོ་ནས་དབྱེ་ན། ཕྱི་ལྟར་དུ་བདུད་རྩི་ཛ་གད་ཅེས་ཆང་གི་སྐབས་སུ་གྲོ་ནས་འབྲས་རྒུན་འབྲུམ་ལ་སོགས་ཏེ་འབྲུ་སོ་སོའི་རྩ་བ། སྡོང་པོ། ཡལ་ག །ལོ་མ། མེ་ཏོག །འབྲས་བུ་ལ་སོགས་ཏེ་མེ་ཏོག་གི་དོད་དུ་འདིར་སྙེ་མ་འདྲེན་པའི་རྒྱུ་དྲུག་དང༌། ནང་ལྟར་དུ་ཆོས་སྨན་སྦྱོར་བའི་སྐབས་སུ། སྨན་གྱི་རྩ་བ། སྡོང་བུ་ལ་སོགས་ཏེ་དཀྱུས་སུ་བཤད་མ་ཐག་པའི་རྒྱུ་དྲུག་དང༌། དེ་གཉིས་ཀ་ལ་རྐྱེན་བཞི་ནི་ཐུན་མོང་དུ་འཇུག་སྟེ། རྒྱུའི་རྐྱེན། བདག་པོའི་རྐྱེན། དམིགས་པའི་རྐྱེན། དེ་མ་ཐག་པའི་རྐྱེན་ཞེས་བཤད་ལ། དང་པོ་ནི་འབྲུ་སྨན་གང་ཡིན་ཡང་རྒྱུ་གཙང་ཞིང་དག་པ། གཉིས་པ་ནི། སྟོན་པ་རྡོ་རྗེ་སློབ་དཔོན་ཡིན་པས་དེའི་མཚན་ཉིད། རྒྱུད་སྡེ་རྣམས་ནས་བཤད་ཚུལ་ལྟར་དེ་ཉིད་བཅུ་དང་ལྡན་པ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང༌། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང༌། །སླར་བསྡུ་བ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་གསུངས་པ་སྟེ། གསར་རྙིང་གི་འགྲེལ་བཤད་


JLAZ005_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་རྒྱུད་ཀྱི་དངོས་པོ་བཅུ་ཞེས་པ་དང་ཆོས་སྐད་ལྡོག་ཕྱོགས་ལྟ་བུ་ཡིན་ནོ། །གསུམ་པ་ནི་བྱིན་གྱིས་བརླབས་པའམ་སྒྲུབ་པའི་ཏིང་ངེ་འཛིན་ཚུལ་ལྡན་ལས་སུ་རུང་བ། བཞི་པ་ནི་དམིགས་པའི་བྱེ་བྲག་དང་བསྒྲུབ་ལུགས་ཀྱི་ལག་ལེན་སྦྱོར་དངོས་རྗེས་གསུམ་ཐམས་ཅད་རྣམ་པར་གཙང་བ་ལ་བྱའོ། །གསང་བ་ལྟར་དུ་ཡབ་ཀྱི་རྒྱུ་གསུམ་དང༌། ཡུམ་གྱི་རྒྱུ་གསུམ་སྟེ་དྲུག །སོ་སོའི་རྐྱེན་གཉིས་གཉིས་ལས་བཞིར་འཆད་དེ། ཡབ་ཀྱི་རྒྱུ་གསུམ་ནི། བྱང་སེམས་དཀར་པོའི་ཕོ་བྲང་གོ་རོ་ཙ་ན། རྒྱུ་བའི་ལམ་བརྒྱུངས་པ། གནས་རྡོ་རྗེའི་འབྲས་བུ། ཡུམ་གྱི་རྒྱུ་གསུམ་ནི། བྱང་སེམས་དམར་པོའི་ཕོ་བྲང་མཆིན་པ། རྒྱུ་ལམ་མཁལ་མ། ལེན་པའི་གནས་བྷ་ག །ཡབ་ཀྱི་རྐྱེན་གཉིས་ནི། གཤེགས་ཤུལ་རྡོ་རྗེའི་ཆུ་བ། ཧ་ཧ་ཞེས་རྡོ་རྗེ་བཞད་པའི་སྒྲའོ། །ཡུམ་གྱི་རྐྱེན་གཉིས་ནི། གཤེགས་ཤུལ་པདྨའི་ཟེའུ་འབྲུ། ར་ཧཾ་ཞེས་པདྨ་བཞད་པའི་སྒྲའོ། །དེ་ལྟར་རྒྱུ་དྲུག་རྐྱེན་བཞི་ལས། ཀུན་རྫོབ་དཀར་དམར་གྱི་ཁམས་གཉིས་གོང་ནས་གོང་དུ་འཕེལ་ཞིང༌། དེ་དོན་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་དབྱེར་མེད་དུ་གྱུར་པས་ཉོན་མོངས་པ་འདོད་ཆགས་ཀྱི་བདུད་བཅད་ནས། བདེ་སྟོང་གི་ཡེ་ཤེས་སོ་སོར་རྟོག་པའི་ཤེས་རབ་ཀྱི་རྩི་རྒྱས་ཏེ། ར་ས་ནི་རོ་ཏེ་དོན་དམ་པའི་རོ་མཆོག །ཡཱ་ན་ནི་ཐེག་པ་སྟེ། དོན་དམ་པའི་ཐེག་མཆོག་ཅེས་བཤད་དོ། །འདིའི་རྒྱུ་དྲུག་ནི་བཤད་མ་ཐག་པ་ཁོ་ན་ལས་ཐེག་པ་སྤྱི་སྐད་ཀྱི་བྱེད་ལྷན་


JLAZ005_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་རྒྱུ་དྲུག་ལ་མི་སྦྱོར་རོ། །གཞན་ཡང་བདུད་རྩིའི་རྣམ་གྲངས་སུ། ཆོས་བདུད་རྩི། སྨན་བདུད་རྩི། དམ་རྫས་བདུད་རྩི། དོན་བདུད་རྩི་ཞེས་དབྱེ་བ་ཡོད་དེ་འདི་ནི་བར་མ་གཉིས་སུ་གཏོགས་ལ། སྒྲུབ་ཆེན་གྱི་ལས་བྱང་ཚངས་པའི་སྒྲ་དབྱངས་ཀྱི་སྐབས་སུ་ནི་ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་ཏེ་བྱིན་རླབས་ཀྱི་རྣམ་གཞག་ཆོག་གཞུང་དེ་གས་ཁོག་དབུབ་པའི་ཕྱིར་རོ། །བཞི་པ་བྱིན་གྱིས་བརླབ་པ་ནི། རྒྱས་པར་སྤྲོ་ན་འདི་ཉིད་ཀྱི་བདུད་རྩིའི་མཆོད་སྤྲིན་མ་སོར་གཞག་བྱ་ཞིང༌། སྤྱི་ཁྱབ་སྤྲོས་པ་ཉེར་བསྡུས་སུ་དམིགས་པའི་བྱེད་ལས་དེ་ཉིད་ཀྱི་དོན་བསྡུས་པ་ནི། བདུད་རྩིའི་ཞལ་ཁེབས་བསལ་ལ། བྷནྡྷའི་ནང་དུ་རིགས་ལྔ་ཡབ་ཡུམ་ལྔ་ཚོམ་སྐད་ཅིག་དྲན་རྫོགས་སུ་གསལ་བཏབ། དེ་དག་རྣམས་སྙོམས་པར་ཞུགས་པའི་རྗེས་ཆགས་ལྷག་པར་རྒྱས་པས་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་དཀར་དམར་ན་ར་ར་བབས་པས་བདེ་སྐྱོང་གི་སྣོད་དམ་ཚིག་བདུད་རྩིས་མེར་གྱིས་ཁེངས་པར་བསམས་ལ། ཧཱུྃ་ཧྲཱིཿབྷནྡྷ་ཁོར་ཡུག་ཡངས་པའི་སྣོད་ཆེན་པོར། །སོགས་དང༌། སྔགས་དོན་ནི། ཨཱོྃ་ཨཱ་ཧཱུྃ་སྔ་མ་དང་འདྲ། སརྦ་པཉྩ་ནི་སྨན་དང་བཅུད་ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དང༌། ཨ་མྲྀ་ཏ་ནི་བཅུད། ཧཱུྃ་གིས་དབྱིངས་ནས་བསྡུས། ཧྲཱིཿཡིས་འཛད་མེད་སྤེལ། ཋཿཡིས་ཅི་འདོད་སུ་ལོངས་སྤྱོད་པའི་རྒྱན་དུ་བྱས་པའོ། །དག་དྲན་དེའི་ངང་ནས་ཡེ་ཤེས་ཀྱི་བདུད་རྩི་དབབ་


JLAZ005_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། མཐེབ་སྲིན་གཡས་གཡོན་གྱིས་དམ་ཚིག་བདུད་རྩིའི་ཐིགས་པ་བླངས་ལ་ལག་པ་གཡས་གཡོན་ལ་རེས་མོས་སུ་གཏོར་བས་ལག་པའི་དྲི་མ་དག་པར་མོས། སླར་ཡང་སོར་མོ་ཐམས་ཅད་ལ་བདུད་རྩིའི་ཐིག་ལེ་བྱས་ལ། གཡས་སོར་ལྔ་རིགས་ལྔ་ཡབ་ལྔ་དང༌། གཡོན་སོར་ལྔ་ཡུམ་ལྔར་ཤེས་པར་བྱས་ལ་པད་སྐོར་དང་བཅས་ཐལ་མོ་སྦྱར་ལ་ཅུང་ཟད་མཉེ་བ་དང་སྦྲགས་ནས་ཀ་པཱ་ལའི་སྟེང་དུ་དགབ་ཅིང་སྔགས་དེ་ལན་ཉེར་གཅིག་གམ། བདུན་དང་གསུམ་ལ་སོགས་བརྗོད་པའི་མཐར་ལག་པའི་རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་ཀ་པཱ་ལའི་རིགས་ལྔ་ལ་ཐིམ། དེ་རྣམས་ཀྱང་བདེ་སྟོང་གི་ངང་ལ་འོད་དུ་ཞུ་ནས་དམ་ཚིག་བདུད་རྩི་དང་དབྱེར་མེད་དུ་འདྲེས་ནས་དཀྱིལ་འཁོར་བའི་ལྷ་ཚོགས་དགྱེས་པ་སྐོང་བའི་བཅུད་ཁྱད་པར་ཅན་དུ་གྱུར་པར་བསམས་ལ་ཞལ་ཁེབས་སྔར་བཞིན་གཡོགས་ལ་བསྒུལ་བསྐྱོད་མེད་པར་བཞག་གོ །གཉིས་པ་རཀྟ་བརླབ་པ་ལ་བཞི། སྣོད་གྲངས། བཤམ་ཚུལ། རཀྟའི་རྒྱུ། དབྱེ་བ། བྱིན་གྱིས་བརླབ་པ་དངོས་སོ། །དང་པོ་ནི་སྨན་དང་ཆ་མཐུན་དུ་བྱའོ། །གཉིས་པ་རྒྱུ་ནི། རཀྟ་ལ་རྣམས་གྲངས་མང་ཡང་དོན་གྱི་སྙིང་པོར་འཁོར་བའི་རྒྱུ་ཆགས་སྡང་གཉིས། དེ་གཉིས་མཚོན་པར་བྱེད་པ་རཀྟ། དེ་བོད་སྐད་དུ་བསྒྱུར་བས། ངོ་བོའི་སྐབས་སུ་ནི་འདོད་ཆགས། དངོས་པོའི་སྐབས་སུ་ནི་ཁྲག །ཁ་དོག་གི་


previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next