Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།
   
   
   
   
   


 
previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


JLAZ005_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་ནི་དམར་པོ་ལ་འཇུག་པ་སྟེ། དེས་ན་མན་ངག་གིས་ངེས་པ་བཞིན་བསྒྲུབས་པའི་རཀྟ་སོ་ལྔ་ཡོད་ན་དེ་ཉིད་ལ་ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱི་རཀྟ་ཚང་བས། གཏོར་མའི་གཡོན་ཕྱོགས་སུ་ཡུམ་གྱི་བྷ་ག་མཚོན་པའི་བདེ་སྐྱོང་གི་སྣོད་དུ་སྦམས་པའམ། མ་རྙེད་ན་ཆུ་གཙང་ལ་ཤ་དམར་འདེབས་པའི་ཕྱག་སྲོལ་མཆིས་ཤིང༌། དེས་མཚོན་པའི་ཁྲག་གཙང་ངམ། ཇ་ཁུ་ལ་སིནྡྷུ་ར་བཏབ་པ་སོགས་ཀྱིས་ཀྱང་རུང་སྟེ་རྒྱུ་མཚན་ནི་འོག་ཏུ་འཆད་པ་དང༌། དགོས་ཆེད་ནི་རཀྟའི་མཆོད་པ་ཕུལ་བས་ཆགས་པའི་རྒྱུ་རྐྱེན་ཟད་དེ་འཁོར་བ་གཏིང་ནས་སྟོངས་ཤིང་རྒྱུན་ཆོད་པའི་ཕྱིར་དུ་སྟེ་སྔར་བཞིན་དར་དམར་གྱི་ཁེབས་དང་བཅས་བཤམ་མོ། །གསུམ་པ་དབྱེ་བ་ལ་ལྔ། ཀུན་རྫོབ་རྫས་ཀྱི་རཀྟ། གུ་ཧྱ་མུ་ལ་རཀྟ། ཡན་ལག་བརྟན་པའི་རཀྟ། མཁའ་དབྱིངས་པདྨ་རཀྟ། ཉོན་མོངས་འཁོར་བའི་རཀྟའོ། །དང་པོ་ནི། སྲོག་མ་བཅད་པའི་རཀྟ་ཉེར་ལྔ་ཡིན་ཏེ། ཞེ་སྡང་རྡོ་རྗེ་རུ་ཏྲ་བསྒྲལ་བའི་དུས་སུ་ཁྲག་གི་ཐིགས་པ་ས་ལ་ལྷུང་བ་ལས་བྱུང་བ་ཡིན་ཞིང༌། དེ་ལ་ལྔ་ཚན་ལྔ་ཡོད་དེ། རྡོའི་རཀྟ་ལྔ། ཤིང་གི་རཀྟ་ལྔ། རྩིའི་རཀྟ་ལྔ། འབྲུའི་རཀྟ་ལྔ། མེ་ཏོག་གི་རཀྟ་ལྔའོ། །དང་པོ་ནི། ཇི་སྐད་དུ། མཚལ་དང་སྡོང་རོས་བཙག་དང་ནི། །མདུང་རྩེ་སྦལ་རྒྱབ་རྣམ་པ་ལྔ། །ཞེས་དང༌། གཉིས་པ་ནི། རྒྱ་སྐག་བཙོད་དང་སེང་ལྡེང་དང༌། །བཙན་


JLAZ005_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ཐར་ནུ་རྣམ་པ་ལྔ། །ཞེས་དང༌། གསུམ་པ་ནི། གླ་རྩི་གོ་ཆེ་བུ་རམ་དང༌། །འབྲི་སྨུག་སྦྲང་རྩི་རྣམ་པ་ལྔ། །ཞེས་དང༌། བཞི་པ་ནི། རྒུན་འབྲུམ་སྐྱེར་འབྲུ་སྐྱུ་རུ་ར། །ར་གག་དམར་པོ་ནས་ནག་ལྔ། །ཞེས་དང༌། ལྔ་པ་ནི། ཨུག་ཆོས་ལུག་རུ་སྨུག་པོ་དང༌། །སྲན་མ་རྒྱ་ལྕམ་རམ་བུ་ལྔ། །ཞེས་བཤད་ཅིང་དེ་ལ་ནང་གསེས་སུ་ཕྱེ་ནས་སྟོང་ལ་སྦྱར་བའི་ཁྲག་ཆེན་རྣམས་འཆད་དོ། །གཉིས་པ་ནི། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་ཚང་བའི་མིའི་སྙིང་ཁྲག་ལ་བཤད་དེ། མ་རིག་པ་ནས་རྒ་ཤིའི་བར་ཚང་བ་ནི་མི་རྒན་ཡིན་ཕྱིར་དེའི་སྲོག་པ་རྩ་ལ་གོས་པས་ཁྲག་ཡིན་པས། ཆུ་དང་མ་འདྲེས་དྭངས་མའི་ཁྲག །ཅེས་བཤད་པ་ཡང་འདི་ཡིན་པར་བཞེད་དོ། །གསུམ་པ་ནི། ཡན་ལག་རཀྟ་བརྟན་པའི་ཁྲག །ཅེས་པ་ལོང་རྩའི་ཁྲག་ལ་ངོས་འཛིན། བཞི་པ་ནི། མཚན་ཉིད་ཚང་བའི་མུ་ཏྲ་སྐྱེས་པས་མ་བརྩེགས་པའི་གསང་བའི་རཀྟའོ། །ལྔ་པ་ནི། ཞིང་བཅུ་ཚང་བའི་དགྲ་བོ་བསྒྲལ་བའི་རཀྟ་དང༌། གཞན་ཡང་སྣང་བ་བརྡའི་རཀྟ་ནི་ཁ་དོག་དམར་པོར་གྱུར་ཚད་དོ། །འཁོར་བ་རྒྱུའི་རཀྟ་ནི་ཁྲག་གི་རིགས་མཐའ་དག །སྲིད་པ་གཞིའི་རཀྟ་ནི་ལྟེ་བའི་ཁྲག་སྟེ་སྒྲུབ་ཐབས་རྒྱས་པ་རྡོ་རྗེ་ཕུར་པའི་རྒྱུད་དང་མན་ངག་རྣམས་ལས་འབྱུང་ངོ༌། །བཞི་པ་བྱིན་བརླབ་བྱ་བ་ནི། རཀྟའི་ཞལ་ཁེབས་བསལ་ལ། བྷནྡྷའི་ནང་དུ་པདྨ་དམར་པོ་ཁ་གྱེས་པའི་དབུས་སུ་ལྷ་མོ་གཱིརྟི་མ་དམར་མོ་ལང་ཚོ་དང་ལྡན་ཞིང༌། ཁྲོ་འཛུམ་ཤིན་


JLAZ005_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཆགས་པའི་རྣམ་པ་ཅན། གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། གཅེར་མོ་རིན་པོ་ཆེ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང། དོར་སྟབས་སུ་བཞུགས་པའི་ཐུགས་ཀར་ཉི་དཀྱིལ་གྱི་དབུས་སུ་ར་ཡིག་དམར་པོའི་མཐའ་སྐོར་དུ། ཨཱོྃ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿ ཋ་ཞེས་པས་བསྐོར་བ་ཞིག་སྐད་ཅིག་དྲན་རྫོགས་སུ་གསལ་བཏབ་ལ། ཨཱཿ དབྱིངས་ཀྱི་རང་བཞིན་སྟོང་ཉིད་ཀ་པཱ་ལ༔ སོགས་དང་སྔགས་དོན་ནི། ཨཱོྃ་ཨཱཿཧཱུྃ་སྔ་མ་དང་འདྲ། མ་ཧཱ་རཀྟ་ནི་ཁྲག་ཆེན། ཛྭ་ལ་ནི་འབར་བ། དོན་དུ་ན་རྗེས་ཆགས་ཀྱི་བདེ་བ་ཆེན་པོ་འབར་བའི་དོན། མཎྜལ་དཀྱིལ་འཁོར་ཏེ། དེ་ལྟ་བུའི་བདེ་བ་ཆེན་པོའི་བྷ་གའི་དཀྱིལ་འཁོར་དང༌། སྔགས་ཕྲེང་ལས་འོད་ཟེར་འཕྲོས། ཧཱུྃ་ཞེས་པས་དབྱིངས་ཀྱི་ངང་ནས་དྭངས་མའི་བཅུད་ཐམས་ཅད་བསྡུས། ཧྲཱིཿཞེས་པས་ངང་ལ་ཁྱད་པར་བྱས། ཋཿཞེས་པས་དབྱེར་མེད་དུ་བསྲེ་བ་སྟེ། སྔགས་དེ་ལན་ཉེར་གཅིག་གམ། བདུན་ནམ། གསུམ་པ་ལ་སོགས་པ་བརྗོད་པས་ལྷ་མོ་དེའི་ཐུགས་རྒྱུད་བསྐུལ་ནས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་འཁྲུངས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་འོད་ཟེར་བྱུང་བྷ་ག་རབ་ཏུ་བསྒྲད་པའི་ནང་ནས་བྱང་ཆུབ་སེམས་ཀྱི་རང་བཞིན་རཀྟའི་རྒྱུན་དམར་ཆི་ལི་ལི་བབས་ནས་ཀ་པཱ་ལའི་ནང་གི་དམ་ཚིག་གི་རཀྟ་དང་དབྱེར་མེད་དུ་འདྲེས་ནས་ཁྲག་མཚོ་དབའ་རླབས་འཁྲུག་ཅིང༌།


JLAZ005_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མི་རོ་དང་རྟ་རོ་ལང་ལོང་བྱེད་པའི་དབུས་ནས། ལྦུ་བ་དམར་པོ་རི་རབ་ལྟ་བུར་འཕྱོ་བར་བསམས་ལ་ཆགས་པའི་སེམས་ཀྱིས་རཀྟ་ཞལ་གཟར་གྱིས་ཕྱར་ཞིང༌། མཐར་ལྷ་མོ་ཡང་འོད་དུ་ཞུ་ནས་ཀུན་རྫོབ་ཀྱི་རཀྟ་དང་དབྱེར་མེད་དུ་འདྲེས་པར་བསམས་ལ་ཞལ་ཁེབས་གཡོགས་སོ། །གསུམ་པ་གཏོར་མ་བརླབ་པ་ལ་ལྔ། གཏོར་མའི་རྒྱུ། གཏོར་མའི་དབྱེ་བ། གཟོ་བཀོད། བཤམ་ཚུལ། བྱིན་གྱིས་བརླབ་པའོ། །དང་པོ་ནི། གསེར་ཆོས་འདི་ཉིད་ཀྱི་རང་སྐད་ལས། གཏོར་མའི་རྒྱུ་དངོས་པོ་རྣམ་པར་དག་པའི་ཕུད་མ་ཉམས་པ་རོ་བཅུད་ནུས་པ་དང་ལྡན་ཞིང་༔ ཡིད་ལ་ཆགས་པ་རྣམས་ལ༔ སེར་སྣ་འཇུར་གེགས་མི་གཙང་བ་སོགས་ཀྱིས་མ་བཅིངས་པར་ཕོངས་མེད་ཆགས་པ་མེད་པར་བཏང་བའོ༔ ཞེས་དང༌། བརྐུས་པ་དང་ཕྲོགས་པའི་རྫས་མ་དག་པ༔ ཚུལ་སོ་སོའི་མགྲོན་མི་དགྱེས་པ་འདྲེས་པ་ལ་སོགས་མ་ཡིན་པ་སྟཻ༔ ཤིན་ཏུ་རྣམ་པར་དག་པ་རྣམས་ལའོ༔ ཞེས་གསུངས་པ་དང༌། དེས་ན་ཡེ་ཤེས་ལྷ་ལ་ཁ་མངར་གྱི་རྟོག་པ་དང་འདོད་ཡོན་ལ་ཆགས་པའི་ཞེན་པ་མ་མཆིས་ཀྱང་རྣལ་འབྱོར་པ་རང་ཉིད་ཀྱི་བསོད་ནམས་གསོག་པའི་སླད་དུ་ཡིན་ཏེ། གཞུང་ལས། བསོད་ནམས་ཚོགས་ཆེན་སྤེལ་བའི་ཕྱིར༔ ཅི་འབྱོར་གཏོར་སྤུངས་ཆེ་བར་བསྐྱེད༔ མ་འབྱོར་གང་བཤམས་དམིགས་པ་བྱ༔ ཡོད་ནས་མ་བཤམས་ལྷ་ཡིས་ཁྲེལ༔


JLAZ005_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་ཆེད་དུ་གཉེར་ནས་ཀྱང་༔ སེར་སྣ་མ་ཤོར་སྤེལ་བའི་གནད༔ མགྲོན་དགྱེས་བདག་ལ་དངོས་གྲུབ་འབྱུང་༔ ཡེ་ཤེས་ལྷ་ལ་ཆེ་ཆུང་མེད༔ རང་གི་བསོད་ནམས་གསོག་ཕྱིར་ཡིན༔ ཞེས་གསུངས་པ་ལྟར་སེར་སྣ་དང་རློམས་སེམས་ཀྱིས་མ་ཡིན་པར་འཛོམ་ན་ཆུ་མ་རག་ལ་སོགས་པ་དང༌། དེ་ལྟར་མ་འཛོམ་ཡང་ཕྱེ་ཕུད་གཙང་མ་རུལ་སུངས་སོགས་མདོར་ན་སྐྱོན་ཐམས་ཅད་དང་བྲལ་བ་རང་ཉིད་བཟའ་བ་ན་ཡིད་དུ་ཅི་འོང་དེ་ཚོད་དུ་རྒྱུད་དག་པར་བྱ་ཞིང༌། དེ་ཡང་གཞན་གྱི་ལག་ནས་དངོས་སུ་ཕྲོགས་པ་དང༌། ལྐོག་ཏུ་བརྐུས་པ་སོགས་མ་ཡིན་པ། འབགས་བཙོག་གིས་སྦགས་པས་མགྲོན་མི་འདུ་ཞིང་མི་དགྱེས་པ་སོགས་མ་ཡིན་པ་ལ་རྣམ་པར་དག་པ་ཟེར་གྱི། དེ་ལྟ་བུའི་རྒྱུ་དང་ལྡན་པ་དེ་ཉིད་ལས་སྔ་རོལ་དུ་དཀར་གསུམ་ཙམ་བཏབ་པ་ཅུང་ཟད་གཡོས་ཏེ་ཕྱི་མཆོད་ཀྱི་ཞལ་ཟས་བཞེང་དགོས་ཏེ། གཞུང་ལས། འབྲས་ཟན་ལ་སོགས་པ་གཙང་མའི་བཤོས་སམ། ཤ་ཆང་སྒོག་པ་ལྒ་གཡེར་ལ་སོགས་པའི་ཚུལ་མིན་མ་འདྲེས་པའི་སྣ་ཚོགས་གཡོས་ཀྱིས་སྦྱར་བའི་ཞལ་ཟས༔ ཞེས་གསུངས་པ་སྟེ་ལ་ལས་འདི་དོན་མ་གོ་བར་ཤེས་རློམ་གྱིས་བཤད་པ་དང་བཅས་ཞལ་ཟས་སྔ་རོལ་དུ་བཞེངས་ལ། རྒྱུ་ལ་ཁྱད་པར་མི་བྱེད་པ་དང༌། ལ་ལ་ནི། དམིགས་པ་གཙོ་ཆེ་ཟེར་ནས་གྱ་ཚོམ་འབྱོལ་ཉོག་ཏུ་བྱེད་པ་ནི་ཕྱི་ནང་གི་མཆོད་པའི་


JLAZ005_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དབྱེ་མ་དོད་པར་ཟད་ལ། འོ་སྐོལ་ཁ་ཟས་ལ་ལོངས་སྤྱོད་པའི་ཚེ་ལྟོ་བའི་ནང་དུ་ཐམས་ཅད་གཅིག་གོ་ཞེས་ཚ་གྲང་དང་ཁ་མངར་ལ་མ་ལྟོས་པར་གཅིག་ཏུ་བསྲེས་ནས་ཟོས་ན་རོ་མི་ཞིམ་པ་དང༌། དུག་ཏུ་འགྱུར་བ་ལ་སོགས་པའི་སྐྱོན་འབྱུང་བ་ལྟར་དབུལ་ཡུལ་དང་དབུལ་བྱའི་བྱེ་བྲག་ལ་ཁྱད་པར་ཤིན་ཏུ་ཆེ་བར་ཡོད་པས་སོ། །དེ་ནས་གཡོ་སྦྱོར་དངོས་གཞིའི་ཚེ། བདུད་རྩིའི་ཕུར་མ་དམ་སེལ་མེད་པ་དང༌། ཆང་གི་ཉིང་ཁུ། དཀར་གསུམ་དང་མངར་གསུམ་ལ་སོགས་པའི་ཁ་ཚར་བཏབ་ལ་གར་སླའི་ཚད་རང་ཉིད་ཟ་བའི་ཟན་ཙམ་ལས་སླ་བ་མི་བྱ་སྟེ། ཇོ་བོ་རིན་པོ་ཆེས། བོད་རྣམས་ཕྱུག་པོ་མི་ཡོང༌། གཏོར་ཟན་སླ་མོ་བྱེད་པ་འདུག་ཅེས་གསུངས་པ་ལྟར་དེ་ལས་སླ་བ་མི་བྱེད་ཅིང༌། སྒྲུབ་པ་ཡུན་རིང་ལྟ་བུ་ལ་ནམ་ཟླ་དང་བསྟུན་པའི་རྫས་སྦྱོར་ཡང་མན་ངག་གིས་ངེས་པ་ལྟར་བྱའོ། །གཉིས་པ་གཏོར་མའི་དབྱེ་བ་ནི། གཞུང་ལས། སྒྲུབ་པའི་དུས་སུ་རྟེན་གཏོར་དང་༔ གཏོར་བསྒྲུབ་བཤམ་ཚུལ་གཞན་ལས་བྱུང་༔ ཞེས་ཞལ་གྱིས་འཕངས་པ་ལྟར་ཞིབ་ཏུ་དབྱེ་ན། རྒྱལ་པ་འབྲི་གུང་པའི་གཏེར་བྱོན་ཏི་སྒྲོ་བྲག་གི་ཡང་ཟབ་ལས། རྣལ་འབྱོར་ལྟ་བའི་གདེང་ལྡན་ལ༔ གཏོར་མའི་རྒྱུ་ནི་ཅི་དང་ཅི༔ གཏོར་མའི་དབྱིབས་ནི་གང་དང་གང་༔ དངོས་སམ་ཡིད་སྤྲུལ་མེད་ཀྱང་རུང་༔ ལས་རྣམས་རིག་པའི་མཐུ་ཡིས་འགྲུབ༔ ཅེས་རྣལ་འབྱོར་པ་ལྟ་དགོངས་ཁྱད་


JLAZ005_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་དང་ལྡན་ཞིང་ཆོས་བོར་བ་དག་གིས་ནི་ཀུན་རྫོབ་གཟུགས་བརྙན་གྱི་གཏོར་མ་ལ་ཆེད་དུ་མ་ལྟོས་པར་སྣང་གྲག་ཐམས་ཅད་གཏོར་མའི་རང་བཞིན་དུ་བསྒྱུར་ནུས་པ་ཡིན་ཀྱང༌། ལམ་པ་བྱིངས་ཀྱིས་ནི་རྩོལ་བས་དོན་གཉེར་བྱེད་ཅིང་ངེས་ཚིག་དང་དམིགས་གནད་ཤེས་དགོས་ཏེ། དེ་ཉིད་ལས། ལམ་དུ་ཞུགས་པའི་གང་ཟག་ལ༔ མཆོག་དང་ཐུན་མོང་གང་བསྒྲུབས་ཀྱང་༔ ཐུན་མོང་བ་ནི་རྒྱུ་དང་དབྱིབས༔ ཁྱད་པར་དམིགས་པས་མ་ཕྱེ་ན༔ དོན་གང་འགྲུབ་པར་མི་འགྱུར་རོ༔ ཞེས་གསུངས་ཤིང་དེ་ལ་དབྱེ་ན་ལྔ་སྟེ། དོན་གྱི་གཏོར་མ། སྒྲུབ་པའི་གཏོར་མ། མཆོད་པའི་གཏོར་མ། ཕྲིན་བཅོལ་གཏོར་མ། དྲག་པོའི་གཏོར་མའོ། །དང་པོ་ནི། སྔ་མའི་འཕྲོར། དང་པོ་གཏོར་སྣོད་ཆོས་ཀྱི་དབྱིངས༔ དཔལ་བཤོས་དོན་ནི་སྐྱེ་བ་མེད༔ འཁོར་སྐྱུ་འགག་མེད་ཡེ་ཤེས་རྩལ༔ ཞེས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དང་སྦྱར་ནས་གསུངས་སོ། །གཉིས་པ་ནི། སྒྲུབ་པའི་དུས་ཀྱི་དམིགས་གནད་དེ་ཉིད་ལས། གཉིས་པ་གཏོར་གཞོང་གཞལ་ཡས་ཁང་༔ དཔལ་བཤོས་རྩ་གསུམ་ཞི་ཁྲོའི་གཙོ༔ འཁོར་སྐྱུ་འཁོར་གྱི་ལྷ་ཚོགས་གསལ༔ ཞེས་གསལ་བར་གོ་ནུས་སོ། །གསུམ་པ་ནི། སྒྲུབ་གཏོར་གྱི་མདུན་དུ་དེ་དང་ཆ་མཚུངས་ཤིག་བཤམས་པ་དེ་ལ་མཆོད་གཏོར་ཞེས་ཟེར་ཏེ་དམིགས་གནད་ནི་སྔ་མའི་འཕྲོར།


JLAZ005_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའི་གཏོར་སྣོད་རིན་ཆེན་སྣོད༔ དཔལ་བཤོས་དཀར་མངར་བདུད་རྩི་ལྔ༔ འཁོར་སྐྱུ་འདོད་ཡོན་ལྔ་ཡི་རྫས༔ ཞེས་གསུངས་པ་ལྟར་རོ། །འོན་ཀྱང་གཏེར་ཁ་ཕལ་ཆེར་ལ་མཆོད་གཏོར་དང་སྒྲུབ་གཏོར་ཞེས་སོ་སོར་མ་བཤད་པ་ཤས་ཆེ་བས་དེ་དག་གི་དགོངས་པ་འདི་ཡིན་ཏེ། སྒྲུབ་ཆེན་བཀའ་བརྒྱད་ཀྱི་མན་ངག་གཅེས་པའི་ལྡེ་མིག་ལས། ལག་ལེན་ཤེས་པ་བཞིར་བསྟན་ཏེ༔ བ་ལིང་གཏོར་མ་ཆེན་པོ་ཉིད༔ མཆོད་པར་ཤེས་དང་ལྷར་ཤེས་དང་༔ དམག་དཔུང་ཤེས་དང་ཟོར་ཤེས་བྱ༔ ཞེས་གསུངས་པ་ལྟར་དེ་དང་དེའི་གནས་སྐབས་སུ་ཏིང་ངེ་འཛིན་གྱིས་ཕྲལ་ཕྲལ་བསྒྱུར་བ་ཡིན་ཞིང༌། འདི་ལ་མན་ངག་ཁྱད་པར་ཅན་གཞན་ཡང་མཆིས་ཏེ་དྲིས་ལན་གཤིན་རྗེའི་གད་རྒྱངས་སུ་བལྟའོ། །བཞི་པ་གློ་བུར་ལས་བཅོལ་གྱི་གཏོར་མ་ནི། སྔ་མ་དེ་ཉིད་འཕྲོར། བཞི་པའི་གཏོར་སྣོད་ཀ་པཱ་ལ༔ དཔལ་བཤོས་མ་ཊཾ་རུ་ཏྲའི་སྙིང་༔ འཁོར་སྐྱུ་ཤ་ཁྲག་ནང་ཁྲོལ་རྫས༔ ཞེས་གསུངས་པ་སྟེ་གོ་སླའོ། །ལྔ་པ་ནི་དེ་ཉིད་ལས། ལྔ་པའི་གཏོར་སྣོད་དྲག་པོའི་ཧོམ༔ དཔལ་བཤོས་ནད་མཚོན་ཐོག་དང་མེ༔ འཁོར་སྐྱུར་ཤན་པ་གྲི་ཐོགས་གསལ༔ ཞེས་གསུངས་པ་ནི་སྨད་ལས་གཙོར་བཏོན་གྱི་གཏོར་མ་སྤྱི་ཁྱབ་ལའོ། །ད་ནི་དེ་རྣམས་ལ་ངེས་ཚིག་དང་དག་སྦྱོར་རགས་བསྡུས་བརྗོད་ན། གཏེར་ཁ་དེ་ཉིད་ལས། དཔལ་བཤོས་ཟུར་གསུམ་འོང་བ་ནི༔ སྔོན་ཚེ་རཱུ་ཏྲའི་སྙིང་གི་དཔེ༔ ཟུར་ནི་


JLAZ005_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་མི་བསྟན་པ༔ ཟུར་ལ་དུག་གསུམ་མཚོན་ཡོད་ཕྱིར༔ འཁོར་སྐྱུ་བཅད་ཁ་ཚལ་པ་ནི༔ རུ་ཏྲའི་ཐོད་ཚལ་བརྒྱ་ཡི་ཚུལ༔ དཔལ་བཤོས་ཟླ་གམ་འོང་བ་ནི༔ རུ་ཏྲའི་སྨྲ་བྱེད་དབང་པོའི་ཚུལ༔ ངོས་གཅིག་རང་ལ་སྟོན་པ་ནི༔ གསུང་གི་དངོས་གྲུབ་ཐོབ་པའི་སྒོ༔ དཔལ་བཤོས་གྲུ་བཞིར་འོང་པ་ནི༔ རཱུ་ཏྲའི་ལུས་ཀྱི་བྲང་གི་དཔེ༔ ལོགས་གཅིག་རང་ལ་བསྟན་པ་ནི༔ ཚེ་དཔལ་ལོངས་སྤྱོད་རྒྱས་པའི་དཔེ༔ དཔལ་བཤོས་ཟླུམ་པོར་སྣང་བ་ནི༔ རཱུ་ཏྲའི་མགོ་བོ་སྤྱི་ཟླུམ་ཚུལ༔ རྒྱན་ཕྱོགས་ཕར་བསྟན་ལྷ་ལ་མཆོད༔ ཚུར་བསྟན་དངོས་གྲུབ་བླང་བའི་ཚུལ༔ ཞེས་གསུངས་པ་ལྟར་ན་མཆོད་གཏོར་གྱི་གདོང་ཡང་སྒྲུབ་གཏོར་དང་མཚུངས་པར་གཏོད་པའི་ཕྱག་ལེན་ནི་མཛེས་ཆོས་ཡིན་པར་མངོན་ཞིང་གཞན་དུ་ན་ཞལ་སྤྲོད་བྱ་དགོས་པར་གསུངས་པ་དེ་བཞིན་ནོ། །རྣམ་གཞག་འདི་དག་ནི་རང་བཟོའི་རྣམ་རིག་གང་བཀྲ་དང༌། ལུགས་གཞན་ལས་བྱུང་བ་རྒྱས་འགེབས་ཁོ་ན་ལྷུར་བླངས་པ་ལ་མན་ངག་དང༌། ཁྱད་ཆོས་ཀྱི་མིང་བཏགས་པ་ཙམ་མ་ཡིན་པར་སློབ་དཔོན་ཆེན་པོའི་གསུང་རྩོད་མེད་ཀྱི་གཏེར་ལུང་གིས་གཏན་ལ་ཕབ་པ་ཤེས་ལྡན་དག་ཡིད་རྟོན་པའི་གནས་ཡིན་ནོ། །གསུམ་པ་གཏོར་མའི་བཟོ་དབྱིབས་ནི། མཆོག་གཏེར་འདི་གའི་རང་སྐད་ལས། དང་པོ་གཟུགས་ལ་རྣམ་པ་གཉིས༔ ངེས་མེད་པ་དང་ངེས་


JLAZ005_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན༔ ཞེས་གསུངས་པའི་སྔ་མ་དུས་ངེས་མེད་དང༌། བྲེལ་སྟབས་ལྟ་བུས་མ་གྲུབ་པའི་ཚེ་ན། སྐྱུ་གུ་བཅད་ཁ་ཅན་མང་པོ་སྤུངས་ལ་དམིགས་པ་རྒྱ་ཆེ་སྤམས་མཐོར་བྱེད་པ་ལ་བཤད་དོ། །ཕྱི་མ་ནི་སྤྲོས་བཅས་དང་འབྲེལ་བ་ཀུན་ལ་ཡིན་ཏེ། དེ་ལ་རྣམ་གྲངས་དྲུག །སྔ་མའི་འཕྲོར། ངེས་པ་ཅན་ལ་རྣམ་པ་དྲུག༔ བྱིན་རླབས་བླ་མའི་གཏོར་མ་དང་༔ དངོས་གྲུབ་ཡི་དམ་གཏོར་མ་དང་༔ ཕྲིན་ལས་མཁའ་འགྲོའི་གཏོར་མ་དང་༔ དྲེགས་པ་སྡེ་བརྒྱད་གཏོར་མ་དང་༔ ཐམས་ཅད་འདུས་པའི་གཏོར་མའོ༔ ཞེས་གསུངས་པས་དང་པོ་བླ་མས་གཏོར་མ་ལའང་རྣམ་བཞིའི་ལས་སྟབས་དང་བསྟན་པའི་གཟོ་དབྱིབས་ཐ་དད་པ་རེ་གཞུང་ནས་གསུངས་ཀྱང་ཧ་ཅང་ཡི་གེ་མང་བས་འདིར་འདོམས་ཏེ་བཤད་ན། འདི་ཉིད་ལས། ཀུན་འདུས་བླ་མའི་གཏོར་མ་ནི༔ ཅོག་འདྲ་ལྟོ་ལྡིར་རྩེ་མོ་ཅན༔ མཐེབ་སྐྱུ་པདྨ་འདབ་བརྒྱད་ལྟར༔ ཟེའུ་འབྲུ་ཕྲུམ་ཕྲུམ་བཅས་པས་བསྐོར༔ པདྨ་ཁ་འབུས་དབྱིབས་ལྟར་ལས༔ དབུས་སུ་ཕྱུར་བུར་ཕྱུང་བའོ༔ ཞེས་གསུངས་པས་གཏོར་མའི་སྐེད་པ་ལྡིར་ཆེ་ཞིང༌། དེ་ལས་རྩེ་མོ་རིམ་གྱིས་ཇེ་ཕྲར་སོང་བ་ལ་བཟོ་ཁྱད་གང་ལེགས། དེ་བཞིན་དུ་གཏོར་མའི་སྨད་ཀྱང་སྐེད་པའི་ལྡིར་ས་ནས་བཙན་ཐབས་སུ་མར་ཟེ་ཁ་སྦུབ་པ་ལྟ་བུ་ལ་པད་འདབ་བརྒྱད་དམ་བཞི་ལ་སོགས་པས་བསྐོར་ཞིང་གཞན་རྣམས་མཐོང་རྒྱུན་བཞིན་བྱ་བ་ལས། ད་


JLAZ005_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་འགའ་ཞིག་གི་བློས་བྱས་པའི་བླ་གཏོར་ཀྲོང་མོ་ཞལ་ཟས་ལྟ་བུ་དང༌། ལ་ལས་སྐེད་པའི་ལྡིར་ས་ནས་བཙན་ཐབས་སུ་ཀྲོང་མོར་བྱ་ཞིང་གཏོར་ཞབས་ཀྱང་ཤ་མོའི་ཡུ་བ་ལྟ་བུ་ཞིག་སྣང་བ་ལས་ཤེས་བྱེད་ཅི་ཡང་མེད་ཅིང༌། སྔར་གྱི་སྤྱན་རྒྱུན་ལ་ཡང་མི་སྣང་མོད། གཞུང་ནས་ནི་མ་བཤད་པ་ཚད་མས་གྲུབ་སྟེ་དཔྱད་པར་རིགས་སོ། །གཉིས་པ་ཡི་དམ་གྱི་གཏོར་མ་ལའང་ཡིད་དམ་ཞི་བའི་གཏོར་མ། ཡི་དམ་ཁྲོ་བོའི་གཏོར་མ། ཞི་ཁྲོ་གཉིས་མེད་ཀྱི་གཏོར་མ་ཞེས་བཟོ་དབྱིབས་ཐ་དད་ཡོད་ཀྱང་ད་ལྟ་ལག་ལེན་ལ་དར་རྗེས་ཆེ་བ་འདི་ཉིད་ཡི་དམ་གྱི་རིགས་ཁྲོ་བོ་ཤས་ཆེ་བ་ལ་དགོངས་ནས་ཡི་དམ་ཁྲོ་བོའི་གཏོར་མ་ཡིན་ཏེ། གཞུང་ལས། ཡི་དམ་ཁྲོ་བོའི་གཏོར་མ་ནི༔ ཅོག་ཟླུམ་ཟུར་གསུམ་ལྡིར་པོ་ལ༔ དངོས་འདྲ་ཟུར་ཕྲན་མཐེབ་སྐྱུས་བསྐོར༔ ཞེས་གསུངས་པ་ལྟར་སྔར་གྱི་བླ་གཏོར་མཚན་ཉིད་ཚང་བ་ཞིག་ལ་དཔལ་གྱི་རི་མོ་ཕྱི་ནང་གཉིས་སུ་ལྡིར་བའི་ཐད་ཀ་ནས་གྱེན་དུ་འཐེན་ལ་བཟོ་དབྱིབས་དོད་པར་བཟོས་པས། གཡས་གཡོན་གཉིས་སུ་ཟུར་རང་གྲུབ་རེ་འབྱུང་ཞིང༌། དེ་མཚུངས་རྒྱབ་དྲང་པོར་འདྲུའམ། ཟུར་ལྡིར་བའི་ཐད་ནས་རྩེ་མོའི་ཕྱོགས་ལ་འཇམ་ཟད་དུ་སོང་བ་ཞིག་དགོས་ཀྱི། དེ་ཡང་གསུམ་ཀའི་རྩ་བ་ཟད་མཚམས་རྡོ་རྗེའི་རྭ་ལྟ་བུར་ཅུང་ཟད་ལྡིར་སྟབས་སུ་གུག་པ་ལ་ཕོ་རྒྱུད་རྡོ་རྗེའི་རྭ་འདྲ་བ་ཞེས་པའི་རྣམ་གཞག་ཚང་ཞིང༌། འགའ་ཞིག་མདུན་གང་ལེགས་


JLAZ005_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བཟོས་ནས་རྒྱབ་ལ་རྩིས་གྲུབ་མི་བྱ་བ་ནི་མི་འཐད་དེ། དེ་ལྟ་ན་གཞུང་ནས་གསུངས་པའི་ཟུར་གསུམ་གྱི་རྣམ་གཞག་མི་ཚང་ངོ༌། །འཁོར་རྣམས་ནི་རང་འདྲ་སྟེ་གོ་སླ་མོད། ཁ་གྲངས་ནི་གཙོ་བོ་བརྒྱད་པོའི་ཚུལ་དང་རྒྱབ་ཏུ་སྤྱི་གཏོར་བཅས་དགུས་བསྐོར་བའི་བར་མཚམས་ཐམས་ཅད་སྐྱུ་གུས་བཀང་ངོ༌། །གསུམ་པ་མཁའ་འགྲོའི་གཏོར་མ་ལའང་རྣམ་གྲངས་ལྔར་གསུངས་ཏེ། གཞུང་ལས། རྡོ་རྗེའི་རིགས་ལ་རྡོ་རྗེའི་དབྱིབས༔ ཞེས་སོགས་རིགས་ལྔ་སོ་སོར་བཟོ་བཀོད་ཐ་དད་དུ་ཡོད་ཀྱང༌། ད་ལྟ་ལག་ལེན་ལ་ཡོངས་གྲགས་འདི་ནི་སྤྱི་ཁྱབ་ཏུ་འདོམས་པ་པདྨའི་རིགས་ཀྱི་མཁའ་འགྲོའི་གཏོར་མ་ཡིན་ཏེ། གཞུང་ལས། པདྨའི་རིགས་ལ་དབང་གི་གཏོར༔ ཟླུམ་པོ་ཟླ་གམ་ཕྱེད་གཤགས་ཅན༔ ཞེས་གསུངས་པས་སྔར་བཤད་མ་ཐག་པའི་ཡི་དམ་གྱི་གཏོར་མ་འདྲ་བ་ལས་རྒྱབ་ཀྱི་ཟུར་མ་བཏོད་པ་ཟླུམ་པོ་ཁོ་ནར་འཇོག་ཅིང༌། གཡས་གཡོན་གྱི་ཟུར་གཤམ་གཉིས་ཕུར་པའི་དབལ་ལྟ་བུ་རྩེ་མོ་རྣོ་བར་བྱ་ཞིང་དེས་ནི་ཟླ་གམ་གྱི་དབྱིབས་ཇི་བཞིན་འབྱུང་ལ། འཁོར་མཁའ་འགྲོ་སྡེ་བཞི་མཚོན་བྱེད་རང་འདྲ་བཞིས་བསྐོར་བ་སྟེ། སྐྱུ་གུ་ནི་སྔ་མ་བཞིན་ནོ། །བཞི་པ་ཆོས་སྐྱོང་གི་གཏོར་མ་ནི། གཞུང་ལས། དམ་ཅན་ཆོས་སྐྱོང་གཏོར་མ་ནི༔ སོ་སོའི་གཞུང་ནས་འབྱུང་འགྱུར་ཀྱང་༔ ཁྱད་པར་སྙིང་ལ་ཟུར་


JLAZ005_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བཏོད་བཞིན༔ རྔམས་པར་བྱས་ཏེ་ཕོ་མོའི་ཚད༔ ཕོ་རྒྱུད་རྣམས་ལ་ཆེ་ཞིང་བརྗིད༔ མོ་རྒྱུད་རྣམས་ལ་ཕྲ་ཞིང་རིང་༔ སོ་སོར་བཤོས་ཕྲན་དངོས་དང་འདྲ༔ མཐེབ་སྐྱུ་བཅད་ཁ་ཕྱིར་བསྟན་བསྐོར༔ ཞེས་གསུངས་པ་ལྟར་ཟུར་གསུམ་ལས་ཕོ་རྒྱུད་རྣམས་ཅུང་ཟད་ཞེང་ཆེ་ལ་རྩེ་ཟླུམ་པར་བྱེད་ཅིང་མོ་རྒྱུད་རྣམས་ཕྲ་ལ་རྣོ་བ་བྱས་ལ་འཁོར་རྣམས་སོ་སོར་གཞུང་བཞིན་དང༌། སྐྱུ་གུ་བཅད་ཁ་ཕྱིར་བསྟན་གང་མང་གིས་བསྐོར་བའོ། །ལྔ་པ་ནི་གཞུང་ལས། དྲེགས་པ་སྡེ་བརྒྱད་གཏོར་མའི་གཟུགས༔ གནད་ནས་བསྐུལ་ཕྱིར་རང་གཟུགས་བསམ༔ བཤོས་ཕྲན་སོ་སོའི་གཞུང་ལས་ཤེས༔ ཞེས་པ་ལྟར་དང༌། དྲུག་པ་ནི་གཞུང་ལས། ཐམས་ཅད་འདུས་པའི་གཏོར་མ་ནི༔ སྤུངས་གཏོར་ཅོག་ཟླུམ་རྩེ་མོ་ཅན༔ སྐྱུ་གུ་གྲངས་ངེས་མེད་པས་བསྐོར༔ གཟུགས་ཀྱི་རྣམ་པ་དེ་ལྟར་ནས༔ གྲངས་ལ་མ་ངེས་རབ་རྣམས་ཀྱི༔ རྒྱས་པར་ལྷ་ཡི་གྲངས་དང་མཉམ༔ འབྲིང་པོ་བདུན་ནམ་ལྔ་གསུམ་སོགས༔ ཐ་མ་གཅིག་ལ་བསྡུས་ཏེ་བྱ༔ ཞེས་གསུངས་པ་ད་ལྟ་ལག་ལེན་དུ་སྐོང་གཏོར་རི་རབ་མ་བཞེངས་པ་འདི་ཡིན་ནོ། །དེ་ལྟ་ཐམས་ཅད་ཀྱང་གཏོར་མའི་གཟུགས་མ་ཡོ་བ། སྣོད་མ་ཁེངས་པ་མེད་པ། སྣོད་ལས་ཕྱིར་འཕྱང་བ་དང་འཁྱོག་རྒུར་ལ་སོགས་པའི་ཚུལ་མི་མཐུན་པ་མེད་པར་


JLAZ005_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་དགོས་པར་གསུངས་མོད་ཀྱང༌། ལ་ལ་ནི་སེམས་ཅན་དང་དམིགས་པའི་བྱེད་ལས་གཙོ་ཆེ་ཞེས། དམིགས་པའི་སྐབས་སྟོང་བསམ་སྒོམ་ཞིང༌། ལག་ལེན་གྱི་སྐབས་དམིགས་པ་ལ་ཁག་འགེལ་བ་ལ་ཅིའི་ཐ་སྙད་འོང༌། དམིགས་པ་ལ་རྩལ་འདོན་རྒྱུ་ཡོད་ན་འབུལ་བའི་སྐབས་དངོས་སུ་བཤམས་པ་རྣམས་དམིགས་རྟེན་ཙམ་དུ་བྱས་ནས་སྣང་སྲིད་ཐམས་ཅད་གཏོར་མའི་རང་བཞིན་དུ་བསྒྱུར་ནས་འབུལ་དགོས་པ་ཡིན་ཚེ་བྱ་ལོང་ཤོང་གིས། ད་ལྟ་ཤོམ་འགོད་ཀྱི་སྐབས་གཞུང་ནས་བཤད་ཚོད་རྣམས་ལ་དོ་གལ་བྱ་དགོས་ཏེ། འདི་ཉིད་ལས། དེ་ལྟར་གཏོར་མའི་གཟུགས་བརྙན་དང་༔ རྒྱན་དང་བཤམ་ཚུལ་ཐམས་ཅད་ཀྱང་༔ གསང་སྔགས་ཐབས་ཀྱི་ཁྱད་པར་ལས༔ གང་ཟག་འགྲོ་བ་འདྲེན་སླད་དུ༔ འབོག་ཆོལ་མེད་པར་གསོལ་བར་སྤྲོ༔ གསུངས་པས་སོ། །བཞི་པ་བཤམ་པ་ནི། གཞུང་ལས། གསུམ་པ་བཤམ་ཚུལ་རྣམ་པ་དགུ༔ སྒྲུབ་པ་དང་ནི་སྒྲུབ་ཆེན་པོ༔ བསྙེན་པའི་དུས་དང་ལས་སྦྱོར་དུས༔ དབང་དང་ཚོགས་མཆོད་སྤེལ་བའི་དུས༔ དུས་མིན་གློ་བུར་བྲེལ་སྟབས་དང་༔ བྱེས་བགྲོད་ལམ་གཏོར་སྐད་ཅིག་མ༔ ངེས་པ་མེད་པའི་བཤམ་ཚུལ་ལོ༔ ཞེས་རྣམ་གྲངས་དགུར་གསུངས་ཀྱང་བྱིངས་རྣམས་སོ་སོའི་གཞུང་ལས་འབྱུང་བས་འདིར་མི་སྤྲོ་ཡིས་དེས་ན་སྙིང་པོར་དྲིལ་ནས་བརྗོད་ན། དེ་ལ་སྤྱིར་བསྙེན་པ་


JLAZ005_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་ཚེ་ན་ལྷ་དང་དཀྱིལ་འཁོར་ཐམས་ཅད་རང་ཉིད་ཁོ་ན་ཡིན་ཕྱིར་སོ་སོའི་གཞུང་ནས་བཤད་ཚོད་ཀྱི་སྒྲུབ་རྟེན་དམིགས་བསལ་ཡོད་ན་དེ་གའི་ལུགས་སུ་བྱ་ཞིང༌། གཏོར་མ་བྱིངས་ནི་མདུན་དུ་ཚོམ་བུའི་ཁར་མ་ཆོད་པའི་ཚུལ་དུ་བཤམ་པ་ཁོ་ནས་ཆོག་སྟེ། གཞུང་ལས། བསྙེན་དུས་གཏོར་མ་ཕྲེང་བ་ལྟར༔ གོ་རིམ་མ་ལོག་སྦྲེང་ལ་བཤམ༔ ཞེས་གསུངས་པ་ལྟར་རྩ་བ་གསུམ་ཀ་ཆོད་ན་དབུས་སུ་བླ་གཏོར། དེའི་གཡས་སུ་ཡི་དམ་དང་སྨན་ཕུད། གཡོན་དུ་མཁའ་འགྲོ་དང་རཀྟ། མདུན་ལ་སོགས་པར་ཆོས་སྲུང་སྤྱི་སྒོས་རྣམས་སྤྱི་བཏང་དུ་ཕོ་རྒྱུད་གཡས་དང་མོ་རྒྱུད་གཡོན་དུ་འགོད་ཅིང་ཞིབ་པར་ཆེ་ཆུང་མཐོ་དམན་གྱི་ཁྱད་པར་ཕྱེ་ནས་བཤམ་མོ། །དེ་ཡང་དང་པོའི་ལས་ཅན་ལ་དགོངས་ནས་རིག་འཛིན་ཆེན་པོས། སྤྱིར་ཡང་བདག་བསྐྱེད་ཀྱི་ལས་བྱང་གི་རིགས་གང་གཏོང་ཡང་ལྷ་དང་དཀྱིལ་འཁོར་ནི་བདག་ཉིད་ཁོ་ན་ཡིན་ཕྱིར་གཏོར་མཆོད་ཀྱང་རང་གི་མདུན་ནམ་གང་འོས་སུ་བཤམ་པས་ཆོག་ལ། དཀྱིལ་ཆོག་སོགས་མདུན་བསྐྱེད་དགོས་པའི་རིགས་ཐམས་ཅད་ལ་གཏོར་མཆོད་སྤྱན་གཟིགས་སོགས་གང་འབྱོར་ཐམས་ཅད་མདུན་བསྐྱེད་ལ་སྤུང་དགོས་པ་སྟེ། དེ་ལྟ་བུའི་སྐབས་དོན་གྱི་དབྱེ་བ་ཤེས་དགོས་ཀྱི། ཐམས་ཅད་ལ་མདུན་དུ་བཤམ་ཕྱིན་ཆད་དཀྱིལ་འཁོར་ཡིན་པར་མི་བསམ་མོ། །ཞེས་གསུངས་པ་ནི་སྤྱིའི་


JLAZ005_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གནད་འགག་གལ་པོ་ཆེ་ཡིན་ནོ། །ཡང་བསྙེན་སྒྲུབ་སྦྲེལ་མ་ཡིན་ན་དཀྱིལ་འཁོར་གྱི་དབུས་སུ་མཉྫི་ལ་སོགས་པའི་ཁར་བཤམ་པར་བཤད་པ་ནི། སྒྲུབ་པའི་དུས་སུ་གཏོར་མ་ལྷར་གསལ་དགོས་ཕྱིར་བསྙེན་སྒྲུབ་གཉིས་ཀྱི་མཚམས་སུ་འཕོ་ལེན་བསྒྱུར་དགོས་སོགས་མི་བྱེད་པའི་སྟབས་ཀྱིས་སྔ་ཐོག་ནས་དེ་ལྟར་དུ་བཤམས་ནས་ཁྱད་པར་དམིགས་པས་འབྱེད་དགོས་པའོ། །སྒྲུབ་པ་ཆེན་པོ་དང་སྐོང་བཤགས་ལ་སོགས་ཏེ་དཀྱིལ་འཁོར་མཚན་བཅས་པ་དང་འབྲེལ་བའི་ཚེ༔ དཀྱིལ་འཁོར་གྱི་ཕྱོགས་མཚམས་རྣམས་སུ་ཚོམ་བུའི་ཚུལ་དུ་བཤམ་པར་བཤད་དེ། གཞུང་ལས། སྒྲུབ་པ་ཆེན་པོའི་དུས་ཀྱི་ཚེ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་མཚམས་སུ༔ ཚོམ་བུའི་ཚུལ་དུ་བཤམ་པར་བྱ༔ ཞེས་གསུངས་པ་ནི་སྔར་སྨན་རཀ་གི་སྐབས་སུ་བཤད་པ་ལྟར་གཏོར་མ་ལྷ་གྲངས་དང་མཉམ་པས་མཚོན་ཏེ། མང་པོ་ཡོད་པའི་སྐབས་ལ་དགོངས་པ་ཡིན་ཏེ། གཞུང་འདི་ཉིད་ཀྱི་བདུད་རྩིའི་མཆོད་སྤྲིན་ལས། སྨན་རཀ་གཏོར་གསུམ་གྱི་བཀོད་པ༔ གཏོར་མ་དང་བདུད་རྩི་ལྷ་གྲངས་དང་མཉམ་པ་ཡོད་ན༔ གཏོར་མ་རེ་རེ་ལ་བདུད་རྩི་རེ་རེ་ལ་བདུད་རྩི་རེ་རེ་སྤེལ་མར་བཀོད་པའི༔ ཚོམ་བུའི་ཚུལ་དུ་བཤམ༔ རཀྟ་དེའི་མདུན་དུའོ༔ ཞེས་གསུངས་པ་ལྟར་གཏོར་མ་གཡས་དང་བདུད་རྩི་གཡོན་དུ་བྱས་ལ་གཅིག་གིས་གཅིག་ལ་མ་རེག་ཙམ་དུ་གཤིབས་ཏེ་བཤམ༔ དེའི་


JLAZ005_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་རཀྟ་བཀོད་ནས་ཚོམ་བུ་གསུམ་སྒྲོམ་དུ་བྱ་བ་དང༌། དེ་མཚུངས་པར་སྐོང་བཤགས་ཀྱི་སྨན་རཀ་གཏོར་མ་བརྒྱ་རྩ་ཡང་དེ་བཞིན་དུ་བཤམ་མོ། །དེ་དག་གི་མདུན་དུ་སྟེགས་ཀྱི་ཁར་ནང་གི་མཆོད་པ་ཞེས་དབང་ལྔའི་མེ་ཏོག །གསུར་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་སྣང་གསལ། མཁྲིས་སྦྱར་གྱི་དྲི་ཆབ། ཤ་ཆེན་གྱི་ཞལ་ཟས་རྣམས་སམ། ལ་ལར་རྡོ་རྗེ་དྲི་ཆེན་གྱི་ཞལ་ཟས། དྲི་ཆུའི་མཆོད་ཡོན་ཞེས་ཀྱང་འབྱུང་བ་གཞུང་འདི་ནས་གདམ་ངར་བཤད་པས་དབྱེ་བ་མེད་དོ། །འདི་དག་ནི་རྒྱུ་མ་བཅོས་ལྷུན་གྱིས་གྲུབ་པའི་མཆོད་པ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ལ་རྐྱེན་འདུ་བྱེད་ཀྱིས་སྦྱོར་བས་བཟོ་དང་བཀོད་པ། བཤམ་ཚུལ་ལ་སོགས་པ་ཡིད་དུ་འོང་བར་བྱས་པ་ལ་རྨད་དུ་བྱུང་བའི་མཆོད་པའམ། རྐྱེན་གྱིས་བསྒྱུར་བ་ཞེས་འདི་ཉིད་ཀྱི་མཆོད་པའི་ལག་ལེན་དམར་ཁྲིད་ཡིག་ཆུང་ལས་གསུངས་པ་དང༌། དེའི་མདུན་དུ་གོང་དུ་རྣམ་དབྱེ་བཤད་པའི་མཆོད་ཡོན་མེ་ཏོག་ལ་སོགས་ཏེ་ཐུན་མོང་ཕྱིའི་མཆོད་པ་རྣམས་བཤམས་ཤིང་ནང་མཆོད་རྣམས་དང་མ་འདྲེས་པར་བྱེད། དེས་མཚོན་ནས་ཕྱི་མཆོད་རྣམས་ལ་སྨན་རཀ་གི་ཟེག་མའང་མ་འཐོར་བར་བྱ་དགོས་སོ། །དེ་ལྟ་བུའི་གཏོར་མ་རྣམས་ལ་དར་དམར་གྱི་གཏོར་གདུགས་དབུབ། གཞན་དུ་ལྷ་སོ་སོའི་སྐུ་མདོག་དང་བསྟུན། མདུན་ལོགས་ཅི་བདེ་བར་གཏོར་རྫས་ཇ་གོས་དར་ཤ་མར་ཐུད་ལ་སོགས་


JLAZ005_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་སྲིད་པའི་ཕུན་ཚོགས་རྒྱ་ཆེན་པོ་བཤམ་དགོས་ཏེ། འདི་ཉིད་ལས། དར་གྱི་ཅོད་པན་གྱིས་ལྡིང་གུར༔ རཏྣའི་སྲོ་ཚར༔ སྟག་གཟིག་གི་རྒྱལ་མཚན་ལ་སོགས་པའི་རྒྱན་དང་༔ ཤ་མར་ཐུད་ལ་སོགས་པའི་བཟའ་བ༔ བྲ་ཁུར་སྣུམ་ཁུར་ལ་སོགས་པ་བཅའ་བ་སྟེ༔ མདོར་ན་ཅི་ལྟར་འབྱོར་བའི་མཆོད་རྫས་རྣམས་ཀྱིས་མཛེས་པར་བརྒྱན་ཅིང་དགྲམ་པར་བྱའོ། །ཞེས་གསུངས་པ་དང༌། བཟང་སྤྱོད་ཀྱི་བདུན་རྣམ་དག་ལས། བཀོད་པས་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཞེས་གསུངས་པ་ལྟར་རང་ཉིད་ཀྱི་ཡིད་སྣང་བདེ་སེང་ངེ་འོང་བར་བཤམས་ན་མཆོད་པ་འབུལ་ཡུལ་རྣམས་ཀྱང་རྩལ་ལས་ཤར་བ་བཞིན་ཡིན་ཕྱིར་བཤམས་པ་ཙམ་གྱིས་བསོད་ནམས་ཐོབ་སྟེ། གཞུང་ལས། དེ་ལྟ་བུ་ནི་བཤམས་པ་ཙམ་གྱིས་མགྲོན་ཚིམ་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །ལྔ་བ་བྱིན་གྱིས་བརླབ་པ་དངོས་ནི། གཞུང་འདི་ཉིད་ཀྱི་སྒྲུབ་ཁོག་མ་ཧཱ་ཡོ་གའི་ལུགས་རྣམས་དང༌། དེས་མཚོན་པར་སྒྲུབ་ཆེན་བཀའ་བརྒྱད་ལྟ་བུས་མཚོན་ཏེ་རྒྱ་ཆེ་བ་བསྐྱེད་རིམ་གཙོར་བཏོན་གྱི་ཆོ་ག་རྣམས་ལ་བྷནྡྷ་ལ་སོགས་པའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་དམིགས་པས་བྱེ་བྲག་ཕྱེ་བ་བཞུ་བཏུལ་གྱིས་བརླབ་པ་ཡིན་ཀྱང༌། འདི་ནི་ཟབ་པ་གཙོར་བཏོན་ཨ་ནུ་ཡོ་གའི་ལུགས་ཡིན་ཕྱིར་རྫོགས་རིམ་གྱི་


JLAZ005_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བས་སྣོད་བཅུད་གཏོར་མའི་རང་བཞིན་དུ་བརླབ་པ་ཡིན་ཞིང༌། དེ་ཡང་ཡེ་ཤེས་ཐིག་ལེ་ལས། བྷ་ཡི་ཡིག་འབྲུ་བྷ་གར་བརྗོད། །ལིང་གི་ཡིག་འབྲུ་ལིང་གར་བསྟན། །ཞེས་གསུངས་པ་ལྟར་གཏོར་མ་ལ་བྷ་ལིང་ཞེས་པའི་དག་སྦྱོར་ནི། ཕྱི་ལྟར་དུ་དབང་པོ་གཉིས་སྦྱོར། ནང་ལྟར་དུ་བྱང་སེམས་དཀར་དམར་གྱི་འདུ་འཕྲོད། གསང་པ་ལྟར་ན་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་རོལ་ཆེན་པོ་ལས་སྣང་སྲིད་སྣོད་བཅུད་ཐམས་ཅད་གཏོར་མའི་རང་བཞིན་དུ་བྱིན་གྱིས་བརླབས་པ་ལས། བཤམས་པའི་གཏོར་མ་ཙམ་ལ་མངོན་ཞེན་རང་དགར་འཐས་ན་གར་ཡང་མི་ཕྱིན་ཏེ། འདི་ཉིད་ལས། ཡུལ་མ་ག་ངྷཱའི་ཁལ་འབུམ་ཕྲག་མང་པོ་ལ་བྱས་པའི་གཏོར་མ་བཤམས་ཀྱང་༔ མགྲོན་ཚན་གཅིག་ཀྱང་ཚིམ་པར་མི་འགྱུར་ལ༔ རྫས་ཏིལ་འབྲུ་ཙམ་གྱི་གཏོར་མ་བཤམས་ནས༔ དམིགས་པ་དཔག་ཏུ་མེད་པས་བྱིན་གྱིས་བརླབས་ཤིང་ཕུལ་ན༔ མགྲོན་བསམ་གྱིས་མི་ཁྱབ་པ་ཚིམ་པར་འགྱུར་ལ༔ འཇམ་དཔལ་བཤེས་གཉེན་དང་༔ བི་མ་ལ་མི་ཏྲ་གཉིས་ཀྱིས་སོ་སོར་ཡངས་པ་ཅན་དུ་བྱས་པའི་སྒྲུང་ལྟར༔ དེས་ན་དམིགས་པ་ཏིང་ངེ་འཛིན་ཤིན་ཏུ་གལ་ཆེ་བས༔ རྣལ་འབྱོར་པ་གཏོར་མ་ལ་བརྩོན་པ་རྣམས༔ གཏོར་མའི་བྱ་བ་ལ་འཇུག་པའི་ཚེ༔ དམིགས་པ་མ་


JLAZ005_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཡེངས་པ་གཏད་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །འདི་ལ་ཁ་ཅིག་ན་རེ། འོ་ན་འདིར་དམིགས་པ་ཁོ་ན་གཙོ་ཆེ་བར་བྱུང་བས་གོང་དུ་མཚན་བཅས་ཀྱི་གཏོར་མའི་སྐབས་དེ་དག་གཙོ་ཆེ་བར་བཤད་པས་སྔ་ཕྱི་གོ་མི་མཚུངས་སོ་ཞེ་ན། མ་ཡིན་ཏེ། རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཐབས་སུ་མཚན་མའི་རྫས་ལ་བུངས་བསྐྱེད། འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་སླད་དུ་ཏིང་ངེ་འཛིན་དང་དམིགས་པ་རྩལ་སྦྱང་བ་གལ་ཆེ་བ་ཙམ་དུ་མ་ཟད། སྣང་སྲིད་གཏོར་མའི་རྣམ་རོལ་དུ་འཆར་བའི་ལམ་པ་ཉུང་ཟད་དུ་གདའ་བས་གཉིས་ཀ་དོ་གལ་དུ་བྱ་བ་ཡིན་ཞིང༌། དག་དྲན་དེ་ལྟ་བུའི་ངང་ལས། ཧཱུྃ་སྣོད་ཀྱི་འཇིག་རྟེན་ཡངས་པའི་གཞོང་པ་རུ༔ སོགས་དང༌། སྔགས་དོན་ནི༔ ཨཱོྃ་ཨཱཿཧཱུྃ་སྔ་མ་དང་མཚུངས། མ་ཧཱ་བ་ལིང་ཏ་ནི་གཏོར་མ་ཆེན་པོ། བྷ་དྲ་བ་ལིཾ་ཏ་ནི་གཏོར་མ་བཟང་པོ། སྭཱ་ཧཱ་ནི་གཞི་ཚུགས་ཞེས་པ་དང༌། གཞུང་གཞན་དུ་སྔགས་འདིའི་དོད། ཏེ་ཛྭ་བ་ལིང་ཏ་ཞེས་འབྱུང་བ་ནི། ཐུགས་རྗེ་འགྲོ་བ་འདུལ་བའི་རྩལ་སྣང་གི་གཏོར་མ་ཞེས་པའི་དོན་དང༌། བྷ་ལ་བཱ་ཏེ་ཞེས་པ་ནི། དེ་གཉིས་དབྱེར་མེད་རོ་གཅིག་ཏུ་སྦྱོར་བའི་དོན་དང༌། གུ་ཧྱ་ནི་གསང་བ་བྱུང་ཚོར་གྱི་རྟོག་པ་ཁྱབ་གདལ་ཆེན་པོའི་གཏོར་མ་དང༌། ས་མ་ཡ་ནི་དམ་ཚིག་ཉམས་ཆག་གི་རྟོག་སྒྲིབ་ཐམས་ཅད་དབྱིངས་སུ་བསྐང་


JLAZ005_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་དེ་འཕྲོ་རྣམས་ནི་སྔར་ནས་བཤད་པ་དང་འདྲའོ། །ཁ་ཅིག་ན་རེ། དགོངས་འདུས་ཀྱི་སྒོས་ཆོས་ལ་གཞན་གྱི་ཞོར་འགྲེལ་མི་འཐད་དོ་ཞེ་ན། མ་ཡིན་ཏེ། གཞུང་འདི་ཉིད་གསང་ཆེན་རྙིང་མའི་གཏེར་ཆོས་ཀྱི་སྲོག་ལྟ་བུ་ཞིག་ཡིན་ཕྱིར་འདི་ཉིད་ལས་བརྩམས་ཏེ་ཆོ་ག་ཐམས་ཅད་ཀྱི་ཁོག་ཕུབ་པའི་དབང་དུ་བྱས་ནས་ཟུར་རྡོ་ཉིས་ཆོད་དུ་བརྒྱབ་པའོ། །དེས་ནི་ཁྱད་པར་གྱི་སྔོན་འགྲོ་རྣམས་ཀྱི་རྣམ་གཞག་མདོ་རྒྱས་འཚམས་པར་བཤད་ཟིན་ཏོ། །གཞུང་དོན་མན་ངག་ན་ཀྲའི་གྲོང་ཁྱེར་ནས། །རིག་རྩལ་བརྟུལ་ཞུགས་དེད་དཔོན་གཞོན་ནུ་དེས། །རྣམ་དག་ལག་ལེན་དཔྱད་བཟོད་མ་ཎི་ཀཿ། །བླངས་ཚེ་རྟ་མཆོག་རོལ་པའང་དབྱིངས་ནས་བཞད། །འོན་ཀྱང་ཕ་དང་མེས་པོའི་རིང་ལུགས་ཞེས། །ཁྲོན་པའི་ལག་འགྲོ་ཁོ་བོས་མ་བྱས་པས། །ཙུ་ཏའི་ཡུལ་དུ་རྐང་པ་ཟུང་ལྡན་ལ། །བཞད་གད་བྱེད་པ་སྙིགས་མ་ལྔ་བདོའི་མཐུ། །དེ་ཕྱིར་རྨི་ལམ་ཙམ་གྱི་མི་ཚེ་འདིར། །སྒྲོ་སྐུར་གཏམ་ལ་བདེན་རྫུན་དེས་ཅི་བྱ། །ད་ལྟ་རེ་དོགས་བྲལ་བས་སྣང་ཉམས་བདེ། །ཕྱི་མ་ལྷག་བསམ་དག་པས་འབྲས་བུ་དཀར། །ཞེས་པར་སྐབས་ཀྱི་ཉམས་དགའི་གླུའོ།། །།སྤྱི་དོན་གཉིས་པ་དངོས་གཞིའི་ལས་རིམ་ལ་གཉིས། བདག་མདུན་བུམ་གསུམ་གྱི་དཀྱིལ་ཆོག་གི་རྣམ་དབྱེ་དང༌། བཤགས་སྐོང་གི་ཡན་ལག་གོ །དང་པོ་ལ་


JLAZ005_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། ཨ་ནུ་ཡོ་གའི་ལུགས་སུ་བདག་བསྐྱེད་ལུས་དཀྱིལ་ལྟར་སྒོམ་པ། མ་ཧཱ་ཡོ་གའི་ལུགས་སུ་མདུན་བསྐྱེད་ཕྱི་དཀྱིལ་ལྟར་སྒོམ་པ། ཨ་ཏི་ཡོ་གའི་ལུགས་སུ་བདག་མདུན་ཟུང་འཇུག་ཏུ་སྒྲུབ་པའོ། །དང་པོ་ལ་གསུམ། ཏིང་འཛིན་རྣམ་པ་གསུམ་གྱི་དོན་འགྲེལ། རྟེན་ལུས་དཀྱིལ་གྱི་རྣམ་བཞག །བརྟེན་པ་གཙོ་འཁོར་གྱི་འཕྲོ་འདུའོ། །དང་པོ་ལ་ཡང་གསུམ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། རྒྱུའི་ཏིང་ངེ་འཛིན་ནོ། །དང་པོ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། བཞི་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི། །བསྒོམ་དུ་མེད་པའི་ཉམས་ལེན་བརྩོན་པ་ལས། །མཁྱེན་པའི་ཡེ་ཤེས་སངས་རྒྱས་ཞིང་ཁམས་མཐོང༌། །མ་བཙལ་ལྷུན་གྲུབ་ཆོས་མཆོག་ཆེན་པོའི་ངང༌། །ཞེས་པས་རྒྱུའི་ཐེག་པའི་སྐབས་སུ་ས་བཅུ་རྒྱུན་མཐའི་ཡེ་ཤེས་ཏེ། དེ་ཉིད་གང་ལ་ཟེར་ན་ད་ལྟའི་ཤེས་པ་བཟོ་བཅོས་དང་བྲལ་བ་འདི་ཉིད་ལ། གློ་བུར་གྱིས་བག་ཆགས་མཚན་མར་འཛིན་པའི་ཆོས་ཅན་གྱིས་བསླད་པ་ཐམས་ཅད་མཐའ་བརྒྱད་སྤྲོས་བྲལ་གྱི་ངང་དུ་ལྷན་ནེར་དག་པའི་མཉམ་བཞག་ནམ་མཁའ་ལྟ་བུའི་ངང་ནས། ཧཱུྃ་ཧྲཱིཿ སྣང་སྲིད་འཁོར་འདས་གཉིས་བསྡུས་ཆོས་རྣམས་ཀུན༔ ཞེས་སོགས་ཀྱི་མཐར་སྔགས་དོན་ནི། ཨཱོྃ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། མ་ཧཱ་ནི་ཆེན་པོ། ཤུནྱ་ཏཱ་ནི་ཡུལ་སྟོང་པ་ཉིད། ཛྙཱ་ན་ནི་


JLAZ005_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཅན་གྱི་ཡེ་ཤེས། སྭ་བྷཱ་ཝ་ཧཱུྃ་ནི་ཡུལ་ཅན་དེ་ཡང་རང་བཞིན་གྱི་རྣམ་པར་དག་པ་ཞེས་པའི་དོན་ནོ། །འདི་ནི་རང་བཞིན་རྣམ་དག་གདོད་མའི་སྟོང་ཆེན་གྱི་དོན་དྲན་པ་ལ་ཟེར་གྱི། ད་ལྟ་ཕལ་གྱིས་བྱེད་པ་ལྟར་ཆོས་ཅན་ལ་ཆོས་ཉིད་ཀྱི་དམིགས་སུ་བཀར་ནས་སྟོང་པའི་ངང་དུ་རྒྱས་འདེབས་པའི་ཆད་ལྟ་དང་མ་ནོར་བ་གལ་པོ་ཆེའོ། །གཉིས་པ་ནི་སྔ་མའི་འཕྲོར། གཉིས་པ་རྒྱུ་མ་ལྟ་བུའི་ཏིང་འཛིན་གྱི། །སྤྲོས་དང་བྲལ་བའི་མཉམ་བཞག་ཆེན་པོ་ལས། །བསམ་གྱིས་མི་ཁྱབ་ཏིང་འཛིན་རྩལ་དུ་འཆར། །དྲོད་ཐོབ་ནས་ནི་སྐྱེ་བ་དབང་བ་ཡིན། །ཞེས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ངོར་ཇི་ལྟར་འཆར་ཡང་རིག་ངོར་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་བདེན་འཛིན་གྱི་འཆིང་བ་ལས་འདས་པའི་ཀློང་ནས་གཞན་དོན་བྱ་བ་སྟེ། འདི་ལྟར་དོན་དམ་སྟོང་པ་ཉིད་ཀྱི་དོན་དེ་ལྟ་བུ་མ་རྟོགས་པའི་འགྲོ་བ་རྣམས་འཁོར་བའི་སྡུག་བསྔལ་ཟོ་ཆུའི་འཁྱུད་མོ་ལྟ་བུའི་ཀློང་དུ་ཉམ་ཐག་པར་གྱུར་བ་དག །བདག་གི་གསལ་ཆའི་རང་གདངས་ཀུན་ཏུ་སྣང་བའི་སྙིང་རྗེར་ཤར་བས་བསྒྲལ་ཏེ་ཟག་མེད་རྡོ་རྗེའི་གོ་འཕང་ལ་དགོད་དོ་སྙམ་པའི་རྗེས་ཐོབ་སྒྱུ་མ་ལྟ་བུའི་ངང་ནས། དེ་ལྟར་མ་རྟོགས་འཁྲུལ་པར་གྱུར་པ་ཡི༔ ཞེས་སོགས་དང༌། སྔགས་དོན་ནི། དྷརྨ་ཆོས། དྷཱརྟུ་ཆོས་ཉིད། སྭ་བྷཱ་ཝ་ཧཱུྃ། ཞེས་པ་ཡང་དག་པ་འབྱུང་བའི་གནས་ཞེས་པའོ། །


JLAZ005_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི་སྔ་མ་ལས། གསུམ་པ་དཔའ་བར་འགྲོ་བའི་ཏིང་འཛིན་གྱི། །དུ་མ་རོ་གཅིག་ས་བཅུའི་རྟོག་པ་ཤར། །དུས་གསུམ་རྒྱལ་པའི་སྲས་པོས་གཞན་དོན་མཛད། །རྩེ་མོ་ཐོབ་ནས་འཕེལ་བ་རྒྱུན་མི་ཆད། །ཅེས་གསུངས་པ་ལྟར་ཏིང་ངེ་འཛིན་གྱི་རྣམ་རོལ་ཟབ་མོ་དཔའ་ཉམས་སུ་ཤར་བའི་རྐྱེན་གྱིས་ཐེག་པ་ཆེན་པོའི་ལམ་ལ་ཞུགས་པའི་རྒྱལ་སྲས་ཀྱི་སྤྱོད་པ་རྨད་དུ་བྱུང་བས་གང་ལ་གང་འདུལ་གྱི་རོལ་པས་གདུལ་བྱ་འདུལ་བའི་ཕྱིར་དུ་འདི་ལྟར་བླ་མེད་རྡོ་རྗེ་ཐེག་པའི་མྱུར་ལམ། སྟོང་ཉིད་སྙིང་རྗེ་ཆེན་པོ་ཟུང་འཇུག་གི་རང་མདངས་སྒྱུ་མ་ལྟ་བུའི་རྫུ་འཕྲུལ་གྱི་རོལ་པ་ལས། ངོ་བོ་རང་གི་ཤེས་རིག་འགྱུར་བ་མེད་པའི་ཡེ་ཤེས། རང་བཞིན་དཔལ་ཀུན་ཏུ་བཟང་པོའམ། སྣང་མཐའ་རྡོ་རྗེ་སེམས་དཔའ་དེ་ཉིད། རྒྱུའི་ཧེ་རུ་ཀཿདབུ་དང་ཕྱག་ཞབས་ཆ་ལུགས་རྣམ་འགྱུར་སོགས་བློས་དཔག་པར་མི་ནུས་ཤིང༌། ནམ་མཁས་གར་ཁྱབ་སྐུ་ཡིས་ཁྱབ་ཅིང༌། འདུལ་བྱེད་མ་ངེས་པའི་བཀོད་པ་གྲངས་མེད་པས་གང་ལ་གང་འདུལ་གྱི་རྫུ་འཕྲུལ་ལ་མངའ་བརྙེས་པ་དེ་ཉིད་སྔར་ལྟར་ལམ་གྱིས་གསལ་བཏབ་ལ། ཧྲཱིཿ དོན་དམ་དབྱིངས་ལས་འབར་བའི་ཆོ་འཕྲུལ་ཤརཿ སོགས་ཀྱི་མཐར། སྔགས་དོན་ནི། ཙིཏྟ་ཞེས་པ་ཐུགས། པདྨ་བཛྲ་ནི་པདྨ་རྡོ་རྗེ། ཧཱུྃ་ནི་རང་བཞིན་གྱི་རྣམ་པར་དག་པའོ། །དེ་ལྟར་བཤད་མ་ཐག་པའི་ཏིང་ངེ་འཛིན་


JLAZ005_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོ་ག་གཞན་དང་མི་འདྲ་བར་གཞུང་འདི་ཉིད་ཀྱི་ཁྱད་ཆོས་བསམ་ལས་འདས་པ་ཞིག་གོ །གཉིས་པ་རྟེན་ལུས་དཀྱིལ་གྱི་རྣམ་པར་གཞག་པ་ལ་གསུམ། རྒྱས་པར་བཤད་པ་དང༌། བསྡུས་ནས་བཤད་པ་དང༌། ཟབ་མོ་ལུས་དཀྱིལ་ལ་བསྔགས་པ་བརྗོད་པའོ། །དང་པོ་ནི། ཆགས་ཚུལ། གནས་ལུགས། རྣམ་གཞག་སོགས་ནི་རྒྱས་པར་སྤྲོ་ན་ཡི་གེ་ཤིན་ཏུ་མངས་པར་འགྱུར་པ་དང༌། འདིར་ཚོགས་བཤད་ཀྱི་དབང་དུ་བཏང་ནས་མི་འགྲེལ་གྱི། དེས་ན་རིམ་པར་གཏེར་ཁ་འདི་ཉིད་ཀྱི་སྐུ་རྡོ་རྗེའི་གནས་ལུགས་དང༌། ཡང་གསང་ཐུགས་སྒྲུབ་ཉི་ཟླ་ཁ་སྦྱོར། དེ་ཡང་གོ་བདེ་བའི་ལུགས་སུ་བྱམས་པ་དགེ་བའི་བློ་གྲོས་ཀྱིས་མཛད་པའི་ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་དོན་འགྲེལ་ནོར་བུའི་དོ་ཤལ་རྣམས་ལ་དཔྱིས་ཕྱིན་པར་རྟོགས་པར་བྱའོ། །གཉིས་པ་ནི། རྒོད་ཚང་རིན་པོ་ཆེའི་ཞལ་ནས། དགོངས་འདུས་དཀྱིལ་ཆོག་གི་དྲིས་ལན་དུ། ཆོ་ག་དངོས་ཀྱི་སྐབས་ལ་བབས་ཚེ། བདག་བསྐྱེད་ལ་ནི་ཏིང་འཛིན་རྣམ་གསུམ་གཞལ་ཡས་ཁང་བསྐྱེད་པའི་ཚིག་དོན་དང་མཐུན་པར་བྱ་ཞིང༌། སྲུང་གུར་འཁོར་ལོ་དང་བཅས་པའི་དབུས་སུ་གཙུག་ཏོར་འཁོར་ལོས་སྒྱུར་གྱི་སྐུ་རབ་ཏུ་ཆེ་བའི་ལྟོ་བའི་ནང་དུ་བདག་མདུན་ཐམས་ཅད་


JLAZ005_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་ཡུལ་ཡིན་ཚེ། དང་པོར་བདག་བསྐྱེད་ལའང་ཆོ་ག་གཞུང་གཞན་སོ་སོར་ལ་ནི། རང་རང་གི་རྒྱུད་སྡེའི་རིམ་པ་ལྟར་མཐུན་པའི་སྒོམ་ཚུལ་ཐ་དད་འབྱུང་མོད་ཀྱི། ལས་བྱང་མེ་ཏོག་ཕྲེང་མཛེས་འདི་ནི་ལུང་ཨ་ནུ་ཡོ་ག་དང་མཐུན་པར། མ་བསྐྱེད་རྫོགས་པའི་ཚུལ་དུ་སྒོམ་པ་ཞེས་བྱ་བ་ཡིན་ཕྱིར། བྷྲཱུྃ༔ འབྱུང་བ་མེ་རླུང་འཁྲུགས་པའི་གུར་ཁང་དབུས༔ ཞེས་སོགས་ཀྱིས་གཞལ་ཡས་ཁང་བསྐྱེད་པ་དེ་དག་ཀྱང༌། འབྱུང་འདུས་ཀྱི་ཕུང་པོ་འདི་བཟོ་དབྱིབས་བསྒྱུར་ནས་གཞལ་ཡས་ཁང་དུ་སྒོམ་རྒྱུ་ནི་མ་ཡིན་ཏེ། གཟུགས་ཕུང་ཁོ་རང་དཀྱིལ་འཁོར་གཞལ་ཡས་སུ་ལྷུན་གྱིས་གྲུབ་པ་ཡིན་པའི་ཚུལ་གྱིས་གསལ་འདེབས་པ་ཡིན་ལ། ཞེས་དང༌། རང་གི་ལུས་ཉིད་གཞལ་ཡས་ཁང་གི་རང་བཞིན་ཡེ་ནས་ཡིན་པར་ཤེས་ཤིང་གསལ་འདེབས་པ་ཁོ་ནས་གཞལ་ཡས་ཁང་བསྐྱེད་པའི་མཆོག་ཏུ་འགྱུར་བར་གསུངས། ཞེས་པ་ལྟར་ཡིན་ཞིང༌། འདི་ལ་ཁ་ཅིག་ན་རེ། ཡེ་ནས་ཡིན་ན་གསལ་ཡང་འདེབས་དགོས་པའི་གཞི་མ་གྲུབ། གྲུབ་ཟིན་པའི་དངོས་པོ་སོལ་བ་བརྡར་བས་དཀར་བར་མི་འགྱུར་བ་དང་མཚུངས་སོ། །ཞེ་ན་ལན་དུ། ཡེ་


JLAZ005_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡིན་ཀྱང་ཡིན་པར་ངེས་ཤེས་མ་རྙེད་ན་དོན་དུ་མི་འགྱུར་ཏེ། ཅིའི་ཕྱིར་ན། སྲོག་ཆགས་གྲོག་སྤུར་ཚུན་ཆོད་ལ་བདེ་གཤེགས་སྙིང་པོས་ཡུག་གཅིག་ཏུ་ཁྱབ་པས་དེ་ཐམས་ཅད་སངས་རྒྱས་ཤ་སྟག་ཏུ་འགྱུར་དགོས་ཀྱང༌། རིག་པ་དང་མ་རིག་པའི་ཁྱད་པར་ཙམ་གྱིས་འཁོར་འདས་སུ་གྱེས་པ་ཡིན་མོད། ནམ་ཞིག་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རང་ངོ་རང་ཤེས་སུ་གྱུར་ནས་དེ་ལ་བརྟན་པ་ཐོབ་ཚེ་གྲོལ་ས་དེ་ལས་གཞན་མེད་པའི་ཕྱིར་རོ། །ཞེས་སྨྲས་ནས། སྔར་ལུང་དྲངས་པ་ལྟར་གཙུག་ཏོར་འཁོར་ལོས་སྒྱུར་བའི་ལྟོ་བ་རབ་ཏུ་ཆེ་བའི་ནང་དུ་བདག་མདུན་ཐམས་ཅད་བསྐྱེད་ཡུལ་དུ་བྱས་ནས་དང་པོ་བདག་བསྐྱེད་ནི་རང་ལུས་དཀྱིལ་འཁོར་གྱི་རང་བཞིན་དུ་རྣམ་གཞག་གཞན་ནས་འབྱུང་བ་ལྟར་ལྷུན་གྲུབ་ཏུ་གནས་པའི་དག་དྲན་རྒྱུད་ལ་འབྱོར་བའི་ངང་ལས། བྷྲཱུྃ་འབྱུང་བ་མེ་རླུང་འཁྲུགས་པའི་ཕོ་བྲང་དབུས༔ སོགས་ནས། བདེ་དྲོད་མེ་དཔུང་འཁྲིགས་པའི་དཀྱིལ་ཡངས་ན༔ ཞེས་པའི་བར་གྱི་རྟེན་ལུས་དཀྱིལ་གྱི་འཁོར་ལོར་གསལ་བཏབ་བོ། །གསུམ་པ་བརྟེན་པ་ལྷ་བསྐྱེད་པའི་རིམ་པ་དངོས་ནི། རྒྱུད་སྡེ་གཞན་ལྟར་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱོང་ཕྱིར་མངོན་བྱང་འདི་ལ་གསང་སྔགས་ཐུན་མོང་པའི་སྐབས་སུ། རྣལ་འབྱོར་རྒྱུད་དང་བསྟུན་ནས་ཕྱིའི་མངོན་བྱང་ལྔ། རྣལ་འབྱོར་ཆེན་པོ་དང་


JLAZ005_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་ནས་ནང་གི་མངོན་བྱང་ལྔ་ཞེས་རྡོ་རྗེའི་ལུས་གྲུབ་ཚུལ་དང་ལྟོ་སྦྱར་ནས་འཆད་པའི་སྔ་མ་ནི། རྣམ་དག་ཡེ་ཤེས་སེམས་དཔའ། གདན་ཉི་ཟླ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་སུ་རྫོགས་པ་སྟེ་མངོན་པར་བྱང་ཆུབ་པ་ལྔ་དང༌། ཕྱི་མ་ལྟར་ན་བརྟག་པ་དང་པོའི་ལེའུ་བརྒྱད་པ་ནས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཞེས་ཡེ་ཤེས་ལྔས་མངོན་པར་བྱང་ཆུབ་པའོ། །དེ་ལྟ་བུའི་བསྐྱེད་རིམ་གྱི་རྣམ་གཞག་རྒྱས་པར་འོག་མིན་བགྲོད་པའི་ཐེམ་སྐས་ཞེས་པ་ལ་ཤིན་ཏུ་གསལ་བར་བྲིས་ཡོད་དོ། །ལྔ་དང༌། ཆོ་ག་འོག་ཏུ་རྡོར་སེམས་བསྐྱེད་སྐབས་འཆད་དོ། །གསུམ་ལ་སོགས་པའི་སྤྲོས་བཅས་ཀྱི་བསྐྱེད་རིམ་ལ་མ་ལྟོས་པར། འདི་ནི་རང་གི་རྣམ་པར་ཤེས་པ་ཚོགས་བརྒྱད་གནས་སུ་དག་པ་མཚོན་བྱེད་སྙིང་པདྨ་འདབ་བརྒྱད་ཀྱི་གདན་སྟེང༌། དོན་དམ་དུ་ཐབས་ཤེས། ཀུན་རྫོབ་ཏུ་ཆགས་སྡང་གཉིས་པོ་ཟིལ་གྱིས་གནོན་ཕྱིར་ཁམས་དཀར་དམར་གཉིས་ཉི་ཟླའི་གདན་གྱི་ཚུལ་དུ་ལྷུན་གྲུབ་ཏུ་ཡོད་པའི་སྟེང་དུ་སྔར་གྱི་རྒྱུའི་ཧེ་རུ་ཀའི་ཐུགས་སྲོག་གི་ཡི་གེ་ཧཱུྃ་དེ་ཉིད་ནམ་མཁའ་ནས་བྱ་བབས་པ་ལྟར་བྱུང་སྟེ། རང་ཤེས་རིག་པའི་རྒྱལ་པོ་ལྷ་སྐུར་ལམ་གྱིས་ལྡང་བ་ཡིན་ཞིང༌། དེ་ཡང་རིག་པ་ལ་སྐུ་གསུམ་རང་ཆས་སུ་ཡོད་པའི་རང་བཞིན་སྣང་བའི་ཆ་པདྨ་བཛྲ། ངོ་བོ་སྟོང་པའི་ཆ་ལྷ་ལྕམ་མནྡཱ་ར་བ། དེ་གཉིས་བདེ་སྟོང་དབྱེར་མེད་ཀྱི་ངང་ལས་ཐུགས་རྗེ་ཀུན་ཁྱབ་ཏུ་བཞུགས་པས་བསྐྱེད་རིམ་འཁོར་འདས་གཉིས་མེད་ཡིན་ལ། དེའི་རོལ་རྩལ་རྣམ་ཤེས་ཚོགས་བརྒྱད། ཉེ་ཉོན་ཉི་ཤུ། སེམས་


JLAZ005_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ལྔ་བཅུ། རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་སྟོབས་སུ་ཤར་བ་དེ་དག །རྒྱུ་སེམས་ཅན་གྱི་དུས་ན་ཉོན་མོངས་པའི་རྟོག་ཚོགས། ལམ་རྣལ་འབྱོར་པའི་དུས་ན་ཉམས་དང་འཆར་སྒོའི་བྱེ་བྲག །འབྲས་བུ་སངས་རྒྱས་ཀྱི་དུས་ན་མཁྱེན་བརྩེ་མཛད་འཕྲིན་དུ་ཤར་བ་ཡིན་ཕྱིར་གནས་སྐབས་འདི་དག་ཏུ་སྒྱུ་མ་ལྟ་བུའི་རོལ་རྩལ་ལས་ཉི་མ་དང་འོད་ཟེར་ལྟ་བུར་འཁོར་གྱི་རྣམ་པར་ཤར་བ་སྟེ། གཞུང་ལས། སྐུ་མདོག་ཕྱག་མཚན་རྣམ་འགྱུར་དུ་མ་སྟེ། །གཅིག་ཏུ་མ་ངེས་ཆོ་རོལ་སྣ་ཚོགས་སྟོན༔ སྣང་སྟོང་མ་འགགས་ལྷན་ནེ་ལྷང་ངེར་གསལ༔ ཞེས་དང༌། གདངས་གསལ་མ་འགགས་རོལ་པས་ཚུལ་བཞིན་བསྐྱེད༔ ཅེས་གསུངས་པ་ལྟར་ངེས་ཤེས་བསྐྱེད་ཅིང་འདི་དག་གི་ཚུལ་ཞིབ་པ་ནི་འགྲེལ་བ་ནོར་བུའི་དོ་ཤལ་ནས་བཤད་པས་མི་འགྲེལ་ཞིང༌། མཇུག་གི་སྔགས་དོན་ནི། ཨཱོྃ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས་ཀྱི་ས་བོན། གུ་རུ་ནི་བླ་མ། ཤྲཱི་ནི་དཔལ། པདྨ་བཛྲ་ནི་པདྨ་རྡོ་རྗེ། ཧྲཱིཿནི་ཐུགས་སྲོག །ངྷུ་མ་གྷ་ཡེ་ནི་ཡུམ་ལྷ་ལྕམ་མནྡཱ་ར་བའི་སྲོག་སྔགས། ཌཱཀྐི་ནི་མཁའ་འགྲོ། ན་མ་ཞེས་བྱ་བ། སྭཱ་ཧཱ་ནི་གཞི་ཚུགས་ཞེས་པ་དང༌། འདི་ནས་མར་ཕྱོགས་མཚམས་ཀྱི་གཙོ་བོ་བརྒྱད་ཀྱི་ས་བོན་ཏེ། ཤར་ཕྱོགས་པ་ལ། བྷུདྡྷ་ནི་སངས་རྒྱས། ཐོད་ཕྲེང་རྩལ་ནི་མཚན་འགྱུར། བེ་རོ་ཙཱ་ན་ཨཱོྃ༔ རྣམ་པར་སྣང་མཛད། སརྦ་བྷུདྡྷ་ནི་སངས་རྒྱས་ཐམས་ཅད།


JLAZ005_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱཀྐི་ཧཱུྃ་ནི་མཁའ་འགྲོ་དང༌། ལྷོ་ཕྱོགས་པའི་སྙིང་པོ་དང༌། ཨཀྵོ་བྷྱ་བཛྲ་ནི་མི་བསྐྱོད་རྡོ་རྗེ། སུ་ཁ་ནི་བདེ་བ། དྷ་རི་ཧཱུྃ་ནི་དབྱིངས་ཀྱི་གཟུངས་མ་དང༌། ནུབ་ཕྱོགས་པའི་སྙིང་པོ། པདྨ་བྷ་ཤ་ཧཿནི་པདྨ་དབང་ཕྱུག །ཌཱཀྐི་ནི་མཁའ་འགྲོ། ཀུ་རུ་ཀུལླེ་ཧྲིཿསྭཱ་ཧཱ་ནི་འདོད་པ་དབང་དུ་སྡུད་པའི་གཞི་ཚུགས་དང༌། བྱང་ཕྱོགས་པའི་སྙིང་པོ་ནི། ཨ་ཙརྱ་ནི་སྤྱོད་པ་མེད་པ། མ་ཧཱ་ནི་ཆེན་པོ། བཛྲ་ནི་རྡོ་རྗེ། ཤཱནྟི་ནི་ཞི་བ། པདྨ་ནི་སྐྱོན་མེད། ག་རུ་ཏི་ནི་ཁྱུ་མཆོག །བྷྱོཿསྲོག་ཡིག །ཌཱཀྐི་ནི་ཧཱུྃ་ནི་མཁའ་འགྲོ་དང༌། ཤར་ལྷོ་པའི་སྙིང་པོ། ཨརྩིཀ་ནི་ཤིན་ཏུ་ཁྲོས་པ། ནིརྩིཀ་ནི་རབ་ཏུ་ཁྲོས་པ། མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ནི་སྲིད་པ་དབང་དུ་སྡུད་པའི་བདག་ཉིད། ལྷོ་ནུབ་པའི་སྙིང་པོ། བུདྡྷ་ཀ་པཱ་ལི་ནི་སངས་རྒྱས་ཐོད་པ། དཔའ་བོ་ཧཱུྃ་ནི་མཚན་འགྱུར། བུདྡྷ་པྲ་ནི་བྱང་ཆུབ་བརྟན་པ། ཌཱཀྐི་ནི་མཁའ་འགྲོ། མ་མ་རུ་ལུ་སྭཱ་ཧཱ་ནི་བདག་ཉིད་ཐབས་ཤེས་གཞི་ཚུགས། ནུབ་བྱང་བའི་སྙིང་པོ་ནི། བཛྲ་ཀྲོ་དྷ་ནི་རྡོ་རྗེ་ཁྲོ་བོ། ཧྱ་གྲཱྀ་ཝ་ནི་རྟ་མགྲིན། མ་མ་ནི་བདག་ཉིད། ཨེ་ཀ་ཙ་ཏི་ནི་རལ་པ་གཅིག་མ། ཧཱུྃ་ནི་སྲོག་ཡིག །བྱང་ཤར་པའི་སྙིང་པོ་ནི། བཛྲ་པཱ་ཎི་ཕྱག་ན་རྡོ་རྗེ། མ་ཧཱ་ཀྲོ་དྷ་ནི་ཁྲོ་བོ་ཆེན་པོ། མ་མ་ནི་བདག་ཉིད། སིདྡྷི་ཧཱུྃ་ནི་དངོས་གྲུབ་སྩོལ། ཞེས་པ་དང༌། གཞན་ཡང་སྔར་བཤད་མ་ཐག་པའི་ལུས་དཀྱིལ་གྱི་བ་སྤུའི་བུ་ག་ཚུན་ཆོད་


JLAZ005_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལའང༌། དཔའ་བོ་དང་དཔའ་མོ་རྣམ་འགྱུར་དང་ཆ་ལུགས་མ་ངེས་པ་བློས་དཔག་པར་མི་ནུས་ཤིང་ཉི་ཟེར་ལ་རྡུལ་འཁྲིགས་པའི་གྲངས་ལྟར་བཞུགས་པར་ངེས་ཤེས་བསྐྱེད་ཅིང༌། སྔར་གྱི་རྒྱུའི་ཧེ་རུ་ཀའི་སྐུའི་རྣམ་པ་ནི། སྐབས་འདི་ཉིད་དུ་ནམ་མཁའ་ལ་འཇའ་སྤྲིན་ཡལ་བ་ལྟར་ཆོས་ཀྱི་དབྱིངས་སུ་ཐིམ་པར་མོས་ལ། ཧྲཱིཿསྟོད་སྨད་བར་ཁྱམས་བ་སྤུའི་གྲོང་ཁྱེར་དུ༔ སོགས་དང༌། མཇུག་གི་སྔགས་དོན་སྔར་ནས་བཤད་པས་གོ་སླ་བར་འགྱུར་རོ། །གསུམ་པ་ཟབ་མོ་ལུས་དཀྱིལ་ལ་བསྔགས་པ་བརྗོད་པ་ནི། དེ་ལྟར་ལུས་གཞལ་ཡས་ཁང་བསྐྱེད་ཅིང་བསྒོམ་པ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོའམ། མཆོག་ཏུ་གྱུར་པ་ཞིག་ཡིན་ལ། གསར་རྙིང་དགོངས་པ་མཐུན་པར་རྒྱུད་སྡེ་འོག་མ་གཉིས་ལ་ནི་མིང་ཙམ་ཡང་མ་གསུངས་ཤིང༌། ཡོ་ག་རྣལ་འབྱོར་གྱི་རྒྱུད་ལ་བདག་འཇུག་ཙམ་དུ་དགོངས་པའི་མིང་རྐྱང་ཙམ་ཞིག་སྔགས་གསར་མའི་རྒྱུད་ལ་བཤད། དེས་ན་འདི་ནི་ཐེག་པ་སྤྱི་སྐད་ལྟར་ན་བླ་ན་མེད་པའི་རྒྱུད་སྡེ་ཁོ་ནའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང༌། རྙིང་མ་རང་སྐད་ལྟར་ན་ལུང་ཨ་ནུ་ཡོ་གའི་ཐེག་པ་ཁོ་ནའི་ཁྱད་ཆོས་ཏེ། རྒྱུ་མཚན་ནི། ཕྱིའི་བསྐྱེད་རིམ་མཐའ་དག་ནི་བློས་རྣམ་པར་སྒྲོ་བཏགས་པའི་ཁ་ཕྱིར་བལྟས་ཀྱི་རྣལ་འབྱོར་ཤ་སྟག་ཡིན་ལ། རྟེན་དང་བརྟེན་པ་ཐམས་ཅད་རང་དང་ཐ་དད་དུ་བལྟ་ཞིང༌། བསྒྲུབ་བྱའི་འབྲས་བུ་


JLAZ005_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རང་ཉིད་མ་ཡིན་པར་ཕྱི་རོལ་ཏུ་ཞེན་པས་བྱིན་རླབས་འཇུག་པར་བུལ་པ་ནི། དཔལ་སམ་བུ་ཊི་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་དག་གི་ཆོ་ག་ཡི། །ལུས་ཀྱི་དེ་ཉིད་མི་ཤེས་པས། །དེ་དག་ཐམས་ཅད་འབྲས་མེད་འགྱུར། །ཞེས་གསུངས་པས་མཚོན་ཏེ་རང་ཉིད་ལས་གཞན་པའི་སངས་རྒྱས་ཕྱི་རོལ་ནས་མི་འབྱུང་བའི་ཕྱིར་རོ། །ནང་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་ནི། ཁ་ནང་བལྟས་ཀྱི་རྣལ་འབྱོར་གཙོ་བོར་བྱེད་ལ། འབྱུང་འདུས་ཀྱི་རྟེན་གདོད་ནས་དཀྱིལ་འཁོར་གྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པའི་དབུས་སུ། བརྟེན་པ་རང་ཤེས་རིག་པའི་རྒྱལ་པོ་རྡོ་རྗེའི་ལུས་གྲུབ་ཙམ་ཉིད་ནས་འདུ་འབྲལ་མེད་པར་བཞུགས་པ་ལ། ཡིན་ལ་ཡིན་པའི་ངེས་ཤེས་ཀྱི་གནད་དུ་བསྣུན་ནས་བསྐྱེད་རིམ་གྱི་དུས་སུ་གཞལ་ཡས་ཁང༌། རྫོགས་རིམ་གྱི་དུས་སུ་ཙནྡ་ལིའི་མན་ངག་ལ་བརྟེན་ནས་བསྒོམས་པས་བྱིན་རླབས་འཕྲལ་དུ་འཇུག་ཅིང་དྲོད་རྟགས་མྱུར་དུ་ལོན་ནས། སྙིང་པོ་བདེ་ཆེན་གྱི་ཡེ་ཤེས་ཚེ་གཅིག་ལུས་གཅིག་ལ་མངོན་དུ་བྱེད་ནུས་པས་ཁྱད་པར་ཤིན་ཏུ་འཕགས་པ་ཡིན་ཏེ། ཡེ་ཤེས་མཁའ་འགྲོ་གསང་བའི་རྒྱུད་ལས། རྡོ་ཤིང་འདྲ་འབགས་ལ་སོགས་པའི། །གཟུགས་བརྙན་ཡོངས་སུ་རྫོགས་པ་དང༌། །རས་དང་ཚོན་ལ་སོགས་པ་ཡི། །གཟུགས་བརྙན་ཡོངས་སུ་རྫོགས་པ་ལ། །ལྷ་ཡིན་ཟེར་ནས་མཆོད་སོགས་བྱེད། །


JLAZ005_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མའི་ལྷ་ཚོགས་དེ་ལྟར་ན། །ཕུང་སོགས་ཡེ་ནས་སངས་རྒྱས་ལ། །ཅི་ཡི་ཕྱིར་ན་མཆོད་མི་བྱེད། །ཅེས་གསུངས་པའི་ཕྱིར་རོ། །དེས་བདག་བསྐྱེད་ཨ་ནུའི་ལུགས་སུ་སྒོམ་ཚུལ་རྣམས་བཤད་ཟིན་ཏོ།། །།ད་ནི་ས་བཅད་ལ་མ་ལྟོས་པར་རྣམ་པར་མ་དག་པའི་ལག་ལེན་འགའ་ཞིག་ལ་ལུང་དང་རིག་པ་གཉིས་ཀའི་སྒོ་ནས་བྱི་དོར་བྱ་སྟེ། དེ་ཡང་གནས་སྐབས་འདི་ཉིད་དུ་མདུན་བསྐྱེད་ཀྱི་མིང་ཙམ་ཡང་མ་བསྒྲུབས་པར་ཞི་ཁྲོའི་བཤགས་སྐོང་གི་སླད་དུ་པདྨ་བཛྲ་རྩལ་གྱི་ཐུགས་རྗེ་ཡེ་ཤེས་ཆེན་པོའི་ཀློང་དཀྱིལ་ཞེས་ཞི་ཁྲོ་དམ་པ་རིགས་བརྒྱ་དམར་འཇུས་སུ་བསྐྱེད་པ་ནི་ལ་ལའི་ལུགས་སུ་སྣང་སྟེ། དེ་ནི་བདག་མདུན་གྱི་རྣམ་དབྱེ་གཏན་ནས་མ་གོ་བ་ཞིག་གིས་གྱ་ཚོམས་སུ་བྱས་པའི་རྗེས་སུ་ཆུ་ངན་ལམ་ཞུགས་ཡིན་པར་མངོན་ལ་ཤིན་ཏུ་མི་རིགས་ཏེ། དེ་ལྟ་ན་ཞི་ཁྲོ་བདག་བསྐྱེད་ཀྱི་ཐུགས་ཀར་བསྐྱེད་པ་ཡིན་ཏེ། སྒྲུབ་མཆོད་བཤགས་སྐོང་ལ་སོགས་མདུན་བསྐྱེད་གཙོ་བོར་བྱ་དགོས་པའི་གནས་སྐབས་འདི་ལྟ་བུ་ལ་མདུན་བསྐྱེད་ཀྱི་མིང་ཙམ་མ་བྱུང་བ་གཞུང་གི་དགོངས་པ་ནི་མ་ཡིན་པ་འོག་ཏུ་འཆད་ལ། རིགས་མཐུན་གྱི་ཆོ་ག་གཞན་ལའང་ཡོད་པར་སྣང་བས་མ་ཐོས་སོ། །བྱས་པས་ཅུང་ཟད་རྣ་བས་ཐོས་ལ་སྣང་ལ་མ་ངེས་པའི་སྐྱེ་བོ་ཞིག་ན་རེ། སྐྱོན་མེད་དེ་བདག་མདུན་མཉམ་བསྒྲུབ་ཏུ་བྱས་པ་ཡིན་ནོ་ཞེ་ན་མི་འདོད་དོ། །བདག་


JLAZ005_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ལུས་དཀྱིལ་འཁོར་ཁོ་ནར་བརྟེན་ནས་བསྒྲུབས་པ་ལ་མདུན་བསྐྱེད་མཉམ་དུ་ཚིག་སྦྱོར་གཅིག་གིས་བསྐྱེད་པ་ནི་མི་རིགས་པ་རིག་པས་ཀྱང་འགྲུབ་སྟེ་གང་ནས་ཀྱང་མ་བཤད་དོ། །ཡང་གཞུང་འདི་ཉིད་ལ་ཧ་ཅང་མ་འདྲིས་ཤིང་རྒྱས་འདེབས་ཀྱི་ལྟ་བས་ཧར་སྤྱོད་དུ་སྨྲ་བ་ཞིག་ན་རེ། སྐྱོན་མེད་དེ། མདུན་བསྐྱེད་སྐད་ཅིག་དྲན་རྫོགས་སུ་ཨ་ཏི་ཡོ་གའི་ལུགས་སུ་གསལ་བ་ཡིན་ནོ། །ཞེ་ན། དེ་ཡང་མི་འཐད་དེ། གཞན་དོན་སྤྲོས་བཅས་ཁོ་ན་དང་འབྲེལ་བའི་ཚེ་དཀྱིལ་འཁོར་ཆེན་པོ་འདི་ལྟ་བུ་ལ་དག་དྲན་ཙམ་ཡང་མེད་པར་སྐད་ཅིག་དྲན་རྫོགས་ཀྱིས་སྤྲོས་པ་ཉེར་བསྡུ་བྱ་ན། ཞི་ཁྲོ་ཡང་བསྐྱེད་པར་མི་འཐད། ཚིག་དང་མངོན་རྟོགས་ལ་མ་ལྟོས་པས་སྐད་ཅིག་དྲན་རྫོགས་སུ་བྱ་དགོས། དེ་བཞིན་དུ་མཆོད་བསྟོད་སྐད་ཅིག་དྲན་རྫོགས། བཤགས་སྐོང་སྐད་ཅིག་དྲན་རྫོགས། ཅི་ཀ་དེ་ལྟ་ན་མཚན་མ་རྫས་ཀྱི་དཀྱིལ་འཁོར་དང་བཤམ་དགོད་གཞུང་ནས་གསུངས་ཚད་ཐམས་ཅད་ལ་སེལ་འཇུག་བྱ་དགོས་སོ། །གཞུང་གི་དགོངས་པ་ཁས་ལེན་ན། ཞི་ཁྲོའི་མངོན་རྟོགས་སྒོམ་ཁའི་ཡིག་ཆུང་ལས། ཁྱད་པར་ལྷ་བསྐྱེད་པའི་སྐབས་ལ་འབབ་པའི་ཚེ༔ བསྐྱེད་པ་མ་ཧཱ་ཡོ་ག་ལྟར་གྱི་མངོན་རྟོགས་བསྒོམ་པའི་མདུན་བསྐྱེད་ཀྱི་གཙོ་བོའི་ཐུགས་ཀརཿ རང་བཞིན་ཞི་ཁྲོ་རང་གསལ་གྱི་ལྷ་ཚོགས་རྣམས་ཀྱང་བཤགས་སྦྱོང་གི་དཔང་བོར་གསལ་


JLAZ005_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པ་ནི། ཞེས་གསུངས་པ་ཤིན་ཏུ་གསལ་བར་གོ་ནུས་ཤིང༌། གཞན་ཡང་རྒོད་ཚང་རིན་པོའི་ཆེས། དཀྱིལ་ཆོག་གི་དྲིས་ལན་སྔ་མའི་འཕྲོར། དེ་ལྟར་བདག་བསྐྱེད་ཀྱི་ལས་གཞུང་རྣམས་ཐམས་ཅད་མཐར་ཆགས་སུ་བགྱིས་གྲུབ་པ་དང༌། བདག་བསྐྱེད་ཀྱི་སྔར་གྱི་ཐུགས་སྲོག་དེ་ཉིད་པདྨ་བཛྲ་ལ་ཧྲཱིཿདམར་པོར་བསྒྱུར་བ་ཡིན་ཞིང༌། དེ་ལས་འབྱུང་བ་རིམ་བརྩེགས་ཀྱི་ས་བོན་རྣམས་སྤྲོས་ཏེ། ཨེ་ལས་ནམ་མཁའ་ཡཾ་ལས་རླུང༌། བྷྲཱུྃ་ལས་གཞལ་ཡས་ཁང་སོགས་མངོན་རྟོགས་དེ་ཉིད་ཀྱི་ཚིག་དང་མཐུན་པར་བསྐྱེད། དཀྱིལ་འཁོར་ལྷར་བཅས་ཀྱང་གཙུག་ཏོར་འཁོར་བསྒྱུར་གྱི་ལྟོ་བར་བདག་བསྐྱེད་ཞལ་སྤྲོད་ཀྱི་ཚུལ་དུ་གསལ་ནས་ཆོ་གའི་ལས་རིམ་རྣམས་ཐམས་ཅད་བྱའོ། །ཞེས་གསུངས་པ་ལྟར་ཡིན་ནོ། །དེ་ལ་གཞུང་ནས་གསུངས་པའི་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་གྱི་མངོན་རྟོགས་ཞེས་པ་ནི། གཞུང་འདི་ཉིད་ཀྱི་མངོན་རྟོགས་རིན་ཆེན་ཕྲེང་བའམ། མངོན་རྟོགས་ཆེན་མོར་གྲགས་པ་བསྐྱེད་པ་མ་ཧཱ་ཡོ་གའི་ལུགས་སུ་རྒྱ་ཆེ་བར་བཤད་པ་དེ་ཡིན་ཅིང༌། དེ་ཡང་གཞུང་གི་དགོངས་པ་ཇི་བཞིན་བྱེད་ན་ལས་བྱང་མེ་ཏོག་ཕྲེང་མཛེས་ལ་སྔར་ཞིབ་ཏུ་བཤད་པ་ལྟར་སྔོན་འགྲོའི་ལས་རིམ་ཚངས་པའི་སྒྲ་དབྱངས་བཞིན་དང་སྲུང་འཁོར་མ་ཧཱ་ཡོ་གའི་ལུགས་སུ་རྣམ་གཞག་འདི་ཉིད་ས་བཅད་ཁོ་ན་བྱས་རྗེས་བདག་བསྐྱེད་རྐྱང་པ་མེ་ཏོག་ཕྲེང་མཛེས་གཞུང་སོར་བཞག་མཐར་ཆགས་སུ་བྱས། དེ་ནས་མངོན་རྟོགས་རིན་ཆེན་ཕྲེང་བའི་བསྐྱེད་རིམ་ལ་འཇུག་པ་མདུན་བསྐྱེད་ཡིན་ཏེ། དེ་ཡང་


JLAZ005_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་འཁོར་སྒོམ་ཚུལ་རྣམས་བདག་མདུན་གཉིས་ཀའི་སྒྲུབ་ཁོག་ཐུན་མོང་དུ་འགྲོ་དགོས་ཕྱིར་སྔར་ནས་སོང་བས་འདིར་ཆེད་དུ་མི་དགོས་ཤིང༌། དངོས་གཞི་ལས་རིམ་དེ་ཉིད་ལས། བདག་བསྐྱེད་རྒྱུའི་ཧེ་རུ་ཀའི་རྫུ་འཕྲུལ་ལས་བྱུང་བའི་གཙུག་ཏོར་འཁོར་ལོའི་སྒྱུར་བའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ། ཞེས་པ་ནས་རྟེན་དང་བརྟེན་པ་ཐམས་ཅད་གཞུང་བཞིན་གསལ་བཏབ་རྗེས། སྤྱན་འདྲེན་སོགས་མ་བྱས་པར་སྐབས་འདིར་ཞི་ཁྲོ་དམ་པ་རིགས་བརྒྱ་བསྐྱེད་ནས་སྔར་གྱི་འཕྲོ་ནས་སྤྱན་འདྲེན་མཆོད་བསྟོད་ལ་སོགས་དེ་གའི་གཞུང་ལྟར་བྱ་ཞིང༌། དེ་ནས་བཤགས་སྐོང་གི་ཡན་ལག་ལ་འཇུག་པ་ཡིན་ཏེ། ཞི་ཁྲོའི་བསྐྱེད་རིམ་གྱི་མཇུག་གི་ཡིག་ཆུང་ལས། ཚུལ་ཅན་དེ་ལྟ་བུས་ལས་གཞུང་མངོན་རྟོགས་སྒྲུབ་པ་ཆེན་མོ་དང་བསྟུན་ལ་ཁོག་དབུབ་པར་བྱའོ༔ ཞེས་གསུངས་པའི་དགོངས་དོན་ཡིན་ཞིང༌། ལར་ནི་འདི་ལ་ཆོག་ཁྲིགས་དཔྱིས་ཕྱིན་པ་བཀླགས་ཆོག་ཏུ་ཡོད་པ་ལྟ་བུ་ཞིག་མེད་ན། ཆོ་ག་གཞུང་གཞན་དང་མི་འདྲ་བར་སྒྲུབ་ཁོག་ཤིན་ཏུ་དཔག་པར་དཀའ་བས་མངོན་རྟོགས་རྒྱས་འབྲིང་བསྡུས་གསུམ་ཐམས་ཅད་ཀྱི་དགོངས་དོན་ཕན་ཚུན་ལྟོ་སྦྱར་རྒྱུ་ཆེས་མང་བར་འདུག་པའི་དབང་གིས་ཆོས་བཀའ་འདི་ཉིད་ཀྱང་དར་ལ་མ་སྨིན་པའི་བབ་ཆོལ་སྣ་ཚོགས་སུ་མོད་ལ་ཆེ་ཞིང༌། ཅིའི་ཕྱིར་ན་ལ་ལས་ཞི་ཁྲོ་མེ་ཏོག་ཕྲེང་མཛེས་ལ་སྦྱར་ནས་བཏང༌། ལ་ལས་ནི་ཞི་ཁྲོའི་དཀྱིལ་ཆོག་དང་འབྲེལ་བའི་བཤགས་སྐོང་ལ་བརྟེན་ནས་སློབ་མ་ལྷག་གནས་བྱེད། ལ་ལས་མདུན་བསྐྱེད་མེད་པར་སྨན་སྒྲུབ་


JLAZ005_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་སྒྲུབ་ཆེན་འཛུགས། ལ་ལས་བདག་བསྐྱེད་ཨ་ནུའི་ལུགས་མེ་ཏོག་ཕྲེང་མཛེས་འདི་ཀུན་གྱི་ཁོག་འབུབས་ཡིན་ཡང༌། ཆོ་ག་གཞན་ལ་དཔེར་བརྗོད་ཀྱིས་འདི་ཉིད་བཞག་ནས་ལས་གཞུང་གཞན་པས་བདག་མདུན་མཉམ་སྒྲུབ་བྱེད། དེ་དག་ནི་ཤིན་ཏུ་རིགས་པ་མ་ཡིན་ཞིང༌། འཛིན་མའི་ཁྱོན་རྒྱ་ཆེ་བའི་གཤིས་ལ་གསེར་ཆོས་འདི་ཀུན་ཏུ་གྲགས་ཆེ་བས་ཆོག་ཁྲིགས་ནག་འགྲོས་མ་ཞིག་ཡོད་མེད་ཀྱི་ཚོད་ཅི་ལ་བཟུང་བར་ནུས་ཀྱང༌། ཁོ་བོས་ནི་མཐོང་སྟོབས་དམན་པའམ་མ་ཚོར་ཞིང༌། འོན་ཀྱང་རྩེ་ལེ་རིག་འཛིན་པས་དཀྱིལ་ཆོག་གི་སྐོར་ལ་དྲིས་ལན་དུ་འདུག་པ་དེ་ཉིད་ནི་ཤིན་ཏུ་དཔྱད་བཟོད་པའི་གནས་སུ་མཐོང་ནས་འདི་ཉིད་དུའང་ལུང་དྲངས་ནས་ཡིད་རྟོན་པའི་གནས་སུ་བྱས་མོད། ད་ལམ་བརྩམས་པའི་ཆོ་གའི་རྣམ་གཞག་འདི་ནི། སྐོང་བཤགས་ཁོ་ན་གཙོ་ཆེ་བའི་ལུགས་སུ་བཤད་པ་ཡིན་ཕྱིར་གོང་དུ་བཤད་པ་ལྟར་གཞུང་གི་དགོངས་པ་ཇི་བཞིན་བྱ་དགོས་ཚེ་ཉིན་རེ་ལ་ཆོ་ག་ཚར་རེ་ལས་འགྲོ་ཐབས་མེད་པར་མ་ཟད་ད་ལྟ་དར་རྒྱས་ཆེ་བ་ཕལ་དང་མ་མཐུན་པས་བྱ་རོག་དཀར་པོར་སོང་གིས་དོགས་ནས་གནའ་བོའི་ལུགས་ལ་བྱི་དོར་དང་བཅས་བརྩམས་མོད། འོན་ཀྱང་ཅ་ཅོ་སྒྲོག་པ་ལ་ཀུན་ནས་ཉོན་མོངས་པའི་བ་གླང་རྫི་བོ་དང༌། འདུ་ཤེས་འཁྲུལ་པའི་སྨྱོན་པ་ཁོ་ན་འུད་ཆེ་བར་གདའ་


JLAZ005_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བས་འདི་སྐད་དུ། སྔོན་བདག་གི་མེས་པོ་མཁས་གྲུབ་འཛོམ་པ་ཆེ་གེ་མོ་དང༌། བདག་གི་ཕོ་བོ་ཁམས་གསུམ་དབང་སྡུད་ག་གེ་མོས་ཀྱང་འདི་ལྟར་མི་མཛད་པ་ལ། ཤིན་ཏུ་དམན་ཞིང་བླུན་པ་ཁྱོད་ལྟ་བུས་ཡིད་བརྟན་མེད་པའི་གཏན་ཚིགས་སྨྲ་བ་ཞེས་དངོས་སུ་སྡང་མིག་གིས་གཟིར་ཞིང་ལྐོག་ཏུ་ངན་སྨྲས་ཀྱི་འབྲུག་སྒྲ་ལྡིར་བ་དག་ལ་ནི་ཇི་སྐད་དུ་ལུང་བསྟན་བཀའ་བརྒྱ་མ་ནས། ཆོ་ག་དབྱངས་དང་རོལ་མོའི་སྒྲ་ལ་རེ༔ མཁས་གྲུབ་ཡི་ཆད་ཉན་བཤད་བསྟན་པ་ནུབ༔ ཅེས་གསུངས་པའི་བདེན་པའི་རྔ་བོ་ཆེ་སྒྲོག་པའི་དུས་ལ་བབ་པ་ལགས་ན་བེམ་པོ་ལ་དབྱུག་པས་བསྣུན་པ་བཞིན་དུ་ཚིག་གིས་བཀྲོལ་ཐབས་མེད་པས་ཡིད་དབྱུང་བའི་ངང་ནས་ཁྲོ་བར་མ་གྱུར་ཅིག །ཉེས་པ་ཁས་ལེན་ནོ། །ཞེས་རངས་པར་བྱ་ཡིས་ཚངས་པར་མཛད་པར་རིགས་སོ།། །།གཉིས་པ་མ་ཧཱ་ཡོ་གའི་ལུགས་སུ་མདུན་བསྐྱེད་དམ། ཚོགས་ཞིང་སྒྲུབ་པ་ལ་གཉིས། རྟེན་གཞལ་ཡས་ཁང་ལ་སྒྲ་བཤད་གཞག་པ་དང༌། རྟེན་དང་བརྟེན་པ་ཀུན་གྱི་བསྐྱེད་ཆོག་བཤད་པའོ། །དང་པོ་ལ་གཉིས། དཀྱིལ་འཁོར་གྱི་སྒྲ་བཤད་དང༌། རྣམ་གྲངས་སོ། །དང་པོ་ནི། སྔ་རབས་ཀྱི་མཁས་པ་དག །གཙོ་བོ་ལ་དཀྱིལ་དང༌། འཁོར་ལ་འཁོར་ཞེས་འདོད་པ་དང༌། མཁས་པ་ཁ་ཅིག་བརྟེན་པ་ལྷ་ལ་དཀྱིལ་དང༌། རྟེན་གཞལ་ཡས་ཁང་ལ་འཁོར་དུ་འདོད་པ་དང༌།


JLAZ005_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལ་ལར། འཇིག་རྟེན་ལས་འདས་པ་ལ་དཀྱིལ་དང༌། འཇིག་རྟེན་པ་ལ་འཁོར་ཞེས་འདོད་པའི་རྣམ་དབྱེ་ཐ་དད་ཀྱང༌། སྔ་འགྱུར་རང་ལུགས་ལ་ཚོམ་བུ་དང་དཀྱིལ་འཁོར་ཞེས་དབྱེ་བ་བྱ་སྟེ། ཏནྟྲ་སྡེ་བཅོ་བརྒྱད་ཀྱི་བཅུད་ཕུར་སྒྱུ་འཕྲུལ་གསང་བ་སྙིང་པོའི་འགྲེལ་བ་གཡུང་ལུགས་ལས། ལྷ་རྣམས་གྲངས་བྱུང་རྫོགས་ཀྱི་ངོས་ནས་བཞག་པའི་ལྷ་གྲངས་དང་གྲལ་མ་ངེས་པ་ཅན་ལ་དཀྱིལ་འཁོར་དང༌། གཙོ་བོའི་ངོས་ནས་བཞག་པའི་ཚོམ་བུ་གཅིག་གསུམ་ལྔ་པ་ཞེས་དོན་ལ་གཙོ་འཁོར་དང་ལྷ་གྲངས་གྲལ་ངེས་ཅན་ལ་ཚོམ་བུ་ཞེས་བཞེད་པར་སྣང་སྟེ། དེས་ན་འདི་ཡང་ཕྱི་མ་ལྟར་འདོད་པའོ། །གཉིས་པ་ནི། དབྱེ་བ་ལ་རྣམ་གྲངས་ཤིན་ཏུ་མང་བར་འབྱུང་སྟེ། འདིར་འདོམས་ནས་འཆད་ན། ཡེ་ནས་རང་བཞིན་དུ་ལྷུན་གྲུབ་ཀྱིས་གྲུབ་པ་རང་བྱུང་འོད་ལྔའི་དཀྱིལ་འཁོར། མ་བསྐྱེད་ཡེ་རྫོགས་སུ་གྲུབ་པ་ཟབ་མོ་ལུས་ཀྱི་དཀྱིལ་འཁོར། རྣལ་འབྱོར་པའི་རིག་རྩལ་གྱིས་བསྒོམ་པའི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། བདེ་ཆེན་ཡེ་ཤེས་ཀྱི་འབྱུང་གནས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར། བློས་བླངས་དང་རས་བྲིས་རྡུལ་ཚོན་ལ་སོགས་ཏེ་བཅོས་མ་གཟུགས་བརྙན་གྱི་དཀྱིལ་འཁོར་ཏེ་རྣམ་པ་ལྔར་འདུ་སྟེ། ཕྱི་མའི་རྣམ་གཞག་ཞིབ་པ་ནི་གཞུང་འདི་ཉིད་ཀྱི་དཀྱིལ་འཁོར་གྱི་རྣམ་དག་གསལ་བའི་འོད་དང༌། མ་ཧཱ་ཡོ་གའི་ལུགས་སུ་བསྟན་པའི་མངོན་རྟོགས་སྒོམ་


JLAZ005_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཁོག་ཆེན་མོར་བསྐྱེད་ཆོག་དང་དག་དྲན་བསྒྲགས་ནས་གསུངས་པ་ལས་ལྷག་པ་བདག་གིས་བསྐྱར་ཟློས་བྱ་དོན་མེད་དོ། །གཉིས་པ་ཚོགས་ཞིང་གི་ཆེད་དུ་མདུན་བསྐྱེད་བསྒྲུབ་པ་ལ་གཉིས། རྩ་བའི་དཀྱིལ་འཁོར་བརྟེན་པ་དང་བཅས་པ་བསྐྱེད་པ་དང༌། ཚོགས་ཞིང་གི་དཔང་པོར་ཞི་ཁྲོ་བསྐོས་སུ་གསལ་འདེབས་པའོ། །དང་པོ་ལ་གཉིས། བསྡུས་པའི་ལུགས་སུ་བསྐྱེད་པ་དང༌། ཤིན་ཏུ་བསྡུས་ནས་བསྐྱེད་ཚུལ་བཤད་པའོ། །དང་པོ་ནི། མངོན་རྟོགས་བསྡུས་པ་རིན་ཆེན་ཕྲེང་བ་ནས་བཤད་པ་ལྟར་བསྐྱེད་པ་ཡིན་ཏེ། དེ་ཡང་སྔར་སྲུང་འཁོར་གྱི་སྐབས་སུ་བཤད་པའི་གཙུག་ཏོར་འཁོར་ལོས་སྒྱུར་བ་སྐུ་རབ་ཏུ་ཆེ་བའི་ལྟོ་བའི་ནང་དུ་བདག་བསྐྱེད་དང་ཞལ་སྤྲོད་ཀྱི་ཚུལ་དུ་ལུས་དཀྱིལ་གྱི་ལྷའི་ཐུགས་སྲོག་ཧྲཱིཿཡིག་དམར་པོ་གསལ་བ་དེ་ལས་མདུན་དུ་འབྱུང་པ་རིམ་བརྩེགས་ཀྱི་ས་བོན་རྣམས་ཚིག་དོན་འབྲེལ་ཆགས་པར་སྤྲོ་ཞིང༌། ཨཱོྃ་སྭ་བྷཱ་ཝ་སོགས་དང༌། མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ། སོགས་ཀྱི་མངོན་རྟོགས་མཐར་ཆགས་ནས། དམ་ཚིག་གི་འཁོར་ལོ་ལ་ཐིམ་པར་གྱུར་ཅིག་ཅེས་པའི་བར་གྱི་བདག་བསྐྱེད་གསལ་བཏབ་རྗེས། པདྨ་བཛྲ་རྩལ་གྱི་ཐུགས་ཡེ་ཤེས་ཆེན་པོའི་ཀློང་དཀྱིལ་རང་བཞིན་འོད་ལྔ་


JLAZ005_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པའི་དབུས་སུ། ཞེས་ཉོན་མོངས་སྲེག་བྱེད་ལས་བྱུང་བའི་ཞི་ཁྲོ་དམ་པ་རིགས་བརྒྱ་གསལ་འདེབས་པ་ཡིན་ནོ། །གཉིས་པ་ནི། གལ་ཏེ་མངོན་རྟོགས་དེ་ཡང་བསྒོམ་པར་མ་ནུས་ན་ཤིན་ཏུ་བསྡུས་པའི་ལུགས་སུ་བཤད་པ་ལ་གཉིས། ལས་བྱང་ཚངས་པའི་སྒྲ་དབྱངས་དང་མེ་ཏོག་ཕྲེང་མཛེས་གཉིས་ལས་གཞུང་ཚིག་ཁ་གྲུ་མ་ཉམས་པར་བཏུས་ཏེ་ཉུང་ངུའི་མངོན་རྟོགས་མི་འགལ་བའི་ལུགས་སུ་བཤད་པ་དང༌། དེ་ལ་ཞི་ཁྲོ་སྦྱར་ཚུལ་ལོ། །དང་པོ་ནི། བསྐྱེད་ཡུལ་སྔར་ནས་བཤད་པ་ལྟར་ལས་མངོན་རྟོགས་བསྡུས་པ་རིན་ཆེན་ཕྲེང་བའི་མལ་དུ་འདི་ཉིད་འཇུག་སྟེ། བདག་བསྐྱེད་ཀྱི་ཐུགས་ཀའི་ཧྲཱིཿཡིག་ལས་བྱུང་བའི་ས་བོན་རྣམས་ཚིག་དོན་མཐུན་པར་སྤྲོ་ཞིང༌། ཨེཿཀུན་བཟང་མཁའ་ཀློང་ངང་དུ་དབྱེར་མེད་ཀྱང་༔ ལོག་རྟོག་འཁོར་བའི་སྐྱེ་འགྲོ་བགྲད་སླད་དུ༔ མཐའ་དབུས་མེད་པ་ནམ་མཁའི་དཀྱིལ་འཁོར་ནས༔ སྐྱོད་བྱེད་གཡོ་བ་རླུང་གི་རྒྱ་གྲམ་གཏམས༔ དམར་ནག་འཕྱོ་བ་རཀྟའི་རྒྱ་མཚོ་འཁྱིལ༔ ཞིང་ཆེན་ས་གཞི་མཐའ་དབུས་མེད་པར་བརྡལ༔ ཀེང་རུས་རིན་ཆེན་རི་རབ་དབྱིངས་དང་མཉམ༔ ཡེ་ཤེས་བསྐལ་པའི་མེ་དཔུང་རབ་ཏུ་འབར༔ ཨེ་ཡཾ་ར་སུཾ་ཀེཾ་རཾ༔ དུག་ལྔ་རང་གྲོལ་ཕོ་བྲང་གཞལ་ཡས་གདན༔ འགག་


JLAZ005_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡི་གེ་འབྲུ་ལྔའི་འཕྲོ་འདུ་ཡིས༔ བདེ་གཤེགས་རིགས་ལྔའི་ཆོ་འཕྲུལ་འབྱུང་བ་ལྔ༔ སྐུ་གསུམ་དབྱིངས་སུ་ཡེ་ནས་ལྷུན་གྲུབ་ཅིང༌། །དཀྱིལ་འཁོར་ཕོ་བྲང་བཏེག་པའི་ཚུལ་དུ་ཤར། །གཞལ་ཡས་ཆེན་པོ་དགྱེས་ཤིང་བརྟན་པར་བཞུགས། །ཨེ་སྐུ་གསུམ་ཡེ་ཤེས་ལྔའི་རང་མདངས་ཤིན་ཏུ་ཕྲ་བའི་རྣམ་པར་རྟོག་པ་རླུང་ལྔའི་རོལ་རྩལ་བཅུད་དུ་སྨིན་པའི་ས་བོན། ཧྲཱིཿཡིག་ལས་རིམ་བཞིན་ཐིགས་པས་སྣོད་བཅུད་དང་པོར་ཆགས་པའི་ཐ་མལ་གྱི་སྣང་ཞེན་ལུགས་ལས་ལྡོག་སྟེ་རྟེན་དང་བརྟེན་པའི་སྣང་ཆར་བསྒྲུབ་ཕྱིར། ཨེ་ལས་ནམ་མཁའ་མཐའ་དབུས་དང་བྲལ་བ་སྤྲོས་བྲལ་ཀུན་ཏུ་བཟང་མོའི་མཁའ་ཀློང༌། ཡཾ་ལས་གཡོ་བྱེད་རླུང་གི་རྒྱ་གྲམ་དམ་ཚིག་སྒྲོལ་མའི་མཁའ་ཀློང༌། ར་ལས་རཀྟའི་རྒྱ་མཚོ་འཕྱོ་ཞིང་གཤེར་བ་མཱ་མ་ཀཱའི་མཁའ་ཀློང༌། སུཾ་ལས་ཞིང་ཆེན་གྱི་ས་གཞི་བརྟན་པ་སངས་རྒྱས་སྤྱན་མའི་མཁའ་ཀློང༌། རཾ་ལས་བསྐལ་བའི་མེ་དཔུང་ཡེ་ཤེས་ཀྱི་རང་བཞིན་གོས་དཀར་མོའི་མཁའ་ཀློང་སྟེ་ཀློང་ལྔ་མི་ཤིགས་པའི་རང་བཞིན་དང༌། ཀེཾ་ལས་ཀེཾ་རུས་ཀྱི་རི་རབ་དབྱིངས་དང་མཉམ་པས་ཕོ་བྲང་ཆེན་པོ་བཏེག་པའི་ཚུལ་དུ་རང་ཤར་བ་སྟེ། དཔལ་གསང་བ་སྙིང་པོ་ལས། ས་ཆུ་སྤྱན་དང་མ་མཱའ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་ཉིད། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང༌། །ཞེས་གསུངས་པས་དོན་ནོ། །ཨ་ནི་མཎྜ་ལ་ཡཾ་ཀརྨ་མཎྜ་ལ༔ ར་རཀྟ་མཎྜ་ལ༔ སུཾ་ཏིཀྞ་མཎྜ་ལ༔ ཀེཾ་ནིརྟི་མཎྜ་ལ༔ རཾ་ཛྭ་ལ་མཎྜ་ལ་ཧཱུྃ༔ ཞེས་པས་འབྱུང་བ་རིམ་བརྩེགས་རྣམས་བསྐྱེད། དེ་ནས་གཞལ་ཡས་བསྐྱེད་པ་ནི། ཧྲཱིཿབྷྲཱུྃ་བྷཱུྃ་ལས་ཕོ་བྲང་རིན་ཆེན་གཞལ་ཡས་ཁང་༔ ཡངས་ཤིང་རྒྱ་ཆེ་ཕྱི་ནང་མེད་པར་


JLAZ005_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གསལ༔ སྣ་ཚོགས་རིན་ཆེན་ལས་གྲུབ་ཉམས་རེ་དགའ༔ ཟུར་བཞི་ལོགས་བཞི་རྟ་བབས་བང་རིམ་ཅན༔ རྣམ་ཐར་སྒོ་ཁང་ཡིད་བཞིན་ནོར་བུས་སྤྲས༔ ཡེ་ཤེས་ལྔ་ལྡན་རྩིག་པ་རིགས་ལྔ་ལས༔ དཀར་སེར་དམར་ལྗང་ཕྱི་ནང་འོད་ཟེར་འཕྲོ༔ རིན་ཆེན་ཕ་གུ་གདུང་གི་བར་བཀབ་ཅན༔ སྣ་ཚོགས་རཏྣའི་ཕྲེང་བ་ཟར་བུ་སྒྲེངས༔ པུ་ཤུའི་འཁོར་ཡུག་གདུགས་དང་རྒྱལ་མཚན་སོགས༔ དར་དང་ལྷབ་ལྷུབ་ཅོད་པཎ་དུ་མས་བརྒྱན༔ ཐུགས་རྗེ་ཞི་བའི་གཞལ་ཡས་ལྷུན་གྱིས་དེ་ལྟར་བྷྲཱུཾ་ཡིག་ལ་སོགས་པས་ཡེ་ཤེས་ཀྱི་གཞལ་མེད་ཁང་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ཅན་ཕྱི་ལྟར་དུ་ཕྲིན་ལས་རྣམ་པ་བཞི། ནང་ལྟར་དུ་རྣམ་ཐར་བཞི་རྫོགས་ཀྱི་བརྡ་དོན་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་བུམ་པ་བྲེ་ཆོས་ཏོག་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དབྱིངས་ཟང་ཐལ་ཆེན་པོ་ཞི་བ་སྙིང་རྗེའི་རྩལ་གྱིས་སེམས་ཅན་རྗེས་སུ་འཛིན་པར་གསལ་ལོ། །གྲུབ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་ཛྙཱ་ན་མཎྜ་ལ་བྷྲཱུྃ་བྷྲཱུྃ༔ ཧཱུྃ་ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ཐབས་མཁས་ཐུགས་རྗེས་ལོག་རྟོག་ཚད་གཅོད་ཕྱིར༔ ཁྲོ་བོ་རྔམས་པའི་དུར་ཁྲོད་གཞལ་ཡས་ཁང་༔ པདྨ་དབང་ཆེན་འཁྲུགས་པའི་དཀྱིལ་འཁོར་ནི༔ ཚད་ལས་འདས་པ་དཔག་གིས་མི་ལང་ཞིང་༔ བཀོད་པ་རྣམ་པ་བློ་ཡི་ཡུལ་འདས་ནས༔ སྐུ་གསུམ་བྷནྡྷ་སྐམ་རློན་ར་རིའི་མཁར༔ ཕྲིན་ལས་རྣམ་བཞིའི་སྒོ་བཞིར་ཕྱོགས་བཞི་གསལ༔ ཆོས་ཉིད་མི་


JLAZ005_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གནམ་ལྕགས་གཟེར་ཆེན་གདབ༔ དྲེགས་པ་ལྷ་ཆེན་བརྒྱད་ཀྱི་ཀ་བ་ལ༔ གདུག་པ་གཟའ་ཆེན་བརྒྱད་ཀྱིས་ཀ་ཞུར་བཏེག༔ འཇིགས་བྱེད་ཀླུ་ཆེན་བརྒྱད་ཀྱིས་ཀ་གདན་བྱས༔ ཚངས་པ་གདུང་ཕྱིས་རྒྱུ་སྐར་དྲལ་གྲབ་བྲེ༔ ཞིང་ཆེན་བླ་བྲེ་ཉ་ཆེན་འཕན་གདུགས་ཕུབ༔ གདུག་བྱེད་སྦྲུལ་ནག་འཁྱུག་པའི་ཟ་ར་ཚགས༔ ཙིཏྟ་རིན་ཆེན་འབར་བའི་ཕོ་ལོང་རྒྱན༔ ཕྱོགས་བཅུར་དམར་ཆེན་ཁྲག་གི་ཞམ་ཆུ་འཐིགས༔ མི་རོ་རྟ་རོ་མང་པོ་ལང་ལོང་འཁྲོལ༔ ཕྱོགས་མཚམས་དུར་ཁྲོད་འབར་བའི་རྭ་བས་གཏམས༔ མི་ཤིགས་སྲ་བརྟན་སྲུང་བའི་གུར་ཁང་ཕུབ༔ ཕོ་བྲང་རྩེ་མཐོ་པདྨ་རཱ་ག་དང་༔ ནོར་བུ་རིན་ཆེན་དབང་གི་རྒྱལ་པོས་མཚན༔ ལྟེ་བར་ལིང་ཚེ་དགུ་ཡི་དཀྱིལ་འཁོར་གསལ༔ སྣ་ཚོགས་འདབ་རྒྱས་ཉི་ཟླའི་རིན་ཆེན་གདན༔ ཕོ་བྲང་དགུ་བརྩེགས་དུར་ཁྲོད་གཞལ་ཡས་ཁང་༔ རིམ་དགུ་གནས་རྫོགས་དགུ་བརྩེགས་གདན་དང་བཅས༔ དཀར་སེར་དམར་ལྗང་འཇའ་གུར་འོད་ཟེར་འཕྲོ༔ དབང་ཆེན་འབར་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་མ་ཧཱ་ཀྲོ་ཏ་བྷནྡྷ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ༔ ཙཀྲ་གརྦྷེ་པདྨ་དྷ་ར༔ བཛྲ་དྷ་ར༔ རཏྣ་དྷ་ར༔ པདྨ་དྷ་ར༔ ཀརྨ་དྷ་ར༔ ཨ་བྷི་ཥིཉྩ་ཨཱཿ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ པཾ་པདྨ་མཎྜལ༔ མ་སུརྱ་མཎྜ་ལ། ཨ་ཙཎྡྲ་མཎྜ་ལ༔ བྷྲཱུྃ་ཡིག་ལ་སོགས་མཐའ་བརྟེན་བཛྲ་མ་ཧཱ་ཀྲོ་དྷས་དྲག་པོ་ཁྲོ་བོའི་དཀྱིལ་འཁོར་


JLAZ005_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཀྱི་རང་བཞིན་ཅན་ཚད་དང་མཚད་ཉིད་ཐམས་ཅད་རྫོགས་པར་གསལ་བའི་ལྟེ་བར་ལིང་ཚེ་དགུའི་ཕོ་བྲང་སོ་སོའི་དབུས་སུ་པདྨ་ཉི་ཟླ་དགྲ་བགེགས་དབང་ཕྱུག་ཡབ་ཡུམ་རཱུ་ཏྲ་ཕོ་མོ་ལ་སོགས་པའི་གདན་དགུ་བརྩེགས་སུ་བསྐྱེད་ཅིང༌། དེ་ཡང་ཕྱི་ཞི་བའི་རྣམ་པ་ལ་ནང་ཁྲོ་བོའི་ཕོ་བྲང་དུ་གསལ། ཚར་གཅོད་རྗེས་འཛིན་གྱི་བརྡ་དོན་དུ་ཤེས་པར་བྱའོ། །ཨ་ནྲི་ཏྲི་མཎྜ་ལ༔ པྲ་བྷ་ར་ནི་མ་ཧ་དེ་ཝ༔ ཨུ་མ་དེ་ཝ་ཌཱཀྐི་ནིཿ ཏི་ར་མཎྜ་ལ་ཧཱུྃ༔ ཞེས་བརྗོད་ཀྱང་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་གི་རང་བཞིན་དུ་རྒྱས་འདེབས་པར་ཡིན་ནོ། །དེ་ནས་བཅུད་ཀྱི་སེམས་ཅན་ཐམས་ཅད་རྣམ་པར་དག་པ་ལྷའི་རང་བཞིན་དུ་གསལ་འདེབས་ནི། ཧཱུྃ་ཧྲཱིཿདུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ལྷ༔ བཅོམ་ལྡན་འགྱུར་མེད་མགོན་པོ་འོད་དཔག་མེད༔ སྤྲུལ་པ་རང་བྱུང་ཐུགས་རྗེ་སྤྱན་རས་གཟིགས༔ ཕྲིན་ལས་མངའ་བདག་རྟ་མགྲིན་དབང་ཆེན་ཡབ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བགྲད༔ ཕོ་རྒྱུད་ཟིལ་གནོན་དུར་ཁྲོད་ཆས་རྣམས་རྫོགས༔ སྤྱི་གཙུག་ཁམས་གསུམ་དབང་སྡུད་རྟ་སྐད་འཚེར༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་ཕག་མོ་འཁྲིལ༔ སྤྱི་གཙུག་མཐིང་ནག་ཕག་ཞལ་ངུར་སྒྲ་སྒྲོགས༔ ཆ་ལུགས་ཡབ་འདྲ་མོ་རྒྱུད་ཟིལ་གྱིས་གནོན༔ ཡབ་ཡུམ་གཉིས་མེད་གསང་བའི་སྤྱི་གཙུག་ཏུ༔ ཐབས་ཤེས་ཉི་ཟླ་དྲི་མེད་པད་སྟེང་དུ༔ དུས་གསུམ་སངས་རྒྱས་


JLAZ005_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འདུས་པའི་སྐུ༔ བདག་ཉིད་གཙོ་མཆོག་པདྨ་བཛྲ་རྩལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བགྲད༔ དབུས་དམར་གཡས་མཐིང་གཡོན་དཀར་ཁྲོ་གཏམ་ཞལ༔ གཡས་གསུམ་རྡོ་རྗེ་རལ་གྲི་བདུད་རྩི་བུམ༔ གཡོན་གསུམ་དྲིལ་བུ་བྷནྡྷ་ཁ་ཊྭཱཾ་བསྣམས༔ རུས་རྒྱན་རིན་ཆེན་དུར་ཁྲོད་ཆས་བརྒྱད་རྫོགས༔ གར་དགུའི་ཉམས་ལྡན་འགྱིང་བའི་པད་གཡོན་དུ༔ གསང་བ་ཡེ་ཤེས་ལྷ་ལྕམ་མནྡ་ར༔ ཞལ་གཅིག་ཕྱག་གཉིས་དམར་གསལ་དགྱེས་པར་འཁྲིལ༔ གཡས་པས་ཌཱ་རུ་གཡོན་པས་དུང་དམར་སྟོབ༔ གཞོན་ཚུལ་འཛུམ་ལྡན་ནུ་འབུར་བྷ་ག་རྒྱས༔ དར་དང་རིན་ཆེན་རུས་རྒྱན་དུ་མས་སྤྲས༔ ཡབ་ཡུམ་གཉིས་མེད་རོལ་པའི་སྤྱི་གཙུག་ཏུ༔ རིགས་བདག་འོད་དཔག་མེད་དང་བཅས་པར་གསལ༔ ཕྱི་འཁོར་ཕྱོགས་མཚམས་པདྨ་འདབ་བརྒྱད་སྟེང་༔ ཞེ་སྡང་རྡོ་རྗེ་སྐྱོད་བྱེད་མ་དང་བཅས༔ ང་རྒྱལ་རྡོ་རྗེ་གཤིན་རྗེ་འཇམ་དམར་བཅས༔ འདོད་ཆགས་རྡོ་རྗེ་སྲེག་བྱེད་ཡུམ་དང་འཁྲིལ༔ ཕྲག་དོག་རྡོ་རྗེ་ཙནྡྷི་སེར་མོ་འཁྲིལ༔ གཏི་མུག་རྡོ་རྗེ་རྨོངས་བྱེད་ཡུམ་ལ་འཁྲིལ༔ བདེ་བའི་རྡོ་རྗེ་ཡ་མ་ཡུམ་དང་འཁྲིལ༔ མཚོ་སྐྱེས་རྡོ་རྗེ་མནྡཱ་ར་བར་རོལ༔ ཁྲག་འཐུང་རྡོ་རྗེ་གསོད་བྱེད་མ་རུ་སྦྱོར༔ ཀུན་ཀྱང་སྐྱིལ་ཀྲུང་རུས་རྒྱན་ཐོར་ཚུགས་ཅན༔ ཡབ་ཡུམ་གཉིས་མེད་གསང་ཆེན་རོལ་པར་གསལ༔ བདེ་


JLAZ005_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་དགོངས་འདུས་ཆེ་བའི་ཡོན་ཏན་རྒྱས༔ ཨཱོྃ་ཨཱ་ཧཱུྃ་གུ་རུ་ཤྲི་པདྨ་བཛྲ་ཧྲཱིཿ དྷུ་མ་གྷ་ཡེ་ཊཱཀྐི་ནི་ན་མ་སྭཱ་ཧཱ༔ ཞེས་དང༌། ཕྱོགས་ཀྱི་གཙོ་འཁོར་རྣམས་ཨ་ནུའི་ལུགས་བཞིན་བསྡུས་ནས་བསྐྱེད་དེ། ཧྲཱིཿ ཕྱོགས་དང་ཕྱོགས་མཚམས་པདྨ་འདབ་བརྒྱད་སྟེང་༔ བུདྡྷ་ཐོད་ཕྲེང་ཡབ་ཡུམ་སྲས་དང་འཁོར༔ མི་བསྐྱོད་རྡོ་རྗེ་ཡབ་ཡུམ་སྲས་དང་འཁོར༔ པདྨ་དབང་ཆེན་ཡབ་ཡུམ་སྲས་དང་འཁོར༔ རིག་འཛིན་ཐོད་རྩལ་ཡབ་ཡུམ་སྲས་དང་འཁོར༔ མདོག་དམར་མེ་ཕྲེང་ཡབ་ཡུམ་སྲས་དང་འཁོར༔ སངས་རྒྱས་དཔའ་བོ་ཡབ་ཡུམ་སྲས་དང་འཁོར༔ དཔལ་ཆེན་རྟ་མགྲིན་ཡབ་ཡུམ་སྲས་དང་འཁོར༔ ལག་ན་རྡོ་རྗེ་ཡབ་ཡུམ་སྲས་དང་འཁོར༔ ཀུན་ཀྱང་སྤྲུལ་དང་ཡང་སྤྲུལ། སྐུ་མདོག་ཕྱག་མཚན། གཅིག་ཏུ་མ་ངེས། སྣང་སྟོང་མ་འགགས། བུདྡྷ་ཐོད་ཕྲེང་རྩལ་སོགས་ནས། མ་མ་སིདྡྷི་ཧཱུྃ༔ ཞེས་པའི་བར་བརྗོད་ཅིང༌། སྔགས་དོན་རྣམས་ནི་བདག་བསྐྱེད་ཀྱི་སྐབས་ནས་བཤད་པ་ལྟར་དང༌། ཧཱུྃ་ཧྲཱིཿ དཀྱིལ་འཁོར་བར་ཁྱམས་སྒོ་བཞི་ཕྱོགས་བཞི་ནས། ཞིང་ཆེན་གསར་རྙིང་བརྩེགས་པའི་ཁྲི་སྟེང་དུ༔ གནས་དང་ཡུལ་གྱི་དཔའ་བོ་དཔའ་མོར་བཅས༔ སྒོ་སྐྱོང་མཚམས་མ་ཕྱེད་གཟུགས་བཅས་པ་རྣམས༔ སྣ་ཚོགས་གར་བསྒྱུར་ཆ་ལུགས་ཅིར་ཡང་སྟོན༔ ཞི་


JLAZ005_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དབང་དྲག་ལས་བྱེད་རོལ་པར་གནས༔ དཀྱིལ་འཁོར་ལྷ་ཚོགས་ཡབ་ཡུམ་སྲས་འཁོར་བཅས༔ སྣང་སྟོང་གསལ་འཚེར་མ་འདྲེས་སོ་སོར་གསལ༔ ཡེ་ཤེས་སྒྱུ་མའི་སྐུ་རུ་རང་ཤར་རོ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནི༔ མ་ཧཱ་ཀྲོ་ཏ་ཡཀྵ་ཀྲོ་ཏ་ས་མ་ཡ་ཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡཿ མ་མ་ཡོ་གི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་ཁྱམས་ལྷ་བསྐྱེད་པའི་མངོན་རྟོགས་ཚངས་པའི་སྒྲ་དབྱངས་ནས་བླངས་ཤིང་འདི་ཙམ་ཞིག་གི་དོན་ཕྱིན་ཅི་མ་ལོག་པར་བྱས་པས་ཀྱང་ཆད་ལྷག་མེད་པའི་ལུགས་སུ་མདུན་བསྐྱེད་ཚུལ་ལྡན་དུ་བསྒྲུབ་ནུས་པ་ཡིན་ནོ། །གཉིས་པ་བཤགས་བསྐང་གི་སླད་དུ་དམ་པ་རིགས་བརྒྱ་གསལ་འདེབས་པ་ལ་གཉིས། དངོས་དང༌། དེ་དག་ཐམས་ཅད་ལ་དག་དྲན་རགས་བསྡུས་བརྗོད་པའོ། །དང་པོ་ནི། སྔར་བཤད་མ་ཐག་པའི་མངོན་རྟོག་རྒྱས་འབྲིང་བསྡུས་གསུམ་གང་ཡང་རུང་བའི་སྒོ་ནས་སྒྲུབ་པའི་མདུན་བསྐྱེད་རྒྱུའི་ཧེ་རུ་ཀ་རྟ་མཆོག་ཧེ་རུ་ཀའི་དབུ་གཙུག་ན་གནས་པའི་པདྨ་བཛྲ་རྩལ་གྱི་ཐུགས་ཀར་ཞི་ཁྲོ་བསྐྱེད་པའི་ཡུལ་ཡིན་མོད། ཚུལ་དེ་ལྟ་བུའི་རྣམ་དབྱེ་ཕྱེད་པའི་ངང་ནས། པདྨ་བཛྲ་རྩལ་གྱི་ཐུགས་ཡེ་ཤེས་ཆེན་པོའི་ཀློང་དཀྱིལ་རང་བཞིན་འོད་ལྔ་འཁྲུགས་པའི་དབུས་སུ། ཞེས་སོགས་ནས། ཁྲོ་བོ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས་གསལ་བར་གྱུར༔ ཅེས་པས་བར་ཚིག་དོན་འབྲེལ་ཆགས་པར་


JLAZ005_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་འདེབས་པའོ། །གཉིས་པ་དག་དྲན་བརྗོད་པ་ལ་གཉིས། ཞི་ཁྲོ་ལ་སྒོས་སུ་བརྗོད་པ་དང༌། ཐུན་མོང་དུ་སྤྱི་ལ་བརྗོད་པའོ། །དང་པོ་ལ་གཉིས། ལྷའི་རྐང་གྲངས་དང༌། བརྡ་དོན་སྦྱར་བའོ། །དང་པོ་ལ་གཉིས། ཞི་བ་དང་ཁྲོ་བོ་སོ་སོར་དབྱེ་བའོ། །དང་པོ་ནི། ཀུན་བཟང་ཡབ་ཡུམ་གཉིས་དང་རིགས་ལྔ་ཡབ་ཡུམ་བཅུ་སྟེ་ཉི་མའི་གྲངས་ལྡན། དེའི་སྟེང་དུ་སེམས་དཔའ་སེམས་མ་བཅུ་དྲུག་བསྣན་པས་རྒྱུ་སྐར་གྱི་གྲངས་སུ་འཕར། དེའི་སྟེང་དུ་ཐུབ་པ་དྲུག་བསྣན་པས་ཆུ་རྩེའི་གྲངས་སུ་འཕར། དེའི་སྟེང་དུ་ཁྲོ་བོ་རྣམ་རྒྱལ་ལ་སོགས་ཏེ་སྒོ་བ་ཡབ་ཡུམ་བརྒྱད་བསྣན་པས་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང༌། འདི་ལ་ཁ་ཅིག་ན་རེ། ཞི་བའི་གྲངས་སུ་ཁྲོ་བོ་བྱུང་བས་མི་འཐད་དོ་ཞེ་ན་མ་ཡིན་ཏེ། གཙོ་ཆེ་ཆུང་དང་གྲངས་མང་ཉུང་གི་སྒོ་ནས་བཞག་པ་ཡིན་པས་མི་འགལ་ལོ། །གཉིས་པ་ནི། སངས་རྒྱས་ཧེ་རུ་ཀ་ལ་སོགས་པའི་རིགས་ལྔའི་ཧེ་རུ་ཀ་ཡབ་ཡུམ་བཅུ། ཀཽ་རི་ལ་སོགས་དུར་ཁྲོད་བརྒྱད་ལ་དབང་བྱེད་པའི་མ་མོ་ཀླུའི་གྲངས་ལྡན། སིངྷ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད། རྟ་གདོང་ལ་སོགས་ཏེ་གདོང་མོ་བཞི། ཕྱོགས་བཞིའི་མི་མོ་བདུན་བདུན་ཏེ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་བསྣན་པས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། སྤྱིར་དྲིལ་བ་ལ་ལྷ་གྲངས་བརྒྱ་


JLAZ005_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཐམ་པ་འབྱུང་བ་ལ་ཞི་ཁྲོ་དམ་པ་རིགས་བརྒྱ་ཞེས་ཐ་སྙད་དུ་བཞག་པ་སྟེ་ཞི་ཁྲོ་སྒྱུ་འཕྲུལ་གྱི་ལུགས་ཡིན་ལ། ཁ་ཅིག་ཏུ་རྡོ་རྗེ་དབྱིངས་ཀྱི་ལྷ་ལྔ་བཅུ་ལ་ཐབས་ཤེས་ཀྱིས་དབྱེ་བས་རིགས་བརྒྱར་ངེས་པ་ཡིན་ནོ། །འདི་དག་གི་གཞུང་བཤད་རྒྱས་པ་ནི་འདིར་ཡི་གེ་ཤིན་ཏུ་མང་བས་སྤྲོ་བར་མི་བྱེད་དེ། སྤྲོས་པ་ལ་དགའ་པ་རྣམས་ན་རཀ་དོང་སྤྲུགས་ཀྱི་གཞུང་རྣམས་དང༌། སྒྱུ་འཕྲུལ་གསང་བ་སྙིང་པོའི་འགྲེལ་པ་ལ་ཆེས་ཆེར་གསལ་ལོ། །གཉིས་པ་ལ་གཉིས། ཞི་བའི་བརྡ་དོན་སྦྱར་བ་དང༌། ཁྲོ་བོའི་དག་སྦྱོར་བཤད་པའོ། །དང་པོ་ལ་གསུམ། བཞུགས་སྟངས་དང༌། སྐུ་མདོག་དང༌། ཞི་ཉམས་སོ། །དང་པོ་ནི། གཞུང་འདི་གའི་མངོན་རྟོགས་ལ་བཞུགས་ཚུལ་གྱི་རྣམ་གཞག་གསལ་བར་མ་བྱུང་ཀྱང་མེད་དུ་མི་རུང་བ་ཡིན་པས་རིགས་མཐུན་གྱི་མ་ཧཱ་ཡོ་ག་ནས་བཤད་པ་ལྟར་འཆད་དེ། དེ་ལ་ཀུན་ཏུ་བཟང་པོ་དང༌། རིགས་ལྔ་ཡབ་ལྔ་ནི། མཛད་པ་ཡོངས་སུ་རྫོགས་པའི་བརྡར་ཞབས་མཉམ་པའི་སྐྱིལ་མོ་ཀྲུང་དང༌། ཀུན་ཏུ་བཟང་མོ་དང་རིགས་ལྔ་ཡུམ་ལྔ་ནི། རང་དོན་གྱི་མཛད་པ་བརྟུལ་ནས་གཞན་དོན་གྱི་མཛད་པར་ཞུགས་པའི་བརྡར་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་ཡབ་ལ་འཁྱུད་པ་དང༌། སེམས་དཔའ་དང་སེམས་མ་རྣམས་ནི་མཛད་པ་ཡོངས་སུ་མ་རྫོགས་པའི་བརྡར་རྟ་བབས་སམ་སེམས་སྐྱིལ་གྱི་ཚུལ་ཏུ་བཞུགས་


JLAZ005_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སྒོ་བ་ཡབ་ཡུམ་ནི་གདུག་པ་ཅན་འདུལ་ཕྱིར་ཞབས་གྱད་ཀྱི་དོར་སྟབས་དང༌། འདིའི་ཞལ་གཟིགས་ཕྱོགས་གཞུང་ལ་གསལ་ཁ་མ་བྱུང་ཡང་རིགས་མཐུན་གྱི་རྒྱུད་འགྲེལ་རྣམ་དག་ལ་ཞལ་ཕྱིར་གཟིགས་པ་ལྟར་བསྒོམ་མོ། །ཐུབ་པ་དྲུག་ནི་འགྲོ་བའི་དོན་ལ་གཤེགས་པའི་ཕྱིར་འགྲེང་བུར་བཞུགས་པ་སྟེ། མངོན་རྟོགས་སྒོམ་པ་དང༌། སྐུ་གཟུགས་འབྲི་བའི་ཚེ་དེ་ལྟར་དུ་ཤེས་དགོས་སོ། །གཉིས་པ་ནི། སྐུ་མདོག་དཀར་པོ་རྣམས་ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡ། སྐུ་མདོག་སེར་པོ་རྣམས་ཆེ་བའི་ཡོན་ཏན་རྒྱས་པ་མཚོན་པ། སྐུ་མདོག་དམར་པོ་རྣམས་འགྲོ་བ་ལ་རྗེས་སུ་ཆགས་པ་དང༌། སྐུ་མདོག་ལྗང་གུ་རྣམས་ཕྲིན་ལས་སྣ་ཚོགས་སུ་མཛད་པའི་བརྡ། སྐུ་མདོག་ནག་པོ་རྣམས་ཆོས་ཉིད་མི་འགྱུར་བ་མཚོན་བྱེད། སྐུ་མདོག་སྣ་ཚོགས་པ་ནི་རིགས་འདྲེས་པའི་བརྡ་སྟེ་དེ་དག་གི་ཡོན་ཏན་ཆ་ཤས་ནས་མགོ་མཚུངས་པར་ཤེས་པར་བྱའོ། །གསུམ་པ་ནི། དེ་ལྟ་བུའི་ཞི་བའི་ལྷ་ཚོགས་ཀྱིས་མཚོན་ཏེ་རིགས་མཐུན་རྣམས་ལ། ཞི་ཚུལ་དགུ་དགུ་དང་ལྡན་པ་སྟེ། ང་རྒྱལ་མ་སྤངས་གནས་སུ་དག་པའི་བརྡར་ཡན་ལག་གསེར་ཞུན་མ་ལྟར་མཉེན་པ། ༡ ཞེ་སྡང་མ་སྤངས་གནས་སུ་དག་པའི་བརྡར་ཕྱག་སོར་སྦྲུལ་གྱི་མཇུག་མ་ལྟར་ལྕུག་པ། ༢ འདོད་ཆགས་མ་སྤངས་གནས་སུ་དག་པའི་བརྡར་


JLAZ005_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་ལ་སོགས་ཏེ་ཕན་ཚུན་གཡུའི་ལྗང་པ་ལྟར་འཁྲིལ་པ། ༣ གཏི་མུག་མ་སྤངས་གནས་སུ་དག་པའི་བརྡར་སྐུ་སྐེད་ཐང་ཤིང་ལྟར་དྲང་ཞིང་ལྡེམ་པ། ༤ ཕྲག་དོག་མ་སྤངས་གནས་སུ་དག་པའི་བརྡར་བྱིས་པ་ལོ་བརྒྱད་པ་ལྟར་གཞོན་ཤ་ཆགས་པ། ༥ ཐུགས་ལ་མ་རིག་པ་མེད་པའི་རྟགས་སུ་ཟླ་བ་ལྟར་གསལ་བ། ༦ ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་རྟགས་སུ་ཉི་མ་ལྟར་འཚེར་བ། ༧ མཚན་དཔེ་ཡོངས་སུ་རྫོགས་པའི་བརྡར་དབུས་ཀྱི་རི་བོ་མཆོག་རབ་ལྟར་ལྷུན་སྟུག་པ། ༨ ཐམས་ཅད་ཟིལ་གྱིས་གནོན་པའི་བརྡར་སེང་གེ་འབུམ་གཞིབས་པ་ལྟར་གཟི་བྱིན་དང་ལྡན་པ་སྟེ་ཞི་ཚུལ་དགུའོ། ༩ །དེ་རྣམས་ཀྱི་བཞུགས་པའི་གདན་ལ་ཡང་དག་དྲན་བསམ་གྱིས་མི་ཁྱབ་སྟེ། རེ་ཞིག་སྒོམ་དོན་དུ་ན་མངོན་རྟོགས་ཉིད་ཀྱིས་རགས་པ་ཙམ་ཤེས་པར་ནུས་ལ། འོན་ཀྱང་སེམས་དཔའ་སེམས་མ་དང་ཁྲོ་བོ་འགའ་ཞིག་ལ་གཞུང་ནས་གདན་གྱིས་གསལ་ག་མ་གསུངས་ཀྱང༌། བླ་མ་གོང་མ་དག །དེ་ལ་གདན་གྱི་རིམ་པ་ནི། སྐྱེས་བུ་ལྔ་ལ་ལྔ་བརྩེགས་ཏེ། །སེམས་དཔའ་ལ་ནི་སུམ་བརྩེག་གོ །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །ཀུན་བཟང་ཡབ་ཡུམ་བཞི་བརྩེག་གོ །ཞེས་གསུངས་པ་ལྟར་འགྲེལ་སྦྱར་ཤེས་པར་བྱ་ཞིང༌། ཟླ་བ་གང་ཡིན་སྟེང་དུ་འོང་བའི་རྒྱུ་མཚན་ནི། འགྲེལ་པ་སྤར་ཁབ་ལས། ཐིག་ལེ་ཆེན་པོ་དང་


JLAZ005_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་བྱེད་པ་པོའི་ཕྱིར་བདག་པོ་དང་རྡོ་རྗེ་སྟེ་དབུས་ན་ཟླ་བ་སླར་གནས་སོ། །ཞེས་བཤད་པ་ལྟར། ཐབས་ལམ་ལྟར་ན་སྙིང་ག་ཆོས་ཀྱི་འཁོར་ལོ་ན་སྲོག་མི་ཤིགས་པའི་ཐིག་ལེ་དང༌། ཀླད་པ་བདེ་ཆེན་གྱི་འཁོར་ལོ་ན་ཀུན་ཏུ་བཟང་པོའི་ཐིག་ལེ་ཡོད་པས་དེ་གཉིས་ནི་ཐམས་ཅད་ཀྱི་བྱེད་པ་པོའི་རྒྱུར་འགྲོ་ལ། གྲོལ་ལམ་ལྟར་ན་ཐབས་སྣང་བ་འགག་པ་མེད་པས། ཟླ་བ་སྟེང་དུ་འོང་བར་མཁས་པ་དག་བཞེད། འོན་ཀྱང་ཞི་དྲག་གི་དབྱེ་བས་གང་ལས་ལྡོག་པ་ནི་འགྲེལ་བ་མངོན་རྟོགས་ནས་བཤད་པ་ལྟར་རོ། །མི་ཤེས་པ་དག་གཞུང་ནས་དམིགས་བསལ་མ་བྱུང་བ་དག་ལ་རིགས་འགྲེའི་དཔེ་ཅི་ལ་འགྲོ་སྙམ་ན། མ་ཡིན་ཏེ། རས་ཆོད་དང་གཟི་ལུམས་ཅན་ལ་གསང་བའི་ཆེད་དུ། རྒྱུད་དཀྲུགས། ལུང་གཅུས། མན་ངག་གབ་པ་དག །གནས་སྐབས་འདི་ལྟ་བུའི་སྐབས་སུ་རྒྱལ་བའི་ཐུགས་རྗེའི་ཡེ་ཤེས་ཀྱི་ཟེར་འགྲེལ་བ་པོ་ལ་ཕོག་སྟེ། དཀྲུགས་པ་བསྡེབས། གཅུས་པ་བསྲངས། གབ་པ་མངོན་དུ་ཕྱུང་ནས་འཆད་ནུས་པ་ཡིན་ཏེ། སྡུད་པ་ལས། འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡིས་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་པས་དགོངས་འགྲེལ་རྣམས་བྱིན་


JLAZ005_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབས་པའི་བཀར་བཞག་པ་ཡང་རྒྱུ་མཚན་དེ་ལྟར་ཡིན་ལ། དེའི་ཕྱིར་སྐྱོན་བཞི་དང་ཕྲལ་ནས་འཆད་དགོས་ཏེ། བཛྲ་ཤྲཱིས། རྟོག་གེ་དང་ཐེ་ཚོམ་གྱི་གེགས་སེལ་མ་ཤེས་ན། མཛངས་པ་ལྕེ་རྡུམ་གྱི་སྐྱོན། མི་མཐུན་པའི་ཚིག་དོན་སྡེབ་མ་ཤེས་ན། ལོང་བ་ལོང་ཐུག་ལྟ་བུའི་སྐྱོན། མངོན་པར་རྟོགས་པའི་གོ་རིམ་སྡེབ་མ་ཤེས་ན། བདུད་རྩི་རོ་ཉམས་པ་ལྟ་བུའི་སྐྱོན། གོང་འོག་གི་འཁྲུག་སྡེབ་མ་ཤེས་ན། རིན་པོ་ཆེ་རྩལ་འཆོལ་བ་ལྟ་བུའི་བཤད་པའི་སྐྱོན་ནོ། །ཞེས་གསུངས་པ་ལྟར་རོ། །ས་བཅད་གཉིས་པ་ཐུན་མོང་གི་ཐུན་མོང་དུ་འཆད་དེ། དེ་ལ་གཉིས། རྣམ་འགྱུར་དང༌། ཆས་བརྒྱན་ནོ། །དང་པོ་ནི། ཁྲོ་བོ་སྤྱིར་གར་གྱི་ཉམས་དགུ་ལྡན་ཞེས་པ་དེ་ཉིད་ལ་ནང་གསེས་སུ་དབྱེ་ན་གསུམ་སྟེ། སྐུའི་ཉམས། གསུང་གི་ཉམས། ཐུགས་ཀྱི་ཉམས་སོ། །དང་པོ་ནི། ཐུགས་གཏེར་ཆེན་པོ་གྲོལ་བའི་ཐིག་ལེ་རིག་འཛིན་བདེ་གཤེགས་ཀུན་འདུས་ལས། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༌། །ཞེས་གསུངས་པས། སྒེག་པ་ནི། སྐུ་མཚན་དཔེས་སྤྲས་ཤིང་བལྟ་བས་ཆོག་མི་ཤེས་པས་གདུལ་བྱ་འདོད་ཆགས་ཅན་འདུལ་བའི་ཆེད་དང༌། དཔའ་བ་ནི། བདུད་བཞི་ལ་སོགས་དམིགས་བསལ་གྱི་གདུག་པ་ཅན་བརྩེགས་པའི་སྟེང་དུ་སྐུ་བརྗིད་ལ་བྱིན་


JLAZ005_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བས་གདུལ་བྱ་ཞེ་སྡང་ཅན་འདུལ་བ་དང༌། འཇིགས་སུ་རུང་བ་ནི། ཞལ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྡུས་པ་ལ་སོགས་རྣམ་འགྱུར་སྐྱི་གཡའ་བ་དུ་མས་གདུལ་བྱ་གཏི་མུག་ཅན་འདུལ་བའོ། །གཉིས་པ་ནི། སྔ་མའི་འཕྲོས་ལས། དགོད་དང་གཤེ་དང་འཇིགས་པར་སྟོན་པ་དང༌། །ཞེས་པས། དགོད་པ་ནི་རབ་ཏུ་དགྱེས་པ་ཆགས་པའི་བཞད་གད་ཧ་ཧ་ལ་སོགས་པའི་སྒྲས་གདུལ་བྱ་འདོད་ཆགས་ཅན་འདུལ་བ་དང༌། གཤེ་བ་ནི། རབ་ཏུ་གཏུམ་པའི་སྒྲ་ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ལ་སོགས་པའི་དྲག་ཤུལ་གྱི་ང་རོ་ཤར་བས་གདུལ་བྱ་ཞེ་སྡང་ཅན་འདུལ་བར་བྱེད་པའོ། །འཇིགས་པར་སྟོན་པ་ནི། བདག་འཛིན་གཞིག་པའི་ཕྱིར་སྒྲ་དེ་དག་ཐམས་ཅད་ཀྱང་གྲག་སྟོང་སྐྱེ་བ་མེད་པའི་སྔགས་ཀྱི་ང་རོར་ཤར་བས་གདུལ་བྱ་གཏི་མུག་ཅན་འདུལ་བར་བྱེད་པའོ། །གསུམ་པ་ནི། སྔ་མའི་འཕྲོ་ལས། སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །ཞེས་གསུངས་པ་ལྟར། སྙིང་རྗེ་ནི། སེམས་ཅན་རྗེས་སུ་འཛིན་པར་བཞེད་པའི་ཐུགས་བརྩེ་བ་བླ་ན་མ་མཆིས་པས་གདུལ་བྱ་ཆགས་པ་ཅན་འདུལ་བར་བྱེད། རྔམ་པ་ནི། བྱམས་པ་ཆེན་པོའི་ངང་ལས་ཐུགས་ཁྲོས་ནས་གདུལ་བྱ་ཞེ་སྡང་ཅན་འདུལ་བར་བྱེད། ཞི་བ་ནི། རིག་སྟོང་དབྱེར་མེད་ཀྱི་ངང་ནས་ལོག་ལྟ་དང་ལྡན་པའི་གཏི་མུག་ཅན་


JLAZ005_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བར་བྱེད་དོ། །གཉིས་པ་ཆས་རྒྱན་ལ་གཉིས། དུར་ཁྲོད་ཀྱི་ཆས་བརྒྱད་དང༌། དཔལ་གྱི་ཆས་བརྒྱད་དོ། །དང་པོ་ལ་གསུམ། བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས། བྱུག་པའི་རྫས་གསུམ་དང་བརྒྱད་དོ། །དང་པོ་བགོ་བའི་གོས་གསུམ་ནི། ཐབས་མཁས་འཕྲིན་ལས་ཀྱི་གོས་ཞིང་ཆེན་གྱི་གཡང་གཞི། ཁྱབ་པ་ཐུགས་རྗེའི་གོས་གླང་ཆེན་གྱི་ཀོ་རློན། ཕྱི་ནང་གསང་གསུམ་སྡུད་པའི་གོས་སྟག་ལྤགས་ཀྱི་ཤམ་ཐབས་རྣམས་སོ། །གཉིས་པ་གདགས་པའི་རྒྱན་གཉིས་ནི། སྦྲུལ་རྒྱན་དང་ཐོད་ཕྲེང་སྟེ། སྔ་མ་ལ་ནང་གསེས་ཀྱི་བཤད་ན། ཀླུ་རྒྱལ་རིགས་དཀར་ཁྲའི་དབུ་རྒྱན། རྗེ་རིགས་སེར་ཁྲའི་སྙན་ཆ། བྲམ་རིགས་དམར་ཁྲའི་མགུལ་ཆུ། དམངས་རིགས་ནག་ཁྲའི་སྐུ་རགས། གདོལ་རིགས་ལྗང་ཁྲའི་ཕྱག་ཞབས་ཀྱི་གདུ་བུའོ། །ཕྱི་མ་ལ་དབྱེ་ན། ཐོད་པ་སྐམ་པོའི་དབུ་རྒྱན། རློན་པའི་སེ་རལ། ཚལ་བུའི་དཔུང་རྒྱན་ནོ། །གསུམ་པ་བྱུག་པའི་རྫས་གསུམ་ནི། དཔྲལ་བའི་གཡས་སུ་ཐལ་ཆེན་གྱི་ཚོམ་བུ། སྨིན་དབྲག་ཏུ་རཀྟའི་ཐིག་ལེ། ཨོག་ཀོ་ལ་ཞག་གི་ཟོ་རིས་སོ། །དེ་དག་ནི་རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་ཞེས་གསར་རྙིང་གཉིས་ཀའི་ཐུན་མོང་གི་གླེང་གཞིར་འབྱུང་བ་ལྟར་སྔོན་ཚེ་དཔལ་ཆེན་པོའམ། ཧེ་རུ་ཀས་རཱུ་ཏྲ་བཏུལ་བའི་ཚེ་ཁོ་བོའི་རྒྱན་རྣམས་


JLAZ005_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཀྱི་རྒྱན་དུ་མཛད་པ་སྟེ། འཇིག་རྟེན་དུ་དཔའ་བོའམ། ཇག་པས་དགྲ་བསད་ནས་དེའི་གོས་རྒྱན་རང་གིས་གྱོན་པ་བཞིན་ནོ། །གཉིས་པ་ནི། སྒྱུ་འཕྲུལ་གྱི་འགྲེལ་པར་ལུང་དྲངས་པ་ལྟར། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །གདུག་པ་ཅན་བསྲེག་ཡེ་ཤེས་མེ་ཡིས་ཆས། །སྐྱེ་ཤིའི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། །ཁྱབ་མཛད་རེ་སྐོང་རྡོ་རྗེའི་གཤོག་པའི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེ་སློག་པའི་ཆས། །སངས་རྒྱས་སར་བགྲོད་དབང་གི་བསེ་ཁྲབ་ཆས། །གནོད་གདུག་ཟློག་བྱེད་རྒྱ་གྲམ་ལྕགས་ཀྱི་ཆས། །ཞེས་གསུངས་པ་སྟེ། དེ་དག་ལ་ཐུགས་རིག་པ་རང་སྣང་གི་རྒྱན་ཞེས་བྱ་སྟེ། དོན་དང་རྟགས་སུ་མི་འགལ་ལོ། །དེ་ནི་གཙོ་བོའི་རིགས་ཀྱི་ཁྲོ་བོ་ཤས་ཆེ་བ་ལ་སྤྱི་ཁྱབ་ཏུ་འདོམས་ནས་བཤད་པ་ཡིན་ཞིང༌། ཕྲ་མེན་དང་དབང་ཕྱུག་ལ་སོགས་འཁོར་གྱི་ལྷ་རྣམས་ལ་ནི། དེ་ལྟར་རྒྱས་འགེབས་མི་རིགས་སོ། །གཞན་ཡང་སྤྱི་ཁྱབ་ཀྱི་དག་དྲན་གཞུང་ལས། ཕྱག་ཞབས་རྡོ་རྗེ་འདུས་མ་བྱས། །འཁོར་ལོ་འཁོར་བའི་ཉོན་མོངས་གཅོད། །པདྨ་སྐྱོན་གྱིས་མ་གོས་པ། །སྣ་ཚོགས་རྡོ་རྗེ་ཕྲིན་ལས་འགྲུབ། །མཚོན་ཆ་རྣམས་ནི་ལོག་རྟོག་འཇོམས། །ཞེས་ཕྱག་མཚན་གཙོ་ཆེ་བའི་རྣམ་གཞག་དང༌། དེ་ལས་གཞན་པའི་


JLAZ005_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་བརྟེན་པ་ཐམས་ཅད་ཀྱི་དག་དྲན་ནི། བསྐྱེད་པ་མ་ཧཱ་ཡོ་གའི་ལུགས་སུ་བསྟན་པའི་མངོན་རྟོགས་ཆེན་མོར་ཤིན་ཏུ་ཞི་བ་འབྱུང་ཕྱིར་འདིར་ཡི་གེ་མང་པོར་མི་སྤྲོའོ། །ད་ནི་དེ་དག་གི་དོན་སྙིང་པོར་ཧྲིལ་གྱིས་དྲིལ་ན་བདག་མདུན་བུམ་གསུམ་གྱི་དཀྱིལ་འཁོར་ཐམས་ཅད་རང་རིག་ངོས་བཟུང་དང་བྲལ་བའི་གསལ་མདངས་ཀྱི་སྣང་ཆར་སྣང་སྲིད་སྣོད་བཅུད་ཐམས་ཅད་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་ཉག་གཅིག་ཏུ་གསལ་ལ་མ་འདྲེས་པར་སྒྱུ་མ་མཁན་གྱི་སྐྱེས་བུའི་ཡོ་ལང་ལྟ་བུར་ཤར་བ་ལ། སྟོང་ཆ་ནས་དངོས་ཞེན་གྱི་དྲི་མ་ཕྲ་མོ་ཙམ་ཡང་མེད་ཅིང་སྤྲོས་པའི་མཐའ་གང་དུའང་མ་དམིགས་པ་འཁོར་འདས་མཉམ་པ་ཉིད་ཀྱི་ལྟ་བའི་གདེང་གིས་ཟིན་པ་ལ་བསྐྱེད་རྫོགས་ཟུང་འབྲེལ་ཟེར་ཏེ། རིག་འཛིན་ཆེན་པོས། སྣང་གྲག་གསལ་ཆའི་གདངས་ཀུན་བསྐྱེད་རིམ་སྟེ། །ཨ་འཐས་འཛིན་ཞེན་སྣང་བ་རྫོགས་རིམ་ཉིད། །ཡེ་ནས་དབྱེར་མེད་ཡིན་ལ་ཡིན་བཞིན་ཀློང༌། །བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ཡེངས་མེད་འབུངས། །ཞེས་གསུངས་པ་ལྟར་ཡིན་ཞིང༌། གནད་དོན་འདི་ལྟ་བུ་མ་གོ་ན་ལྷ་ཁྲིད་ལ་སོགས་པའི་རྒྱས་བཤད་ཇི་ཙམ་ཤེས་པར་རློམ་ཡང་བྱང་ཆུབ་བསྒྲུབ་པའི་ལམ་རྣལ་མར་མི་འགྲོ་བས་འགག་ལ་དྲིལ་བ་འདི་ཉིད་དོ། །གསུམ་པ་ཨ་ཏི་ཡོ་གའི་དགོངས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་ལ་སོགས་ཏེ་ལས་གཞུང་


JLAZ005_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མཐར་ཆགས་སུ་ཆོ་ག་གཅིག་གི་སྒོ་ནས་མཉམ་བསྒྲུབ་བྱེད་པ་ལ་གཉིས། རྩོད་པ་སྤངས་པ་དང་ལས་གཞུང་གི་རྐང་གྲངས་གོ་རིམ་མོ། །དང་པོ་ནི། ཁ་ཅིག་ན་རེ། བདག་མདུན་ཆོ་ག་གཅིག་གིས་གསལ་བ་ནི་ཤིན་ཏུ་མི་རིགས་སོ་ཟེར་བ་ཡོད་དོ། །ལན་དུ། སྐྱོན་མེད་དེ། དབང་པོ་ཤིན་ཏུ་རྣོན་པོའི་དབང་དུ་བྱས་ནས་གསུངས་པ་ཡིན་པས་མི་འགལ་ཏེ། རྒྱུ་མཚན་ཅིའི་ཕྱིར་ན། སྣང་སྲིད་འཁོར་འདས་ཐམས་ཅད་རང་རིག་སོ་མའི་ངང་དུ་མ་འདུས་པ་སྐྲ་རྩེ་ཙམ་ཡང་མེད། རིག་པའི་སྤྲོ་བསྡུ་འདི་བསམ་གྱིས་མི་ཁྱབ་ཅིང་མཐའ་གཏུག་པ་མེད་པ་ནི། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། ཀྱེ་རྒྱལ་བའི་སྲས་ཞེས་བོས་ནས་སྟོང་གསུམ་དར་ཡུག་ཆེན་པོའི་དཔེས་བསྟན་པས་ཀྱང་ཤེས་ལ། དེ་ནི་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་སེམས་ཅན་གྱི་ཁམས་ལྷུན་གྲུབ་ཏུ་མཆིས་པའི་དཔེ་ཡིན་ཞེ་ན། མཚོན་དེས་སེམས་ཅན་ལའང་འདུ་ཤེས་ཀྱི་འཛིན་པས་བཅིངས་ཏེ་ཡོན་ཏན་མི་མངོན་པ་ཙམ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱུད་ལ་མ་ཞུགས་པ་མེད་པ་མདོ་དེ་ཉིད་ཀྱིས་བསྟན་པའི་ཕྱིར་ན། འདི་ལྟར་རྡོ་རྗེ་ཐེག་པ་ཤིན་ཏུ་རྣལ་འབྱོར་གྱི་མན་ངག་ཆེས་ཟབ་པས་དྲི་མ་ཐམས་ཅད་དང་བྲལ་བའི་ཀ་དག་གི་ཡེ་ཤེས་སྐད་ཅིག་ལ་ངོ་ཤེས་པའི་རོལ་རྩལ་གྱིས་ཏིང་ངེ་འཛིན་དུ་མ་ལ་དབང་བསྒྱུར་ནུས་པས་དཀྱིལ་འཁོར་


JLAZ005_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུས་གཅིག་ལ་མཉམ་སྒྲུབ་བྱེད་པ་ཅིའི་ཕྱིར་མི་འཐད། དམུས་ལོང་རྣམས་ཉི་མ་དང་ཟླ་བའི་འོད་ཀྱང་མུན་པའི་རང་བཞིན་ཅན་ནོ་ཞེས་རང་གི་སྣང་ཡུལ་ཇི་ལྟར་གྲུབ་པ་ལས་ཁས་མི་ལེན་པ་ལྟར་ཁྱེད་ཅག་ཀྱང་ཐེག་པ་དང་རྒྱུད་སྡེའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་དག་ལ་མི་བདེན་ནོ་ཞེས་སྨྲ་བ་ལ་ཚམ་ཚོམ་མེད་པའི་ཕྱིར་འདི་སྐད་དུ། འོ་ན་རྒྱུད་སྡེ་བཞི་ནས་དེ་ལྟར་མ་བཤད་པས་སོ་ཞེ་ན། འོག་མ་བཞི་ནས་མ་བཤད་པས་གོང་མ་གཉིས་སུ་མ་ཡིན་པར་མི་འགྲོ་སྟེ་རྒྱུད་སྡེ་ལ་རྐང་གྲངས་དང་གོ་རིམ་འབྱེད་པ་གང་ཟག་གི་བློ་ནུས་དང་འཚམས་པར་གསུངས་མོད། དེ་ལྟ་ན་བྱ་སྤྱོད་ལ་སོགས་པའི་རྒྱུད་སྡེ་འོག་མ་དག་ནས་བདག་སྒྲུབ་པ་པོ་དང༌། བསྒྲུབ་བྱའི་ལྷ་གཉིས་ཐ་དད་དུ་ལྟ་ལ། བླ་མེད་ལ་སོགས་རྒྱུད་སྡེ་གོང་མ་ནས་བདག་དང་ལྷ་གཉིས་དབྱེར་མེད་དུ་ལྟ་བ་འགལ་འདུ་ཅན་དུ་འཛིན་པར་འདོད་དམ། དེས་ན་དབང་པོ་ཡང་རབ་ཀྱི་སྤྱོད་ཡུལ་ལ་དགོངས་ནས་ཤིན་ཏུ་རྣལ་འབྱོར་གྱི་ལྟ་བའི་རྩིས་ཟིན་པས་བདག་མདུན་ཟུང་འཇུག་ཏུ་བཤད་པ་ཡིན་ནོ། །དེ་ཡང་མི་རིགས་ན། སེམས་གསུམ་ཡོད་པར་ཐལ། ལྷ་དང་དཀྱིལ་འཁོར་ཀྱང་རང་རྩལ་མ་ཡིན་པར་ལོགས་སུ་ཡོད་དགོས་པའི་ཕྱིར། འདི་དང་འདི་མི་འཁྲུག་པར་འདུག་སྙམ་པ་ནི་རྣམ་རྟོག་གི་བདུད་མ་ཆོད་པའི་སྐྱོན་ཡིན་པས་སོ། །དེ་ཡང་མི་རིགས་ན། འོ་ན་ཀུན་རྫོབ་དང་དོན་དམ་གཉིས་


JLAZ005_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒོ་ནས་དཔེར་བརྗོད་བྱ་སྟེ། སྔ་མ་ལྟར་ན། ཟླ་བ་གཅིག་གི་གཟུགས་ཆུ་སྣོད་ཐ་དད་པའི་ནང་དུ་དུས་གཅིག་ལ་འཆར་བར་ནུས་པས་འདི་ཡང་མི་སྲིད་པར་ཐལ། ཕྱི་མ་ལྟར་ན་རྒྱལ་བའི་ཐུགས་ཁྱབ་གདལ་ཆེན་པོར་བཞུགས་པ་འདི་ཡང་མི་རིགས་ཏེ། སེམས་གཅིག་གིས་ཀུན་ལ་ཁྱབ་པར་འདོད་དགོས་པའི་ཕྱིར་རོ། །དེས་ན་དེ་དག་རྣམས་ཕྱིན་ཅི་ལོག་གི་ཀླན་ཀ་འབའ་ཞིག་ཡིན་ཏེ། དཀོན་མཆོག་བརྩེགས་པ་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་ཏིང་ངེ་འཛིན་དང་རྫུ་འཕྲུལ་གྱི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་བོ། །ཞེས་གསུངས་པས་གདོད་མའི་མགོན་པོས་དབང་བསྒྱུར་ཐབས་ཀྱི་ཐེག་པ་ནང་རྒྱུད་འདི་གསུམ་ཡང་ཐམས་ཅད་ལ་བདག་མདུན་མཉམ་བསྒྲུབ་ཏུ་བཤད་པའི་ངེས་པ་མེད་པས་རྒྱུད་གཞུང་ནས་ཇི་སྐད་བཤད་པ་ཁོ་ན་ལས་རང་གི་ལོང་ཁྱབ་དང་བསྟུན་པའི་གཟུ་ལུམས་དང་རས་ཆོད་ཀྱིས་བྱིན་རླབས་ཉམས་ཤིང་ངན་སོང་མྱོང་བའི་ལས་རྙིང་མ་པ་རྣམས་ནས་མི་བྱེད་དོ། །ལ་ཏིང་ངེ་འཛིན་འདི་ལྟ་བུའི་གནད་བསྟན་པ་ཡིན་ནོ། །ཅིས་ཀྱང་མི་རིགས་ན་གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པ་དག་ལ་རབ་ཏུ་གནས་པའི་ཚེ་ཡང་རྟེན་དང་བརྟེན་པ་རེ་རེ་ནས་ཆོ་ག་བྱེད་དགོས་པ་འདུག་པས་ཁྱེད་རང་འོ་རྒྱལ་ཆེ་བར་གདའོ། །ཚུལ་འདི་ལྟ་བུའི་རིགས་ལ་མང་དུ་ཐོས་ཀྱང་ཆོས་ཀྱི་ཕོངས་པའི་ནོངས་པ་ཤིན་ཏུའང་ཆེ་སྟེ། ཨ་ཏི་ཤ་བོད་དུ་བྱོན་པའི་ཚེ་


JLAZ005_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཆེན་རིན་ཆེན་བཟང་དང་མངའ་རིས་སུ་མཇལ་བའི་ལོ་རྒྱུས་ཀྱིས་ཤེས་ལ། གཞན་ཡང་དགོད་ཚང་པས་ཚུལ་འདི་དག་བློར་མི་ཤོང་བའི་སྐྱེ་བོ་དག་གིས་འདི་ནི་འཐད་དོ། །འདི་ནི་མི་མཐད་དོ། །འདི་ནི་མཚུངས་སོ། །འདི་ནི་མི་མཚུངས་སོ། །ཞེས་པ་ལ་སོགས་ཀྱི་རྣམ་པར་རྟོག་པ་མང་པོས་བསླད་པར་བྱེད་པ་ནི། བསྐྱེད་རྫོགས་ཟུང་འཇུག་དོན་དམ་པའི་སྙིང་པོའི་གནད་གསང་ཚུལ་བཞིན་དུ་མ་རྟོགས་པའི་སྐྱོན་ཁོ་ནར་ཟད་ལ། ཞེས་གསུངས་པ་དོན་ལ་གནས་པས་ཁབ་མིག་ཏུ་དར་ཡུག་མ་ཤོང་ནའང་བཏང་སྙོམས་སུ་བཞག་པས་ཆོག་སྟེ། དེས་ན་ཁ་འཛིན་གྱི་ཅ་ཅོས་རྩ་ལྟུང་འབད་པས་སྒྲུབ་པ་དོན་མེད་དུ་ཤེས་པར་བྱའོ། །གཉིས་པ་ལ་བརྒྱད་དེ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ། དེ་ཉིད་བཞུགས་སུ་གསོལ་བ། གཉིས་སུ་མེད་པར་དབང་བསྐུར་བ། དེ་ལ་རྒྱས་གདབ་པ། ཕྱག་འཚལ་བ། མཆོད་པ་འབུལ་བ། བསྟོད་པ་བྱ་བ། བཟླས་པའི་ཡན་ལག་གོ །དང་པོ་ནི། སྤྱི་ཁྱབ་ཏུ་གང་སྤྱན་འདྲེན་པའི་རྟེན་གང་ནས་སྤྱན་འདྲེན་པའི་ཡུལ་གང་གིས་སྤྱན་འདྲེན་པའི་གང་ཟག་སོགས་རང་ལས་ཐ་དད་པར་བལྟ་ཞིང་རང་རྒྱུད་ལ་འབྱུང་འགྱུར་གྱི་ཡེ་ཤེས་པ་སྤྱན་འདྲེན་པར་འདོད་ཀྱང༌། དགོངས་འདུས་རང་ལུགས་ལ་རང་བཞིན་གྱི་གནས་ནས་སྤྱན་འདྲེན་པ་ཞེས་དོན་ལ་དག་དྲན་གསལ་འདེབས་པ་ཙམ་གྱིས་ཆོག་སྟེ། རྒྱུ་མཚན་ཅིའི་ཕྱིར་ན་སངས་རྒྱས་རྣམས་ཆོས་


JLAZ005_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྤྲོས་བྲལ་གྱི་ངང་ལ་བཞུགས་པ་རང་རིག་པའི་ཡེ་ཤེས་དང་རོ་གཅིག་ཀྱང༌། གནས་སྐབས་སུ་གཉིས་སྣང་གི་བག་ཆགས་ལ་བརྟེན་ནས་སེམས་ཅན་གྱི་རིག་པ་དུམ་བུར་ཆད་ནས་འཁོར་འདས་སུ་ཤར་བ་སྟེ། དེའི་རྒྱུ་ལྷན་སྐྱེས་ཀུན་བརྟགས་ཀྱི་མ་རིག་པ་གཉིས་ཀྱི་འཁྲུལ་གཞིའམ་སྒྲིབ་པས་སྦགས་པ་དེ་ཉིད་རིག་ཅིང་ཤེས་པ་ཙམ་གྱིས་དམ་ཡེ་དབྱེར་མེད་དུ་བལྟ་བར་འདོད་དོ། །གཞུང་ལས། དེ་ཡང་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པ་ལས་རང་གཞན་གྱི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་སུ་ཡེ་ནས་གནས་ཤིང་དེ་ལས་མི་འདའ་བ་དམ་ཚིག་དེ་ལྟར་གསལ་ཞིང་ཐ་མལ་གྱི་ལོག་རྟོག་འཁྲུལ་པ་མེད་པ་ནི་སེམས་དཔའོ། །དེ་ལྟར་གདོད་ནས་གནས་ཤིང་ཡེ་ནས་ཤེས་པའི་ཡེ་ཤེས་གཉིས་སུ་འཛིན་པའི་དྲི་མ་མེད་པས་སེམས་དཔའ་སྟེ། དེ་ལྟར་ན་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དབྱེར་མེད་དུ་བཞུགས་པའོ། །དེ་ལྟར་ཡེ་ནས་ཡོད་པ་ལ་ངོས་འཛིན་བྱེད་པ་ཙམ་ལས། རང་བཞིན་གྱི་གནས་ནས་སྤྱན་དྲངས་ནས་བསྟིམ་ཞེས་བྱ་བའི་ཡུལ་ཅན་གཞན་ཞིག་གྲུབ་པ་མེད་དེ། རང་བཞིན་ལྷུན་གྲུབ་གཉིས་མེད་ཀྱི་དཀྱིལ་འཁོར་ཆེན་པོའོ། །ཞེས་གསུངས་པ་དང༌། དེའི་དོན་ཤིན་ཏུ་གོ་སླ་བར་བརྗོད་ན། རིག་འཛིན་རྩེ་ལས་པས་འདི་སྐད་དུ། དེ་ནས་སྤྱན་འདྲེན་ཡང་ཕྱི་རོལ་ནས་མི་གཅིག་པ་ཞིག་སྤྱན་དྲངས་ནས་འབྱོན་རྒྱུ་ཡོད་པ་ལྟ་བུ་


JLAZ005_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། མ་དག་པའི་འཁྲུལ་སྣང་སྦྱང་ཕྱིར་ལྷ་སོ་སོའི་མཚན་དང་བཞུགས་གནས་སོགས་ཐ་དད་ནས་སྤྱན་འདྲེན་པའི་ཚིག་ངག་ནས་བརྗོད་ཀྱང༌། དོན་དུ་རང་རིག་བྱང་ཆུབ་སེམས་ཀྱི་རོལ་པའི་ཆོ་འཕྲུལ་སྣང་སྲིད་ཀུན་ལ་མ་ཁྱབ་པ་མེད་ཕྱིར། རང་ཤེས་རིག་པའི་དམ་ཚིག་ཡེ་ཤེས་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དུ་སྤྱན་དྲངས། ཞེས་གསུངས་པས་དག་དྲན་ཤེས་རྒྱུད་ལ་འབྱོར་བས། སྤོས་རོལ་གདུང་དབྱངས་དང་བཅས། ཧཱུྃ་ཧྲཱིཿ རང་བྱུང་ཐུགས་རྗེ་མ་འགགས་རོལ་པའི་སྐུ༔ སོགས་ཀྱིས་སྤྱན་དྲངས་ལ། སྔགས་དོན་ནི། ཨཱོྃ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས་ཀྱི་སྲོག་ཡིག །བཛྲ་གུ་རུ་དེ་ཝ་ཌཱཀྐི་ནི༔ རྡོ་རྗེ་བླ་མ་ཡི་དམ་མཁའ་འགྲོ། ཧྲཱིཿམ་ནི་རྟ་ཕག་གཉིས། ཧ་རི་ནི་ས་ནི་མཁའ་འགྲོ་སྡེ་བཞི། ར་ཙ་ཏྲི་ཡ་ནི་དཔའ་བོ་རིགས་བཞིའི་སྲོག་ཡིག་དང༌། ཨེ་ནི་འདིར། ཨ་ར་ལི་རོལ་པ། ཧྲཱིཾཿཧྲཱིཾཿནི་དབང་དུ་བྱ་བ་དང༌། ཕཻཾ་ཕཻཾཿ ཞེས་པ་འདི་ལ་མཁས་པས་གསུང་བགྲོས་དང་སྔགས་གསར་མའི་གཞུང་ལ། ཕ་ཨེ་མ་གསུམ་གྱི་སྒྲ་ཐོན་པ་དགོས་ཞེས་གསུངས་པ་དང༌། དག་སྦྱོར་ནི་ཁོས་ཁོས་ཞེས་པ་ཡིན་ཞིང༌། གསང་སྔགས་ལུང་གི་སྒོ་བཞི་ཞེས་པའི་ཡ་གྱལ། ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །ཞེས་པའང་གནད་འདི་དག་ལ་དགོངས་པ་སྟེ། གནད་ནས་བསྐུལ་བའི་སྔགས་སྒྲ་ཟབ་མོ་ཞིག་སྟེ་གཞན་དུ་ཕྱག་རྒྱ་བཅའ་བའི་


JLAZ005_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱང་སྣང་ངོ༌། །ཛཿཧཱུྃ་བཾ་ཧོཿནི་ཕྱག་རྒྱ་བཞི་ཡིས་དམ་ཡེ་དབྱེར་མེད་དུ་བཅིང་བའི་དོན་ནོ། །གཉིས་པ་བཞུགས་སུ་གསོལ་བ་ནི། བདག་བསྐྱེད་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དེ་ཉིད་ཀྱི་ནང་དུ་བརྟེན་པ་རང་ཤེས་རིག་པའི་ལྷ་ཚོགས་རྡོ་རྗེའི་ལུས་གྲུབ་པ་ཚུན་ནས་འདུ་འབྲལ་མེད་ཅིང༌། དེའི་རྣམ་རོལ་ལས་ཤར་བའི་མདུན་བསྐྱེད་ལའང་གཉིས་འཛིན་གྱི་དྲི་མས་གཟོད་ནས་དབེན་པས་དམ་ཡེ་དབྱེར་མེད་དུ་ཡོད་ཀྱང་ཀུན་རྫོབ་གློ་བུར་གྱི་བག་ཆགས་སྦྱོང་བའི་དག་དྲན་ཙམ་དུ་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་རང་བཞིན་དུ་འདུ་འབྲལ་མེད་པར་རྒྱས་ཐེབས་པར་བསམ་ལ། ཧཱུྃ་ཧྲཱིཿ སྒྱུ་ལུས་ཕོ་བྲང་བཀོད་པའི་གཞལ་ཡས་འདིར༔ ཞེས་སོགས་དང༌། ཁ་ཅིག་ན་རེ། ཚིག་རྐང་དང་པོའི་རྗེས་སུ་འབྲངས་ནས་མདུན་བསྐྱེད་ལ་ཟུང་དུ་བསྒྲུབ་མི་ནུས་སམ་སྙམ་ན། སྐྱོན་མེད་དེ། ཕོ་བྲང་རིན་ཆེན་དམ་པ་བྱིན་རེ་ཆགས༔ ཞེས་ཡོད་པས་འདིའི་སྐབས་སུ་ཚིག་རྐང་དང་པོ་གཉིས་ཀྱིས་བདག་བསྐྱེད་དང༌། དེའི་འོག་མ་བཤད་མ་ཐག་པས་མདུན་བསྐྱེད་ལ་བསམས་པས་ཆོག་གོ །སྔགས་དོན་ནི་སྔ་མ་དང་རིགས་འགྲེ་ནས། ཙིཏྟ་བཛྲ་ཛྙཱ་ན་ནི། ཐུགས་རྡོ་རྗེ་ཡེ་ཤེས་དང༌། པདྨ་ཀ་མ་ལ་ཡེ་སྟྭཾ་ནི་དེ་ལ་གདན་དབུལ་བའི་དོན་ནོ། །གསུམ་པ་དབང་བསྐུར་བའི་ཡན་ལག་ལ་བཞི། གང་ལ་དབང་བླང་བའི་ཡུལ། གང་གིས་དབང་བླང་བའི་རྟེན། ཇི་ལྟར་བསྐུར་


JLAZ005_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚུལ། བསྐུར་ཐོབ་གཉིས་སུ་མེད་པའི་ངང་དུ་རྒྱས་འདེབས་པའོ། །དང་པོ་ནི་རིགས་བདག་འོད་དཔག་མེད་དང་རྒྱལ་བ་རིགས་ལྔ་ཡབ་ཡུམ་རྣམས་རང་དབང་རང་ཐོབ་ཀྱིས་དབང་རྟགས་སུ་ཡེ་ནས་ལྷུན་གྲུབ་ཏུ་དབུ་ལ་བཞུགས་པ་ལས་སྒྲུབ་པོ་ལ་བྱིན་གྱིས་རློབ་པའི་སླད་དུ་མཁའ་ཁྱབ་ཏུ་སད་པར་མོས་པའོ། །གཉིས་པ་ནི་ལྷག་པའི་དཀྱིལ་འཁོར་དམ་ཡེ་དབྱེར་མེད་དུ་འདྲེས་པ་བདག་མདུན་ཟུང་འཇུག་གི་རྣམ་རོལ་དུ་བཞུགས་པ་དེས་བླང་ངོ༌། །གསུམ་པ་ཇི་ལྟར་བསྐུལ་བའི་ཚུལ་ལ་བཞི། རིགས་ལྔ་སོ་སོའི་བགོ་སྐལ། དབང་བཞི་ཐོབ་པའི་ཚུལ། དེ་ཉིད་ཀྱི་ཕན་ཡོན། ཡེ་ཤེས་སེམས་དཔའི་སྲོག་དབང་ངོ༌། །དང་པོ་ནི། མཐར་མཁའ་ཁྱབ་ཀྱི་རྡོ་རྗེ་སློབ་དཔོན་འོད་དཔག་མེད་དང༌། རིགས་ལྔ་ཡབ་ཡུམ་རྣམས་ཀྱིས་སྔགས་སྒྲ་དང་བཅས་རྡོ་རྗེ་མི་བསྐྱོད་པ་སོགས་ཤར་ཕྱོགས་པ་རྣམས་ཀྱིས་ཆུ་དབང༌། ལྷོ་ཕྱོགས་པས་དབུ་རྒྱན། ནུབ་ཕྱོགས་པས་རྡོ་རྗེ། བྱང་ཕྱོགས་པས་དྲིལ་བུ། དབུས་ཕྱོགས་པས་མིང་དབང་དང་བཅས་ཚོམ་བུ་སོ་སོའི་རིགས་ལ་རང་རང་གི་རིགས་གཙོ་བོ་ཡབ་ཡུམ་དབུས་སུ་གནས་ནས་ཕྲུགས་གཅིག་ཏུ་དབང་བསྐུར་བར་བསམ་མོ། །གཉིས་པ་ནི། དེ་ལྟར་དབང་བསྐུར་ཞིང་བྱིན་རླབས་མཛད་པས་ལྷ་ཚོགས་རྣམས་ལ་བདེ་སྟོང་ཟུང་དུ་འབྲེལ་བའི་ཡེ་ཤེས་ཁྱད་པར་ཅན་གསར་དུ་འཁྲུངས་པར་


JLAZ005_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་བུམ་དབང༌། དབང་ལྷ་ཡབ་ཡུམ་རྣམས་སྦྱོར་བར་མཛད་པའི་རྗེས་ཆགས་ཀྱི་མེས་བཞུ་བའི་བྱང་ཆུབ་སེམས་ཀྱི་རང་བཞིན་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ཐིམ་པས་བདེ་དྲོད་འབར་བ་ནི་གསང་དབང༌། དབང་ལྷ་རྣམས་ཀྱང་བདེ་ཆེན་དགའ་བྲལ་གྱི་མེས་འོད་དུ་ཞུ་ནས་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ཐིམ་པས་དེ་དག་ཡབ་ཡུམ་རྣམས་རྗེས་ཆགས་ལྷག་པར་རྒྱས་ཏེ་སྙོམས་པར་ཞུགས་པའི་དགའ་བས་ལུགས་འབྱུང་ལུགས་ལྡོག་གི་དགའ་བ་བཞིའི་ཡེ་ཤེས་ཁྱད་པར་ཅན་འཁྲུངས་པ་ཤེར་དབང༌། དེའི་ཚེ་བདེ་སྟོང་གཉིས་སུ་མེད་པའི་དོན་གྱི་འོད་གསལ་དང༌། ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔ་བ་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་གཉིས་ཟུང་དུ་འཇུག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པས་ཚིག་དབང་རིན་པོ་ཆེ་བཅས་ཐོབ། སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །བདེ་སྟོང་དབྱེར་མེད་ཀྱི་ངོ་བོ་བྱང་ཆུབ་ཀྱི་སེམས་གྱེན་དུ་འཁྱིལ་བ་ལས་བདག་མདུན་སོ་སོའི་གཙོ་བོའི་དབུ་གཙུག་ཏུ་རིགས་བདག་འོད་དཔག་མེད་བཞུགས་ཤིང༌། དབང་རྟགས་གཞན་རྣམས་ནི་ཕྱི་དཀྱིལ་མཚོན་ན་རང་རང་གི་རིགས་ཀྱིས་གཙོ་བོ་བྱས་པའི་རིགས་ལྔས་དབུ་བརྒྱན་པ་ཡིན་ཏེ། སྒྱུ་འཕྲུལ་གྱི་འགྲེལ་བར། གང་དབུས་སུ་སོང་བ་དེའི་ཤུལ་དུ་མི་བསྐྱོད་པ་འབྱུང་བར་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །


JLAZ005_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་ན་རེ། སྤྲོས་བཅས་གཙོ་ཆེ་བ་དང་འགྲེལ་བ་སྐུའི་རྒྱུད་འགྲེལ་གྱིས་རྒྱས་བཀབ་འདི་ལ་མི་རིགས་སམ་སྙམ་ན། ཤིན་ཏུ་རིགས་ཏེ། མདུན་བསྐྱེད་ནི། མ་ཧཱ་ཡོ་གའི་ལུགས་སོར་བཞག་ཡིན་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་དབང་བསྐུར་བའི་ལྡན་འབྲས་སམ་ནུས་པས། ཆོས་དབྱིངས་ཡེ་ཤེས་ཀྱི་དབང་ཐོབ་སྟེ་སེམས་ལ་སྒྲིབ་པ་མི་གནས། མེ་ལོང་ཡེ་ཤེས་ཀྱི་དབང་ཐོབ་སྟེ་སེམས་ཉིད་གསལ་སྟོང་དུ་གནས། མཉམ་ཉིད་ཡེ་ཤེས་ཀྱི་དབང་ཐོབ་སྟེ་འཁོར་འདས་མཉམ་པ་ཉིད་དུ་རྟོགས། སོར་རྟོག་ཡེ་ཤེས་ཀྱི་དབང་ཐོབ་སྟེ་རིག་པ་གསལ་ལ་མ་བསྒྲིབ་པ་འཆར། བྱ་བ་ནན་ཏན་གྱི་དབང་ཐོབ་སྟེ་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཆམ་བརྡལ་དུ་འགྱུར་རོ། །བཞི་པ་ནི་མདུན་བསྐྱེད་ཀྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་འོད་དཔག་མེད་བདེ་བ་ཆེན་པོའི་ཉམས་རྒྱས་པས་ཟག་མེད་ཀྱི་བྱང་སེམས་ཐུགས་རྡོ་རྗེར་ཐིམ་ཞིང་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་དམར་པོའི་རྣམ་པ་ཅན་ལ་ཕོག་པས་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་འདུས་ཏེ་མི་ཤིགས་པའི་ཐིག་ལེ་ལས་གྲུབ་པའི་སྐུ་རྒྱན་མེད་ཆ་བྱད་ཐམས་ཅད་ཡོངས་སུ་རྫོགས་པའི་གཟི་བྱིན་དང་ལྡན་ཞིང་བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ལྷག་པར་རྒྱས་པར་མོས་པ་ནི། ཡེ་ཤེས་སེམས་དཔའི་སྲོག་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་དབང་བསྐུར་བའོ། །གཞུང་གི་


JLAZ005_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཚིག་རྡོ་རྗེའི་ཚིག་རྐང་ལ་སོ་སྐྱེའི་བློས་དཔག་པར་དཀའ་བའི་ཕྱིར། རིགས་མཐུན་གྱི་མན་ངག་ཁྱད་པར་ཅན་ལ་ཞིབ་ཏུ་དཔྱད་ནས་དགོངས་གསང་ཞིབ་མོར་བཀྲལ་བའི་ལུགས་ཡིན་ལ། ཅི་སྟེ་སྣང་ལ་མ་ངེས་པ་དམུས་ལོང་ནོར་བུ་སྒོམ་པ་ལྟ་བུ་ལ་བྱིན་རླབས་དང་ནུས་པ་མི་འཇུག་པའི་ཕྱིར་རྒྱུད་ལུང་གི་དཔང་པོ་དང་བཅས་ཏེ་སྤྱན་དབྱེ་བགྱིས་པ་ཡིན་ནོ། །བཞི་པ་དག་དྲན་ནི། ཐེག་པ་འོག་མ་ལྟར་སྤང་གཉེན་གྱི་ཚུལ་དུ་མ་ཡིན་པར། རང་བཞིན་གྱི་རྟོགས་པའི་དོན་ལ་འཁྲུལ་མེད་རང་དབང་བསྒྱུར་བ་སྟེ་བསྐུར་ཐོབ་གཉིས་སུ་མེད་པའི་དག་དྲན་སོ་མའི་ངང་ལས། ཧྲཱིཿརིགས་མཆོག་དམ་པ་འོད་དཔག་མེད་པའི་སྐུ༔ སོགས་ནས་སྔགས་དོན་ནི། ཨཱོྃ་ཨཱ་ཧཱུྃ་ཧྲཱིཿསྭཱ་ཧཱ༔ ཞེས་འབྲུ་དྲུག་གི་རིགས་ལྔ་དང་འོད་དཔག་མེད་ཀྱི་ས་བོན། ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་མངོན་པར་དབང་བསྐུར་བའི་དོན་ནོ། །བཞི་པ་རྒྱས་གདབ་པ་ལ་གཉིས། སྤྱིར་བཤད་པ་དང༌། སྒོས་གནད་འགྲེལ་བའོ། །དང་པོ་ནི་རིགས་བདག་གིས་རྒྱས་འདེབས་བྱ་བ་འདིས་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུ་ཐམས་ཅད་མཚོན་ནུས་པར་གསུངས་ཤིང༌། གལ་ཏེ་འདི་འབྲོག་འཆོལ་བར་གྱུར་ན་དངོས་གྲུབ་ཉམས་པའི་ཉེས་དམིགས་ཡོད་དེ། རྒྱུད་ལས། རིགས་འཆོལ་སྒོམ་པའི་སྦྱོར་བ་ལས། །


JLAZ005_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་མེད་ཅིང་སྒྲུབ་པོའང་མེད། །ཅེས་གསུངས་པ་དང༌། དེ་མཚུངས་དབུ་རྒྱན་གྱི་རིགས་ལ་ཡང་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་འགྲེལ་གསལ་བྱེད་མེ་ལོང་ལས། ལ་ལས་བླ་མེད་ཀྱི་ལྷའི་དབུ་རྒྱན་ཡོ་གའི་རིགས་ལྔས་བྱས་པ་དང༌། ལ་ལས་ཡོ་གའི་དབུ་རྒྱན་གྱི་ལྷ་ཡབ་ཡུམ་འཁྲིལ་སྦྱོར་ཅན་བྱས་པ་དང༌། ལ་ལས་སྔགས་ནང་ལུགས་ཀྱི་རིགས་ལྔ་ལ་ཡུམ་མེད་པས་དབུ་རྒྱན་བྱས་ནས་སྣང་མོད་ཀྱི། འདི་ཐམས་ཅད་ནི་ཤིན་ཏུ་རིགས་པ་མ་ཡིན་ཏེ། ཞེས་གསུངས་པ་ལྟར་རིགས་མ་འཆོལ་བ་སྔགས་ཕྱི་ནང་གིས་དབྱེ་བ་ཕྱེད་པ་གཉིས་ཀ་དགོས་པ་སྟེ། དེས་ན་འདི་ལ་ཡང་གཞན་རྣམས་ནི་གོང་དུ་ཞིབ་པར་བཤད་མོད་ཀྱི་དབུ་རྒྱན་གྱི་ལྷ་རྣམས་ནི་འཁྲིལ་སྦྱོར་དགོས་པ་ཡིན་ནོ། །གཉིས་པ་ལ་གཉིས། རྒྱས་པར་བཤད་པ་དང༌། འགག་ལ་དྲིལ་བའོ། །དང་པོ་ལ་གཉིས། སྤྱི་བསྡོམས་སུ་བཤད་པ་དང༌། རྒྱུ་དང་འབྲས་བུ་ལ་ཤན་སྦྱར་ནས་བཤད་པའོ། །དང་པོ་ནི། དེ་ཡང་རགས་པའི་ཕུང་ཁམས་སྐྱེ་མཆེད་དངས་མའི་ལྷར་གསལ་བ་ནི་ཀུན་བརྟགས་ལ་གཞན་དབང་གི་རྒྱ། ལྷ་དེ་དག་དབུ་གཙུག་ཏུ་སོ་སོའི་རིགས་བདག་གིས་རྒྱས་གདབ་པ་ནི་གཞན་དབང་ལ་གཞན་དབང་རྒྱ། རིགས་བདག་རྣམས་ཀྱི་སྤྱི་བོར་རང་རང་གི་ཕྱག་མཚན་གྱིས་རྒྱས་གདབ་པ་ནི་གཞན་


JLAZ005_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལ་ཡོངས་གྲུབ་ཀྱི་རྒྱ་སྟེ་མ་ཧཱ་ཡོ་གའི་རིགས་ལ་གཙོ་ཆེ་བར་བཤད་པའོ། །གཉིས་པ་ལ་ལྔ། ངོ་བོ་ཉིད་ལ་ངོ་བོའི་རྒྱ། ལུས་ལ་སེམས་ཀྱི་རྒྱ། སེམས་ལ་ལུས་ཀྱི་རྒྱ། རྒྱུ་ལ་འབྲས་བུའི་རྒྱ། འབྲས་བུ་ལ་རྒྱུའི་རྒྱའོ། །དང་པོ་ནི། སེམས་ཀྱི་རང་བཞིན་རྣམ་པར་དག་པ་ལ་ཡིད་ཀྱི་ངོ་བོ་མི་བསྐྱོད་པས་རྒྱས་འདེབས་པའོ། །གཉིས་པ་ནི་ལུས་ཀྱི་ངོ་བོ་རྣམ་པར་སྣང་མཛད་ལ་སེམས་རྣམ་པར་དག་པའི་ངོ་བོ་མི་བསྐྱོད་པས་རྒྱས་འདེབས་པའོ། །གསུམ་པ་ནི། ཡིད་ཀྱི་རང་བཞིན་རྣམ་པར་དག་པའི་ངོ་བོ་མི་བསྐྱོད་པ་ལ་ལུས་རྣམ་པར་དག་པ་རྣམ་སྣང་གིས་རྒྱས་འདེབས་པའོ། །བཞི་བ་ནི། རྒྱུ་འདོད་ཆགས་རྣམས་པར་དག་པའི་ངོ་བོ་འོད་དཔག་མེད་ལ་འབྲས་བུ་སེར་སྣ་རྣམ་པར་དག་པའི་ངོ་བོ་རིན་འབྱུང་གིས་རྒྱས་འདེབས་པའོ། །ལྔ་པ་ནི། འབྲས་བུ་ཕྲག་དོག་རྣམ་པར་དག་པའི་ངོ་བོ་དོན་ཡོད་གྲུབ་པ་ལ་རྒྱུ་འདོད་ཆགས་རྣམ་པར་དག་པའི་ངོ་བོ་འོད་དཔག་མེད་ཀྱིས་རྒྱས་འདེབས་པའོ། །གཉིས་པ་ནི། དེ་རྣམས་མིང་ཐ་དད་དུ་བཏགས་ཀྱང་དོན་ལ་རང་རིག་པའི་ཡེ་ཤེས་ཀྱི་རྣམ་རོལ་གཅིག་པུ་ལས་ཤར་བ་ཡེ་ནས་དམ་ཡེ་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟ་བུར་ཡོད་ཀྱང༌། གནས་སྐབས་གཉིས་འཛིན་གྱི་འཁྲུལ་པས་རང་དགར་ཐ་དད་དུ་བཟུང་བ། དེ་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དབྱེར་མེད་རོ་གཅིག་ཁྱབ་གདལ་ཆེན་པོའི་ཀློང་དུ་འདུ་འབྲལ་མེད་པར་ངེས་ཤེས་བསྐྱེད་ཅིང་དམ་བཅའ་བ་ནི་ཐུན་མོང་མ་ཡིན་པའི་རྒྱས་གདབ་པ་སྟེ། ཧྲཱིཿ ལྷུན་གྲུབ་རྒྱལ་


JLAZ005_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བ་དམ་ཚིག་སེམས་དཔའི་སྐུ༔ སོགས་ནས། སྔགས་དོན་ནི། ཨཱོྃ་ཡེ་ཤེས་རྣམ་པ་ལྔས་མགོ་འདྲེན་པ། མ་ཧཱ་ཤུ་ཛྙཱ་ཏ་ནི་དག་པ་ཆེན་པོའི་ཡེ་ཤེས། ས་མ་ཡ་ཧཱུྃ་ནི་དམ་ཚིག་གིས་ཐུགས་རྒྱུད་བསྐུལ་བ། ས་མ་ཡ་སྟྭཾ་ནི་དམ་ཚིག་པ་དང་གཉིས་མེད། ར་ཧོ་ཧཾ་ནི་བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་ངོ་བོར་རྒྱས་ཐེབས་པའི་དོན་ནོ། །ལྔ་པ་ཕྱག་འཚལ་བ་ལ་གསུམ། གང་ལ་འཚལ་བའི་ཡུལ། ཇི་ལྟར་འཚལ་བའི་ཚུལ། དེ་ལྟར་བཙལ་བའི་དགོས་ཆེད་དོ། །དང་པོ་ལ་གསུམ། ཆོས་སྐུ་སྟོང་ཉིད་ནམ་མཁའ་ལྟ་བུའི་ཀློང་ནས། ལོངས་སྐུའི་གསལ་མདངས་སྣང་ལ་མ་འདྲེས་པར་སྟོན་ཅིང་སྤྲུལ་སྐུའི་ཐུགས་རྗེ་རྣམ་འགྱུར་གང་འདུལ་གྱི་རོལ་པར་ཤར་བ་སྟེ། སྐུ་གསུམ་འདུ་འབྲལ་མེད་པའི་བླ་མ་རྣམས་དང༌། དེ་བཞིན་དུ་ཆོས་སྐུའི་གནས་སྐབས་ན་རང་བཞིན་ཞི་བའི་ངང་ལས་མ་གཡོས་ཀྱང༌། ལོངས་སྐུའི་གསལ་ཆ་གདུག་པ་ཅན་འདུལ་ཕྱིར་ཤིན་ཏུ་ཁྲོ་བོར་སྟོན་ཅིང༌། སྤྲུལ་སྐུའི་རོལ་རྩལ་ཆ་ལུགས་མ་ངེས་པར་སྣང་བའི་བདག་ཉིད་ཡི་དམ་གྱི་ལྷ་ཚོགས་དང༌། ལྷ་ཚོགས་དེ་དག་ཀུན་གྱི་ཡུམ་གྱི་ཚུལ་དུ་སྣང་ཞིང་ངོ་བོའི་སྐབས་སུ་སྟོང་པ། ཡུམ་དེ་དག་གི་ཡབ་ལ་སྣང་ཞིང་རང་བཞིན་གྱི་སྐབས་སུ་གསལ་བ། དེ་གཉིས་གདོད་ནས་དབྱེར་མེད་དུ་བཞུགས་པ་བདེ་སྟོང་ཆེན་པོའི་ཡེ་ཤེས་ཀྱི་རྩལ་ལས་སྤྲུལ་པའི་སྲས་འཁོར་སྣ་ཚོགས་པར་ཤར་བ་རྣམས་ཕྱག་འཚལ་བའི་ཡུལ་ལོ། །གཉིས་པ་ཇི་ལྟར་འཚལ་བའི་ཚུལ་ལ་གསུམ། རབ་ལྟ་བ་མཇལ་བའི་ཕྱག །འབྲིང་སྒོམ་པ་


JLAZ005_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པའི་ཕྱག །ཐ་མ་མོས་གུས་ཀྱི་ཕྱག་གོ །དང་པོ་ནི། པཉྩ་དྲ་མ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང༌། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་གང༌། །ལེགས་མཐོང་གང་ཡིན་འདིར་ཕྱག་འཚལ། །ཞེས་གསུངས་པ་ལྟར། ཕྱག་འཚལ་བའི་ཡུལ། ཕྱག་འཚལ་བའི་མཁན་པོ། ཕྱག་འཚལ་བའི་ཚུལ་ཐམས་ཅད་རང་སེམས་སྐད་ཅིག་མའི་བྱེད་ལས་ཀྱིས་རྣམ་པར་སྒྲོ་བཏགས་པ་ལས། དོན་ལ་ཕྱག་འཚལ་ཡུལ་དང་འཚལ་བྱ་གཉིས་སུ་མ་གྲུབ་པས་ཡེ་ཤེས་ལ་ངེས་པ་རྙེད་པ་ནི་ཕྱག་འཚལ་བའི་མཆོག་ཡིན་ཞིང༌། དེའི་རྣམ་རོལ་ལས་ཀུན་རྫོབ་ཙམ་དུ་བརྡ་ཕྱག་འཚལ་བའི་ལྷ་མོ་བཞི་བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲོས་ཏེ། ཨེ་མ་ཧོ། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང༌། །སོགས་ཀྱི་མཐར། ན་མོ་ནི་ཕྱག་འཚལ་བ། གུ་རུ་དྷེ་ཝ་ཌཱཀྐི་ནི་བླ་མ་ཡི་དམ་མཁའ་འགྲོ་ལ། དྷརྨཱ་ཀཱ་ཡ་ནི་ཆོས་སྐུ། སཾ་བྷོ་ཀཱ་ཡ་ནི་ལོངས་སྐུ། ནིརྨ་ཀཱ་ཡ་ནི་སྤྲུལ་སྐུ་ལ། ཨ་ཏི་པུ་ཧོ། །ཞེས་པས་བརྡ་ཕྱག་སྤང་བླང་མེད་པར་བཙལ་བས། འཚལ་ཡུལ་དང་བཚལ་བྱ་གཉིས་ལ། བཟང་ངན་དང༌། གཉིས་ཆོས་མ་གྲུབ་པའི་བརྡར་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་སྤྲུལ་བའི་ལྷ་མོ་བཞི་བྱུང་སྟེ་པྲ་ཏི་ཙྪ་ཧོཿ ཞེས་ཕྱག་ལན་བཏབ་པར་བསམས་ལ་རང་རང་གི་ཐུགས་


JLAZ005_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་བསྡུའོ། །ས་བཅད་ཕྱི་མ་གཉིས་ནི་འོག་ཏུ་ཕྱག་འཚལ་བརྒྱ་རྩའི་སྐབས་འདོམས་ནས་འཆད་པ་ཡིན་ནོ། །གསུམ་པ་དགོས་ཆེད་ནི། དོན་དམ་ནམ་མཁའ་ལྟ་བུའི་ཀློང་ནས། ཀུན་རྫོབ་སྒྱུ་མ་ལྟ་བུའི་བརྡ་ཕྱག་སྤང་བླང་མེད་པར་བཙལ་བས། ཚོགས་གཉིས་ཐ་མི་དད་དུ་རྫོགས་པའི་དགོས་པ་ཡོད་དོ། །དྲུག་པ་མཆོད་པ་འབུལ་བའི་ཡན་ལག་ལ་ལྔ། ཕྱིའི་མཆོད་པ། ནང་གི་མཆོད་པ། གསང་བའི་མཆོད་པ། དེ་ཁོ་ན་ཉིད་ཀྱི་མཆོད་པ། སྨན་གཏོར་རཀྟའི་མཆོད་པའོ། །དང་པོ་ལ་གཉིས། འབུལ་བའི་ཏིང་ངེ་འཛིན་དང༌། འབུལ་བའི་ཡུལ་བཤད་པའོ། །དང་པོ་ནི། ཕྱི་རྫས་ཀྱི་མཆོད་པ་སྔར་བྱིན་རླབས་ཀྱི་སྐབས་སུ་བཤད་པ་སོ་སོའི་རྐང་གྲངས་དང་གོ་རིམ་བཞིན་ཐོགས་པའི་ལྷ་མོ་ཡིད་འོང་མ་བློས་མི་འཁྱུད་པ་ཙམ་བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲོ་ཞིང༌། རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་རང་གིས་ལོངས་སྤྱོད་པའི་ཚུལ་དུ་བདག་མདུན་ཐ་མི་དད་དུ་འབུལ་བ་ཡིན་ནོ། །གཉིས་པ་ནི། མཆོད་ཡོན་ཞལ། ཞབས་བསིལ་ཕྱག་ཞབས། མེ་ཏོག་དབུ། བདུག་སྤོས་ཤངས། མར་མེ་སྤྱན། དྲི་ཆབ་སྐུ། ཞལ་ཟས་ལྗགས། རོལ་མོ་སྙན་ལ་སོགས་ཏེ། མདོར་ན་སྣང་སྲིད་ཀྱི་འདོད་ཡོན་དབང་པོ་དྲུག་གིས་སྤྱོད་ཡུལ་དུ་གྱུར་ཚད་ཐམས་ཅད་བཟང་ངན་རོ་མཉམ་ཆེན་པོར་


JLAZ005_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་བས་མཉེས་པར་བསམ་ལ། ཧཱུྃ་ཧྲཱིཿ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ སོགས་བརྗོད། གཉིས་པ་ནང་མཆོད་ནི། བམ་གཙང་མ་ལ་རང་བྱུང་དུ་གནས་པའི་ཁྲག་གི་མཆོད་ཡོན་དང་ཞབས་བསིལ། མིག་ལྕེ་རྣ་བ་སྣ་སྙིང་སྟེ་དབང་པོ་ལྔ་ཚོམ་བུ་གཅིག་ཏུ་བྱས་པས་མེ་ཏོག །སྤྱི་ཁྱབ་ཏུ་བཤད་མ་ཐག་པ་ཁོ་ན་གྲགས་ཆེ་ཡང༌། ལ་ལར་སྙིང་གི་དོད་དུ་མ་མཆུ་བརྩི་བའང་ཡོད་དེ། གནས་སྐབས་འདིར་ཕྱི་མ་ལྟར་འཐད་པར་སེམས་ཏེ། རྒྱུ་མཚན་ཅིའི་ཕྱིར་ན། འོག་ཏུ། བྷནྡྷ་འབར་བའི་ཀོང་བུ་རུ༔ གོ་རོ་ཙ་ནའི་མར་ཁུར་གཏམས༔ གསལ་བྱེད་རྩ་ཡི་སྡོང་བུ་བཙུགས༔ དབང་པོ་ལྔ་ཡི་སྒྲོན་མེ་སྦར༔ ཞེས་མགོ་བོ་གཅིག་པུ་ལ་དབང་ལྔ་ཚང་པའི་རྣམ་གཞག་བྱུང་བས་སོ། །ཚིལ་ཆེན་དང་ཤ་གསུར་གྱི་བདུག་སྤོས། ཞུན་ཆེན་གྱི་སྐྲ་ལས་སྦར་བའི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཕྱུར་བུར་སྤུངས་པའི་ཞལ་ཟས། རྐང་གླིང་དང་ཐོད་རྔ། ཅང་ཏེའུ་ལ་སོགས་ཏེ་རང་བྱུང་གི་རྫས་ལ་བརྟེན་པའི་མཆོད་པ་རྣམས་དང་རྩོལ་བས་མ་བསྒྲུབ་པར་རང་བྱུང་གི་མཆོད་རྫས་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་ཏེ་འདོད་ཡོན་ལྔའི་རྣམ་རོལ་དུ་འཆར་བ་ཕྱི་རྫས་ལ་བརྟེན་པའི་མཆོད་པ། ལུས་ངག་ཡིད་གསུམ་རྒྱན་དང་ཆ་ལུགས་རྣམ་འགྱུར་རོལ་རྩེད་ཐམས་ཅད་མཆོད་པའི་ཞིང་དུ་


JLAZ005_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་ཞིང༌། ལྷ་མའི་མཆོད་རྫས་འདོད་ཡོན་ལོངས་སྤྱོད་རྫས༔ སོགས་ཤློ་ཀ་བརྗོད། གསུམ་པ་གསང་མཆོད་ནི། རྒྱུའི་དུས་ན་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལ་སོགས་ཏེ་དུག་ལྔ། དུག་གསུམ་ཐམས་ཅད་ཡེ་ཤེས་ལྔ་དང་རྡོ་རྗེ་གསུམ་གྱི་རྣམ་རོལ་ཏུ་རང་ཤར་རང་གྲོལ་དུ་སྤྱོད་པ་གསང་བའི་མཆོད་པ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཆེ༔ སོགས་དང༌། བཞི་པ་དེ་ཁོ་ན་ཉིད་བདེ་སྟོང་གཉིས་སུ་མེད་པའི་མཆོད་པ་ནི། ལྷ་ཚོགས་རྣམས་རང་རང་གི་ཡུམ་དང་སྦྱར་བའི་སྲུབ་སྦྱོར་གྱི་རྐྱེན་ལས་དྷུ་ཏིའི་མར་སྣ་ཁ་བྱེ་ནས་དྭངས་མའི་རཀྟ་ཡེ་ཤེས་ཀྱི་མེར་གནས་འགྱུར་ཏེ་གཏུམ་མོའི་ཤུགས་ཀྱིས་སྤར་བས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཞུ་བས་དགའ་བ། དེ་ལས་ལོངས་སྤྱོད་ཀྱི་འཁོར་ལོར་བབས་པས་མཆོག་དགའ། དེ་ལས་ཆོས་ཀྱི་འཁོར་ལོར་བབས་པས་ཁྱད་པར་གྱི་དགའ་བ། དེ་ལས་བདེ་སྐྱོང་གི་འཁོར་ལོར་བབས་ཏེ་རྗེས་ཆགས་ལྷག་པར་རྒྱས་པ་ལྷན་སྐྱེས་ཀྱི་དགའ་བ། དེའི་ཚེ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་འོད་གསལ་གྱི་ངོ་བོར་བཞུགས་པས་ཆགས་སྡང་གི་གཉིས་རྟོག་ཐམས་ཅད་དབྱིངས་རིག་དབྱེར་མེད་ཀྱི་ངོ་བོར་ལ་བཟླ་བ་སྟེ། ནང་གི་འདོད་ཡོན་ལ་སྦྱོར་བའི་སྐབས་སུ་ཆོས་ཉིད་འོད་གསལ་གྱི་སྣང་བ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་


JLAZ005_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། ཆོས་ཉིད་ཀྱི་བདེ་བའི་རང་སྒྲ་སིད་དང་ཧ་ལ་སོགས་པའི་གདངས་སུ་ཤར་བའི་སྒྲ། འོད་གསལ་གྱི་སྣང་ཆ་མ་འགགས་པའི་དྲི་བསུང་ཁྱབ་གདལ་དུ་འཐུལ་བའི་དྲི། འཁོར་འདས་ཀྱི་ཆོས་གཉིས་ཆོས་ཐམས་ཅད་ཀ་དག་གི་ངང་དུ་ཆུབ་པས་དྭངས་མའི་ཐིག་ལེ་བརྟས་པའི་རོ། འཕོ་མེད་ཀྱི་བདེ་བས་སྣང་སྲིད་འཁོར་འདས་ཐམས་ཅད་ཐིག་ལེ་ཉག་གཅིག་གི་ངོ་བོར་རྒྱས་ཐེབས་པའི་རེག་བྱ་རྣམས་ཏེ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པས། ཡབ་ཡུམ་གཉིས་མེད་མཁའ་གསང་རོལ་པ་ལས༔ སོགས་དང༌། སྔགས་དོན་གོང་མ་རྣམས་ནི་སྔར་བྱིན་རླབས་ཀྱི་སྐབས་ནས་བཤད་ཟིན་ལ་འདིར། བོ་དྷི་ཙིཏྟ་ནི་བྱང་ཆུབ་ཀྱི་སེམས། མ་ཧཱ་སུ་ཁ་ནི་བདེ་བ་ཆེན་པོའི། པཱུ་ཛ་མཆོད་པས། ཧོཿནི་མཉེས་པར་མཛོད་ཅིག་ཅེས་པའོ། །ལྔ་པ་ལ་གསུམ། སྨན་གྱི་མཆོད་པ། རཀྟའི་མཆོད་པ། གཏོར་མའི་མཆོད་པའོ། །དང་པོ་ལའང་ཕྱི་ནང་གསང་གསུམ་ལས། ཕྱི་ཀུན་རྫོབ་ཀྱི་སྨན་ནི། སྔར་བྱིན་བརླབས་ཀྱི་སྐབས་སུ་བཤད་པ་ལྟར། རྒྱུ་རྐྱེན་ཚོགས་པར་བྱས་ནས་བྷནྡྷར་བསྐྱིལ་བ་དེའོ། །ནང་དོན་དམ་གྱི་སྨན་ནི་ཕུང་པོ་དང་དབང་པོ་ལྔའི་དྭངས་མ་འཛག་མེད་དུ་བཅིངས་པའི་མཐུ་ལས་བཅུད་དུ་སྨིན་ནས་འཆི་མེད་ཀྱི་བདུད་རྩིར་གྱུར་པའོ། །གསང་བ་འཁོར་འདས་གཉིས་མེད་ཀྱི་སྨན་ནི། བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་


JLAZ005_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །ཞེས་གསུངས་པ་ལྟར། གཟོད་ནས་རང་བཞིན་གྱི་རྣམ་པར་དག་པ་མ་བཅོས་རྫོགས་པ་ཆེན་པོའི་ངོ་བོར་བྱང་ཆུབ་པས་ཅིར་སྣང་ལམ་དུ་ལྷོངས། སྣང་སྲིད་བདུད་རྩིའི་དཀྱིལ་འཁོར་དུ་ཤར་བ་ལ་བྱ་ཡི། དེ་ལས་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པའི་སླད་དུ་རང་གི་ཐུགས་ཀ་ནས་མཛེས་ཤིང་ཡིད་དུ་འོང་བའི་མཆོད་པའི་ལྷ་མོ་དཔག་གིས་མི་ལང་བར་སྤྲོས་ཤིང༌། དེ་དག་གི་ལག་པ་གཡས་པས་བདེ་སྐྱོང་གི་སྣོད་དུ་དམ་རྫས་བདུད་རྩིའི་རྒྱ་མཚོས་མེར་གྱིས་ཁེངས་པ་བཟུང་བ་ནས། གཡོན་པའི་མཐེབ་སྲིན་ཉི་ཟླའི་གའུར་སྦྱར་བས་བཅུས་ཏེ་བདག་མདུན་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་རྡོ་རྗེའི་ལྗགས་ཐོག་ཏུ་ཕུལ་བས། ཐུགས་བདེ་གསལ་ཆེན་པོས་རོས་མཉེས་པར་བལྟས་ལ་བདུད་རྩིའི་ཟེགས་མ་ཕྱི་མཆོད་རྣམས་དང་རཀྟའི་སྣོད་སོགས་སུ་མ་ཕོག་པར་བྱས་ལ་གཏོར་མར་བྲན་ཅིང༌། ཧྲཱིཿབྷནྡྷ་ཁོར་ཡུག་ཡངས་པའི་སྣོད་ཆེན་དུ༔ སོགས་བརྗོད། སྔགས་དོན་ནི། ཇི་སྐད་དུ། ཨཱོྃ་ལས་ཡེ་ཤེས་བདུད་རྩི་འབྱུང༌། །ཨཱཿཡིས་སྐྱེ་མེད་ཆོས་ཀྱི་དབྱིངས། །ཧཱུྃ་གིས་བདུད་རྩི་རྣམ་པར་དག །སརྦ་ཐམས་ཅད་དབང་དུ་སྡུད། །པཉྩ་རྣམ་ལྔ་མངོན་སངས་རྒྱས། །ཨ་ནི་སྐྱེ་མེད་ཆོས་ཀྱི་དབྱིངས། །མྲྀ་ནི་བདུད་རྩི་རྣམ་པར་དག །ཏ་ནི་འཁོར་བ་སྟོངས་པར་བྱེད། །ཁ་


JLAZ005_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རཾ་ཁཱ་ཧི་གསོལ་ལོ་གསོལ། །ཞེས་བཤད་པ་ལྟར་རོ། །ལས་བྱང་ཚངས་པའི་སྒྲ་དབྱངས་དང་གཞུང་བཞིན་དུ་སྐབས་འདིར་བདུད་རྩིའི་དངོས་གྲུབ་ལ་རོལ་པའི་ཚིག་ཀྱང་འབྱུང་སྟེ། དེ་དག་ལ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བྱིན་རླབས་བདུད་རྩིའི་སྟེང་དུ་ཡི་གེ་འབྲུུ་གསུམ་གྱི་རྣམ་པར་གནས་པ་མཐེབ་སྲིན་ཉི་ཟླའི་གའུས་བླངས་ཏེ། རང་གི་གནས་གསུམ་དུ་རེག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམས་ལ་མྱང་ཞིང༌། འདིར་ཡང་དངོས་བསྟན་མ་གསུངས་ཀྱང་མཇུག་ཏུ་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པས་དེ་ལྟར་བྱས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་མོད། མ་བྱས་ཀྱང་སྐྱོན་ནི་མེད་དོ། །གཉིས་པ་རཀྟའི་མཆོད་པ་ལའང་ཕྱི་ནང་གསང་གསུམ་ལས། དང་པོ་ནི། དངོས་སུ་བཤམས་པའི་རཀྟ་སྔར་བྱིན་རླབས་ཀྱི་སྐབས་སུ་རྣམ་དབྱེ་བཤད་པ་དང༌། གཉིས་པ་ནི། འདོད་ཆགས་ཀྱི་རྟོག་པ་ཐམས་ཅད་བདེ་སྟོང་གི་ངང་དུ་འབུར་འཇོམས་སུ་སྒྲོལ་བ་དང༌། གསུམ་པ་ནི། སྣང་བ་ཡབ་ཀྱི་རྡོ་རྗེ་སྟོང་པ་ཡུམ་གྱི་མཁའ་གསང་དུ་རོལ་བ་ལས་བྱུང་བའི་ཟུང་འཇུག་ཁྲག་ཆེན་གྱི་དྭངས་བཅུད་ཁྱབ་གདལ་དུ་འབར་བ་ལ་བྱ་ཡི་དེ་ལས་ཀུན་རྫོབ་འཁོར་བའི་གཞི་རྩ་གཅོད་པའི་སླད་དུ་མཚན་མ་རྫས་ཀྱི་རཀྟ་ཁམས་གསུམ་བྷནྡྷ་འབར་བའི་དབྱིངས་སུ། ཉོན་མོངས་ཀུན་གྱི་


JLAZ005_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་མ་རིག་ཁྲག་གི་རྒྱ་མཚོ་རླབས་ཕྲེང་དབའ་ཀློང་འཁྲུགས་པ་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཕུལ་བས་འཁོར་བ་ལུགས་ལྡོག་ཏུ་སྐད་ཅིག་ལ་སྟོངས་པར་བསམས་ལ། ཧྲཱིཿདུང་ཆེན་སྣོད་དུ་དམར་ཆེན་དབའ་རླབས་འཕྱོ༔ སོགས་བརྗོད་ཅིང་སྔགས་དོན་ནི། གོང་དུ་བཤད་ཟིན་ཏོ། །གསུམ་པ་གཏོར་མའི་མཆོད་པ་ལ་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་དང་བཞི་ལས། དང་པོ་ནི་སྔར་བྱིན་རླབས་ཀྱི་སྐབས་སུ་བཤད་པའི་དངོས་བཤམས་ཀྱི་གཏོར་མ་རྫས་དང་བཅས་པ་འདོད་ཡོན་གྱི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་སྤར་བ་རྣམས་དང༌། གཉིས་པ་ནི། རང་ལུས་ཕུང་ཁམས་སྐྱེ་མཆེད་ཀྱི་དྭངས་བཅུད་ཐམས་ཅད་འཛད་མེད་ཀྱི་བདུད་རྩིའི་རང་བཞིན་དུ་སྦར་བ་དང༌། གསུམ་པ་ནི། སངས་རྒྱས་རྣམས་ཀྱི་ཐུགས་དབྱིངས་ཀྱི་རང་བཞིན་ཁྱབ་གདལ་ཆེན་པོ་ལ་མའི་བརྡ་ཆད་བཞག་པ་དང༌། མ་དེ་ལས་གཉིས་སྣང་གི་ཞེན་པ་ཕྲ་མོའི་རྐྱེན་གྱིས་སེམས་ཅན་གྱི་རིག་པ་དུམ་བུར་ཆད་པ་བུའི་སྣང་ཚུལ་དུ་ཤར་བ་ལས། དབྱིངས་རིག་ཐ་དད་དུ་གྱུར་པས་འཁོར་འདས་སུ་བྱེ་བའི་གཉིས་འཛིན་གྱི་བྱུར་འདྲེ་ཐམས་ཅད་འཁོར་གསུམ་མི་དམིགས་པའི་ཀློང་དུ་བསྒྲལ་ནས། ཐ་མལ་སྣང་ཞེན་གྱི་གཏོར་མ་ཟག་མེད་ཀྱི་བདུད་རྩིར་སྦར་ཏེ་ཕུལ་བས་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་


JLAZ005_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ནང༌། སྟོང་སང་སྦུ་གུ་ལས་བྱུང་པའི་ཟེར་གྱིས་འཁོར་འདས་ཀྱི་དྭངས་མའི་བཅུད་ཐམས་ཅད་དྲངས་ནས་གསོལ་བས་ཤིན་ཏུ་དགྱེས་པ་འཁྲུངས་པར་བལྟ་ཞིང༌། འདི་ལ་བསྒྲལ་མཆོད་དམིགས་བསལ་མེད་པར་སྣང་ཡང༌། དོན་དམ་ཡེ་སྒྲོལ་གྱི་ཁོངས་སུ་འདོམས་པ་ཡིན་པས་གཏོར་མ་དང་ཟུང་འབྲེལ་དུ་ཚང་ངོ༌། །བཞི་པ་ནི། དེ་དག་ཐམས་ཅད་ཀྱང་འཁོར་གསུམ་ཀ་དག་ཐིག་ལེ་ཉག་གཅིག་གི་ངོ་བོར་རྩལ་རྫོགས་པས་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་སྤྲོས་བྲལ་ཆེན་པོའི་རྣམ་རོལ་ཏུ་བལྟས་ལ། ཧཱུྃ་ཧྲཱིཿ དབྱིངས་རིག་མ་བུའི་བྱུར་འདྲེ་རབ་བསྒྲལ་ཏེ༔ སོགས་མཐར་ཆགས་སུ་བརྗོད། སྔགས་དོན་བྱིངས་ནི་སྔར་ནས་བཤད་པས་གོ་ལ། ཁ་ཁ་ཞེས་པ་བཞེས་བཞེས། ཁཱ་ཧི་ཁཱ་ཧི། ཞེས་པ་བཞེས་ཤིག་བཞེས་ཤིག་ཅེས་པ་ལྟ་བུའོ། །དེ་ཡང་མཆོད་པ་དེ་དག་ཐམས་ཅད་ལ་རྣམ་གཞག་གམ་འགགས་བསྡོམས་སུ། རྒོད་ཚང་རིག་འཛིན་ཆེན་པོས། དེ་དག་ཐམས་ཅད་ལ་ཕྱི་རོལ་དུ་དམིགས་རྟེན་དངོས་སུ་བཤམས་པ་ནི་མཚན་མ་རྫས་ཀྱི་མཆོད་པ། ནང་གི་ཤ་ཁྲག་དྲོད་དབུགས་ལ་སོགས་པ་རང་ལུས་ཁ་རྗེ་དབང་ཐང་དང་བཅས་པ་ནི་ནང་རང་བྱུང་ལྷུན་གྲུབ་ཀྱི་མཆོད་པའོ། །གསང་བར་གཤིས་སྐྱེ་མེད། གདངས་འགག་མེད། རྩལ་སྣ་ཚོགས་སུ་ཤར་བ་མཐའ་དག་དོན་དམ་


JLAZ005_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ཀྱི་མཆོད་པ། དེ་དག་ཐམས་ཅད་ཀྱང་དབུལ་བྱའི་ཡུལ་དང༌། འབུལ་བྱེད་ཀྱི་གང་ཟག །ཕུལ་རྒྱུའི་དངོས་པོ་སོགས་སོ་སོར་མ་གྲུབ་པ། གཅིག་ཏུ་ཡང་མ་བསྡུས་མིང་དང་མཚན་མའི་ཐ་སྙད་ལས་འདས་ཤིང༌། ཡིད་དཔྱོད་ཀྱི་བློ་འམ། རྟག་ཆད་ཀྱི་ཡུལ་དང་བྲལ་བ་དེ་ཁོ་ན་ཉིད་ཡང་དག་དོན་གྱི་མཆོད་པའི་མཆོག་ཏུ་གྱུར་པའི་དོན་རིག་པར་བྱ་ཞེས་གསུངས་པ་ཤིན་ཏུ་དགོངས་པ་ཟབ་ཅིང་ཡང་དག་པའི་མན་ངག་ཡིན་ནོ། །བདུན་པ་བསྟོད་པའི་རྣམ་གྲངས་ལ་གཉིས། བསྟོད་པའི་ཚུལ། བསྟོད་པ་དངོས་སོ། །དང་པོ་ལ་གསུམ། རང་ཉིད་ལས་སྤྲུལ་བའི་ལྷ་མོ་མཛེས་ཤིང་ཡིད་དུ་འོང་བ་གྲངས་མེད་ཀྱིས་གཙོ་འཁོར་ཀུན་ལ་ཕྱག་འཚལ་ཞིང་ཐོས་པ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་རྩོལ་མེད་དུ་འཆར་བའི་དབྱངས་དང་བཅས་བསྟོད་པར་བསམ་པ་དང༌། འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་གཙོ་ལ་ཤིན་ཏུ་འདུད་པའི་སྒོ་ནས་བསྟོད་པར་བསམས་པ་དང༌། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་གྲག་སྟོང་སྐྱེ་མེད་ཀྱི་རང་སྒྲ་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ཙམ་གྱིས་བསྟོད་པར་བསམ་པ་སྟེ། གསུམ་ཀ་ལ་བསྟོད་བྱའི་ཡུལ་གྱི་གསང་བ་གསུམ་གྱི་ཡོན་ཏན་ཁྱད་པར་ཅན་རྣམས་རྗེས་སུ་དྲན་པས་བསྟོད་པའི་ཚུལ་ལས། འདིར་ཕྱི་མ་ལྟར་བསྟོད་པའོ། །གཉིས་པ་ལ་གསུམ།


JLAZ005_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ལ་བསྟོད་པ། འཁོར་གྱི་ལྷ་ཚོགས་ལ་བསྟོད་པ། ཐུན་མོང་དུ་བསྟོད་པའོ། །དང་པོ་ལ་གཉིས། སྐུ་གསུམ་ཡན་ལག་བདུན་ལྡན་གྱི་རྣམ་རོལ་ལ་བསྟོད་པ་དང༌། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ལ་བསྟོད་པའོ། །དང་པོ་ནི། ཚིག་རྐང་དང་པོས། འགྲོ་བ་ཀུན་ལ་བརྩེ་བའི་ཐུགས་རྗེ་རྒྱུ༷ན་མི༷་ཆ༷ད་ཅིང་ཐུ༷གས་རྗེ༷་ཆེ༷ན་པོ༷ས་ཐུགས་རྒྱུད་ཡོངས་སུ་གང་བ། འགོ༷ག་པ༷་མེ༷ད་པ་སྟེ། སྤྲུལ་སྐུའི་ཡན་ལག་གསུམ་གྱི་སྒོ་ནས་བསྟོད། ཚིག་རྐང་བར་པས། སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྤྲོས་པ་ཐམས་ཅད་དང་བྲལ་བ་ར༷ང་བཞི༷ན་མེད༷་པ་སྟེ། ཆོས་སྐུའི་ཡན་ལག་གཅིག་གིས་བསྟོད། ཚིག་རྐང་འོག་མས། ཟབ་རྒྱས་སྔགས་ཀྱི་ཆོས་འཁོར་ལ་རྟག་པར་ལོ༷ངས་སྤྱོ༷ད་པ་དང༌། ཡེ་ཤེས་ཀྱི་སྐུ་རང་འོད་ཀྱི་ཡུམ་དང་སྦྱོར་བས་ཁ༷་སྦྱོ༷ར། ཟག་པ་མེད་པའི་བདེ༷་བ༷་ཆེ༷ན་པོ༷་རྒྱུན་ཆད་མེད་པ་སྟེ། ལོངས་སྐུའི་ཡན་ལག་གསུམ་གྱི་སྒོ་ནས་བསྟོད་པའོ། །འདི་ལ་རྒྱུའི་ཡན་ལག་དང༌། འབྲས་བུའི་ཡན་ལག་ཅེས་གཉིས་སུ་དབྱེ་བའི་བཤད་མ་ཐག་པ་ནི་འབྲས་བུའི་ཡན་ལག་བདུན་ལྡན་གྱི་དགོངས་པའོ། །གཉིས་པ་ནི། ཨེ་ཝཾ་ཟུང་འཇུག་གི་བདེ་བ་ཆེན་པོའི་ཡེ་ཤེས་ཟག་པ་མེད་པའི་རྩལ་ལས་སྤྲུལ་བསྒྱུར་སྣ་ཚོགས་སུ་འཆར་བར་ནུས་པའི་རང་བཞིན་ལ་བསྟོད་པའོ། །གཉིས་པ་འཁོར་


JLAZ005_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་ཚོགས་ལ་བསྟོད་པ་ནི། ཁོག་འབུབས་སྤྱི་དོན་ནས་བཤད་པའི་དག་དྲན་མ་འདྲེས་པར་གསལ་བའི་ངང་ལས། བུདྡྷ་ཐོད་ཕྲེང་དཀར་སྔོ་དམར་བའི་ཞལ༔ སོགས་དང༌། གསུམ་པ་ནི། དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ་ཤིན་ཏུ་འདུད་པའི་སེམས་ཀྱིས། ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ སོགས་བསྟོད་པ་སྟེ། དེ་ཡང་རྒྱུད་ཀརྨ་མ་ལེར། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ། །རིགས་ལྔའི་ཕྱག་རྒྱའི་དྲིལ་སྟབས་བྱ། །ཞེས་བཤད་པ་ལྟར་དབྱངས་སྙན་པོ་དང་བཅས་མཐོང་བ་བརྒྱུད་པའི་ལམ་སྲོལ་ཕྱིན་ཅི་མ་ལོག་པའི་ཕྱག་རྒྱ་བསྒྱུར་བས་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། ཡེ་ཤེས་རིག་པའི་ལྷ་ལ་བསྟོད་པས་མཉེས་རྒྱུ་དང༌། མ་བསྟོད་པས་མི་མཉེས་པར་འགྱུར་བའི་གཉིས་རྟོག་ཅི་ལ་མངའ་ཡང༌། རང་རིག་དོན་དམ་སྟོང་ཉིད་ཀྱི་རོལ་རྩལ་སྒྱུ་མའི་ལྷ་སྐུར་ཤར་བའི་སྐུ་མདོག་ཕྱག་མཚན་གྱི་བརྡ་དོན་མཚོན་བྱེད་ཀྱི་དག་པ་དྲན་པའི་ངང་ནས་བསྟོད་པས་བསོད་ནམས་ཀྱི་ཚོགས་ལྷག་པར་འཕེལ་ཞིང་དེ་ཉིད་ཀྱི་མཐུ་ལས་ཡེ་ཤེས་ཀྱི་སྣང་བ་ཆེས་ཆེར་རྒྱས་ནས་དོན་གཉིས་ལྷུན་གྲུབ་ཏུ་བྱེད་ནུས་པའོ། །བརྒྱད་པ་བཟླས་པའི་ཡན་ལག་ནི་སྒྲུབ་ཆེན་གྱི་ཁོག་འབུབས་དང་སྦྲགས་ནས་འཆད་དེ། དེ་ལ་དྲུག །བགྲང་ཕྲེང་གི་རྣམ་གཞག །ཛབ྄་དགོངས་གསལ་འདེབས། ཛབ྄་བསྐུལ། ཛབ྄་ཀྱི་རྣམ་དབྱེ།


JLAZ005_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཛབ྄་བཟླས་དངོས། ཛབ྄་མཇུག་བསྡུ་བའོ། །དང་པོ་ལ་བརྒྱད། ཕྲེང་བའི་རྒྱུ། ཁ་གྲངས། ཕྲེང་ཐག །རྒྱུ་ཚུལ། མདོ་འཛིན། བྱིན་རླབས། བགྲང་ཚུལ། དམ་ཚིག་གོ །དང་པོ་ལ་བཞི། ཕྲེང་བའི་ངོ་བོ། ངེས་ཚིག །རྣམ་གྲངས། དགོས་ཆེད་དོ། །དང་པོ་ནི། གཏེར་ཁ་འདི་ཉིད་ཀྱི་ཕྲེང་བའི་དེ་ཉིད་གསལ་བ་སྔགས་ཀྱི་སྒྲོན་མ་ལས། དང་པོ་ཕྲེང་བའི་ངོ་བོ་ནི༔ རྩར་ལ་བརྒྱུས་དང་གྲངས་ཅན་དང་༔ རྒྱན་དུ་བྱས་དང་ཁྲིགས་ལ་འབེབས༔ ཚད་འཛིན་བསྙེན་པའི་སླད་དུ་སྟེ༔ ཞེས་བཤད་པ་ལྟར་རོ། །གཉིས་པ་ནི་འདི་ཉིད་ལས། གཉིས་པ་ཕྲེང་བའི་ངེས་ཚིག་ནི༔ དད་དང་ལྡན་པའི་སྐྱེས་བུ་རྣམས༔ བླ་མ་ལ་ནི་སེམས་ཕྲེང་བ༔ ཞེས་པ་སོགས་ཏེ་རྩ་བ་གསུམ་དང་རྡོ་རྗེའི་སྤུན་གྲོགས་རྣམས་གཅིག་སེམས་གཅིག་ལ་ཕྲེང་བའི་ཕྱིར་ཕྲེང་བ་ཞེས་པའི་སྒྲ་བཤད་གསུངས་སོ། །གསུམ་པ་ནི། འདི་ཉིད་ལས། དང་དུ་བླང་དང་སྤང་བྱ་བ༔ དང་པོ་དང་དུ་བླང་བ་ཡི༔ ཕྲེང་བ་རྣམས་གྲངས་འདི་ལྟར་རོ༔ ཞེས་དང༌། རྒྱུ་ནི་རབ་ལ་རིན་པོ་ཆེ༔ འབྲིང་པོ་ཤིང་གི་འབྲས་བུ་སྟེ༔ ཐ་མ་ཤིང་དང་ས་རྡོ་དང་༔ སྨན་གྱི་ལྡེ་གུའི་ཕྲེང་བའོ༔ དུང་ནི་ཞི་བའི་ཕྲེང་བ་སྟེ༔ ཞི་བའི་ལས་ལ་བསྔགས་པའོ༔ གསེར་གྱི་ཕྲེང་བ་རྒྱས་པའི་ལས༔ བྱི་རུའི་ཕྲེང་བས་དབང་ལས་འགྲུབ༔


JLAZ005_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་དང་གཡུ་ཕྲེང་དྲག་པོའི་ལས༔ གཟི་མཆོང་སྣ་ཚོགས་ལས་ལ་ཤིས༔ ས་ཡི་ཤིང་འབྲས་ཞི་བའི་ལས༔ མཐེའུ་ཁམ་འབྲས་རྒྱས་པ་འགྲུབ༔ ལུང་ཐང་དབང་གིས་ལས་ལ་ཤིས༔ ནཱ་ག་ཁྱུང་མཆུ་རཀྴ་ཡི༔ དྲག་པོའི་ལས་ཀྱི་ཕྲེང་བར་བསྔགས༔ བོ་དྷི་ཙི་ནི་ཀུན་ལ་ཤིས༔ བྱང་ཆུབ་ཤིང་དང་སྐྱ་གཉེན་ཕྲེང་༔ ཞི་བའི་ལས་ཀྱི་ཕྲེང་བར་ཤིས༔ འོ་སེ་ལ་སོགས་འབྲས་བུ་ཅན༔ རྒྱས་པའི་ལས་འགྲུབ་ཕྲེང་བའོ༔ མཛོ་མོ་ཤིང་དང་འོམ་བུའི་ཕྲེང་༔ དབང་གི་ལས་འགྲུབ་ཕྲེང་བར་བསྔགས༔ སེང་ལྡེང་ཚེར་ནག་དྲག་པོའི་ཕྲེང་༔ བར་གློ་ཤིང་གི་ཕྲེང་བ་ནི༔ ལས་རྣམས་ཀུན་ལ་བསྔགས་པའོ༔ བ་སོའི་ཕྲེང་བས་ལས་ཀུན་འགྲུབ༔ ས་རིལ་ཞི་བའི་ཕྲེང་བ་ལ༔ རྒྱས་པར་རྡོ་རྗེའི་ཕྲེང་བ་ཤིས༔ སྨན་གྱི་ཕྲེང་བས་དབང་ལས་གྲུབ༔ ཐོད་པ་ལ་སོགས་རུས་ཆེན་གྱི༔ ཕྲེང་བས་དྲག་པོའི་ལས་འགྲུབ་འགྱུར༔ སྣ་ཚོགས་བསྡུས་པའི་ཕྲེང་བས་ནི༔ ལས་རྣམས་ཐམས་ཅད་འགྲུབ་ཅེས་བཤད༔ ཅེས་དང་༔ ཁ་དོག་ལ་མཚོན་ན་འདི་ཉིད་ལས༔ དཀར་པོའི་ཞི་བའི་ལས་ལ་བསྔགས༔ ཁ་དོག་སེར་པོ་རྒྱས་པའི་ཕྲེང་༔ དབང་ལ་ཁ་དོག་དམར་པོའི་ཕྲེང་༔ ནག་པོ་དྲག་པོའི་ཕྲེང་བར་གྲགས༔ ལས་རྣམས་ཀུན་ལ་ཁྲ་བོར་བཤད༔ ཅེས་དང༌། དེ་བཞིན་དུ་


JLAZ005_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཟོས་པའི་ཕྲེང་བ་རྣམས་ལ་ཆེ་ཆུང་གི་ཚད་ཀྱང་གསུངས་མོད་ཀྱི་ཧ་ཅང་དགོས་པ་ཆུང་བས་མ་སྤྲོས་སོ། །དེ་ལས་སྤང་བྱའི་ཕྲེང་བ་ནི༔ ངེས་མེད་ལུང་མ་བསྟན་གྱི་རིགས༔ ནུས་པ་མི་འབྱིན་སྤང་བར་བྱ༔ ཞེས་གསུངས་ཤིང༌། དེ་ཡང་ཤེལ་དང་ཉ་ཕྱིས་ལ་སོགས་པ་ནི་གསར་མའི་རྒྱུད་ནས་བཤད་ཅིང༌། གསར་རྙིང་གཉིས་ཀ་ནས་མ་བཤད་པའི་ཕྲེང་བ་ནི་སྤང་བར་བྱ་དགོས་སོ། །བཞི་པ་དགོས་ཆེད་ནི། འདི་ཉིད་ལས། སྤྱིར་ནི་སྔགས་ཀྱི་དམ་ཚིག་སྟེ༔ ཡི་དམ་ལྷ་ཡི་ཕྱག་རྟགས་དང་༔ མི་བརྗེད་གཟུངས་ཀྱིས་འཛིན་ཕྱིར་དང་༔ སྙིང་པོ་གྲངས་ལ་བཤར་སླད་དང་༔ ཤེས་རབ་ཡུམ་གྱི་རྟེན་འབྲེལ་དང་༔ ལོངས་སྤྱོད་རྫས་ཀྱི་རྟེན་འབྲེལ་དང་༔ རྒྱུ་རྐྱེན་ནུས་མཐུ་བསྐྱེད་ཕྱིར་དང་༔ དམ་ཚིག་ཡེ་ཤེས་སྐྱེ་ཕྱིར་དང་༔ བདག་དང་ལྷ་ཡི་སྟངས་འཛིན་དང་༔ བསྒྲུབ་བྱ་སྒྲུབ་བྱེད་བསྒྲུབས་པ་ཡི༔ འབྲས་བུ་མི་བཟད་སྤེལ་ཕྱིར་དང་༔ འཛབ་བསྙེན་དགོངས་པ་གསོ་ཕྱིར་དང་༔ ཞི་རྒྱས་དབང་དྲག་ལ་སོགས་པའི༔ ལས་རྣམས་མ་ལུས་བསྒྲུབ་ཕྱིར་དང་༔ འཁོར་ལོ་རྣམ་གསུམ་བསྐོར་ཕྱིར་དང་༔ སྤྱི་ཡི་དགོས་ཆེད་བསམ་མི་ཁྱབ༔ བྱེ་བྲག་སྔགས་ཀྱི་གྲངས་ཚད་འཛིན༔ ཞེས་དང༌། ཁྱད་པར་ཕྲེང་བའི་དགོས་ཆེད་ནི༔ སྨིན་གྲོལ་བསྐྱེད་རྫོགས་གཏན་


JLAZ005_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབབ༔ གསང་སྔགས་ལམ་གྱི་འཇུག་སྒོ་ལས༔ ཐབས་ཀྱི་ཁྱད་པར་ཡིན་པའི་ཕྱིར༔ རྟེན་འབྲེལ་ཟུང་འཇུག་ཉམས་སུ་བླང་༔ ཞེས་སོགས་དགོས་པ་ཁྱད་པར་ཅན་ཡོད་པར་གསུངས་སོ། །གཉིས་པ་ཁ་གྲངས་ནི། འདི་ཉིད་ལས། ཕྲེང་བའི་གྲངས་ཀྱི་ཚད་བསྟན་པ༔ སྤྱི་ལ་བརྒྱ་དང་བརྒྱད་བསྔགས་ཀྱང་༔ ཡང་ན་དེ་ཕྱེད་ལྔ་བཅུ་བཞི༔ ཉེར་གཅིག་དང་ནི་བཅུ་གཅིག་སྟེ༔ ཞི་བའི་ལས་སྔགས་གང་འདྲེན་ཀྱང་༔ བཅུ་གཅིག་གྲངས་ཚད་ཡང་ཡང་བསྐྱར༔ བརྒྱ་སྟོང་ཁྲི་འབུམ་ལ་སོགས་ཀྱི༔ བསྙེན་གྲངས་ཚད་བཟུང་གཞུང་དང་བསྟུན༔ དེ་བཞིན་རྒྱས་པ་བརྒྱ་རྩ་བརྒྱད༔ དབང་ལ་ལྔ་བཅུ་རྩ་བཞིའི་གྲངས༔ དྲག་པོ་ལ་ནི་ཉེར་གཅིག་པ༔ ཀུན་ཀྱང་རང་རང་གཞུང་ལུགས་ལྟར༔ གྲངས་ཀྱི་བསྙེན་པ་ཚད་དུ་བསྐྱལ༔ དེ་ལྟར་རྣམ་པ་བཞི་དག་ལས༔ མང་བ་མི་བྱ་ཉུང་མི་བྱ༔ ཞེས་གསུངས་པ་ལྟར་རོ། །གསུམ་པ་ཕྲེང་ཐག་ནི། འདི་ཉིད་ལས། ཕྲེང་བའི་རྒྱུན་ཐག་འདི་ལྟ་སྟེ༔ ཞི་བ་བལ་སྐུད་དཀར་པོ་ལ༔ རྒྱས་པར་རས་སྐུད་སེར་པོ་སྒྲིལ༔ དབང་ཕྲེང་དར་སྐུད་དམར་པོ་ལ༔ དྲག་པོའི་ཕྲེང་བ་གྲི་རྒྱུས་སམ༔ ཡང་ན་རྒྱུས་ཆེན་སྒྲིལ་བར་བྱ༔ དེ་བཞིན་རྒྱུ་མ་པགས་པའི་རིགས༔ རྒྱུན་བར་གྲས་པའི་རིགས་ཀྱིས་


JLAZ005_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིལ༔ སྣ་ཚོགས་ལས་ཀྱི་ཕྲེང་བ་ནི༔ ཚོན་སྐུད་ལྔ་སྒྲིལ་སྲད་བུ་སྟེ༔ ཀུན་ཀྱང་ཕྲ་སྦོམ་ཕྲེང་བ་ཡི༔ མིག་དང་བསྟུན་ལ་རན་པར་བྱ༔ ཡངས་པ་མ་ཡིན་དོག་པ་མིན༔ རིང་བ་མ་ཡིན་ཐུང་བ་མིན༔ ཧ་ཅང་དོག་ན་ལས་མི་འགྲུབ༔ ཡང་ན་གསེབ་ཆད་བར་ཆད་འཇུག༔ རིང་ན་ལྷ་འགྱངས་སྒྲུབ་པ་གཡེལ༔ ཧ་ཅང་ཐུང་ན་ཚེ་ལ་གཟན༔ འཐུད་མ་ཅན་དང་མདུད་པ་ཅན༔ ཕྲ་སྦོམ་མ་སྙོམས་གོད་ཁ་འབྱུང་༔ དེ་སོགས་རྣམ་དབྱེ་ཤེས་པར་བྱ༔ ཞེས་གསུངས་པས་གསལ་བོར་གོ་ནུས་ཤིང༌། འོན་ཀྱང་སྐུད་པའི་རིགས་ལ་ཚོན་སྣ་ལྔ་ཙམ་མ་གཏོགས་ཉག་མ་ཁ་གྲངས་དང་འཁལ་མཁན་གྱི་རྣམ་གཞག་གསལ་བར་མ་གསུངས་མོད། བླ་མ་གོང་མ་དག་འཛག་མེད་ཀྱི་བདེ་བ་སྤོར་བའི་རྟེན་འབྲེལ་དུ་གྲོང་པའི་ཆོས་ཀྱིས་མ་གོས་པའི་མཚན་ལྡན་གྱི་མི་ཏྲས་འཁལ་བར་བཞེད་ཅིང༌། དེའི་རྒྱུ་མཚན་ནི། རྡོ་རྗེ་མཁའ་འགྲོ་ལས། གཞོན་ནུ་མ་ཡིས་བཀལ་བའོ། །དེ་ཡང་གཟུགས་མཛེས་ལུས་རྫོགས་ཤིང༌། །གཙང་ཞིང་དྲན་ལྡན་སྙན་པར་སྨྲ། །དེ་ཡིས་བཀལ་བའི་ཕྲེང་ཐག་ནི། །གྲོལ་བའི་དངོས་གྲུབ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལ་དགོངས་པ་ཡིན་པར་མངོན་ནོ། །ཉག་མའི་གྲངས་ནི། སཾ་བྷུ་ཊི་ལས། ཕྱོགས་དང་མཚམས་ནི་བརྒྱད་རྣམས་སུ། །


JLAZ005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་དགུ་པ་སངས་རྒྱས་ཉིད། །ལྷ་ནི་དགུ་ཡོད་སྲད་བུ་ལ། །ལྷ་དགུ་བྱིན་གྱིས་བརླབ་པར་བྱ། །ཞེས་བཤད་པ་ལྟར་འདི་ལའང་དབུས་ཀྱི་ཉག་མ་པདྨ་བཛྲ་རྩལ་དང༌། ཕྱོགས་མཚམས་བརྒྱད་དུ་བུདྡྷ་ཐོད་ཕྲེང་ལ་སོགས་ཁྲོ་བོ་བརྒྱད་མཚོན་པར་བསམས་ནས་ཉག་མ་དགུ་བྱེད་པ་ནི་ཤིན་ཏུ་སྦྱོར་དུ་རུང་བ་ཡིན་ནོ། །ཁ་ཅིག་ན་རེ། སྔགས་གསར་མའི་རྒྱས་འགེབས་མི་རིགས་སོ་ཞེ་ན། ཤིན་ཏུ་རིགས་ཏེ། གསར་རྙིང་ཐུན་མོང་ལ་གྲགས་པའི་དམ་ཚིག་གི་རྫས་བཅང་དུ་འོས་པ་འདི་དག་ལ་བཤད་ཚུལ་གྱི་ཁྱད་པར་ཅུང་ཟད་ལས། འགལ་འདུར་གྱུར་བ་མེད་ཅིང༌། དེར་མ་ཟད་ཆོས་ཀྱི་གནད་འགག་མཁྱེན་ཅིང་ཕྱོགས་སུ་མ་ལྷུང་བའི་མཁས་གྲུབ་རྣམས་ནི་ཕན་ཚུན་ཆུ་དང་མེ་ལྟ་བུར་ཚ་གྲང་དུ་མི་གཟིགས་མོད། འོན་ཀྱང་ཆོ་ག་དང་སྒྲུབ་ཐབས་ཀྱང་བསྲེ་བ་དག་ནི་ཆོས་བརྒྱད་ཀྱི་མ་དཱ་ནས་ཡིད་རྣམ་པར་མྱོས་ནས་འགྱུར། དང་ཨཱུདྡྷ་དྷ་ཡོད་པ་ལྷན་ཅིག་ཏུ་བསྲེས་པ་མ་དགོངས་སོ། །བཞི་པ་རྒྱུ་ཚུལ་ནི། སཾ་བུ་ཊི་ལས། ཨཱ་ལི་ཀཱ་ལི་ས་བོན་ཉིད། །ཧཱུྃ་གིས་སྲད་བུས་བརྒྱུ་བར་བྱ། །ཞེས་གསུངས་པ་ལྟར། ཕྲེང་ཐག་ཡི་དམ་གྱི་གཙོ་བོ་ལ། ཕྲེང་བ་འཁོར་གྱི་ལྷ་ཚོགས་ཀྱིས་བསྐོར་བར་བསམས་ཤིང༌། ཧཱུྃ་གིས་གླུ་ལེན་པ་དང་མཉམ་དུ་བརྒྱུ་བར་བྱའོ། །


JLAZ005_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་མདོ་འཛིན་ནི། འདི་ཉིད་ལས། ཕྲེང་བའི་མདོ་འཛིན་འདི་ལྟ་སྟེ༔ ཞི་བ་དཀར་ཞིང་ཟླུམ་ལ་སྒྲིལ༔ རྒྱས་པ་སེར་པོ་རྒྱ་མདུད་ཅན༔ ཡང་ན་ལྕིམ་གཞོགས་མཆོད་རྟེན་རིས༔ དབང་ལ་མེ་ཏོག་དམར་པོ་བྱ༔ དབྱིབས་ནི་ལེབ་དང་ཟླ་གམ་དང་༔ ནར་མོ་ཉིད་ཀྱང་ཤིས་པའོ༔ དྲག་པོ་ཁ་དོག་ནག་པོའི་ཆ༔ དབྱིབས་ནི་གྲུ་གསུམ་སེན་ཐབས་རིས༔ ཟུར་ཅན་བུག་པ་ཚག་ཚག་ཅན༔ མདོར་ན་རྩུབ་ལ་རྣོ་བ་ཡི༔ སྣ་ཚོགས་ལས་ཀྱི་ཕྲེང་བ་ལ༔ མདོ་འཛིན་སྐུ་གསུང་ཐུགས་ཀྱི་རྒྱ༔ དཀར་དམར་སྔོན་པོའི་རིགས་ཀྱིས་སྤྲས༔ དེ་སོགས་ཚུལ་མཐུན་རིག་པས་དཔྱད༔ ཅེས་པས་སོ་སོ་དང་མཐུན་པའི་མདོ་འཛིན་བྱ་བར་བཤད་ཅིང༌། སྤྱི་ཁྱབ་ཏུ་རྡོ་རྗེ་གསུམ་མཚོན་བྱེད་དུ་སུམ་བརྩེགས་སུ་གསུངས་པ་ལྟར། སྟེང་མ་ཐུགས་ཆོས་དབྱིངས་འགྱུར་པ་མེད་པའི་ཡེ་ཤེས་མཚོན་ཕྱིར་ཁ་དོག་སྔོན་པོ། བར་མ་གསུང་རྡོ་རྗེ་མཚོན་ཕྱིར་ཁ་དོག་དམར་པོ། འོག་མ་སྐུ་རྡོ་རྗེ་མཚོན་ཕྱིར་ཁ་དོག་དཀར་པོར་བྱ་བ་ཡིན་ཞིང༌། དེ་ཡང་དེ་ཁོ་ན་ཉིད་དང་སྦྱར་ན། སྟེང་མ་ངོ་བོ་ཆོས་སྐུ་སྟོང་པ། བར་མ་རང་བཞིན་གསལ་བ་ལོངས་སྐུ། འོག་མ་ཐུགས་རྗེ་ཀུན་ཁྱབ་སྤྲུལ་བའི་སྐུ་སྟེ་སྐུ་གསུམ་ལ་འདུ་འབྲལ་མེད་པའི་བརྡ་དོན་ཡིན་ཞིང་སྔགས་


JLAZ005_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གསར་མ་ལ་ནི་དག་པ་གཉིས་ལྡན་མཚོན་ཕྱིར་མདོ་འཛིན་ཉིས་བརྩེགས་སུ་བྱ་བར་བཤད་དོ། །སཾ་བུ་ཊི་ལས། མཆོད་རྟེན་ཆོས་ཀྱི་དབང་པོའི་ཕྱིར། །སྟེང་དུ་ཡང་ནི་ཆོས་ཀྱི་དབྱིངས། །ཞེས་པའི་འགྲེལ་པར། དེ་ཡང་འོག་མ་ཡེ་ཤེས། གོང་མ་ཆོས་དབྱིངས་མཚོན་པའམ། ཡང་ན་འོག་མ་གཟུགས་སྐུ་གོང་མ་ཆོས་སྐུ་མཚོན་པ་ཡིན་ནོ། །ཞེས་བཤད་དོ། །ལྔ་པ་དེ་ལ་བྱིན་བརླབ་བྱ་བ་ནི། འདི་ཉིད་ལས། བགྲང་ཚུལ་ཐོག་མར་ཕྲེང་བ་ལ༔ བསང་སྦྱངས་བྱིན་བརླབ་རབ་གནས་བྱ༔ ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། ཆུ་བོ་དག་ནི་དྲི་མེད་པའི། །ཆུ་གཙང་དག་གིས་ཁྲུས་བྱ་ཞིང༌། །ཕྲེང་བ་རྗེས་སུ་བླངས་ནས་ནི། །བ་ཡི་རྣམ་ལྔས་རབ་ཏུ་བཀྲུ། །དྲི་ཞིམ་དག་གིས་རྫས་བྱུག་ནས། །རབ་ཏུ་སྔགས་ལ་འབད་པ་ཡིས། །ཉེ་རག་བྱས་ནས་བཟླས་པར་འཇུག །ཅེས་བཤད་པའི་དོན་འགྲེལ་དུ། རིག་འཛིན་ཆོས་ཀྱི་གྲགས་པས། ཐོག་མ་ཉིད་དུ་ཆུ་གཙང་གིས་རང་གི་ཁ་ལག་བཀྲུས་ནས་དེ་རྗེས་ཕྲེང་བ་བའི་རྣམ་ལྔས་བཀྲུ། དྲི་བཟང་བྱུག་ལ་ཞེས་གསུངས་པ་ལྟར་བྱས་རྗེས། འདི་ཉིད་ལས། བདག་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཕྲེང་བ་ལག་པ་གཡོན་དུ་བསྐྱིལ༔ མདོ་འཛིན་སྟེང་དུ་ཡོད་པར་བྱ༔ སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས༔ སྟོང་པའི་ངང་


JLAZ005_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཕྲེང་བ་དེ༔ མདོ་འཛིན་ཡི་དམ་གཙོ་བོ་ལ༔ ཕྲེང་བ་འཁོར་གྱི་རྣམ་པས་བསྐོར༔ ཡེ་ཤེས་སྤྱན་དྲངས་དགུག་ཅིང་བསྟིམ༔ ཞེས་ཞལ་གྱིས་འཕངས་པ་ལྟར་དང་པོའི་ལས་ཅན་ལ་མཁོ་བའི་ཆེད་དུ་འདི་ལྟར་འཆད་དེ། ལག་པ་གཡོན་པའི་ནང་དུ་ཕྲེང་བ་སྦྲུལ་འཁྱིལ་བ་ལྟར་བསྐྱིལ་བའི་དབུས་སུ་མདོ་འཛིན་ཙོག་པུར་ཡོད་པ་བྱས་ལ་འདི་ཉིད་ལས་བཤད་པ་ལྟར་ཐོག་མར་ལག་པ་བྱིན་བརླབ་བྱ་སྟེ་ངག་ཏུ། ལག་པ་གཡས་པའི་མཐུལ་དུ་ཉི་མ་ལ་ཧཱུྃ༔ གཡོན་པའི་མཐུལ་དུ་ཟླ་བ་ལ་ཨཿས་མཚན་པར་གྱུར༔ ཅེས་བརྗོད་ཅིང་བསམ། དེ་ནས་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་སྭ་བྷཱ་ཤུདྡྷོ་སོགས་ཀྱིས་ཕྲེང་བ་ཐ་མལ་དུ་འཛིན་པའི་རྟོག་པ་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་ཟླའི་སྟེང༌། །སྐད་ཅིག་དྲན་རྫོགས་མདོ་འཛིན་ཡི་དམ་གཙོ། །ཕྲེང་བ་འཁོར་གྱི་རྣམ་པར་གྱུར་པས་བསྐོར། །གནས་གསུམ་ཡིག་འབྲུ་གསུམ་གྱི་ས་བོན་ལས། །འོད་འཕྲོས་རང་འདྲའི་ཡེ་ཤེས་སྤྱན་དྲངས་ནས། །ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། །རྡོ་རྗེའི་ཆོས་བདུན་ངང་དུ་ལྷུན་གྱིས་གྲུབ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་སྲས་འཁོར་བཅས། །གདོད་ནས་ཕྲེང་བའི་ངོ་བོར་ཤར་བ་ལས། །ཡིན་ལ་ཡིན་པར་གོ་བའི་ངེས་ཤེས་ཀྱིས། །ཐབས་ཤེས་སོར་མོའི་སྦྱོར་བས་སྙིང་པོའི་སྔགས། །


JLAZ005_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་བ་ཙམ་གྱིས་འཇིག་འདས་དངོས་གྲུབ་ཀུན། །ཐོག་མེད་འགྲུབ་པའི་ནུས་མཐུ་ཅན་དུ་གྱུར། །ཅེས་བརྗོད་ཅིང་རྩ་སྔགས་ཀྱི་མཐར་རྟེན་འབྲེལ་སྙིང་པོ་དང་ཨ་དཱི་ཀ་དཱི་སྦྲེལ་བ་གང་མང་བཟླས་པས་མེ་ཏོག་ལ་སྔགས་ཏེ་འཐོར། ཁྱད་པར་རང་གཞུང་ནས་བཤད་པའི་སྔགས་འདི་བརྒྱ་རྩ་བརྒྱད་བཟླ་ཞིང༌། ཐམས་ཅད་ལ་དམིགས་པའི་ཁྱད་པར་ནི། བསྒྲུབ་བྱའི་ལྷ་དེ་དག་ཡིག་འབྲུ་དེ་དག་གི་རྣམ་པར་ལས་མཐུན་གྱི་ཁ་དོག་ཅན་དུ་ནམ་མཁའ་ནས་ཆར་འབབས་པ་བཞིན་དུ་བྱུང་ནས་ཕྲེང་བ་ལ་ཐིམ་པར་བསམས་ལ། ཨོཾ་རུ་ཙི་པྲ་མར་ཏ་ན་ཡེ་རཏྣ་མ་ཎི་དྷ་ར་ཛྙཱ་ན་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཞེས་བཟླས་རྗེས་ཤིས་པ་བརྗོད། དེ་ནས་ལས་ལ་སྦྱོར་བའི་ཚེ། ཐོག་མར་འབྲུ་གསུམ་བརྒྱ་རྩ་བརྒྱད་དང༌། དེ་ནས་ཨ་དཱི་ཀ་དཱི་དང་རྟེན་སྙིང་ཕྲེང་བ་བྱིན་བརླབ་ཀྱི་སྔགས་ཉེར་གཅིག་ལ་སོགས་བཟླས་རྗེས་བཟླས་པ་གང་ཡིན་ལ་འཇུག་པར་གསུངས་ཤིང༌། དེ་དག་རྣམས་གཞུང་གི་དགོངས་པ་འཁྲུལ་མེད་དུ་བསྡེབས་པ་ཡིན་ནོ། །དེ་ལྟར་ཚུལ་བཞིན་དུ་བྱས་ན་ཕྲེང་བ་དེ་ལ་བགྲངས་པའི་སྔགས་གང་ཡིན་འབུམ་འགྱུར་དུ་འགྲོ་བ་གསུངས་ཤིང༌། གཞན་ཡང་འདི་ཉིད་ལས། སྐབས་སྐབས་རབ་གནས་བསྐྱར་ན་བཟང་༔ ཞེས་གསུངས་པ་ལྟར་སྐབས་སུ་བྱིན་བརླབ་བསྐྱར་བ་ཡང་མན་ངག་ཡིན་ནོ། །བདུན་པ་


JLAZ005_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་ཚུལ་ནི། གཞུང་ལས། ཞི་བའི་སྔགས་རྣམས་འདྲེན་པའི་དུས༔ མཛུབ་མོའི་སྟེང་ནས་འདྲེན་པར་བྱ༔ དེ་བཞིན་རྒྱས་པ་གུང་མོའི་སྟེང་༔ དབང་ལ་སྲིན་ལག་དྲག་པོ་ལ༔ མཐེའུ་ཆུང་སྟེང་ནས་འདྲེན་པ་སྟེ༔ ཀུན་ཀྱང་གཡོན་པ་ཀུན་ཉིད་དེ༔ གཡས་ཀྱི་ལག་པས་མི་མདྲེན་ཞིང་༔ འོན་ཀྱང་ལ་ལའི་སྐབས་རྣམས་སུ༔ ལག་པ་གཉིས་ཀས་འདྲེན་པའང་བཤད༔ དེ་ནི་གཉིས་མཉམ་ཁོ་ན་ལས༔ གཡས་པ་གཅིག་པུས་མ་ཡིན་ནོ༔ ཞེས་གསུངས་པ་ལྟར་ལས་བཞི་སོ་སོའི་བབས་དང་བསྟུན་ཞིང་རྡོ་རྗེའི་གསུང་ཕྱི་མ་གཉིས་ནི། ཕྲེང་བ་ལག་པ་གཡས་པས་བཟུང་སྟེ། གཡོན་པས་འདྲེན་པའི་དགོངས་པ་ཡིན་ཏེ་གསར་རྙིང་གཅིག་གོ །ལས་བཞི་སོ་སོ་ལ་ནི། སྔ་མའི་འཕྲོ་ལས། ཞི་བ་ལས་ནི་སྙིང་གར་བགྲང་༔ རྒྱས་པ་ལྟེ་བའི་ཐད་དུ་སྟེ༔ དབང་ལ་ཕྲེང་བ་གསང་གནས་ཐད༔ འགུགས་པའི་འདུན་པས་འདྲེན་པར་བྱ༔ དྲག་པོའི་སྐྱིལ་ཀྲུང་བསྣོལ་མཚམས་ཀྱི༔ པུས་མོའི་སྟེང་དུ་བགྲང་བར་བཤད༔ སྣ་ཚོགས་ལས་ལ་གང་བདེར་བྱ༔ ཞེས་གསུངས་ཤིང་དེ་དག་གི་དམིགས་པའི་ཁྱད་པར་ནི། མཐེ་བོང་རྡོ་རྗེ་ལྕགས་ཀྱུས་འཇིག་འདས་གཉིས་ཀྱི་དངོས་གྲུབ་ཐམས་ཅད་ཐོགས་མེད་དུ་འགུགས་པར་བསམས་ཏེ། དྲེགས་འདུལ་


JLAZ005_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལྕགས་འཁོར་ལོ་ལས། བགྲང་ཕྲེང་སྣ་ཚོགས་ཕྲེང་ཐག་ལུ་གུ་རྒྱུད༔ མཐེ་བོང་ཛཿལས་འོད་ཟེར་ལྕགས་ཀྱུ་ཡིས༔ ལྷ་ཉིད་དགུག་ཅིང་ལྟེ་བ་སྙིང་གར་བསྐྱིལ༔ ཞེས་གསུངས་པས་སོ། །བརྒྱད་པ་མཚན་ཉིད་དང་ལྡན་པའི་ཕྲེང་བ་རབ་གནས་ཅན་དེ་ཉིད་བཅང་བའི་དམ་ཚིག་ནི། འདི་ཉིད་ལས། བླ་མས་བགྲངས་པའི་ཕྲེང་བ་ནི༔ མོས་གུས་རྟེན་དུ་མི་བགྲང་བཅང་༔ ཞེས་དང༌། ཚུལ་དང་ལྡན་པའི་ཕྲེང་བ་གཅིག༔ ལུས་དང་གྲིབ་ལྟར་མི་འབྲལ་འགྲོགས༔ ཕྲེང་བའི་དམ་ཚིག་རྩ་བ་ཡིན༔ ཡན་ལག་དམ་ཚིག་མང་བཤད་ཀྱང་༔ མདོར་བསྡུས་འདི་ལྟར་ཤེས་པར་བྱ༔ ཕྲེང་བ་གཞན་ལ་མི་བསྟན་ཞིང་༔ ལུས་ཀྱི་དྲོད་དང་མ་བྲལ་ན༔ གང་བསྒྲུབ་མྱུར་དུ་འགྲུབ་པར་འགྱུར༔ དེ་བཞིན་གཞན་གྱི་ལག་མི་འགྲིམ༔ ཁྱད་པར་དམ་ཉམས་གྲིབ་ཅན་དང་༔ རང་དང་དམ་ཚིག་མི་གཅིག་པའི༔ མི་ཡི་ལག་ཏུ་མི་འགྲིམ་གཅེས༔ བཟླས་པ་བྱེད་དུས་འདྲེན་པ་ལས༔ དུས་མིན་ལག་དལ་སྟོང་འདྲེན་མིན༔ མི་རྩིས་སླད་དུ་བཤར་མི་བྱ༔ རབ་གནས་མི་ལྡན་ཕྲེང་བ་ནི༔ ནམ་ཡང་བཅང་བར་མི་བྱ་ཞིང་༔ རབ་གནས་ལྡན་པའི་ཕྲེང་བ་དེས༔ ལས་གཞན་མི་བྱ་གསང་བར་སྦ༔ ས་ལ་མི་བཞག་ཡལ་མི་དོར༔ ཕྲེང་བ་སླད་ཅན་ཞེས་བྱ་བ༔ རིགས་མི་མཐུན་རྣམས་བསྡེབ་


JLAZ005_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ༔ ཞེས་གསུངས་ཤིང་འདི་ལ་ཁ་ཅིག་ན་རེ། གོང་དུ། སྣ་ཚོགས་བསྡུས་པའི་ཕྲེང་བས་ནི༔ ཞེས་རུང་བར་བཤད་ལ་འདིར་སྤང་བྱ་བྱུང་བས་སྔ་ཕྱི་འགལ་ལོ་ཞེ་ན། མ་ཡིན་ཏེ། སྔ་མ་ནི་ས་རྡོ་ལ་སོགས་པར་བཟོས་པའི་ཕྲེང་བ་ཡིན་ཏེ། འདི་ནི་རང་བྱུང་ཤིང་འབྲས་ལ་སོགས་པའི་ཕྲེང་བ་རིགས་མི་གཅིག་པ་བསྡེབ་མི་རུང་བའི་དོན་ཡིན་ནོ། །གཞན་ཡང་སྔ་མའི་འཕྲོར། ཆེ་ཆུང་མ་སྙོམས་ཕྲེང་བའི་སེལ༔ ཡོ་དང་གས་གྲུམས་གྲངས་ངེས་མེད༔ ཁ་དོག་མི་སྡུག་གཟུགས་མི་ལེགས༔ ཡིད་དུ་མི་འོང་དམ་སེལ་ཏེ༔ དེ་དག་མི་བཅད་དམ་ཚིག་ཡིན༔ ལས་ཀྱི་ཕྲེང་བ་རྒྱན་དུ་འཆང་༔ དེ་ལ་གང་རིགས་བཀོལ་བར་བཏུབ༔ དམ་ཚིག་ཅན་གྱི་ཕྲེང་བ་དེས༔ ཁྱི་སོགས་གཞན་ལ་བརྡེག་མི་བྱ༔ གཞན་ལ་སྦྱིན་པར་མི་བྱ་ཞིང་༔ བསྲུང་བའི་སླད་དུ་མ་ཡིན་པར༔ གཡར་དམ་ཉིད་དུ་བཅང་བར་གཅེས༔ གལ་ཏེ་ཐག་པ་ཆད་གྱུར་ན༔ ཞག་བར་མ་ཆོད་མྱུར་དུ་བསབ༔ ལས་ལ་བསྔགས་རྣམས་མ་གཏོགས་པ༔ ཚུལ་མིན་བསྲེས་པ་འཆང་མི་བྱ༔ དེ་བཞིན་རྭ་རྐང་ཕྲེང་བ་སྤང་༔ ཕྲེང་བ་རླན་དང་གྲིབ་ལ་འཛེམ༔ རྒྱུན་དུ་བཟླས་པ་བྱས་པ་ཡི༔ ཕྲེང་བ་དམ་ཚིག་མི་གཅིག་པའི༔ མི་ལ་མི་སྦྱིན་དམ་ཚིག་སྟེ༔ བྱིན་ན་དངོས་གྲུབ་ཡལ་བར་འགྱུར༔ ཕྱི་ནང་


JLAZ005_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་སྔགས་ཚུལ་བཞིན༔ ཕྲེང་བ་ལའང་དེ་བཞིན་ཏེ༔ སྦེད་པར་བྱེད་དང་མངོན་དུ་འབྱུང་༔ རིམ་པ་གསུམ་སོགས་ཤེས་པས་འཆང་༔ ཕྱི་ཡི་ཕྲེང་བས་རྒྱན་དུའམ༔ གྲངས་སོགས་བཤར་ཞིང་ལས་ལ་བཀོལ༔ ནང་གི་ཕྲེང་བ་ཁ་ཡན་གྱིས༔ གང་བསྙེན་སླད་དུ་འདྲེན་པར་བྱ༔ གསང་བའི་ཕྲེང་བ་སྒྲུབ་པ་དང་༔ ལས་སྦྱོར་དུས་རྣམས་མ་གཏོགས་པ༔ གོས་དང་ལུས་ཀྱི་བར་དུ་འཆང་༔ གོང་བཞིན་དམ་ཚིག་ལྡན་པ་ཡིས༔ ཅི་འདོད་ལས་གང་མྱུར་འགྲུབ་འགྱུར༔ ཞེས་དང༌། གཞན་ཡང་བཅང་དུ་མི་རུང་བ་ནི། མཚམས་མེད་ཀྱི་ལས་བྱས་པ་དང༌། བཤན་པ་དམ་ཉམས་དམེ་ཕོ་ཡུགས་ས་རྐུན་མ་ལ་སོགས་ཀྱི་ལག་ནས་བྱུང་བའི་ཕྲེང་བ་དང་རྙེད་པ་གཞན་གྱི་ལག་ནས་ཕྲོགས་པ་ལྷའི་རྒྱན་ནས་བཀྲོལ་བ་དང༌། ལྷ་ལ་གཞན་གྱིས་ཕུལ་བ། ཁ་གྲངས་མ་འགྲིགས་པ། མེས་འཚིག་པ། དུད་འགྲོས་འགོངས་པ། བྲ་བྱིས་ཟོས་པ་སོགས་ཀྱིས་སྔགས་ལ་དམ་སེལ་འཇུག་པར་གསུངས་པས་སྤངས་ཤིང༌། རང་གི་ཕྲེང་བ་ཡང་ཉམས་པའི་སྐྱོན་གྱི་རིགས་བྱུང་ན། མེ་ལ་བསྲེག་པའམ། ཆུ་ལ་སྐྱུར་བ་སོགས་བྱ་ཞིང༌། དེས་མཚོན་པར་རིན་ཐང་མཆོག་ཏུ་ཆེ་བའི་ཕྲེང་བ་ཡང་ཕ་རོལ་པོ་རློམ་སེམས་སྐྱེ་བའི་ཕྱིར་ཤིན་ཏུ་གསང་ནས་བཅང་


JLAZ005_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཧ་ཅང་ཡིད་དུ་མི་འོང་བའི་ཕྲེང་བ་ཡང་རང་ཉིད་ཤེས་པ་མི་སྤྲོ་ཞིང༌། གཞན་གྱིས་བརྙས་པར་འགྱུར་ཕྱིར་སྤང་བར་བྱ་བ་སོགས་གཞུང་འདི་ཉིད་ཀྱི་དགོངས་པ་མ་ཉམས་པ་ཡིན་པས་བླང་དོར་ཕྱིན་ཅི་མ་ལོག་པར་བྱ་དགོས་ཀྱང༌། ལ་ལ་དག་ངེས་པ་མི་འོང་སྙམ་པ་བྱེད་མོད་ཀྱི། དེ་དག་ནི་སྔགས་གསར་རྙིང་གི་གཞུང་གང་གིས་ཀྱང་བརྡ་ལ་མ་བྱང་བར་ཤིན་ཏུ་རྨོངས་པ་ཡིན་ལ། འདི་དག་ནི་རྡོ་རྗེ་ཐེག་པའི་བཅང་བར་བྱ་བའི་དམ་ཚིག་ཁྱད་པར་ཅན་མེད་དུ་མི་རུང་བ་ཡིན་ཏེ། འདི་ཉིད་ལས། ཆོས་རྣམས་རྒྱུ་རྐྱེན་རྟེན་འབྲེལ་ཏེ༔ གཉིས་ཚོགས་ཐབས་ཤེས་རྟེན་འབྲེལ་ལས༔ སྲིད་གསུམ་གཡོ་སོགས་ནུས་པར་ལྡན༔ དེ་ཕྱིར་རྗེས་འཇུག་རྣལ་འབྱོར་རྣམས༔ གཡེལ་བ་མེད་པར་དང་དུ་ལོངས༔ ལུང་བཞིན་སྤྱད་ན་ཚུལ་བཞིན་འབྱུང་༔ ཡོན་ཏན་ངེས་ཤེས་རྒྱུད་ལ་སྐྱེ༔ རྒྱུ་འབྲས་སད་ལ་བསྐུར་རྣམས་ལ༔ དོན་འབྲས་མི་འབྱུང་བར་ཆད་རྒྱུ༔ ཡེ་ཤེས་ལྷ་འགྲུབ་སྨོས་ཅི་དགོས༔ འཇིག་རྟེན་འདྲེ་ཡང་འགྲུབ་མི་སྲིད༔ ཅེས་གསུངས་པ་ལྟར་འདི་ནི་ཤིན་ཏུ་གལ་ཆེ་བའི་ཡན་ལག་ཡིན་ཞིང་རྒྱས་པར་སྤྲོ་ན་གཞུང་དངོས་ལ་རྟོགས་པར་བྱའོ། །གཉིས་པ་ཛབ྄་དགོངས་གསལ་འདེབས་ལ་གཉིས། བདག་བསྐྱེད་དང་མདུན་བསྐྱེད་དོ། །དང་པོ་ནི། བདག་


JLAZ005_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་མེ་ཏོག་ཕྲེང་མཛེས་རྐྱང་པ་ནས་ཛབ྄་དགོངས་ཀྱི་རྣམ་གཞག་ཤིན་ཏུ་གབ་སྟེ་མིང་ཙམ་ཡང་མ་བྱུང༌། དེ་ནི་རང་གི་དབུགས་འབྱིན་འཇུག་གནས་གསུམ་སྙིང་པོ་འབྲུ་གསུམ་གྱི་རང་བཞིན་དུ་ཡེ་ནས་ལྷུན་གྲུབ་ཏུ་ཡོད་པའི་གྲངས་ཚད་ཉིན་ཞག་ཕྲུགས་རེ་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུ་བ་དེ་ཉིད་རིག་ཐོག་ཏུ་མཉམ་པར་གཞག་ཅིང༌། སྐབས་སུ་རླུང་རྩོལ་དང་བཅས་རིག་པ་གཡོ་མེད་དུ་འཇོག་པ་སྟེ་སྐྱེ་མེད་རྡོ་རྗེའི་བཟླས་པ་ལ་དགོངས་པར་ཛབ྄་དགོངས་དམིགས་པའི་འཁྲུལ་འཁོར་ལས་གསུངས་ཀྱང༌། རིག་འཛིན་རྩེ་ལེ་པས། ད་ལྟ་ཕྱག་བཞེས་དཀྱུས་མར་གང་ཟག་ལས་དང་པོ་པ་གྲྭ་ཚོགས་ཕལ་པ་རྣམས་ཀྱིས་ཟབ་དོན་འདི་དག་ཤེས་རྒྱུད་ལ་མི་འབྱོར་ཚེ། ལྷ་ཚོགས་ཀྱི་ཐུགས་སྲོག་ལ་སྔགས་ཕྲེང་འཁོར་བའི་མོས་པས། རྩ་གསུམ་སྤྱིར་དྲིལ་གྱི་བཟླས་པ་ཅི་འགྲུབ་བྱེད་པ་ལགས་སོ། །ཞེས་གསུངས་ཤིང་འོན་ཀྱང་འདི་ནི་བདག་བསྐྱེད་རྐྱང་པར་བྱེད་པའི་སྒོས་ཆོས་ཡིན་ཀྱང༌། འདིར་ལུང་འདྲེན་པ་ནི་བདག་མདུན་མཉམ་བསྒྲུབ་ཀྱི་སྔགས་འཁོར་འགོད་པའི་ཆེད་དུ་ཡིན་ལ། དེས་ན་དང་པོ་བདག་བསྐྱེད་ལ་ཡེ་ཤེས་སེམས་དཔའ་སོགས་ཀྱི་རྣམ་གཞག་མ་གསུངས་པར་སྔགས་འཁོར་འགོད་ཚུལ་འདི་ལྟར་ངེས་དོན་སྙིང་པོ་ལས་གསུངས་ཏེ། རང་ཉིད་དགོངས་པ་འདུས་པའི་ལྷ་ཚོགས་


previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next