Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
   
   
   
   


 
previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


JLAZ005_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་བརྟེན་པར་བཅས་པ་གསལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱི༔ དམར་གྱི་མཐར་སྔགས་ཕྲེང་འཁོར་བ་ལས་ཞེས་གསུངས་པ་ལྟར་བདག་བསྐྱེད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱི༔ ཡིག་དམར་པོའི་མཐར་མདུན་ནས་བརྩམས་ཏེ་གཡོན་དུ་བཀོད་ལ་བཟླ་བའི་དུས་གཡས་སུ་ཀློག་ཐབས་སུ་འཁོར་དགོས་པ་ཡིན་ནོ། །གཉིས་པ་མདུན་བསྐྱེད་ཀྱི་སྔགས་འཁོར་དགོད་ཚུལ་བཤད་པ་ནི། དེ་ཡང་སྒྲུབ་ཆེན་ལྟ་བུའི་ཚེ་ནི་ལྷ་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་འོག་ཏུ་འཆད་པའི་ཉི་ཟླ་རྡོ་རྗེ་རྩེ་ལྔ་སྣང་མཐའ་ལ་སོགས་པ་གསལ་དགོས་པར་གསུངས་མོད། བཤགས་སྐོང་གི་ཚེ་ནི་དེ་ཙམ་བློས་མ་ལྕོགས་ཀྱང་རྒྱུའི་ཧེ་རུ་ཀ་རྟ་མགྲིན་ཡབ་ཡུམ་དང༌། དེའི་དབུ་གཙུག་ན་གནས་པའི་གཙོ་བོ་པདྨ་བཛྲ་རྩལ་གྱི་ཐུགས་མཆོང་གུར་ཕུབ་པ་ལྟ་བུའི་ནང་དུ་ཉི་ཟླའི་གདན་ལ། རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཞིག་ཀྲོང་ཐབས་སུ་གནས་པའི་ལྟེ་བར་ཁོང་སེང་གི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སྐུ་མདོག་དམར་གསལ་ཤིན་ཏུ་དྭངས་པ། རྒྱན་མེད་གཅེར་བུ་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་དུ་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་ཐུགས་རྗེའི་འོད་ཟེར་ལས་གྲུབ་པའི་བུམ་པ་འོད་ཟེར་


JLAZ005_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལྡན་དུ་འཕྲོ་བ་ཞིག་གསལ་བའི་ནང་དུ། ཨཱོྃ་ཨཱཿཧཱུྃ་གི་ཡིག་འབྲུ་བརྩེགས་མ་དང༌། སྣང་མཐའི་ཐུག་ཀར་ཧྲཱིཿཡིག་དམར་གསལ་འོད་ཟེར་ཁ་དོག་སྣ་ཚོགས་སུ་འཕྲོ་བ་ཞིག་གསལ་བཏབ། སྣང་བ་མཐའ་ཡས་ཀྱི་མདུན་ནས་བརྩམས་པའི་གཡོན་སྐོར་དུ། ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་དགོངས་འདུས་ཀྱི་ཡང་སྙིང་བསྡུས་པའི་ཡིག་འབྲུ་རྣམས་ཀྲོང་ཐབས་སུ་ཧྲིལ་གྱིས་འཁྲིལ་བར་བཀོད་ལ་བཟླ་བའི་ཚེ་གཡས་སུ་འཁོར་བར་གསལ་དགོས་པ་དང༌། དེ་ཡང་སྒྲུབ་ཆེན་ལ་སོགས་པའི་སྤྲོས་བཅས་དང་འབྲེལ་བ་ཡིན་ན་རྩ་སྔགས་རྒྱས་པ་མངོན་རྟོགས་ཆེན་མོ་དང་ཛབ྄་དགོངས་ནས་བཤད་པ་བཞིན་བཟླ་དགོས་ཚེ། དེའི་སྔགས་འཁོར་དགོད་ལུགས་སྔ་མ་དང་ལམ་མཚུངས་པས་ཁྱད་པར་མདུན་ནས་ཡིག་མགོ་བརྩམས་པའི་སྔགས་མགོ་ནང་དང༌། སྔགས་མཇུག་ཕྱི་རོལ་དུ་ཐད་ཀར་འགྲིག་པའི་རིམ་པ་གསུམ་ཙམ་གྱི་སྤྲུལ་འཁྱིལ་བ་ལྟ་བུར་བསྒོམ། འདིའི་རྩ་སྔགས་རྒྱས་པར་མགོ་ན་ཨཱོྃ་དང་མཇུག་ན་སྭཱ་ཧཱ་ཡོད་པས་སྤྱི་སྐད་དུ་སྦྲུལ་སྔགས་ཞེས་པའི་ཐ་སྙད་ཀྱང་འཇོག །འོན་ཏེ་སྦྲུལ་སྔགས་ཀྱི་རྣམ་གཞག་ཚང་ཕྱིན་ཆད་འཁོར་ལུགས་རིམ་པ་ཉིས་བརྩེགས་སུམ་བརྩེགས་བྱ་དགོས་པའི་ངེས་པ་མ་མཆིས་ཀྱང་སྔགས་རིང་པོའི་རིགས་ལ་འཁོར་གཅིག་གིས་


JLAZ005_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྫོགས་པའི་ཚུལ་དེ་ལྟར་བྱ་དགོས་པ་ལུང་རིག་གཉིས་ཀས་འགྲུབ་བོ། །དེ་ལ་སྤྱིར་གསང་སྔགས་སྦྲུལ་འཁྱིལ་བ་ལྟ་བུ་ཞེས་དཔེར་བརྗོད་མཛད་པ་ནི་ལྟོ་འགྲོ་རྣམས་མགོ་བོ་དབུས་དང༌། མཇུག་མ་ཕྱིར་བཞག་ནས་འཁྱིལ་སྟབས་སུ་ཉལ་བ་ལ་དགོངས་སོ། །དེ་མཚུངས་ཕྱོགས་མཚམས་ཀྱི་གཙོ་བོ་རྣམས་ཀྱི་སྲོག་སྔགས་ཀྱང་སོ་སོའི་ཐུགས་ཀར་དགོད་ཚུལ་སྔ་མ་བཞིན་ལས་ཞིབ་པར་ཛབ྄་དགོངས་དམིགས་པའི་འཁྲུལ་འཁོར་ནས་བཤད་པ་ལྟར་གསལ་ཞིང༌། ཐམས་ཅད་ཀྱང་གང་གི་ཚེ་ཡང་རང་སྒྲ་དི་རི་རི་སྒྲོག་ཅིང་འོད་ཟེར་མཁའ་ཁྱབ་ཏུ་འབར་བར་གསལ་འདེབས་དགོས་པའོ། །ཁ་ཅིག་ན་རེ། བྱིངས་ལ་སྔགས་འཁོར་དགོད་ཚུལ་དེ་ལྟར་ཡིན་ཡང༌། བཤགས་སྐོང་གི་ཚེ་པདྨ་བཛྲ་རྩལ་གྱི་ཐུགས་ཀར་ཞི་ཁྲོ་དམ་པ་རིགས་བརྒྱ་བསྐྱེད་པ་ཡིན་ཕྱིར་ཡེ་ཤེས་སེམས་དཔའ་ལ་བཞུགས་པའི་གནས་མ་བྱུང་ངོ་ཞེ་ན། མ་ཡིན་ཏེ་སྤྱིར་ཡེ་ཤེས་རང་སྣང་གི་ལྷ་ལ་ཡངས་དོག་གི་གོ་ཡུལ་བརྩི་བའི་རིག་པ་མི་འགྲོ་སྟེ་སེམས་ཀྱི་རང་གདངས་ཡིན་ཕྱིར་ཅི་ཡང་ཤོང་ལ་ཅིར་ཡང་བྱར་བཏུབ་པ་ཡིན་མོད། ཁྱད་པར་འདིའི་སྐབས་སུ་ཡེ་ཤེས་སེམས་དཔའ་ནི་ཐུགས་མཆོང་གུར་སྨུག་པོའི་ནང་དུ་བསྒོམས་ལ། ཞི་ཁྲོ་ནི་བྲང་དང་སྙིང་གི་བར་ཁྱམས་སུ་ཡེ་ཤེས་ཀྱི་


JLAZ005_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་མདངས་ཙམ་དུ་བསྐྱེད་པ་ཡིན་ཏེ། ད་ལྟ་འདིའི་ཚུལ་བསྙེན་སྒྲུབ་པ་ཕལ་གྱིས་གོ་བ་ཆེར་མ་མཐོང་བས་ཞིབ་ཏུ་བརྗོད་ན་དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། ཡང་ཡེ་ཤེས་སེམས་དཔའ་དང་ཐུགས་ཀྱི་ལྷ་གཉིས་གཅིག་གམ་ཐ་དད་ཅེ་ན། གནས་ཐ་དད་དེ། ཡེ་ཤེས་སེམས་དཔའ་ནི་རྩ་བའི་ལྷ་གང་ཡིན་དང་སྤྱི་རྣམས་འདྲ་བ་ལ་རྒྱན་དང་ཆ་ལུགས་སྤངས་པ། ཕྱག་མཚན་འཛིན་འཛིན་འདྲ་ལ་མི་འཛིན་པའོ། །ཐུགས་ཀྱི་ལྷ་ནི་རྩ་བའི་ལྷ་གང་ཡིན་ཡང་ཐུགས་ཀྱི་ལྷ་རྡོ་རྗེ་མི་བསྐྱོད་པ་སྐུ་མདོག་མཐིང་ག །ཕྱག་མཚན་རྡོ་རྗེ་ཧཱུྃ་གིས་མཚན་པ་འཛིན་པའོ། །ཞེས་གསུངས་པ་ལྟར་བསྒོམ་པའི་ཡུལ་ཐམས་ཅད་འདི་དང་མཚུངས་ལ། རྣམ་འགྱུར་དང་ཆ་ལུགས་ནི་སོ་སོའི་ལུགས་བཞིན་ལས་འདི་ལ་ལྟོས་དགོས་པ་མ་ཡིན་ནོ། །ད་དུང་ཁ་ཅིག་ན་རེ། ཐུགས་ཀྱི་ལྷ་རིགས་འགྲེལ་དེ་ལྟར་ཡིན་ཀྱང་ཞི་ཁྲོ་ལ་དེའི་རིག་པ་མི་འགྲོའོ་ཞེ་ན། ཤིན་ཏུ་འགྲོ་སྟེ། ཞི་ཁྲོ་ཐམས་ཅད་ཀྱང་རྒྱལ་བའི་ཐུགས་ཀྱི་རྣམ་རོལ་འབའ་ཞིག་ལས་ཤར་བ་ཡིན་ཞིང༌། ཐུགས་ཀྱི་ལྷ་ལ་སྒེར་དུ་རང་རྒྱུད་པ་ཞིག་གྲུབ་པ་མེད་པའི་ཕྱིར་རོ། །འོ་ན་འདི་ལ་གོ་ཆའི་ལྷ་གསུམ་ཆད་པའི་སྐྱོན་དུ་འགྱུར་རོ་ཞེ་ན། མ་ཆད་དེ། དེ་ཡང་སྤྱིར་སྤྲོས་བཅས་ཀྱི་བསྐྱེད་རིམ་ཕལ་ལ་གསུངས་པའི་གོ་ཆའི་ལྷ་


JLAZ005_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་དོན་ལ་གནས་གསུམ་གྱི་ཡི་གེ་ལ་ཚང་བ་ཡིན་མོད་ཀྱི། རྒོད་ཚང་བ་ཆེན་པོས། གང་ལྟར་གནས་གསུམ་འབྲུ་གསུམ་དགོད་པ་འདི་ཉིད་དོན་གྱི་དབང་དུ་ན་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་གསུམ་མཚོན་ལ། བརྡའི་དབང་དུ་ནི་སྙིང་པོ་འབྲུ་གསུམ་མམ། འཁོར་ལོ་རྡོ་རྗེ་པདྨ་སྟེ་ཕྱག་མཚན་གསུམ་དུ་འགྱུར་ལ། རྟགས་ཀྱི་དབང་དུ་ན་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་དྲིལ་བུ་འཛིན་པ། གསུང་རྡོ་རྗེ་དམར་པོ་པདྨ་དྲིལ་བུ། ཐུགས་རྡོ་རྗེ་མཐིང་ག་རྡོ་དྲིལ་འཛིན་པར་བསྟན་ཅིང༌། གོ་ཆའི་ལྷ་ཐམས་ཅད་ཀྱི་རྩ་བ་འདི་གསུམ་ལ་འདུ་བའི་ཕྱིར་རོ། །ཞེས་གསུངས་ཀྱང་ད་ལྟ་ཚོགས་པ་ཕལ་གྱིས་དག་དྲན་ཤེས་རྒྱུད་ལ་འབྱོར་བ་ལྟ་ཅི། འདི་ལ་རྒྱུ་མཚན་ཞིག་ཡོད་དམ་སྙམ་པའི་རྟོག་པ་ཞུགས་པ་དག་ལའང་རྗེས་སུ་ཡི་རང་བའི་གནས་སུ་མཐོང་བའང་སྤྱོད་ཡུལ་དུ་གྱུར་པས་ཞར་ལ་སྨྲས་པ་ཡིན་ནོ། །དེ་ལྟར་ཛབ྄་དགོངས་དངོས་གཞིའི་ཡེ་ཤེས་སེམས་དཔའ་དང་སྔགས་ཕྲེང་དགོད་ལུགས་གཞུང་གཞན་དང་མི་འདྲ་བ་ཡོད་པ་ནི་འདི་གའི་རང་སྐད་ཐུན་མོང་མ་ཡིན་པ་ཡིན་ཕྱིར་རིགས་འགྲེ་བསྡུར་བའི་རྒྱས་འགེབས་བྱ་རྒྱུ་མ་ཡིན་ནོ། །གསུམ་པ་ནི། སྒྲུབ་ཆེན་ལྟ་བུའི་ཚེ་ཛབ྄་བསྐུལ་བའི་ཆེད་དུ་མཆེད་ལྕམ་ཐམས་ཅད། ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་ཀྱི་རྩི་དང་མ་བྲལ་བའི་


JLAZ005_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གསུམ་ལྡན་གྱི་ངང་ནས་དཔའ་ཤུགས་བསྐྱེད་ཅིང༌། གྱེར་དབྱངས་རོལ་མོའི་སྒྲ་དང་བཅས་པས་མཚན་མ་རྫས་ཀྱི་དཀྱིལ་འཁོར་ལ་བསྐོར་བར་བྱ་ཞིང༌། ཧཱུྃ་ཧྲཱིཿབསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ སོགས་ཚངས་པའི་ང་རོ་ནས་གསུངས་པ་ལྟར་བྱའོ། །བཞི་པ་ཛབ྄་ཀྱི་རྣམ་དབྱེ་ནི། དེ་ཡང་སྤྱིར་བསྙེན་པ་ལ་ཟླ་བ་སྐར་ཕྲེང་ལྟ་བུའི་ཛབ྄། ཉེ་བསྙེན་ལ་མགལ་མེའི་འཁོར་ལོ་ལྟ་བུའི་ཛབ྄། སྒྲུབ་པ་ལ་རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུའི་ཛབ྄། སྒྲུབ་ཆེན་ལ་བུང་བ་ཚང་ཞིག་པ་ལྟ་བུའི་ཛབ྄་དང༌། དེ་དག་ལ་ཤམ་བུ་འདོགས་ཚུལ། སྨན་སྒྲུབ། བུམ་སྒྲུབ། ཚེ་སྒྲུབ་ལ་སོགས་པ་རྣམས་ཀྱི་ཛབ྄་དམིགས་དང་བྱེ་བྲག་ནི། གཏེར་གཞུང་རྩ་བའི་ཛབ྄་དགོངས་དམིགས་པའི་འཁྲུལ་འཁོར་དང༌། རང་རང་གི་སྒྲུབ་གཞུང་རྣམས་སུ་རྟོག་ཅིང་དཔྱོད་པར་བྱའོ། །ལྔ་པ་སྤྱི་ཁྱབ་ཏུ་བཤད་པའི་ཛབ྄་བཟླས་དངོས་ལ་གཉིས། འོད་ཟེར་སྤྲོ་བསྡུ་དང༌། སྣང་ཞེན་ལ་བསླབ་པའོ། །དང་པོ་ནི། སྔར་ཛབ྄་དགོངས་ཀྱི་རྣམ་དབྱེ་བདག་མདུན་སོ་སོར་བཤད་པ་དེ་ཉིད་གསལ་ཐེབས་པའི་ངང་ནས་སོ་སོའི་སྔགས་ཕྲེང་གི་ཡིག་མགོ་ནས་བརྩམས་ཏེ་ཀློག་ཐབས་སུ་འཇམ་ན་ར་ར་ཧ་ཅང་རིང་ཐུང་དྲག་ཞན་སོགས་ཀྱི་སྐྱོན་དང་བྲལ་བར་བཟླས་པས། བདག་བསྐྱེད་ཀྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་


JLAZ005_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་བ་ཐག་འཛིངས་པ་ལྟ་བུར་བུན་བུན་འཕྲོས་པས། སྔགས་ཕྲེང་དང་ལྷ་ཚོགས་རྣམས་ཤིན་ཏུ་གསལ་བར་བྱས་ཏེ་བ་སྤུའི་བུ་ག་དང་སྦྱོར་མཚམས་ཐམས་ཅད་ནས་ཕྱིར་འཕྲོས་པའི་སྣེ་ལ་ལྷ་མོ་མཆོད་འཛིན་མ་དཔག་ཏུ་མེད་པ་སྤྲོས་པས་མདུན་བསྐྱེད་བཤགས་སྦྱོང་གི་དཔང་པོ་རྣམས་ཀྱི་སྐུ་གསུང་ཐུགས་མཆོད་པས་མཉེས་ཤིང་ཐུགས་རྒྱུད་བསྐུལ། དེ་དང་བདག་ཉིད་གཉིས་ཀའི་མི་འགྱུར་བའི་སྲོག་ཡིག་སྔགས་ཕྲེང་དང་བཅས་པ་རྣམས་ལས་དེ་འདྲ་བའི་འོད་ཟེར་དཔག་ཏུ་མེད་པ་མཁའ་ཁྱབ་ཏུ་སྤྲོས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད་པས་མཉེས་ཤིང་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་གློ་བུར་དུ་འཁྲུངས་པས་རྐྱེན་བྱས་ཏེ་ཐུགས་རྒྱུད་བསྐུལ། རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེའི་ཟེར་ཐག་སྤྲོས་ཏེ་ཕོག་པས། དེ་དག་གི་སྒོ་གསུམ་གྱི་ལས་ཉོན་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་ཉི་མས་བ་མོ་བཞུ་བ་ལྟར་སྐད་ཅིག་ལ་སྦྱངས་ཏེ། བདེ་ཆེན་གྱི་ཞིང་ལ་བཀོད་པ་སྟེ་དོན་གཉིས་བྱས་ནས་ཚུར་འདུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་ལྷ་སྐུ། ཡིག་འབྲུ། ཕྱག་མཚན་གྱི་རྣམ་པར་བུན་ལང་ལོང་བྱོན་ནས་བདག་མདུན་གཉིས་ཀའི་དཀྱིལ་འཁོར་རྣམ་


JLAZ005_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང༌། ཁྱད་པར་མདུན་བསྐྱེད་ཀྱི་འོད་ཟེར་དང་མཉམ་དུ་བདག་བསྐྱེད་ཀྱི་ཐུགས་སྲོག་ལ་སིབ་སིབ་ཐིམ་པས། དབང་བཞི་ཐོབ། སྒྲིབ་བཞི་སྦྱངས། རྒྱལ་བ་རྣམས་ཀྱི་ཡེ་ཤེས་རྣམ་པ་ལྔའི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམས་ལ་དར་ཅིག་ཀ་དག་གི་ངང་ལ་གློད་ནས་བཟླ། ཡང་བདག་མདུན་གཉིས་ཀའི་ཐུགས་སྲོག་ལས་སྔར་བཞིན་འོད་ཟེར་དཔག་ཏུ་མེད་པ་ཁམས་གསུམ་རིགས་དྲུག་གི་གནས་ཐམས་ཅད་དུ་འཕྲོས། དམྱལ་བ་ལ་བཙོ་སྲེག །ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་བཀོལ་སྤྱོད། ལྷ་མིན་ལ་འཐབ་རྩོད། མི་ལ་སྐྱེ་འཆི། ལྷ་ལ་འཕོ་ལྟུང་སོགས་རང་རང་གི་མྱོང་འགྱུར་གྱི་སྡུག་བསྔལ་བཟོད་བླག་མེད་པ་དང༌། ཁྱད་པར་མོས་སྒོམ་ཉིན་ཆོག་ལྟ་བུས་མཚོན་ཏེ། ཚེ་འདས་ཀྱི་དོན་དུ་ཡིན་ན་དེ་ཉིད་གནས་དེ་དག་ཏུ་སྐྱེས་ཚར་བའམ། དགོངས་འདུས་རང་སྐད་དུ་བར་དོ་རྣམ་པ་བཞིར་དབྱེ་བའི་སྲིད་པ་བར་དོ་ཉམ་ངའི་འཕྲང་ལ་འཇིགས་པའི་སྒྲ་བཞི་ས་རླུང་ལས་རི་བོ་ཉིལ་བའི་སྒྲ། ཆུ་རླུང་ལས་རྒྱ་མཚོ་འཆོལ་བའི་སྒྲ། མེ་རླུང་ལས་ནགས་ཚལ་འཚིག་པའི་སྒྲ། རླུང་གི་རླུང་ལས་དུས་ཀྱི་རླུང་སྒྲ་སྟེ་བཞི། དང༌། ཡ་ང་བའི་གཡང་ས་གསུམ་དུག་གསུམ་གྱི་ཤེས་པའི་རང་གདངས་ཀྱི་གཅོང་རོང༌། གཡང་ས་དཀར་པོ་དང་དམར་པོ་དང་ནག་པོ་སྟེ་ཉམ་ང་བའི་གཡང་ས་གསུམ་ཞེས་གསང་སྔགས་ཐུན་མོང་པ་དག་འཆད་དོ། །ལ་སོགས་ཤིན་ཏུ་སྡུག་ཐུག་པའི་འཇིགས་སྐྲག་


JLAZ005_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྐད་ཅིག་ཉིད་ལ་བསལ་ནས། དེ་དག་ཐམས་ཅད་བླ་མ་དགོངས་པ་འདུས་པའི་ཞི་དང་ཁྲོ་བོའི་སྐུ་འབའ་ཞིག་ཏུ་གྱུར་ཏེ། སྣང་སྲིད་སྣོད་ཀྱི་འཇིག་རྟེན་རིན་པོ་ཆེའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་ནང་དུ་འཁོད་ནས་ཛབ྄་སྒྲ་དི་རི་རི་སྒྲོག་པར་བསམས་ཤིང་དཀྱིལ་འཁོར་གསུམ་གྱི་ངང་ལས་མ་གཡོས་པར་ཛབ྄་བཟླ། དེ་ལྟར་བཟླས་པས་སྐྱོ་ན་སྐབས་སུ་དབྱངས་ཀྱི་རྟ་ལ་བསྐྱོན་ནས། ཕྱི་བླ་མའི་ཛབ྄་དབྱངས་མོས་གུས་གདུང་ཤུགས་ཀྱི་ཚུལ་དུ་དྲངས་པས་བྱིང་རྨུགས་ཀྱི་སྐྱོན་སེལ་ཞིང་ཏིང་ངེ་འཛིན་དང་རླུང་གི་རྩལ་ཐོན་ནས་ཡོན་ཏན་ཁྱད་པར་ཅན་སྐྱེའོ། །གཉིས་པ་ནི། དེ་ལྟར་བཟླས་པས་ལས་དང་པོ་བ་དག་ངལ་ཞིང་དུབ་ན། སྐབས་སུ་སེམས་འཛིན་པ་ལ་བསླབ་སྟེ། དེ་ལ་བཞི། རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ། རྒྱས་གདབ་པའོ། །དང་པོ་ལ་གཉིས། ཐ་མལ་གྱི་སྣང་བ་དགག་པའི་དོན་དུ་རྣམ་པ་སྤྱི་ལ་སེམས་འཛིན་པ་དང༌། བྱེ་བྲག་ཏུ་རྩལ་སྦྱོང་བའོ། །དང་པོ་ནི། གཙོ་འཁོར་དེ་ཐམས་ཅད་ཀྱི་སྐུ་ལུས་སྦུབས་སྟོང་ཕྲུ་མ་ཕུས་བཏབ་པ་ལྟ་བུ་སྟོང་ཆེན་སྒྲིབ་གཡོགས་དང་བྲལ་བ་ལས། ལྡེར་བཟོ་དང་ལུགས་མ་ལྟ་བའི་ལྡིར་ལྡིར་པོ་མ་ཡིན་པ། བྲིས་སྐུ་ལྟ་བུའི་ལེབ་ལ་ཅར་ཅར་བ་ཡང་མ་ཡིན་པར། ནམ་མཁའི་འཇའ་


JLAZ005_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་ནམ་ཆུ་ནང་གི་ཟླ་བ་བཞིན་སྣང་ལ་རང་བཞིན་མ་གྲུབ་པ་སྒྱུ་མ་མཁན་གྱི་རོལ་རྩེད་ལྟ་བུའི་རྣམ་པར་ཤར་བ་ལ་སེམས་རྩེ་གཅིག་ཏུ་བཟུང་ལ། ཝལ་ལེ། རྗེན་ནེ། ཡེ་རེ། གསལ་ལེར་བཞག་སྟེ་མི་གཡོ་བར་སྒོམ་མོ། །གཉིས་པ་ནི། གཞུང་ལས། ལྷ་གཙོ་འཁོར་ཆེ་འབྲིང་ཆུང་སོགས་རྒྱས་བསྡུས་ཅི་ལྟར་བསྒོམས་པ་ཐམས་ཅད་ཀྱི༔ སྐུ་མདོག་ཞལ་ཕྱག་རྒྱན་དང་ཆ་ལུགས་བཞུགས་སྟངས་གདན་ཁྲི་དང་བཅས་པ་ཐམས་ཅད་མ་ལུས་ཤིང་གསལ་བོར་བསྒོམས་པས༔ གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འབྱུང་ཞིང༌། བར་ཆད་ཀྱི་རིགས་གང་གིས་ཀྱང་མི་ཚུགས༔ དེ་རྣམས་གང་ཡང་མ་གསལ་ན་ཡོན་ཏན་གང་ཡང་མི་འབྱུང་བའི་སྟེང་དུ༔ བར་ཆད་འཇུག་ཉེན་ཡོད་པས༔ ཤིན་ཏུ་གསལ་བ་གལ་ཆེ༔ ཞེས་གསུངས་པ་ལ་བླ་མ་དམ་པའི་མན་ངག་གིས་ཕྱེ་བས་སྒོམ་ལུགས་འདི་ལྟར་བྱ་སྟེ། དང་པོ་གཙོ་བོའི་དབུ་གཙུག་ནས་ཞབས་ཀྱི་བར་དང༌། དེ་བཞིན་དུ་གདན་དང༌། འཁོར་གྱི་ལྷ། གཞལ་ཡས་ཁང་ལ་སོགས་པར་ཆ་ཤས་ཕྲ་མོ་ནས་གསལ་བཏབ། དེ་ཡང་སྐུ་དེ་རེས་འགའ་ནམ་མཁའི་གར་ཁྱབ་སྐུས་ཁྱབ་པར་བསྐྱེད། རེས་འགའ་ཇེ་ཆུང་ལ་བཏང་སྟེ་ཡུངས་འབྲུའི་ནང་དང༌། ཁབ་ཀྱི་བུག་པ་སོགས་སུ་འཛུལ་བ་སྙམ་བྱེད། དེ་རྣམས་ཀྱང་


JLAZ005_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་བསྐྱེད་བྱའི་ལྷ་དང་སྐྱེད་བྱེད་ཀྱི་རྣལ་འབྱོར་བ་རང་ཉིད་ཡ་བྲལ་ལམ། ཐ་དད་དུ་མི་ལྟ་བར་རང་སེམས་གསལ་སྟོང་གི་ངང་ལས་མ་གཡོས་བཞིན་དུ་སེམས་བསྐྱེད་ཀྱི་འཕེན་པའི་དབང་གིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་སྟོང་གཟུགས་སྒྱུ་མའི་རྣམ་རོལ་དུ་ཤར་བ་ལ་ཟབ་གསལ་གཉིས་མེད་དེ། འཁོར་འདས་དབྱེར་མེད་ཀྱི་བསྐྱེད་རིམ་ཞེས་བྱ་སྟེ། བྱང་ཆུབ་བསྒྲུབ་པའི་ཉེ་ལམ་ཐུན་མོང་མ་ཡིན་པ་ཡིན་མོད། ཚུལ་དེ་ལྟ་བུ་མི་ཤེས་པ་དག་གིས་རང་གར་ཉོན་མོངས་དུག་གསུམ་གྱི་ཀུན་སློང་དམ་པོས་གཟུང་འཛིན་དང་བཅས་པའི་ལྷའི་ང་རྒྱལ་འདུན་པ་དྲག་པོས་བསྒོམ་པ་ནི། རྣམ་པ་དེ་དང་འདྲ་བའི་ངན་སོང་གསུམ་གྱི་ལུས་རྟེན་ཐོབ་པར་གསུངས་ལ། བཀའ་བརྒྱད་གསང་རྫོགས་ཀྱི་རྩ་རྒྱུད་ལས། དགོངས་པ་མི་འགྱུར་གཟེར་མེད་ན༔ དཔལ་ཆེན་གྲུབ་ཀྱང་ཐུན་མོང་ལས༔ མཆོག་མི་འགྲུབ་ཀྱང་རཱུ་ཏྲར་གོལ༔ ཞེས་གསུངས་ཤིང༌། དེ་ཡང་སྔོན་བསྐལ་བ་ཀུན་བཀོད་ཀྱི་དུས་ན་བྱུང་བའི་དགེ་སློང་ཐར་བ་ནག་པོ་ལྟ་བུ་སྟེ། རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང༌། རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པ་སྟེ། གཟུང་འཛིན་གཉིས་ལ་མངོན་པར་ཞེན་པས་གསང་སྔགས་ཀྱི་གནད་


JLAZ005_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཚུལ་བཞིན་དུ་མ་རྟོགས་པར་མི་དགེ་ལ་འབྱོལ་ཉོག་ཏུ་སྤྱད་ཅིང༌། དྲེགས་པ་རང་རྒྱུད་དུ་བསྒོམས་པའི་རྣམ་པར་སྨིན་པས། རྣམ་སྨིན་གྱི་འབྲས་བུས་ངན་སོང་གི་སྡུག་བསྔལ་བཟོད་མི་ཕོད་པ་མྱོང་བ་དང༌། རྒྱུ་མཐུན་གྱི་འབྲས་བུར་སྲིན་ཡུལ་ལངྐ་པུ་རང་གི་སྨད་འཚོང་མའི་བུར་སྐྱེས་ནས་རཱུ་ཏྲར་གོལ་བ་ལྟ་བུའོ། །དེས་ན་འདི་མི་དགོས་ཁ་མེད་ཀྱི་གནད་གལ་པོ་ཆེ་ཡིན་པས། ཡིད་བརླང་པོར་སྤྱོད་པའི་སྔགས་པ་དག་རང་གི་མྱོང་འགྱུར་གྱི་འབྲས་བུར་བསམས་ནས་བསྐྱེད་རྫོགས་ཟུང་འབྲེལ་གྱི་གནད་ལ་སྒྲོ་འདོགས་ཆོད་པར་བྱ་དགོས་སོ། །གཉིས་པ་དག་དྲན་ནི། གཞུང་ལས། དབུ་གསུམ་ནི་སྐུ་གསུམ༔ ཕྱག་དྲུག་ནི་ཡེ་ཤེས་དྲུག༔ ཞབས་བཞི་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་དྲན་པ་སྟེ༔ ཞེས་གཙོ་བོ་ཤས་ཆེ་བའི་རིགས་ལ་དགོངས་པ་དང༌། དེ་བཞིན་དུ་ཞལ་གཅིག་ཕྱག་གཉིས་པ་རྣམས་ནི། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པའི་བརྡར་ཞལ་གཅིག །སྟོང་པ་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་བརྡར་ཕྱག་གཉིས། ཐབས་ཤེས་ཟུང་དུ་འཇུག་པའི་བརྡར་ཞབས་གཉིས། ཕྲིན་ལས་སྣ་ཚོགས་སུ་འགྱེད་པའི་བརྡར་ཕྱག་མཚན་དང་རྣམ་འགྱུར་ཅི་རིགས་པ་དང༌། གཙོ་མཆོག་པདྨ་བཛྲ་རྩལ་གྱི་གཡས་ཞལ་མཐིང་ནག་ཏུ་སྟོན་པ་ཆོས་སྐུ་འགྱུར་མེད། གཡོན་ཞལ་


JLAZ005_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོར་སྟོན་པ་ལོངས་སྐུ་རང་གསལ། དབུས་ཞལ་དམར་པོར་སྟོན་པ་སྤྲུལ་སྐུ་ཐུགས་རྗེ་མཚོན་པ། ཐེག་པ་རིམ་པ་དགུ་ཀློང་དུ་གྱུར་པའི་བརྡར་སྤྱན་དགུ། སེམས་ཅན་གྱི་ལུས་སྒྲིབ་བསྲེགས་པའི་བརྡར་སྨ་ར་དང་སྨིན་མ་མེ་ལྟར་འབར་བ། ཆོས་སྐུ་འགྱུར་མེད་ཀྱི་ལྟ་བ་མཐར་ཕྱིན་པའི་བརྡར་དབུ་སྐྲའི་ལྕང་ལོ་ནག་པོ་གཙུག་ཏུ་འཁྱིལ་ཞིང་ཟར་བུ་མཐུར་དུ་འཁྱིལ་བ། ཕྱག་དྲུག་གཡས་ཀྱི་དང་པོ་ན་དགོངས་པ་མི་འགྱུར་བའི་བརྡར་རྡོ་རྗེ་རྩེ་ལྔ། བར་མ་ན་ཉོན་མོངས་རྩད་གཅོད་ཀྱི་ཤེས་རབ་རལ་གྲི། ཐ་མ་ན་དབང་བཞིའི་ཆུ་རྒྱུན་མི་ནུབ་པའི་བུམ་པ། གཡོན་གྱི་དང་པོ་ན་ཐེག་ཆེན་གྱི་ཆོས་སྒྲ་སྒྲོག་པའི་དྲིལ་བུ། བར་མ་ལ་འགྲོ་དོན་ལ་རྗེས་སུ་ཆགས་པའི་བདེ་སྐྱོང་གི་ཀཱ་པ་ལ་ཟག་མེད་ཀྱི་བདུད་རྩིས་གང་བ། ཐ་མ་ན་དུག་གསུམ་དྲུངས་ནས་འབྱིན་པའི་ཁ་ཊྭཱཾ་རྩེ་གསུམ་བསྣམས་པ། བདུད་བཞི་ཟིལ་གྱིས་གནོན་པའི་བརྡར་ཞབས་བཞི། ཕར་ཕྱིན་དྲུག་གི་དགོངས་པ་ཀློང་དུ་གྱུར་པས་རུས་རྒྱན་དྲུག །ཡེ་ཤེས་ལྔ་མངོན་དུ་གྱུར་པས་རིན་པོ་ཆེ་སྣ་ལྔའི་ཟར་བུ། སྟོབས་བཅུས་འགྲོ་དོན་མཛད་པས་གླང་ཆེན་གྱི་གོ་རློན། རྣམ་བཞིའི་ཕྲིན་ལས་ལ་མངའ་བརྙེས་པས་སྟག་གི་ཤམ་ཐབས། ཉོན་མོངས་རྩད་ནས་གཅོད་པས་ཞིང་ཆེན་གྱི་གཡང་གཞིའི་སྐེད་དཀྲིས།


JLAZ005_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གསུམ་དབང་དུ་འདུས་པས་རཀྟའི་ཐིག་ལེ། འགྲོ་དོན་ཕྲིན་ལས་རྫོགས་པས་ཐལ་ཆེན་གྱི་བྱུག་པ། ཐབས་མཁས་ཀྱི་འགྲོ་དོན་མཛད་པས་མཁུར་ཚོས་ལ་ཞག་གི་སོ་རིས། དོན་དམ་གྱི་ཡོན་ཏན་མཐར་ཕྱིན་པས་ཐོད་སྐམ་ལྔ་རྒྱན། ཆེ་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པས་རིན་པོ་ཆེའི་རྩེ་བྲན། འདུ་བྱེད་ལྔ་བཅུ་གནས་སུ་དག་པས་ཐོད་རློན་ལྔ་བཅུའི་དོ་ཤལ། རང་རྒྱལ་གྱི་ཐེག་པ་མཐར་ཕྱིན་པའི་བརྡར་པདྨའི་ཟེའུ་འབྲུའི་གདན་ནས། ཨ་ཏི་གཞི་རྫོགས་གྱི་ལྟ་བ་མཐར་ཕྱིན་པའི་བརྡར་ཉི་ཟླའི་གདན་གྱི་བར་ལ་སོགས་མདོར་ན་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པའི་དག་དྲན་མངོན་རྟོགས་ཆེན་མོ་ནས་བཤད་པ་ལྟར་རེ་རེ་ནས་བསམ་སྟེ་སེམས་འཛིན་ལ་བསླབ་བོ། །གསུམ་པ་ནི། དམིགས་པ་ཤིན་ཏུ་གསལ་དཀའ་ཞིང་ཁམས་འདུས་པ་ལྟར་བྱུང་ན། སྐབས་སུ་ཐ་མལ་གྱི་སྣང་ཞེན་ལྡོག་པའི་དོན་དུ་ང་རྒྱལ་ལ་སེམས་འཛིན་པ་སྟེ། སྣོད་བཅུད་སྣང་གྲག་ཐམས་ཅད་བླ་མ་དགོངས་པ་འདུས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཉག་གཅིག་ཏུ་ཤར་བའི་སྤྲོ་བསྡུའི་བྱེད་པོ་པདྨ་བཛྲ་རྩལ་དེ་ངའོ་སྙམ་པའི་ངང་ནས་འཛིན་མེད་དུ་འཇོག་སྟེ། གཞུང་ལས། ཀུན་བརྟགས་མཉམ་རྗེས་མེད་པ་ལ༔ ང་རྒྱལ་བརྟན་པ་གནད་ཆེ་སྟེ༔ དེ་ཡང་གསལ་རུང་མ་


JLAZ005_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རུང་༔ ལྷ་རང་ཡིན་ནོ་སྙམ་བྱ་ཞིང་༔ ཐ་མལ་སྣང་ཞེན་མེད་པར་བྱ༔ ཞེས་གསུངས་པ་ཤིན་ཏུ་གནད་ཟབ་པ་ཡིན་ཞིང༌། གལ་ཏེ་མི་གསལ་བཞིན་དུ་ཀུན་བརྟགས་ཀྱི་བློས་རྣམ་པར་སྒྲོ་བཏགས་ནས་སྒོམ་པ་དག་ནི། འཁྲུལ་རྟོག་ལ་འཁྲུལ་རྟོག་གིས་ལྷན་པ་འདེབས་པ་ཞེས་ལམ་འཁྱེར་མི་ཤེས་པའི་སྐྱེ་བོས་བཤང་གཅིས་ལག་པ་བཀྲུ་བ་དང་མགོ་མཚུངས་སོ། །བཞི་པ་རྒྱས་གདབ་པ་ལ་གཉིས། དངོས་དང༌། ཉམས་ལེན་གྱི་ཐུན་ཚད་བཤད་པའོ། །དང་པོ་ནི། སྣང་སྲིད་འཁོར་འདས་ཐམས་ཅད་སྣང་གྲག་རིག་གསུམ་གྱི་ངང་དུ་འདུ་ལ། དེ་གསུམ་ལྷ་སྔགས་ཏིང་འཛིན་གསུམ་གྱི་རྣམ་རོལ་འབའ་ཞིག་ཏུ་ཐག་རྦད་ཀྱིས་བཅད་ལ་རྒྱས་འདེབས་པ་ཡིན་ཏེ། ཐུགས་གཏེར་ཆེན་པོ་གྲོལ་བའི་ཐིག་ལེའི་ཡང་དག་ཐིག་ལེ་གཅིག་མའི་མན་ངག་ལས། སྣང་དང་སྟོང་པ་དབྱེར་མེད་བསྒོམ༔ སྣང་བའི་དངོས་པོ་འདི་རྣམས་ཀུན༔ གཟུགས་སུ་སྣང་བ་ལྷ་ཡི་སྐུ༔ རྩི་ཤིང་ནགས་ཚལ་བཅས་པ་ཡང་༔ ས་རྡོ་རི་བྲག་ལ་སོགས་ཀུན༔ དཔལ་ཆེན་སྐུ་ཡི་ཆོ་འཕྲུལ་ལོ༔ འགྲོ་བའི་སྒྲ་རྣམས་ཐམས་ཅད་ནི༔ རུ་ལུའི་སྒྲ་རུ་ཤེས་པར་བྱ༔ ས་སྒྲ་མེ་སྒྲ་ཆུ་སྒྲ་དང་༔ རླུང་སྒྲ་ལ་སོགས་འབྱུང་བའི་སྒྲ༔ རུ་ལུའི་


JLAZ005_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་རུ་ཤེས་པར་བྱ༔ འགྲོ་འཆག་ཉལ་འདུག་ཐམས་ཅད་ནི༔ རུ་ལུའི་ངང་དུ་ཤེས་པར་བྱ༔ འདས་དང་མ་འོངས་ད་ལྟར་གྱི༔ རྣམ་རྟོག་རི་དྭགས་རྒྱུ་བ་འདི༔ རུ་ལུའི་རྒྱ་རུ་འཛུད་པར་བྱ༔ ཡིད་ཀྱིས་ཅི་བསམ་ཅི་མནོ་བ༔ དུག་ལྔ་གང་སྐྱེས་ངོ་བོ་ཀུན༔ རུ་ལུའི་ངོ་བོར་ཤེས་པར་བྱ༔ མིག་གི་གཟུགས་ཡུལ་ཐམས་ཅད་ཀུན༔ རུ་ལུར་ཀྲོང་གིས་ཤེས་པར་བྱ༔ སྣང་སྲིད་རུ་ལུར་འཇིག་པ་ཡིན༔ ཞེས་དང༌། རུ་ལུ་ཟས་སུ་ཟ་བ་ཡིན༔ རུ་ལུ་སྐོམ་དུ་འཐུང་བ་ཡིན༔ རུ་ལུ་གོས་སུ་གྱོན་པ་ཡིན༔ རུ་ལུ་གདན་དུ་འདིང་བ་ཡིན༔ གང་ལྟར་རུ་ལུར་ཤེས་པར་བྱ༔ གང་སྣང་རུ་ལུར་འཆར་པ་ཡིན༔ དཔལ་ཆེན་སྐུ་དང་མ་བྲལ་ན༔ འཁྲུལ་བའི་སྣང་བར་ཡ་མི་ང་༔ བར་ཆད་གདོན་གྱིས་མི་ཚུགས་ཤིང་༔ ཡང་དག་དོན་དང་མྱུར་དུ་འཕྲད༔ ཆོས་ཉིད་དོན་དང་མ་བྲལ་ན༔ གཉིད་ལོག་སྒྲིབ་པར་མི་འགྱུར་ཞིང་༔ རྨི་ལམ་འཁྲུལ་པ་ཉམ་མི་ང་༔ ཞེས་གསུངས་པ་ལྟར་གང་སྣང་གང་ཤར་གང་བཤད་ཐམས་ཅད་ལྷ་སྔགས་ཏིང་ངེ་འཛིན་གསུམ་གྱི་རྣམ་རོལ་འབའ་ཞིག་ཏུ་རྩལ་སྦྱངས་པས། སྣོད་བཅུད་གང་ལ་བལྟས་ཀྱང་རྗེས་ཆགས་བདེ་བ་ཆེན་པོའི་ལྷ་སྐུར་འཆར་ཞིང༌། ལྟ་བྱེད་ཀྱི་རིག་པའི་ངོ་བོ་ཁས་ལེན་ངོས་བཟུང་


JLAZ005_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བའི་རྒྱ་ཡན་ཅོག་གཞག་ཆེན་པོར་ལ་བཟླ་བའི་དུས་ཤིག་འོང་གི །གཞུང་ལས་ཀྱང༌། མདངས་མ་འགག་པ་ལྷ་སྐུ་ལམ་མེ༔ གཤིས་མ་གྲུབ་པ་སྟོང་པར་ཕྱམ་མེ༔ ངོ་བོ་གསལ་སྟོང་གཉིས་མེད་དུ་ཁྲང་ངེ་༔ དེ་ལྟར་གཉིས་མེད་དུ་བསྒོམ་པས༔ ཡོན་ཏན་ཚོགས་གཉིས་རྫོགས་ནས༔ མཐར་ཐུགས་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་སྟེ༔ འཚང་རྒྱ་བ་ལ་ཐེ་ཚོམ་མེད་དོ། །ཞེས་དང༌། ཡང་དག་ཐིག་ལེ་གཅིག་མའི་མན་ངག་ལས། སྣང་ཞིང་སྟོང་པ་ཆུ་ཟླ་འདྲ༔ བརྗོད་ཅིང་སྟོང་པས་བྲག་ཆ་འདྲ༔ གསལ་ཞིང་སྟོང་པས་འཇའ་ཚོན་འདྲ༔ མེད་བཞིན་སྟོང་པས་ནམ་མཁའ་འདྲ༔ མྱོང་ཞིང་སྟོང་པས་རྨི་ལམ་འདྲ༔ དེ་ལྟར་གསལ་ཞིང་གོམས་པའི་ཚེ༔ བསྐྱེད་པའི་རིམ་པ་གོམས་པ་ཡིན༔ སྣང་སྲིད་རྣམ་དག་རང་གི་སེམས༔ སྟོང་གསལ་འཛིན་མེད་ངང་ལ་གཞག༔ རང་བྱུང་རིག་པ་ཟང་ཐལ་ཀྱང་༔ སྣང་ལ་རང་བཞིན་མེད་པ་ཡིན༔ རྫོགས་པའི་རིམ་པ་ཨེ་མ་ཧོ༔ བསྐྱེད་རྫོགས་ཟུང་འཇུག་ལམ་དུ་ཁྱེར༔ བསྐྱེད་རྫོགས་གོམས་པ་སངས་རྒྱས་ཡིན༔ སྒྱུ་ལུས་བརྟན་པར་གྱུར་ནས་ནི༔ བར་དོར་ཡི་དམ་བཞད་ཅིང་འབྱོན༔ འདི་ལ་ཐེ་ཚོམ་ཅུང་ཟད་མེད༔ ཅེས་གསུངས་པ་ལྟར་སྐྱེ་བ་འདི་


JLAZ005_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཟུང་འཇུག་དངས་མའི་སྐུ་མངོན་དུ་མ་གྱུར་ཀྱང་བསྐྱེད་རིམ་གསལ་བརྟན་གྱི་ཚད་བརྒྱད་ཀྱིས་སེམས་ཉིད་ལྷའི་སྐུར་རྩལ་རྫོགས་ཤིང༌། རྣལ་འབྱོར་བ་དེའི་ལུས་ཐ་མལ་ལྟར་སྣང་བས་སྐྱེ་འཆི་ལ་རང་དབང་མ་ཐོབ་ཀྱང༌། སེམས་ལྷའི་སྐུར་རྣམ་པར་སྨིན་པས་རྣམ་སྨིན་རིག་འཛིན་ཚེ་འདིར་ཐོབ་ཅིང༌། སྒྱུ་མའི་ལུས་བོར་མ་ཐག་སཱཙྪ་བརྐོས་ཕོར་ནས་ཕྱུང་བ་ལྟར་བར་དོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གདོན་མི་ཟའོ། །གཉིས་པ་སྨིན་སློབ་ཀྱི་རིགས་རྣམས་ལ་བསྐྱེད་རྫོགས་ཀྱི་ཐུན་ཚད་ནི། ཐིག་ལེ་གཅིག་མའི་མན་ངག་ལས། ཐུན་གཅིག་ལྷ་ལ་སེམས་གཏད་སྒོམ༔ ཐུན་གཅིག་གསང་སྔགས་བཟླས་པ་བྱ༔ ཐུན་གཅིག་རླུང་དང་འགྲོ་འོང་བསྟུན༔ ཐུན་གཅིག་མངོན་སུམ་གནད་ལ་དབབ༔ མ་བཅོས་རིག་པ་ཀུན་ཏུ་བཟང་༔ བཅིང་གྲོལ་མེད་པའི་ནམ་མཁའ་ལ༔ རྒྱ་ཆད་མེད་པར་ཁྱབ་གདལ་ལེ༔ ཡུལ་མེད་ཤེས་པ་སོ་མ་ལ༔ མ་ཡེངས་དྲན་པའི་འཛིན་ཕུར་གདབ༔ དབྱིངས་རིག་ཐིག་ལེ་མངོན་སུམ་ལ༔ ལྷན་ནེ་རྗེན་ནེ་ཧྲིག་གེ་བལྟ༔ སངས་རྒྱས་དགོངས་པ་འདུས་པའི་དོན༔ འདི་ལས་མི་གདའ་ཨེ་མ་ཧོ༔ ཞེས་གསུངས་པ་ལྟར་རོ། །འདི་དག་རྣམས་ས་ཁོང་འཛིན་པ་དང་སྨིན་སློབ་ཀྱི་རིགས་མཐའ་དག་གི་གོ་ཕྱེས་པར་སེམས་ནས་ཅུང་


JLAZ005_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་སྤྲོས་ནས་བཤད་ཀྱི། མོས་སྒོམ་ཉིན་ཆོག་པ་རྣམས་སེམས་འཛིན་ས་བཅད་དང༌། ང་རྒྱལ་རང་གཙོ་ཆེ་བར་བསླབ་པ་གལ་ཆེ་སྟེ། རིག་འཛིན་རྩེ་ལས་པས། ཡི་དམ་བསྐྱེད་རིམ་བསྒོམ་པ་མང་ལགས་ཀྱང༌། །བསྐྱེད་རིམ་གོ་དོན་ཤེས་པ་ཉུང་བར་གདའ། །སྣོད་བཅུད་གཟོད་ནས་དག་པའི་ལྷ་སྔགས་སུ། །ཡིན་ཚུལ་ཇི་བཞིན་ཤེས་པ་མེད་ཐབས་མེད། །ཅེས་གསུངས་པ་ལྟར་རོ། །དྲུག་པ་ཛབ྄་མཇུག་བསྡུ་བ་ལ་བཞི་ལས། སྒྲུབ་ཆེན་ལྟ་བུའི་ཚེ། དང་པོ་སྟོང་ཚིག་གི་མཆོད་པ་ནི། བདག་གི་ཡེ་ཤེས་ཀྱི་རོལ་པ་ལས། འདོད་ཡོན་གྱི་ལྷ་མོ་ནམ་མཁའ་ཁེངས་པར་སྤྲོས་ཏེ། མདུན་བསྐྱེད་གྱི་ལྷ་ཚོགས་རྣམས་ལ་མཆོད་པས་མཉེས་ཤིང་ཉམས་ཆག་སྐོང་བར་བལྟས་ལ། གཏེར་ཁ་ཐ་དད་ལས་བྱུང་བའི་རྡོ་རྗེའི་ཚིག་རྐང༌། ཧཱུྃ་ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ སོགས་ཀྱི་མཐར། བཛྲ་ཨརྒྷཾ་སོགས་དང༌། མ་ཧཱ་པཉྫ་རཀྟ་བ་ལིངྟ་ཁཱ་ཧི། ཞེས་རོལ་མོ་དཀྲོལ་ཞིང༌། ཕྱི་མཆོད་གསོ། སྨན་རཀ་བྲན་ནོ། །སྒྲུབ་ཆེན་གྱི་དུས་བཟླས་པ་སྟོང་ཕྲག་རེའི་མཚམས་སུ་དེ་བཞིན་བྱ་བ་ལ་སྟོང་ཚིག་གི་མཆོད་པ་ཞེས་སྒྲ་བཤད་བཞག་པའོ། །གཉིས་པ་བསྟོད་པ་ནི། གཙོ་བོ་ལ་འཁོར་རྣམས་ཀྱིས་འདོད་པའི་དོན་ལ་བསྐུར་ཕྱིར་བསྟོད་པར་བསམས་


JLAZ005_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བསྟོད་འབུམ་ཆེན་མོ་ནས་བསྟོད་པའམ། ཤིན་ཏུ་བསྡུ་ན། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ སོགས་ཤློ་ཀས་བསྟོད། གསུམ་པ་བསྒྲུབ་ཆེན་གྱི་ཚེ་ཐུགས་དམ་བསྐུལ་བ་ནི། སྒྲུབ་པ་པོ་མཆེད་ལྕམ་རྣམས་བཞེངས་ནས་དཀྱིལ་འཁོར་གསུམ་གྱི་དགོངས་པ་དང་ལྡན་པས་དཔའ་ཤུགས་བསྐྱེད་ཅིང༌། གར་གྱི་སྟངས་སྟབས་དང་བཅས། ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་དམ་གནད་ནས་བསྐུལ་ཕྱིར་གདུང་ཤུགས་དྲག་པོའི་དབྱངས་དང་བཅས། ཧཱུྃཾ་ཧྲཱིཿཆོས་དབྱིངས་མུ་མཐའ་མེད་པའི་ཕོ་བྲང་ནས༔ ཞེས་སོགས། དགོངས་འདུས་རྩ་བའི་ལྷ་དགུ་དང༌། ཧཱུྃ་ཧྲཱིཿདཀྱིལ་འཁོར་ཆེན་པོའི་བར་ཁྱམས་ཡངས་པ་རུ༔ སོགས་ནས། མ་གྲུབ་བར་དུ་ཏིང་འཛིན་མི་བཏང་ངོ༌། །ཞེས་ཕྱི་མ་ལ་ཐུག་གི་བར་དུ་བཏང་ནས་འཁོར་གྱི་ལྷ་ཚོགས་རྣམས་ཐུགས་རྒྱུད་བསྐུལ་བས། ཡེ་ཤེས་ཀྱི་འཁོར་ལོ་ལས་སྐུ་ཕྱག་རྒྱ་ཞལ་ཕྱག་ཡོངས་རྫོགས་གཟི་བརྗིད་འབར་བ། གསུང་ཡིག་འབྲུ་གྲག་སྟོང་རྡོ་རྗེའི་རང་སྒྲ་སྒྲོག་པ། ཐུགས་ཟབ་གསལ་བདེ་ཆེན་གྱི་ངོ་བོ་ཕྱག་མཚན་གྱི་རྣམ་པ་དང་ཟག་པ་མེད་པའི་བདུད་རྩིའི་རྒྱུན་འཇའ་ཚོན་ལྟ་བུ་དཔག་ཡས་ཐོན་ནས་སྟོང་གསུམ་འཇིག་རྟེན་ཐམས་ཅད་གང༌། སླར་དེ་ཐམས་ཅད་བདག་གི་བ་སྤུའི་བུ་ག་ཐམས་


JLAZ005_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ནས་ཞུགས་ཏེ་ལུས་ཀྱི་ཆ་ཐམས་ཅད་གང་བས་དངོས་གྲུབ་མ་ལུས་པ་ཐོབ་སྟེ་གསལ་བའི་ཚད། གསལ་ལེ། སང་ངེ༌། ལྷག་གེ ལྷང་ངེ་བ་བཞི་དང༌། བརྟན་པའི་ཚད་མི་གཡོ། མི་འགྱུར། མངོན་པར་མི་འགྱུར་བ། ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ་བཞི། དེ་ལྟར་གསལ་བརྟན་གྱི་ཚད་བརྒྱད་ཐོབ་སྟེ་གཟི་བྱིན་དང་ལྡན་པར་བསམ་མོ། །བཞི་པ་སྒྲུབ་ཆེན་གྱི་ཚེ་ཛབ྄་བཅོལ་བ་ནི། མདུན་བསྐྱེད་ལ་དམིགས་ཏེ། དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་རྣམས་ཀྱིས། །རྣལ་འབྱོར་བདག་ཅག་ཐུན་མཚམས་བྱ་ཡི་བར། །གྲག་སྟོང་རྡོ་རྗེ་སྔགས་སྒྲ་འུ་རུ་རུ། །བཟླ་བའི་ཕྲིན་ལས་དབྱེར་མེད་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ་ཛབ྄་སྒྲ་དི་རི་རི་སྒྲོག་པར་བསམ་མོ། །ཨ་ཧོ་སྒྲུབ་ཆེན་ཁོག་འབུབས་ཁྱུང་ཆེན་འགྲོས། །མཐའ་རྒྱ་རླབས་ཀྱིས་གཅོད་པའི་མན་ངག་དང༌། །ཛབ྄་དགོངས་དམིགས་པའི་གནད་འགག་རུས་སྦལ་འགྲོས། །རིན་ཐང་མཚམས་སུ་སྒྲིམ་པོའི་བློ་ཡིས་ནུར། །གཙུག་ལག་ཁང་གི་དཀོན་གཉེར་དམུས་ལོང་བཞིན། །འོལ་ཚོད་མཛུབ་མོའི་བཤད་ཡམས་འདི་ཀོ་མིན། །རྒྱུད་ལུང་དཔང་པོར་གསོལ་བའི་རྒྱབ་གཉེར་དང༌། །ཉམས་མྱོང་གནད་ཀྱི་


JLAZ005_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལག་རྔོམ་པའི་གཏམ། །གནའ་བོའི་གཏམ་རྒྱུད་ཕ་ཕོར་གཙང་བའི་འགྲོས། །གླེང་རྣམས་འདི་འདྲ་རིང་པོར་དོར་བས་ཆོག །བདག་དང་སྐལ་མཉམ་དང་པོའི་ལས་ཅན་ལས། །ཕན་པའི་སྨོན་པ་བཙུགས་ཏེ་ནན་ཏན་བྱས།། །།གཉིས་པ་བཤགས་སྐོང་གི་ཡན་ལག་ལ་ལྔ་སྟེ། ཕྱག་འཚལ་བརྒྱ་རྩ་རྗེས་འབྲང་དང་བཅས་པ། མཆོད་པ་ཚོགས་བསགས་པའི་ཡན་ལག །བཤགས་པའི་རིམ་པ། སྨོན་ལམ། ཐུགས་དམ་བསྐང་བའི་རིམ་པའོ། །དང་པོ་ལ་གསུམ། ཚོགས་ཞིང་གསལ་གདབ་པ། ཇི་ལྟར་འཚལ་བའི་ཚུལ། དེ་ལྟར་འཚལ་བའི་དམིགས་པའོ། །དང་པོ་ནི། མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་རྣམ་པ་བདུན་གྱི་ངོ་བོར་ཤར་བ་ལ་ཕྱག་འཚལ་བའི་ཡུལ་ཏེ། དེ་ལ་དཀྱིལ་འཁོར་རྣམ་པ་བདུན་གང་ཞེ་ན། རྒྱུད་ལས། འདིར་ནི་རང་བཞིན་དཀྱིལ་འཁོར་དང༌། །གཟུགས་བརྙན་ལྷག་པའི་དཀྱིལ་འཁོར་གསུམ། །ཏིང་འཛིན་ལྷག་པའི་དཀྱིལ་འཁོར་དག །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་པའི་འགྲེལ་པ་ནི་རྒྱུད་འགྲེལ་རྣམ་པ་གསུམ་སྒྱུ་འཕྲུལ་གསང་བ་སྙིང་པོ་ལ་འཕགས་བོད་ཀྱི་ལོ་པཎ་རྣམས་ཀྱིས་མཛད་པའི་འགྲེལ་པ་དགུ་ཙམ་ཡོད་ཀྱང༌། ད་ལྟ་ཡོངས་གྲགས་ཆེ་བ་དགའ་ལྡན་ཕུན་ཚོགས་གླིང་གི་པར་མ་རོང་ཟོམ་ཆོས་ཀྱི་བཟང་པོའི་དཀོན་མཆོག་འགྲེལ་དང་གཡུང་སྟོན་རྡོ་རྗེ་དཔལ་བའི་


JLAZ005_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བྱེད་མེ་ལོང༌། ཁམས་པ་ཀུན་མཁྱེན་ཆེན་པོའི་འགྲེལ་པར་ཅེས་པའོ། །མ་ཧཱ་ལོ་ཙཱ་བ་དྷརྨ་ཤྲཱིས་ཀྱང་བསྟན་པ་འདི་ལ་བྱ་བ་བྱས་པ་ཡིན་ནོ། །ལས་རོང་ལུགས་ལྟར་འཆད་ན། དེ་ལ་རང་བཞིན་གྱི་དཀྱིལ་འཁོར་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པ་ཇི་ལྟ་བ་ཡིན་པ་དང༌། གཟུགས་བརྙན་གྱི་དཀྱིལ་འཁོར་ནི། སེམས་ཅན་རྣམས་ཀྱི་དབང་པོའི་སྤྱོད་ཡུལ་དུ་ཇི་ལྟར་སྣང་ཡང་ཐམས་ཅད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འདོད་དོ། །ལྷག་པར་གཟུགས་བརྙན་ནི། དེ་ལས་ཀྱང་ཁྱད་པར་དུ་གྱུར་པ་གཟུགས་སྐུ་དང་མཆོད་རྟེན་ལ་སོགས་པ་ཕྱག་རྒྱའི་མཚན་མར་གྱུར་པ་གང་ཡིན་པའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་རྟོགས་ནས་དེ་ཉིད་ཏིང་ངེ་འཛིན་གྱི་ཡུལ་དུ་བྱས་པའོ། །ལྷག་པའི་ཏིང་ངེ་འཛིན་ནི། གཞི་དེ་ལས་བྱེ་བྲག་ཏུ་ལྷ་སོ་སོའི་རིགས་དང༌། སྐུ་མདོག་ཕྱག་མཚན་ལ་སོགས་པ་སོ་སོར་གསལ་བར་བྱས་པའོ། །གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཉིད་ཀྱི་དཀྱིལ་འཁོར་དམ་པ་ཡིན་ཏེ། དེ་ཉིད་རྟོགས་པ་དང་བསྒོམ་པའི་མན་ངག་སྟོན་པའོ། །ཚོགས་ཀྱི་དཀྱིལ་འཁོར་ནི་འདི་ལྟར། ལྷ་རྣམས་ཐམས་ཅད་


JLAZ005_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་དང༌། །སྐྱེ་བོ་དམ་པ་ཀུན་ཚོགས་པས། །ཚོགས་ཀྱི་དཀྱིལ་འཁོར་དམ་པ་ནི། །དེ་བཞིན་ཉིད་དུ་འདུས་པར་གསུངས། །ཞེས་བཤད་པ་ལྟར་རོ། །གཉིས་པ་ལ་གསུམ། ཕྱི་ལྟར་དུ་འཚལ་བ། ནང་ལྟར་དུ་འཚལ་བ། གསང་བ་ལྟར་དུ་འཚལ་བའོ། །དང་པོ་ནི། ལས་གཞུང་ལས། ཕྱི་ལྟར་བེར་ཕོད་ཆོས་གོས་ལྡིང་སྟབས་ཅན༔ སྙན་པའི་དབྱངས་དང་གུས་པའི་ཚུལ་ཉིད་ཀྱིས༔ ལུས་ཀྱི་མ་ལྔ་ས་ལ་ཕབ་ཅིང་འཚལ༔ ཞེས་ད་ལྟ་ཡོངས་གྲགས་ཀྱི་ཡན་ལག་ལྔ་ལྡན་གྱི་ཕྱག་ཅེས་པ་དེའོ། །གཉིས་པ་ནི་ལས་གཞུང་ལས་ནང་ལྟར་ཁ་ལག་གདོང་བཀྲུ་ཆས་ཀྱིས་བརྒྱན༔ མཛེས་ཤིང་ཡིད་འོང་གོས་ཀྱིས་སྤུད་བྱས་ཏེ༔ ལྷ་ཡི་ཕྱག་མཚན་གང་རིགས་ལག་ཏུ་ཐོགས༔ གར་སྟབས་གླུ་དབྱངས་གྱེར་མཚམས་སྤྲད་ཅིང་འཚལ༔ ཞེས་ཐམས་ཅད་དགྱེས་པ་བསྐྱེད་པའི་ཕྱག་དང༌། གསུམ་པ་ནི། ལས་གཞུང་ལས། གསང་བ་ལྟར་དུ་མཆེད་དང་ལྕམ་དྲལ་རྣམས༔ བླ་མ་ལྷ་དང་དཀྱིལ་འཁོར་ཚོགས་གྲལ་དུ༔ ལུས་ཉིད་གཅེར་བུར་ཕྱུང་ཞིང་སྨྲེ་སྔགས་བཅས༔ གནོང་འགྱོད་ཚུལ་གྱིས་ལུས་རྡེབ་རྐྱང་ཕྱག་འཚལ༔ ཞེས་མཚམས་མེད་ཀྱི་ལས་བྱས་པའམ། ཉམས་ཆག་ཆེན་པོ་བྱུང་ན་ཕྱི་མ་ཉིད་དགོངས་པ་


JLAZ005_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཟབ་པའོ། །གསུམ་པ་ལ་གཉིས། སྒོམ་པ་གོམས་པའི་ཕྱག་སྤྲུལ་པ་འགྱེད་པ་དང༌། མོས་གུས་གདུང་བའི་ཕྱག་དངོས་སུ་འཚལ་བའོ། །དང་པོ་ནི། ལས་གཞུང་ལས། ཞིང་རྡུལ་ཀུན་གྱི་གྲངས་སྙེད་དུ༔ ཞེས་གསུངས་པ་ལྟར། ཕྱག་འཚལ་བའི་ཡུལ་ཀྱང་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་གྲངས་ཞེས་པ་མདོར་ཧྲིལ་གྱིས་དྲིལ་ན། དེ་ལྟ་བུའི་གྲངས་ཚད་བློས་དཔགས་པར་མི་ནུས་ཤིང༌། བགྲང་བའི་ཡུལ་ལས་འདས་པར་སྤྲུལ། དེས་མཚུངས་པར་རང་ལུས་ཀྱང་རེ་ཞིག་ཐ་མལ་དུ་འདུ་ཤེས་པའི་གཅིག་ཙམ་ལ་གུ་དོག་ཏུ་མི་ཞེན་པར་རང་རང་གི་བློ་ནུས་དང་འཚམས་པའི་བྱེ་བ་ཐེར་འབུམ་བསམ་ལས་འདས་པར་ཏིང་ངེ་འཛིན་གྱིས་སྤྲུལ་པ་བཀྱེ་བའོ། །གཉིས་པ་ནི། ལས་གཞུང་ལས། ལུས་བཏུད་པ་ཡི་རྣམ་ཀུན་ཏུ༔ མཆོག་ཏུ་དད་པས་ཕྱག་འཚལ་ལོ༔ ཞེས་པ་ལྟར། ལུས་དེ་རྣམས་ཀྱི་ཡན་ལག་ལྔ་ས་ལ་གཏུགས། ངག་གི་སྒོ་ནས་དབྱངས་དང་བསྟོད་ཚིག་བརྗོད། ཡིད་ཀྱིས་མོས་གུས་དུང་སེམས་དང་བཅས་ཏེ་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་གྱི་དུས་གཅིག་ཏུ་འཚལ་བའི་འདུན་པ་གཏོད་པ་ལ། གཞུང་གཞན་དུ་འཕྲུལ་དགའི་ཕྱག་ཅེས་ཀྱང་གྲགས་ཏེ། དེ་ནི་ཕྱག་རྡོག་རེ་རེ་ལའང་རང་ལུས་ཇི་ཙམ་མང་བར་སྤྲུལ་ནུས་པའི་གྲངས་དེ་


JLAZ005_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཀྱི་ཕྱག་ཏུ་འགྱུར་བར་གསུངས་ཤིང༌། ཤིན་ཏུ་ཟབ་པའི་མན་ངག་ཡིན་པས་ཕྱག་འཚལ་སོ་ཅོག་ལ་སྦྱོར་དུ་ཡོད་ལ། རང་ཉིད་ཀྱང་དེ་ལྟར་དུ་བྱ་ཞིང་མི་ཤེས་པའི་རིགས་ཐམས་ཅད་ལའང་བསླབ་ན་དགེ་སྟོབས་ཆེན་པོར་འགྱུར་བ་དགོངས་པར་མཛད་དུ་གསོལ་ཞེས་བདག་གིས་ཐལ་མོ་སྦྱར་རོ། །ཨེ་མ་ཧོ་སངས་རྒྱས་ཀུན་དངོས་རྡོ་རྗེ་ལྟ་བུའི་སྐུ༔ ཞེས་འཚལ་ལོ། །དེ་ཡང་སྔར་མདུན་བསྐྱེད་ཀྱི་སྐོར་ལ་གླེང་བསླངས་པ་ལྟར། འདིར་གསུངས་པའི་ཕྱག་འཚལ་བརྒྱ་རྩ་ཡོངས་རྫོགས་ཕྱི་དཀྱིལ་གྱི་འཁོར་ལོ་ལ་ཕྱག་འཚལ་བའི་ཡུལ་ཡིན་ཚེ། ལྷ་དེ་དག་གཙོ་འཁོར་མ་ལུས་པའི་མངོན་རྟོགས་འདི་ནས་གསལ་བོར་སྟོན་པས་ཀྱང་ཆེས་ཆེར་གོ་མོད། ལུས་དཀྱིལ་ལ་ཞི་ཁྲོ་སྦྱར་བའི་ལུགས་ལྟར་ན། བདག་མདུན་གྱི་རྣམ་བཞག་ཐམས་ཅད་འཇིག་པའི་སྟེང་དུ། འདི་ནས་གསུངས་པའི་ཕྱག་འཚལ་བརྒྱ་རྩའི་ལྷ་རྣམས་ཀྱང་དགོངས་འདུས་ཀྱི་ལྷ་ཡིན་པར་ངོ་མི་ཤེས་པའི་སྐྱོན་ཡང་ཡོད་དེ་ཤིན་ཏུ་དཔྱད་པར་འཚལ་ལོ། །ཡང་ཁ་ཅིག་ན་རེ། དཀྱིལ་འཁོར་གྱི་གཙོ་བོར་སློབ་དཔོན་ཆེན་པོ་པདྨ་བཛྲ་བཞེངས་ནས། སླར་ལྷོའི་འཁོར་འདབ་ན་གུ་རུ་ཉིད་བཞུགས་པ་ལ་ཐེ་ཚོམ་ཟ་བ་མཐོང་ངོ༌། །ཚུལ་དེ་དག་ཇི་འདྲ་བ་སྔ་རབས་སུ་ཡང་བྱུང་བར་སྣང་སྟེ། དེ་དག་ལ་རིག་འཛིན་རྩེ་ལེ་པས།


JLAZ005_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་མང་ཉུང་ཇི་འདྲར་བསྟན་ཀྱང་དོན་དམ་པར་གཙོ་བོ་ཉིད་ཀྱི་རྣམ་རོལ་ཁོ་ན་མ་གཏོགས་གང་ཟག་ཕལ་བའི་དཔོན་གཡོག་བཞིན་དུ་དྲག་ཞན་ཐ་དད་དུ་ཚོགས་ཤིང་འདུས་པ་ལྟ་བུ་མ་ཡིན་ཏེ། སོགས་དང་དེའི་འཕྲོར། གནས་སྐབས་ལྟར་སྣང་ཙམ་ལ་ལྷ་ཕྱོགས་ཀྱི་ཤར་འདབ་ལ་གུ་རུ་ཉིད་བཞུགས་པར་མ་ཟད། འདབ་མ་གཞན་བདུན་པོའི་མཚན་བརྒྱད་ཐམས་ཅད་ཀྱང་གུ་རུ་ཉིད་ཡིན་མོད་ཀྱི། འདི་འདྲ་བ་ནི་གསར་མ་ལའང་མང་མོད། འཆད་པ་པོ་ང༌། ཆོས་ཀྱང་ང༌། ཞེས་དགོངས་དོན་བདེ་མཆོག་འཁོར་ལོས་སྒྱུར་དྲུག་གི་དཀྱིལ་འཁོར་གྱི་ལྷ་དྲུག་ཀ་བདེ་མཆོག་ཉིད་ཡིན་པ་དང༌། བདག་མེད་ལྷ་མོ་བཅོ་ལྔ་ཐམས་ཅད་བདག་མེད་མ་འབའ་ཞིག་ཡིན་པ་ལྟ་བུ་དང༌། གཞན་ཡང་དུས་འཁོར་སོགས་ཀྱི་སྐུ་དཀྱིལ། གསུང་དཀྱིལ། ཐུགས་དཀྱིལ་གྱི་ལྷ་ཐམས་ཅད་དང་པོའི་སངས་རྒྱས་ཉིད་ཀྱི་སྐུ་གསུང་ཐུགས་སོ་སོའི་བཀོད་པ་ཡིན་པའི་དཔེ་བཞིན་དཀྱིལ་འཁོར་གྱི་རིགས་ཐམས་ཅད་དེ་དང་མཚུངས་པ་ལགས་སོ། །ཞེས་གསུངས་པ་ལྟར་ཡིན་ཡང་དེ་དག་ནི་བསྐྱེད་རྫོགས་ཀྱི་གནད་གསང་ལ་གོ་དོན་ཅུང་ཟད་ཀྱང་མ་ཆགས་པའི་རང་གདངས་སུ་ཟད་ལ། ཅིའི་ཕྱིར་ན་དཀྱིལ་འཁོར་གང་གིས་ཀྱང་གཙོ་


JLAZ005_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཐ་དད་དུ་མི་བལྟ་བ་ལས་ལྷག་པ། གཙོ་བོ་ཉིད་ཀྱང་དེ་འདྲ་བའི་རང་རྒྱུད་པ་ཞིག་ཅི་ལ་སྲིད་ཀྱི་སྒྲུབ་ཆེན་བཀའ་བརྒྱད་ཀྱི་རྩ་རྒྱུད་ལས། མདོར་ན་སྐུ་མདོག་ཕྱག་མཚན་སོགས༔ ཞལ་ཕྱག་མང་ཉུང་བསམ་ཡས་ཀྱང་༔ ཡེ་ཤེས་ལྷ་ལ་རང་རྒྱུད་པར༔ རྩིས་གདབ་ཁྲིགས་སུ་བཅད་པ་མེད༔ གདུལ་བྱའི་མོས་བློ་དང་མཐུན་པར༔ ཆོས་སྐུའི་རང་རྩལ་ཅིར་ཡང་སྣང་༔ ཞེས་གསུངས་པ་ལྟར་ཡིན་ནོ། །ཁ་ཅིག་ན་རེ། འོ་ན་ལྷའི་ཞལ་མཐོང་གསུང་ཐོས་པར་བཤད་པའི་ལུང་གིས་གནོད་དོ་ཞེ་ན་མ་ཡིན་ཏེ་བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་བག་ཆགས་བརྟས་པ་ཡིན་ཏེ་དེ་ལ་དགའ་བྲོད་མི་བྱའོ། །འོན་ཀྱང་གང་ཟག་ཁྱད་པར་ཅན་ལ་དེ་ལྟར་འབྱུང་བ་ནི་རང་སྣང་དག་པའི་རྩལ་མདངས་ཕྱི་གསལ་དུ་ཤར་བ་ལས་དོན་ལ་དེ་ཡང་རང་རྒྱུད་པར་མ་གྲུབ་བོ། །དེས་མཚུངས་པར་བདུད་ཀྱི་ཆོ་འཕྲུལ་ལའང་འབྱུང་བར་བཤད་དེ་མན་ངག་གི་གནད་དང་ལྡན་པས་ཞིབ་མོར་བརྟག་ཅིང་རེ་དོགས་ཀྱི་ཕྱི་ལ་མི་འབྲང་ངོ༌། །གཉིས་པ་མཆོད་པའི་ཡན་ལག་ལ་ལྔ། མཎྜལ། འདོད་ཡོན་ལྔ། རྒྱལ་སྲིད་བདུན། བཀྲ་ཤིས་རྟགས་བརྒྱད། ཀུན་བཟང་མཆོད་སྤྲིན་ནོ། །དེ་ལ་དང་པོ་མཎྜལ་གྱི་རྣམ་པར་གཞག་པ་ནི། རྒྱུད་ལས། སངས་རྒྱས་ཞིང་


JLAZ005_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཐམས་ཅད་ལ། །སྟོང་གསུམ་ཞིང་ཁམས་མ་ལུས་པ། །འདོད་པའི་ཡོན་ཏན་བརྒྱན་པ་ཡིས། །མཆོད་ན་སངས་རྒྱས་ཡེ་ཤེས་རྫོགས། །ཞེས་དང་བཀོད་པ་ཆེན་པོ་ལས། རྣམ་དག་སེམས་ལྡན་མཎྜལ་ནི། །ཕུལ་བའི་བསོད་ནམས་གཞལ་དུ་མེད། །ཅེས་དང༌། འདི་ཉིད་ལས། ཆོས་སྤྱོད་གཞན་ཐམས་ཅད་གཅིག་ཏུ་དྲིལ་བའི་བསོད་ནམས་ལས༔ མཎྜལ་ཕུལ་བའི་བསོད་ནམས་ཁྱད་པར་ཆེ་ཞིང་༔ ཏིང་ངེ་འཛིན་དང་རྟོག་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ༔ ཚེ་ཕྱི་མ་ལ་སོགས་པའི་མཐར་ཐུག་རང་ཉིད་ཇི་ལྟར་འདོད་པའི་ལོངས་སྤྱོད་དང་དཔལ་འབྱོར་ཐོབ་ཅིང་ཞིང་ཁམས་བགྲོད་པར་འགྱུར༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པར་འགྱུར་བ་ལ་སོགས་པའི་བསོད་ནམས་ཀྱི་ཕུང་པོ་གང་གིས་ཀྱང་དཔགས་པར་མི་ནུས་སོ༔ ཞེས་གསུངས་པ་ལྟར་འབྲས་བུ་དག་པ་གཉིས་ལྡན་གྱི་གོ་འཕང་མངོན་དུ་བྱེད་པ་ལ་རྒྱུའི་དུས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འབྲེལ་དུ་བསག་དགོས་ཏེ། མཚན་བརྗོད་ལས། བསོད་ནམས་ལྡན་པའི་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །ཚོགས་གཉིས་ཚོགས་ནི་གསོག་པ་པོ། །ཞེས་གསུངས་པ་ལྟར། སྔགས་གསར་རྙིང་གང་


JLAZ005_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐབས་སུ་ཡང་ཐུན་མོང་མ་ཡིན་པའི་ལམ་གྱི་སྟེགས་སུ། མཐུན་རྐྱེན་གྱི་ཚོགས་གསོག་པ་མཎྜལ་གྱི་ཁྲིད་ཅེས་ཤིན་ཏུ་གནད་ཆེ་བར་གསུངས་པ་ལྟར། འདིར་ལག་ཏུ་བླང་པའི་ཡན་ལག་ལ་དྲུག །མཎྜལ་གྱི་རྒྱུ་ཚད། ཚོམ་བུའི་རྒྱུ། ཚོགས་ཞིང་གི་རྣམ་དབྱེ། དགོད་པའི་ལུགས། དམིགས་པའི་ཁྱད་པར། དེ་དག་གི་ལྡན་འབྲས་སོ། །དང་པོ་ནི། རབ་གསེར་དངུལ་སོགས་རིན་པོ་ཆེ་ལས་གྲུབ་པའི་མཎྜལ་དབྱིབས་ཟླུམ་པོ་ལ་སོགས་རྣམ་པ་བཞི་ཅི་རིགས་པ་དང༌། འབྲིང་འཁར་བ་དང་ལྕགས་ལ་སོགས་རིན་པོ་ཆེ་ཕལ་བ་ལས་གྲུབ་པའི་མཎྜལ་སྔ་མ་ལྟར་དང༌། ཐ་མ་ས་རྡོ་དང་ཤིང་ལ་སོགས་པའི་མཎྜལ་ཁྲུ་གང་ལས་མི་ཆུང་བ་དགོས་པར་གསུངས་ལ། འོན་ཏེ་གང་ཟག་འབྱོར་པར་ལྡན་ཀྱང་སེར་སྣའི་འཆིང་བ་ཅན་དག་ལ་ནི། རྒྱུ་ཕྱི་མ་གཉིས་ལས་གྲུབ་པའང་ལེགས་པར་གསུངས་ཏེ། ཅི་ཞེ་ན། རིན་པོ་ཆེ་ལ་སོགས་རིན་ཐང་ཅན་གྱི་མཎྜལ་བཤམས་ཚེ་དེ་ཉིད་དངོས་པོར་འདུ་ཤེས་པའི་རློམ་སེམས་དང་བདག་འཛིན་གྱི་ཞེན་པས་སྲིན་བུ་རང་ཉིད་ཀྱི་ཁ་ཆུས་འཆིང་བའི་རྐྱེན་བྱེད་པ་དང་མཚུངས་ཏེ། ཚོགས་གསོག་པར་འདོད་ཀྱང་ཞེན་འཛིན་གྱི་སྒྲོག་དམ་པོས་བཟུང་བས་འབྲས་བུ་ཕྱིན་ཅི་ལོག་ཏུ་འགྱུར་བ་ལ་དགོངས་ཏེ། མདོར་ན་ཆགས་ཞེན་སྐྱེས་ཕྱིན་ཆད་


JLAZ005_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་བསོད་ནམས་གསོག་པའི་ཡན་ལག་རྣམ་དག་ཏུ་མི་འགྲོ་བར་གསུངས་ཏེ། སྤྱོད་འཇུག་ལས། བདག་ནི་ཡོངས་སུ་མ་བཏང་ན། །སྡུག་བསྔལ་སྤོང་བར་མི་ནུས་ཏེ། །ཇི་ལྟར་མེ་ནི་མ་བཏང་ན། །བསྲེག་པ་སྤོང་བར་མི་ནུས་བཞིན། །ཞེས་དང༌། གཏེར་ཁ་འདི་ཉིད་ཀྱི་མཎྜལ་གྱི་ཆོ་ག་ཡིད་བཞིན་ནོར་བུ་ལས། མ་གུས་པ་དང་དབང་མེད༔ འགྲན་སེམས་ལོ་འདོད་ཆོས་བརྒྱད་ཀྱི་རྣམ་པས་མ་ཡིན་པར༔ མོས་གུས་ལ་སོགས་པས་འབུལ་བ་གལ་ཆེ༔ ཞེས་གསུངས་པ་ལྟར་བྱ་དགོས་སོ། །གཉིས་པ་ཚོམ་བུའི་རྒྱུ་ལ་གཉིས། གཏེར་ཁ་འདི་གའི་རང་སྐད་དང༌། སྤྱི་ཁྱབ་ནས་གསུངས་པའི་ལུགས་སོ། །དང་པོ་ནི། འདི་ཉིད་ལས། བླ་མ་ཆོས་སྐུའི་ཚོགས་ལ་སྨན་གྱི་མཎྜལ་དབུལ༔ ཡི་དམ་ལོངས་སྐུའི་ཚོགས་ལ་རིན་པོ་ཆེའི་མཎྜལ་དབུལ༔ སྤྲུལ་སྐུ་དང་མཁའ་འགྲོ་རྣམས་ལ་འབྲས་བུའི་མཎྜལ་དབུལ་བར་བྱའོ། །ཞེས་གསུངས་པ་དང༌། གཉིས་པ་ནི། ཅི་འབྱོར་གྱི་དངོས་པོ་དང་བསྟུན་པ་ལས་རྣམ་དབྱེ་མ་གསུངས་པས། རབ་རིན་པོ་ཆེའི་རིགས། འབྲིང་མཆོད་པར་འོས་པའི་སྨན་གྱི་རིགས། ཐ་མ་ནས་འབྲས་གྲོ་ལ་སོགས་པ་དག་གང་ལེགས་པར་བྱས་པ་དྲི་བཟང་པོས་སྤགས་


JLAZ005_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དེ་ཡང་ལན་གྲངས་མང་པོ་གསོག་དགོས་པ་ལྟ་བུ་ལ་འབུལ་ཐེབས་རེ་རེ་ནས་བརྗེ་ཞིང་སྔ་མ་རྣམས་མི་ལྡབ། འབྲུ་རྙིང་པ་རྣམས་ཀྱང་ཞེན་ཆགས་ཀྱི་བློས་བདག་གིར་མི་བཟུང་བར་མཆོད་སྦྱིན་གྱི་རྒྱུར་འགྲོ་བར་བྱེད། གལ་ཏེ་འབྱོར་བས་ཕོངས་པ་དག་ཅུང་ཟད་ཁ་གསོ་བ་ཙམ་བགྱིས་ཏེ་བལྡབས་ནས་ཕུལ་བས་ཀྱང་བསོད་ནམས་ཐོབ་སྟེ། ཁྱེའུ་ལུང་བསྟན་པའི་མདོ་ལས། བཅོམ་ལྡན་འདས་མཉན་ཡོད་དུ་བྱོན་པའི་ཚེ་ཁྱེའུ་ཞིག་གིས་ས་སྙིམ་པ་གང་སངས་རྒྱས་ལ་ཕུལ་བས་དེ་བཞིན་གཤེགས་པའི་ཞལ་ནས་ཁྱེའུ་འདི་བསོད་ནམས་འདི་ལ་བརྟེན་ནས་འཛམ་བུ་གླིང་ལ་དབང་བའི་རྒྱལ་པོར་འགྱུར་ཞིང༌། དེ་བཞིན་གཤེགས་པའི་སྐུ་གདུང་གིས་མཆོད་རྟེན་བྱེ་བ་བྱས་ནས་སངས་རྒྱ་བར་འགྱུར་རོ། །ཞེས་བཀའ་སྩལ་པ་ལྟར་བསམ་པ་རྣམ་པར་དག་ན་ཚོགས་ཞིང་ལ་ཞེན་ཆགས་ཀྱི་འཆིང་བ་མི་མངའ་བའི་སྟོབས་ཀྱིས་བསོད་ནམས་ཚུལ་བཞིན་དུ་ཐོབ་པ་ཡིན་ནོ། །དེ་བཞིན་དུ། མཎྜལ་བཟུང་བའི་ལྷ་ཚས། ཆག་ཆག་གདབ་པའི་དྲི་བཟང་དང༌། བ་བྱུང་ལྔ་སྦྱར་བ་ལ་ཡང་ཉེར་བསྡོགས་བྱ་ཞིང༌། དེ་ལ་བ་བྱུང་ལྔ་ཞེས་པ། དཀྱིལ་འཁོར་ལ་སོགས་པའི་ཆག་ཆག །བུམ་རྫས། ཁྲུས་རྫས་སོགས་ལ་ཆེས་མང་བར་འཇུག་


JLAZ005_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དགོས་གནད་ཤིན་ཏུ་ཆེ་ནའང༌། ད་ལྟ་འཕྲལ་མར་རྩོལ་བ་བྱེད་པའི་ཕྱག་ལེན་མཁན་ཡང་ཆེས་མང་བར་ཡོད་དེ། དེ་ནི་གཅིན་གྱིས་ལག་པ་བཀྲུ་བ་དང་མགོ་མཚུངས་མོད། དེས་ན་འདིའི་ཚུལ་ཅུང་ཟད་བརྗོད་པ་ལ་གཉིས། རྒྱ་གར་མཁས་པའི་ལུགས་དང༌། བོད་ཀྱི་བླ་མ་ཁ་ཅིག་བཞེད་པའི་ཚུལ་ལོ། །དང་པོ་ནི་སློབ་དཔོན་སངས་རྒྱས་གསང་བས། དང་པོ་དཀྱིལ་འཁོར་ཆེ་ཆུང་གི །བསྐུས་པའི་ཡོག་པའི་མར་བཤམས་ལ། །ལྕི་བ་དངོས་པོ་ཉི་ཤུ་འགྱུར། །འོ་མ་དག་དང་ཞོ་དག་ཀྱང༌། །དང་པོ་མར་གྱི་སུམ་འགྱུར་རོ། །དང་པོ་ལྕི་བ་བཙིར་བ་ཡང༌། །དང་པོར་ཆུ་ཡིས་བསྣོས་ལ་བཙིར། །དེ་ནས་ཚགས་ཀྱིས་བཙགས་བྱས་ཏེ། །དེ་ནས་དེ་རྣམས་སྦྱར་བྱས་ལ། །ཞག་ནི་གཉིས་དང་གསུམ་བར་དུ། །དེ་ནི་རས་སུ་བཅུག་པ་ཡང༌། །ཉི་མ་གཉིས་བར་མ་ཆོད་པར། །ཉི་མ་བདུན་དུ་རིམ་གྱིས་བྱུག །ཅེས་མར་དེ་ཉིད་སྦྱར་གཞིར་བྱས་ནས་གཞན་བཞི་པོའི་སྦྱོར་སྡེ་ཚད་ཅན་དུ་གསུངས་པ་ལས་བསྐོལ་བའི་རྒྱུ་མཚན་མ་བཤད་ཀྱང༌། དགྲ་ལས་རྣལ་རྒྱལ་གྱིས། སྣོད་གཙང་བསྐོལ་ཏེ་ཆུ་རྣམས་དབོ། །ཚིག་མ་བོར་ཏེ་དབུས་ཀྱི་ཆས། །ཞེས་གསུངས་པ་གང་ཡང་རུང་བར་བྱ་བ་ཡིན་ནོ། །གཉིས་


JLAZ005_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། བོད་མཁས་པའི་ཡིག་ཆ་ལས། དགོན་འདི་བོད་མ་ལྟར་སྣང་ཡང༌། བཤད་ཚུལ་དཔྱད་བཟོད་ཅིང་ལག་ལེན་དུ་འདེབས་སྐབས་འདི་ལ་ལྟོས་དགོས་པ་ཞིག་ཏུ་འཁུམས་པས། བླུན་པོས་གྱ་ཚོམས་སུ་བྱས་པ་ཙམ་མིན་པར་ཁུངས་དང་འབྲེལ་བ་ཞིག་ཡོད་པར་མངོན་པས་ཁ་ཅིག་ཀླན་ཀའི་གནས་བྱེད་པའང་སྣང་སྟེ་གཉིས་ཀ་ལ་བརྟག་གོ །པའི་རྩྭ་ཟོས་གཙང་མ་ཡི། །བ་ཡི་མར་དང་འོ་མ་ཞོ། །བཤང་བ་གཅིན་དང་བཅས་པ་ལ། །བ་འབྱུང་ལྔ་ཞེས་རྒྱལ་བས་གསུངས། །བརྔས་པའི་རྩྭ་དང་སྦང་མ་སོགས། །མི་གཙང་སྣ་ཚོགས་ཟོས་པ་ཡི། །བ་ཡི་རྣམ་ལྔས་གོ་མ་ཆོད། །དེས་ན་གཙང་མ་རྨོས་པ་ཡིན། །དགོས་དུས་དེ་རྣམས་རྙེད་དཀའ་བས། །རིལ་བུར་བསྒྲུབ་པའི་ཆོ་ག་བཤད། །གཅི་བ་ས་ལ་མ་ལྷུང་བ། །ཉི་མ་ལ་བསྐམས་གྲིབ་མར་བཏགས། །དེ་ལ་གཅིན་བསྲེས་སླར་ཡང་བསྐམ། །དེ་ལྟར་ལན་གསུམ་བྱས་པ་ལ། །མར་དང་འོ་མ་ཞོ་བསྲེས་ཏེ། །བྱིའུའི་སྒོ་ངའི་ཚད་ཙམ་དུ། །རིལ་བུར་བྱས་ལ་གྲིབ་བསྐམ་བྱ། །འདི་ནི་བླ་མའི་མན་ངག་ཡིན། །ཞེས་བཤད་ཅིང༌། དེ་ཡང་བ་རྙེད་པས་མི་ཆོག་པར་ཁ་དོག་ཀྱང་སེར་སྐྱ་འམ། མ་རྙེད་ན་དམར་པོ་ལའང་རུང་བའི་བེའུ་ཐོག་མར་སྐྱེས་པ་འཇིག་རྟེན་པ་རྣམས་བ་གསར་དུ་འབོད་པ་དེ་ཡིན་ཞིང༌། མཚན་ཉིད་ཚང་བའི་བ་དེ་ལ་གླང་ཆེན་རྩི་ཞེས་བྱ་བའི་སྨན་ཡོན་ཏན་


JLAZ005_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཚང་བ་ཞིག་ཡོད་པས། གདོན་བགེགས་ཐུབ་པ་དང༌། འདུ་བའི་ནད་སེལ་དང༌། དྲི་ཞིམ་པ་དང༌། འགྲོ་བ་དབང་དུ་འདུ་བ་དང༌། ཤིན་ཏུ་གཙང་བ་རྣམས་ཡོད་པའི་དབང་གིས་སོ། །གསུམ་པ་ནི། མཆོད་ཡུལ་ཐམས་ཅད་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་ཉག་གཅིག་ཏུ་ཤར་བ་དེ་ལ་འབུལ་བའི་འདུན་པ་གཏད་པ་ཁོ་ནས་ཆོག་གོ །བཞི་པ་ལ་གཉིས། རང་སྐད་སྤྱི་མཐུན་ནོ། །དང་པོ་ནི། ཆོས་སྐུའི་མཎྜལ་ལ་ཚོམ་བུ་ཉི་ཤུ་རྩ་བདུན། ལོངས་སྐུའི་མཎྜལ་ལ་ཚོམ་བུ་དགུ། སྤྲུལ་སྐུའི་མཎྜལ་ལ་ཚོམ་བུ་བཅོ་ལྔ་ལ་སོགས་ཏེ་ལེ་ཚན་གསུམ་དུ་བྱ་ཞིང༌། འབུལ་ཚིག་ཀྱང་ཐ་དད་དུ་ཡོད་པ་ལྟར་བྱའོ། །གཉིས་པ་ནི། མཎྜལ་གྱི་མདོ་ལས། བ་གཅི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཞེས་ཕར་ཕྱིན་དྲུག་དང་སྦྱར་ནས་གསུངས་ཤིང༌། ད་ནི་དེ་ལྟ་བུའི་ལག་ལེན་དངོས་ལ་འཇུག་པར་བྱ་བ་ལ། ལག་གཡོན་མེ་ཏོག་དང་བཅས་ཚས་ཀྱིས་མཎྜལ་ཡོ་འཁྱོག་མེད་པར་བཟུང༌། གཡས་པས་མཎྜལ་ལན་གསུམ་འཕྱི་ཞིང་ཡི་གེ་བརྒྱ་པ་བཟླས་


JLAZ005_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྒྲིབ་གཉིས་བག་ཆགས་དང་བཅས་དག་པར་བསམ་པ་ནི་གཞུང་འདི་ཉིད་ཀྱི་སྒོས་ཆོས་ཡིན་ནོ། །དེ་ནས་གཡས་པའི་མཐེབ་མཛུབ་ཀྱི་བར་དུ་མེ་ཏོག་ཅུང་ཟད་བཟུང་སོར་མོ་ལྷག་མ་རྣམས་བརྐྱང་ལ་དྲི་བཟང་དང་བ་བྱུང་གིས་སྦགས་ཏེ། སྙིང་རྗེ་བྱང་སེམས་ཀྱི་རླན་དང་མི་འབྲལ་ཞིང་སྦྱིན་པ་རྣམ་པ་བཞི་ཡོངས་སུ་གཏོང་བའི་བརྡར་མཎྜལ་གྱི་མཐའ་སྐོར་ནས་གཡོན་འཁོར་དུ་བྱས་ལ་རིམ་པར་བྱུག་ཅིང༌། ངག་ཏུ། ཨཱོྃ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་གཞི་དབང་ཆེན་གསེར་གྱི་ས་གཞི། ཞེས་བརྗོད་པ་ན། མཎྜལ་དེའི་སྟེང་དུ་འབྱུང་བ་རིམ་བརྩེགས་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་དབང་ཆེན་གྱི་ས་གཞི་རྒྱ་ཁྱོན་ཚད་ལས་འདས་པ་ལམ་གྱིས་གྲུབ་པར་བསམ། ཨཱོྃ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བའི་ཟེར་བ་དང་མཉམ་དུ་སྔར་དྲིའི་ཐིག་ལེ་བྱུགས་བཞིན་པའི་ལག་པ་མ་བཏེག་པའི་འཕྲོ་ལས་སྲིན་ལག་གིས་མཎྜལ་གྱི་མཐའ་བསྐོར་ཞིང་དབུས་སུ་ཧཱུྃ་ཞེས་བརྗོད་པ་དང་གཡས་པའི་མཐེབ་མཛུབ་ན་ཡོད་པའི་མེ་ཏོག་དབུས་སུ་བཞག་པས་བགེགས་བསལ་བར་བསམ་པའམ། ལུགས་གཅིག་ཏུ་ཧཱུྃ་ལས་ཞེས་པ་ལྟར་ན་རི་རབ་བསྐྱེད་པའི་ས་བོན་ཡིན་པར་མངོན་ཞིང་ལུགས་གཉིས་གང་འཐད་བརྟག་པར་བྱ། སླར་ཡང་དེ་གའི་སྟེང་དུ་


JLAZ005_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུ་ཆེ་བ་གཅིག་འགོད་པ་དང་མཉམ་དུ་རིའི་རྒྱལ་པོ་རི་རབ་ཅེས་བརྗོད་ཅིང་ཚུལ་བཞིན་དུ་བསམ། མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་རིམ་པར་དགོད་ཅིང༌། ཤར་ལུས་འཕགས་པོ། ཞེས་ཤར་དུ་འགོད་ཅིང་གླིང་དབྱིབས་ཟླ་གམ་ཆུ་ཤེལ་གྱི་རང་བཞིན་དུ་བསམ། ལྷོ་འཛམ་བུ་གླིང༌། ཞེས་བརྗོད་པ་དང་ལྷོར་འགོད་ཅིང་གླིང་དབྱིབས་སོག་ཁར་བཻ་ཌཱུརྱའི་རང་བཞིན་དུ་བསམ། ནུབ་བ་གླིང་སྤྱོད། ཅེས་ནུབ་ཏུ་འགོད་ཅིང་གླིང་དབྱིབས་ཟླུམ་པོ་པདྨ་རཱ་གའི་རང་བཞིན་དུ་བསམ། བྱང་སྒྲ་མི་སྙན། ཞེས་བྱང་དུ་འགོད་ཅིང་གླིང་དབྱིབས་གྲུ་བཞི་གསེར་གྱི་རང་བཞིན་དུ་བསམ། གླིང་དེ་དག་ཐམས་ཅད་ཀྱང་མཎྜལ་གྱི་ཚོམ་བུ་འགོད་པའི་དབང་དུ་རི་རབ་ལ་རྒྱབ་ཀྱི་ཕྱོགས་ཤིང༌། རང་རང་གི་ལྷོར་མདུན་གཏད་པར་གོ་བས་གླིང་ཕྲན་གྱི་ཚོམ་བུ་དགོད་དགོས་ཏེ། ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ༔ ཞེས་པ་དང༌། རྒྱལ་བའི་བཀའ་དྲི་མ་མེད་པ་རྣམས་ནས་ཕྱོགས་སྐྱོང་བཅུ་གནས་པ་བཤད་པ་དང་ཡང་མི་འགལ་མོད། འོན་ཏེ་གླིང་ཁ་ནང་བསྟན་གྱི་གཡས་གཡོན་དུ་གླིང་ཕྲན་གྱི་ཚོམ་བུ་བཀོད་པ་ལྟར་ན་ཕྱོགས་ཤིན་ཏུ་འཆོལ་བ་རིག་པས་ཀྱང་འགྲུབ་བོ། །དེ་ལྟ་བུའི་ཚུལ་གྱིས་ཤར་དུ་ལུས་དང་ལུས་འཕགས་ཞེས་ཤར་གྱི་གཡས་སུ་ལུས་དང་གཡོན་དུ་


JLAZ005_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འཕགས། དེ་བཞིན་དུ་རིམ་པར་ངག་འདོན་དང་འབྲེལ་ཆགས་པར་ལྷོའི་གཡས་སུ་རྔ་ཡབ་དང༌། གཡོན་དུ་རྔ་ཡབ་གཞན། གླིང་འདི་ཉིད་དུ་ལང་ཀར་གཤེགས་པའི་མདོ་གསུངས་པར་གྲགས་སོ། །ནུབ་ཀྱི་གཡས་སུ་གཡོ་ལྡན་དང་གཡོན་དུ་ལམ་མཆོག་འགྲོ། བྱང་གི་གཡས་སུ་སྒྲ་མི་སྙན་དང་གཡོན་དུ་སྒྲ་མི་སྙན་གྱི་ཟླ་རྣམས་རང་རང་གི་གླིང་དབུས་མ་དང་བྱད་དབྱིབས་མཚུངས་པ། འདི་དག་གི་ཕྱོགས་སོ་སོའི་གླིང་གི་རྒྱ་ཁྱོན་གྱི་ཚད་བཤད་པ་དག །བཟོ་དབྱིབས་བཀོད་པ་འདིའི་ཁོངས་སུ་འགྲིགས་པ་དཔེར་ན་རི་མོ་པས་ས་དཔྱད་ལུང་སྟོན་གྱི་འདྲ་དབྱིབས་བྲིས་པ་ལྟ་བུ་ལ་ཚང་དགོས་པ་ནི་མ་གསུངས་ལ། ཚད་ཀྱིས་གླིང་དེ་དག་གི་རྒྱ་ཁྱོན་རིལ་པོ་བསྟན་ནས་མཚན་མ་དེ་ལྟ་བུ་རང་གླིང་གི་དབུས་སུ་ཡོད་པར་བཞེད་པའི་རྣམ་དབྱེ་ཞིབ་པར་དོན་གྱི་བཞིན་སྟོན་ལས་བཤད་དོ། །ཤར་གླིང་གི་ནང་དུ་རིན་པོ་ཆེའི་རྒྱ་གཞུང་དང་བོད་ཀྱི་མཁས་པ་མང་པོ། རང་ལུགས་ལའང་ཀུན་མཁྱེན་ཆོས་རྗེ་སོགས་ཚོམ་བུ་ཉེར་གསུམ་མ་ཁོ་ན་བཞེད་པ་མང་ཡང༌། ད་ལྟ་ཡོངས་གྲགས་སུ་སྔ་མའི་སྟེང་དུ་རིན་པོ་ཆེའི་རི་བོ་ལ་སོགས་པ་


JLAZ005_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང༌། སྒེག་སོགས་བརྒྱད། གདུགས་དང་རྒྱལ་མཚན་བསྣན་པས་སོ་བདུན་དུ་གྱུར་པ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ལུགས་ཡིན་པར་གྲགས་ཆེ་བ་ལྟར་བཀོད། རི་བོ་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ཅན་རྒྱ་དཔངས་ལ་ཚད་བཟུང་མེད་པ། ལྷོ་གླིང་གི་ནང་དུ་དཔག་བསམ་གྱི་ཤིང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་རྩ་སྡོང་ཡལ་འདབ། མེ་ཏོག་འབྲས་བུ་ལ་སོགས་དགོས་འདོད་འབྱུང་བའི་ཡོན་ཏན་གྱིས་དུད་པ། ནུབ་གླིང་གི་ནང་དུ་འདོད་འཇོའི་བ་དམར་སེར་གཟུགས་བཟང་ཞིང་བལྟ་ན་སྡུག་པ་རང་གི་ཡོན་ཏན་དང་ལྡན་པ། བྱང་གླིང་གི་ནང་དུ་མ་རྨོས་པའི་ལོ་ཏོག་རོ་བཅུད་ཕུན་སུམ་ཚོགས་པའི་འབྱུང་ཁུངས་རིན་པོ་ཆེའི་རི་བོའི་མདུན་དུ་འཛམ་བུ་ཆུ་བོའི་གསེར་སྦྱངས་ལས་གྲུབ་པའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་ལ་ཉི་མའི་གཟི་བྱིན་འཕྲོག་པ། བསམ་ཤིང་གི་མདུན་དུ་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་ཟུར་བརྒྱད་པ་འོད་ཟེར་གྱིས་དཔག་ཚད་བརྒྱའི་བར་གྱི་ཁོར་ཡུག་ཀུན་གྱི་མུན་པའི་གོ་སྐབས་འཕྲོག་པར་བྱེད་ཅིང༌། ཚ་བས་གདུང་ན་བསིལ་བའི་ནུས་པ། གྲང་བས་གདུང་ན་དྲོ་བའི་ནུས་པ། གང་དུ་གནས་ཀྱང་ས་ཕྱོགས་དེའི་སྐྱེ་བོ་ཀུན་གྱི་མི་དགེའི་རྒུད་ཚོགས་མཐའ་དག་སེལ་བར་ནུས་ཤིང་ཡིད་ལ་སྨོན་ཚད་འགྲུབ་པའི་རང་བཞིན་ཅན། འདོད་འཇོ་བའི་མདུན་དུ་བཙུན་མོ་རིན་པོ་ཆེ་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང་ཡོན་ཏན་བརྒྱད་དང་ལྡན་ལ་ཤིན་ཏུ་ཡིད་འཕྲོག་པ། རེག་པ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་རྩོལ་མེད་དུ་འཆར་བར་ནུས་པ་བྲམ་ཟེའི་བུ་མོ་གཟུགས་ཀྱི་ཉི་མ་ལྟ་བུ། མ་རྨོས་པའི་


JLAZ005_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཏོག་གི་མདུན་དུ་བློན་པོ་རིན་པོ་ཆེ་གཟུགས་བཟང་ཞིང་སྟོབས་ཆེ་བ། རྩལ་དང་ལྡན་ཞིང་ཐམས་ཅད་ལ་དཔྱད་བཟོད་པ། སའི་བདག་པོ་ལ་སྙིང་ཉེ་ཞིང་ངང་གིས་བརླིང་བ་དེད་དཔོན་བཞིན་བཟང་ལྟ་བུ། ལུས་དང་རྔ་ཡབ་གཞན་གྱི་བར་མཚམས་ཀྱི་ཤར་ལྷོར་གླང་པོ་རིན་པོ་ཆེ་ཁ་དོག་ཐལ་སྐྱ་མཆེ་བ་དྲུག་ལྡན། སྤྱི་གཙུག་དམར་ཞིང་དཔང་མཐོ་བ། ནོར་བུའི་དྲྭ་བས་གཡོགས་པ། གླང་ཆེན་ཕལ་བ་སྟོང་གི་སྟོབས་ཤུགས་མངའ་ཞིང༌། གངས་ལྡན་གྱི་ས་འཛིན་ཐང་ལ་ཕབ་པ་ལྟར་དལ་གྱིས་འགྲོ་བ་གླང་ཆེན་ས་སྲུངས་ལྟ་བུ། རྔ་ཡབ་དང་ལམ་མཆོག་འགྲོའི་བར་མཚམས་ཀྱི་ལྷོ་ནུབ་ཏུ། རྟ་མཆོག་རིན་པོ་ཆེ་ཁ་དོག་སྔོན་པོའི་སྤུ་རྨ་བྱའི་མགྲིན་པ་ལྟར་སྡུག་ལ། ནད་གཅོང་མེད་ཅིང་ཡིད་དུ་འོང་བ། གཡོབ་པའི་ཚེ་འཛམ་གླིང་ཉིན་གཅིག་ལ་ལན་གསུམ་བསྐོར་བར་ནུས་པའི་བང་འགྲོས་ཅན་རྟའི་རྒྱལ་པོ་ཅང་ཤེས་བྷ་ལ་ཧ་ལྟ་བུ། གཡོ་ལྡན་དང་གླིང་ཆུང་སྒྲ་མི་སྙན་གྱི་ཟླའི་བར་མཚམས་ཀྱི་ནུབ་བྱང་དུ་དམག་དཔོན་རིན་པོ་ཆེ་སྙིང་སྟོབས་དང་ལྡན་ཞིང་སྒྱུ་རྩལ་དང་གཡུལ་གྱི་བྱ་བ་ལ་མཁས་པས་དཔུང་གི་ཚོགས་ཡན་ལག་བཞི་པའི་འགྲོ་ལྡོག་ལ་གོམས་ཤིང་གོ་ཞུབ་ཀྱིས་སྤྲས་ལ། གཟི་བྱིན་བཟོད་པར་དཀའ་བ་རྒྱལ་ཆེན་མིག་མི་བཟང་ལྟ་བུའམ། ལུགས་གཞན་དུ་ཁྱིམ་


JLAZ005_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རིན་པོ་ཆེ་འབྱུང་བའི་ཚེ་ན། སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་བར་བྱེད་པའི་བསོད་ནམས་ཀྱི་མཐུ་ཕུན་སུམ་ཚོགས་པ། གཡོ་སྒྱུ་མེད་ཅིང་བྱས་པ་ཤེས་ལ་དྲིན་གཟོ་བ་རྡོ་རྗེ་དང༌། རིན་པོ་ཆེ་དང༌། མཐོན་ཀ་དང༌། མར་གད་དང༌། སུ་ཝརྞ་དང༌། དངུལ་དང༌། སྤུག་པ་ལ་སོགས་པའི་བང་མཛོད་ཀྱིས་ཕྱུག་པ་རྣམ་ཐོས་ཀྱི་བུ་ལྟ་བུའོ། །སྒྲ་མི་སྙན་དང་ལུས་འཕགས་ཀྱི་བར་མཚམས་ཀྱི་བྱང་ཤར་དུ་གཏེར་ཆེན་པོའི་བུམ་པ་དགོས་འདོད་ཀུན་ཚང་རིན་པོ་ཆེའི་ཕྲས་སྤུད་པ། འཁོར་ལོ་རིན་པོ་ཆེའི་མདུན་དུ་སྒེག་མོ་མ་མཛེས་ཤིང་ལྟ་ན་སྡུག་པ་སྒེག་པའི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པར་སྟོན་པ། ནོར་བུ་རིན་པོ་ཆེའི་མདུན་དུ་ཕྲེང་བ་མ་ཕྲེང་བ་འཛིན་ཞིང་བཞིན་ལག་རྔོམ་པ། བཙུན་མོ་རིན་པོ་ཆེའི་མདུན་དུ་གླུ་མ་འགྱུར་ཁུགས་དང་ལྡན་པའི་གླུ་ལེན་པ། བློན་པོ་རིན་པོ་ཆེའི་མདུན་དུ་གར་མ་རྣམ་འགྱུར་དཔག་གིས་མི་ལང་བའི་གར་བརྩེ་བ། མེ་ལྷའི་གླང་པོ་རིན་པོ་ཆེའི་མདུན་དུ་མེ་ཏོག་མ་འགྱིང་ཞིང་མེ་ཏོག་འཆང་བ། སྲིན་པོའི་རྟ་མཆོག་རིན་པོ་ཆེའི་མདུན་དུ་བདུག་སྤོས་མ་བདུག་སྤོས་འཛིན་པ། རླུང་ལྷའི་དམག་དཔོན་རིན་པོ་ཆེའི་མདུན་དུ་སྣང་གསལ་མ་སྣང་བྱེད་ཀྱི་མར་མེ་འཛིན་པ། དབང་ལྡན་གྱི་གཏེར་བུམ་ཆེན་པོའི་མདུན་དུ་དྲི་ཆབ་མ་དུང་


JLAZ005_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་འཛིན་པ། སྒེག་མོ་མའི་མདུན་གྱི་སྟེང་གི་ནམ་མཁའ་ལ་མེ་ཤེལ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་འོད་ཟེར་འབར་བ། གླུ་མའི་མདུན་གྱི་སྟེང་གི་ནམ་མཁའ་ལ་ཆུ་ཤེལ་ལས་གྲུབ་པའི་ཟླ་བའི་དཀྱིལ་འཁོར་དྭངས་ཤིང་གསལ་བ། གར་མའི་མདུན་གྱི་ནམ་མཁར་རིན་པོ་ཆེའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། ཕྲེང་བ་མའི་མདུན་གྱི་ནམ་མཁར་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དྲང་ཞིང་ལྡེམ་པ་དེ་དག་གི་དབུས་དང་བར་མཚམས་རྣམས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་མ་ཚང་བ་མེད་པས་ཕྱུར་བུར་བཀང་ཞིང༌། ཤིན་ཏུ་གཙང་ཞིང་ཡིད་དུ་འོང་བའི་རྣམ་པ་ཅན། དེ་ཐམས་ཅད་ཀྱང་རང་རང་ལ་མངའ་བའི་ཡོན་ཏན་ཆ་མཐུན་གྱི་ལོངས་སྤྱོད་ཉི་ཟེར་ལ་རྡུལ་ཕྲན་འཁྲིགས་པའམ། ཁ་ཆར་བུ་ཡུག་འཚུབས་པ་ལྟ་བུར་ལང་ལོང་དུ་འཕྲོ་ཞིང༌། དེ་འདྲ་བའི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུ་ཡང་བཤད་མ་ཐག་པའི་མཎྜལ་རྡུལ་སྙེད་དུ་འཁྲིགས་ཤིང༌། སོ་སོའི་སྐྱེ་བོའི་བློས་དཔག་པར་མི་ནུས་ཤིང་མཐའ་གཏུགས་པ་མེད་པའི་བར་དུ་ཏིང་ངེ་འཛིན་གྱིས་རྣམ་པར་སྤྲུལ་ནས་འབུལ་བ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པ་འབུལ་ཚུལ་དུ་གྲགས་ལ། ལུགས་ལ་ལར་བྱང་ཆུབ་སེམས་དཔའ་


JLAZ005_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟང་པོ་གཅིག་གི་ཐུགས་ཀ་ནས། འོད་ཟེར་བྱེ་བ་ཐེར་འབུམ་ཁུགས་པ་གསུམ་གྱི་གྲངས་ཀྱིས་ཀྱང་མི་ཆོད་པ་སྤྲོས་པའི་སྣེ་མོར་ཀུན་བཟང་རེ་སྤྲོས་ཏེ་མཎྜལ་འབུལ་བ་པོར་བགྱིས་ནས། དེ་ལྟ་བུ་རེ་རེའི་ལྟེ་བ་ལས་ཀྱང་འོད་ཟེར་དེ་འདྲ་བ་སྤྲོས་ནས་མཁའ་ཁྱབ་ཏུ་ཕུལ་བ་ལ་ཀུན་ཏུ་བཟང་པོའི་མཎྜལ་དུ་བཞེད་པའོ། །ལྔ་པ་ནི། དམིགས་པའི་ཁྱད་པར་ཚོམ་བུ་བཀོད་པ་དང་ཚུལ་མཚུངས་པར་སྒོམ་དོན་དེ་དང་དེར་བསྒྱུར་བར་བཞེད་པ་དང༌། ཁ་ཅིག་ཏུ་ན་བཤད་པ་མ་ཐག་པ་ཉིད་མི་འཐད་དེ། ཚོམ་བུ་འགོད་པ་གནས་མི་འཆོལ་བའི་ས་བཅུད་འཛིན་པ་ཡིན་པར་བཞེད་ཀྱང་སྔ་མ་ཉིད་ལེགས་པར་བསམ་མོ། །དེས་ནི་ཕྱི་མཚན་མ་རྫས་ལ་བརྟེན་པའི་མཎྜལ་གྱི་རྣམ་བཞག་བཤད་ནས། ནང་རང་གིས་བདག་གིར་བཟུང་བའི་དངོས་པོ་ཀུན་ཀྱང་མཎྜལ་དུ་དམིགས་ནས་འབུལ་བ་ནི། ཕྱི་ཚོགས་དྲུག་གི་ཡུལ་སྣང་ལ་ཞེན་པའི་སྣང་བ་ཐམས་ཅད་ནི་གསེར་གྱི་ས་གཞི། དེ་ལས་ས་གཞིས་དང་ཡུལ་ཁང་སོགས་བདག་ཏུ་བཟུང་ངོ་ཅོག་ནི་རི་རབ་དང་གླིང་བཞི། དེ་དག་གི་སྐར་ཁུང་ལ་སོགས་སྣང་བའི་ཆ་ཐམས་ཅད་ནི་ཉི་ཟླ། དེའི་ཁོངས་སུ་གནས་པའི་ཕ་མ་བུ་ཚ་མཛའ་གྲོགས་འཁོར་གཡོག་ལོངས་སྤྱོད་སོགས་མདོར་ན་འཛིན་ཡིད་ཀྱིས་གཅེས་དགུར་བཟུང་བ་ཐམས་


JLAZ005_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ནི་འདོད་པའི་ཡོན་ཏན་ལྔའི་རང་བཞིན་དུ་བརྒྱན་ནས་ཆགས་མེད་ཞེན་མེད་དུ་འབུལ་བར་དམིགས་པ་དང༌། གསང་བར་བདག་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་རྡོ་རྗེ་ལུས་དབང་ལྔ་དང་རྣམ་ཤེས་ཚོགས་བརྒྱད་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཕྱི་ལྟར་དུ་གླིང་བཞིའི་བཀོད་པ། ནང་ལྟར་དུ་དཀྱིལ་འཁོར་གྱི་རང་བཞིན་དུ་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་དེ་ཉིད་འབུལ་བར་དམིགས་པ་དང་གཞན་ཡང་སྤྲུལ་སྐུའི་མཎྜལ་ཚངས་ཆེན་གྱི་ཞིང་ཁམས་རིགས་ལྔ་གངས་ཆེན་མཚོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་གར། ལོངས་སྐུའི་མཎྜལ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་རང་བྱུང་རིག་པའི་དཀྱིལ་འཁོར་ཡེ་ཤེས་ལྔའི་རྣལ་རོལ་ལས་སྐུ་དང་ཞིང་ཁམས་ཀྱི་སྣང་བ་རྒྱ་ཆེ་མུ་མེད་དུ་ཤར་བ། ཆོས་སྐུའི་མཎྜལ་གདོད་མའི་གཤིས་ལུགས་སྐྱེ་འགག་གསུམ་དང་བྲལ་བ་སྐུ་གསུམ་གྱི་རང་བཞིན་དུ་ལྷུན་གྱིས་གྲུབ་ཅིང༌། བཅིངས་གྲོལ་ལས་འདས་པའི་རིག་པ་རྒྱ་ཡན་ཅོག་བཞག་ལྷུན་འབྱམས་ཟང་ཐལ་སྒྲིབ་གཡོགས་དང་བྲལ་བའི་ཀློང་དུ་འཁོར་འདས་ཀྱི་གཉིས་ཆོས་ཐམས་ཅད་དུ་མ་རོ་གཅིག་གི་ཚོམ་བུར་བཀོད་པ་དང༌། དེ་ཁོ་ན་ཉིད་ཀྱི་མཎྜལ་སྨྲ་བསམ་བརྗོད་མེད་སྤྲོས་པའི་མཐའ་གང་དུའང་མ་དམིགས་པ་བློ་འདས་རྫོགས་པ་ཆེན་པོའི་རྣམ་


JLAZ005_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་དུ་དབུལ་བྱ་འབུལ་བྱེད་ཀྱིས་སྟོངས་བའི་རྩིས་ཟིན་པ་སྟེ། མདོར་ན་གཞན་དུ་མཎྜལ་ལ་རྣམ་དབྱེ་དང་མིང་ཇི་ཙམ་དུ་བཏགས་ཀྱང་བཤད་པ་མ་ཐག་པ་རྣམས་ཀྱི་ཁོངས་སུ་འདུ་བས་ཡི་གེ་མང་པོ་སྤྲོས་པར་མ་བྱས་སོ། །དྲུག་པ་ལ་གསུམ། ལས་དང་པོ་པས་སྨོན་ལམ་གདབ་པའི་དམིགས་ཡུལ་གྱི་གོ་ཕྱེས་པར་བསམས་ནས་གླིང་དང་སྟོང་ཁམས་ཀྱི་རྣམ་དབྱེ་ཟུར་བསྟན་ཕྱི་ནང་གསང་གསུམ་དང་སྦྱར་བས་མཎྜལ་གྱི་སྒྲ་དོན། ཕུལ་བ་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྟོང་ཐུན་དང་བཅས་གཞན་ལ་བསྐུལ་བའོ། །དང་པོ་ནི། འདི་ཉིད་ལས། རི་རབ་ལྷ་གནས་རྣམ་གཉིས་ཀྱང་༔ དཔེར་ན་ཆ་ལང་སྤྱི་སྤྲད་འདྲ༔ རི་རབ་རིན་ཆེན་ལས་གྲུབ་ནི༔ ཤར་ཤེལ་ལྷོ་ཕྱོགས་བཻ་ཌཱུརྱ༔ ནུབ་ཕྱོགས་པདྨ་རཱ་ག་ལས༔ དེ་བཞིན་བྱང་ཕྱོགས་གསེར་ལས་གྲུབ༔ གླིང་བཞིའི་བྱང་ལ་རི་གནས་ནི༔ ཉི་ཟླ་འཁོར་བའི་ལྷོ་ཕྱོགས་ལ༔ ལུས་འཕགས་ནུབ་ལ་འཛམ་གླིང་ཤར༔ འཛམ་གླིང་ནུབ་ལ་བ་གླང་ཤར༔ བ་གླང་སྤྱོད་ནུབ་སྒྲ་མི་ཤར༔ སྒྲ་མི་སྙན་ནུབ་ལུས་འཕགས་ཤར༔ ལུས་འཕགས་པོ་དང་བ་གླང་སྤྱོད༔ དེ་གཉིས་སྟོན་དཔྱིད་གཉིས་དང་མཚུངས༔ དེ་བཞིན་ལྷོ་བྱང་དབྱར་དགུན་མཚུངས༔ དབྱར་དགུན་ཉི་མ་རིང་དང་ཐུང་༔ དེ་ཡིས་དུས་ཚོད་གཅིག་པའོ༔ ཞེས་གླིང་རང་རང་གི་ཁ་ལྟ་ཕྱོགས་སྔར་བཤད་པ་ལྟར་ལས་མདུན་གང་


JLAZ005_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལྷོ། གཡས་གང་ཡིན་ནུབ། གཡོན་གང་ཡིན་ཤར། རྒྱབ་གང་ཡིན་བྱང་ཤ་སྟག་ཏུ་ཡོང་དགོས་པ་གསལ་པོར་བསྟན་པ་དང༌། ཚིག་རྐང་ཕྱི་མ་ལྔས་དུས་བཞིའི་འཁོར་ལུགས་རགས་ཙམ་བསྟན་ཞིང་འདི་ལྟར་བློ་གྲོས་ཀྱི་མིག་དང་ལྡན་པས་མཆོག་གཏེར་ཆེན་པོ་འདིའི་གཞུང་ལ་རྣམ་པར་དཔྱད་ན། དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་གྱི་རྣམ་གཞག་དང་མཐུན་པའི་བཤད་སྲོལ་དུ་མ་གདའ་བས་ངོ་མཚར་གྱི་རང་བཞིན་དུ་ངེས་ཤིང༌། འོན་ཀྱང་ལམ་གྱི་མན་ངག་དངོས་གཞིའི་བབས་ལ་འདི་དག་དང་སྦོལ་བཤད་ཀྱིས་འཆད་པ་ནི་ནམ་ཡང་མི་རིགས་ཏེ། རྫོགས་ཆེན་དུ་ཆོས་ཉིད་མངོན་སུམ་པར་གཞལ་བའི་སྣང་ཉམས་གཙོ་བོར་བྱེད་ལ་གཞན་དུ་ཤེས་ཉམས་འདག་བྱའི་རྟགས་བཅུ་གཙོ་བོར་འདོན་པས་མངོན་སུམ་དང་རྗེས་སུ་དཔག་པའི་ཟབ་ཁྱད་བསམ་གྱིས་མི་ཁྱབ་པར་མཆིས་པ་མ་རྟོགས་ན་ནོངས་ཏེ། ཨུ་རྒྱན་ཆེན་པོས། རྒྱུད་གཞུང་མ་རྟོགས་བསྲེ་སླད་རྒྱས་བསྡུས་བྱེད། །གསང་སྔགས་དགོངས་དོན་གཅིག་ཟེར་གོང་འོག་དཀྲུག །ཅེས་གསང་སྔགས་འཆལ་བའི་རྟགས་སུ་བསྟན་པས་བསྟན་པ་འདིའི་སྲོལ་འཛིན་པ་རྣམས་ཀྱི་ཁོང་དུ་ཆུད་པར་བྱ་བ་གལ་པོ་ཆེ་ཡིན་ལ། འོད་ཀྱང་མང་དུ་ཐོས་པ་ལུང་གིས་ཡོན་ཏན་ཐམས་ཅད་མཁྱེན་


JLAZ005_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞི་ཡིན་ཕྱིར་ཚུལ་དེ་དག་ལའང་མི་རྨོངས་པར་འདོད་ན། དུས་ཀྱི་འཁོར་ལོའི་རྒྱུད་གཞུང་སྤྱི་དང་ཁྱད་པར་ས་བཅུའི་དབང་ཕྱུག་གི་འགྲེལ་པ་དྲི་མེད་འོད། གཞན་ཡང་དུས་བཞིའི་དགག་སྒྲུབ་དམིགས་བསལ་གྱི་ཡི་གེ་ལས་རྟོགས་ཤིང༌། དེ་ཡང་རང་ཅག་གནས་པའི་ལྷོ་གླིང་འདི་ལ་གྲུ་གསུམ་མམ་སོག་ཁའི་དབྱིབས་སུ་ཡོད་པའི་གྲུ་བཏོད་ཕྱོགས་ལ་བཞེད་ཚུལ་མི་འདྲ་བ་ཆེས་མང་བར་བྱུང་བའི་མཚམས་ལ་ཆག་ལོའི་དུས་འཁོར་ཆོས་འབྱུང་དུ། ལྷོར་འཛམ་བུའི་གླིང་ཆུང་དུ་གྲུ་གསུམ་རྩེ་ནང་དུ་བསྟན་པ་དཔག་ཚད་བརྒྱ་སྟོང་དང༌། ཞེས་གྲུ་རི་རབ་ལ་གཏད་པར་བཤད་ཅིང་བྲིས་ཆ་ཕལ་ཆེར་ལ་ཡང་དེ་ག་སྣང་མོད། འཇམ་མགོན་ལྷ་སྲས་ས་རའི་ཞབས་ཀྱི་གཡའ་སེལ་དུ་ཡང་དགོན་པའི་རི་ཆོས་དང༌། རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་ས་དཔྱད་ལུང་སྟོན་གྱི་ལུང་འདྲེན་དཔེར་བརྗོད་དང་བཅས་ཤིན་ཏུ་གསལ་བོར་གསུངས་པ་ལྟར་འདི་གཉིས་ཞལ་འཆམ་པར་གྲུ་ལྷོར་བསྟན་དུ་བྱུང་མོད། དེའི་རྒྱུ་མཚན་ནི་ཕྱི་མའི་ས་དཔྱད་སྟོན་པའི་སྐབས་ལས། ལྷོ་འཛམ་བུ་གླིང་པའི་མི་རྣམས་ཀྱང༌། མིའི་གདོང་མགོ་ལུས་ལྷུ་ཚུགས་རྣམས་དང་༔ ལུས་པོ་དང་བཅས་སོག་ཁར་ཡོད་པའོ༔ བོད་རྣམས་སོག་པའི་ཐེར་ལ་ཡོད་པས་དྲང་ཞིང་དབུལ་ཕོངས་


JLAZ005_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་གསལ་བའོ༔ རྒྱ་གར༔ ཁ་ཆེ༔ ཏ་ཟིག་གསུམ་སོག་པའི་ཡུ་བ་ལ་ཡོད་པས་སེམས་ཆུང་༔ བློ་སྲབ༔ འབྱོར་བ་ལྡན་པའོ༔ རྒྱ་ནག་ཧོར་འཇང་སོགས་གསུམ་སོག་པའི་ཁ་གདངས་ལ་ཡོད་པས་རྒྱ་ཆེ༔ ཁོང་ཡངས༔ རིག་པ་གཟོ༔ ལོངས་སྤྱོད་ཕུན་སུམ་ཚོགས་པའོ༔ གཞན་ཡང་སོག་པའི་ཁ་སྒོར་ལ་མཐའ་འཁོབ་སུམ་ཅུ་རྩ་དྲུག་ཅེས་བྱ་བ་ལ༔ ཀློ་དང་༔ རྡོ་དང་༔ ཁ་ཁྲ་དང་༔ ཁ་སོག་དང་༔ གཞའ་དང་༔ ཁ་སུར་དང་༔ དམར་དང་༔ རྩ་ཕུང་དང་༔ རྡོ་བོ་རོ་དང་༔ བྲམ་ཚ་དང་༔ ཧུ་ཐུག་དང་༔ ཁ་གླིང་དང་༔ སྤྲེལ་སླག་དང་༔ ཁྱི་ཁྱོ་དང་༔ དར་སློག་དང་༔ ཞང་ཚ་བྱ་སོགས་པས༔ འདི་དག་ནི་མུན་པའི་གླིང་སྟེ༔ སངས་རྒྱས་བསྟན་པའི་མིང་མེད༔ དཀོན་མཆོག་གི་མིང་མི་ཤེས༔ དགེ་སྡིག་མི་ཤེས༔ རྒྱུ་འབྲས་མི་གོ༔ ཤ་ཁྲག་ལ་དགའ་ཞིང་གསོད་གཅོད་ལ་རྔམས་པ༔ མི་མིན་འདྲེ་མིན་དུད་འགྲོའི་རྣམ་པ་མང་ངོ་༔ ཞེས་གསུངས་པ་ལ་བརྟེན་ནས་སོ་སོའི་ལུགས་བཀོད་པར་མཛད་པ་ལས་ཕྱོགས་སུ་ལྷུང་བའི་ཞལ་ལྕེ་གཅོད་པར་མ་མཛད། དོན་དུ་ནི་གཏེར་ལུང་ལས་གསུངས་པའི་དོན་བཤད་མ་ཐག་པ་ལྟར་འཐད་དེ། མདོ་སྡེ་ཁང་བུ་བརྩེགས་པ་ལས། ཀུན་དགའ་བོ་ཁྱོད་ཀྱིས་འཛམ་བུ་གླིང་འདི་མཐོང་ངམ། ཀྱེ་བཙུན་པ་མཐོང་ལགས་


JLAZ005_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཀུན་དགའ་བོ་འཛམ་བུ་གླིང་གི་གླིང་ནི་ཞིང་དུ་དཔག་ཚད་བདུན་སྟོང༌། ཆུར་ཡང་དཔག་ཚད་བདུན་སྟོང་སྟེ། བྱང་གི་ཞིང་ནི་ཆེ། ལྷོ་ནི་ཤིང་རྟའི་དབྱིབས་སོ། །ཞེས་གསུངས་པས་བསྙོན་ཚིག་རང་གྲོལ་དུ་འགྲོ་ལ། དེ་ལ་ལྷོ་བྱང་གི་རྣམ་ངེས་ནི་ཇི་སྐད་དུ། དབུས་ཀྱི་རི་རྒྱལ་ལྷུན་པོ་ནི། །གླིང་བཞི་ཀུན་གྱི་བྱང་ན་ཡོད། །ཅེས་པས་གསལ་ཞིང༌། དེ་ཡང་གླིང་བཞི་སོ་སོའི་རྒྱ་ཁྱོན་སོགས་ཀྱི་རྣམ་གཞག་མངོན་དུས་གཉིས་དགོངས་པ་མི་མཚུངས་ཀྱང་རེ་ཞིག་དམིགས་པའི་གོ་འབྱེད་ཙམ་ལ་དུས་ཀྱི་འཁོར་ལོ་ལྟར་ན། རྒྱ་འགྲེལ་པདྨ་ཅན་ལས། གླིང་བཞི་པོའི་ཚད་ནི་ཇི་ལྟ་བུ་ཡིན་ཞེ་ན་རི་དང་ཀླུ་ཞེས་བྱ་ནི་རིམ་པ་ཇི་ལྟ་བས། དཔག་ཚད་སྟོང་ཕྲག་བདུན་དང༌། བརྒྱད་དང༌། དགུ་དང༌། བཅུ་ནི་ཤར་གླིང་ལ་སོགས་པའི་ཚད་དུ་ཤེས་པར་བྱའོ། །ཞེས་གསུངས་པས་ཞིབ་འགྲེལ་ནི་གཞན་དུ་བལྟ་བར་བྱའོ། །དེ་བཞིན་དུ་དབུས་ཀྱི་རི་རྒྱལ་ལྷུན་པོ་ཡང་དུས་འཁོར་དང་མངོན་པ་དགོངས་པ་ཐ་དད་པ་ལས། ཕྱི་མ་ལྟར་ན་དཔག་ཚད་བརྒྱད་ཁྲི་མཚོ་ནང་དུ་ནུབ་ལ། བརྒྱད་ཁྲི་སྟེང་དུ་འཕགས་པར་བཤད་ཅིང་དེ་ལ་ཡོངས་སུ་བསྐོར་བའི་རི་བདུན་ཞེས་བྱ་བ་ནི། གཉའ་ཤིང་འཛིན་དཔག་ཚད་བཞི་ཁྲི། གཤོལ་མདའ་འཛིན་དཔག་ཚད་


JLAZ005_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་ཁྲི། སེང་ལྡིང་འཛིན་དཔག་ཚད་ཆིག་ཁྲི། བལྟ་ན་སྡུག་དཔག་ཚད་ལྔ་སྟོང༌། རྟ་རྣ་དཔག་ཚད་ཉིས་སྟོང་ལྔ་བརྒྱ། རྣམ་མདུད་དཔག་ཚད་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་པར་བཤད་ཅིང༌། འདིའི་སྟེང་གི་ནམ་མཁའ་དཔག་ཚད་བཞི་ཁྲིའི་ས་ན། དངས་ཤིང་རབ་ཏུ་བརྟན་པའི་རླུང་གི་དཀྱིལ་འཁོར་ལ། ཉི་ཟླ་རྒྱུ་སྐར་གྱི་ཚོགས་བཀྲམ་ནས་ཡོད་པར་བཤད་དོ། །མུ་ཁྱུད་འཛིན་དཔག་ཚད་དྲུག་བརྒྱ་ཉི་ཤུ་རྩ་ལྔ་སྟེ་ནང་ནས་རིམ་པར་ཇེ་ཆུང་དུ་སོང་བའོ། །རོལ་པའི་མཚོ་བདུན་ནི། རི་དེ་དག་གི་བར་མཚམས་སོ་སོར་ཡོད་ལ། གླིང་བཞི་ཡོངས་རྫོགས་གནས་པའི་ཆུ་དཀྱིལ་གྱི་ཐད་ཀར་དཔག་ཚད་འབུམ་ཕྲག་བཅུ་དང་བརྒྱ་ཕྲག་ཕྱེད་ལྔའི་མཐའ་ལྕགས་རི་ཆེན་པོ་གཅིག་གིས་ཁོར་ཡུག་ཏུ་བསྐོར་བ་སྟེ། ལྷུན་པོའི་སྟེང་རྣམ་རྒྱལ་གྱི་ཁང་བཟངས་ནས་དཔག་ཚད་བརྒྱད་ཁྲི་འཕགས་པ་ན་འཐབ་བྲལ་ལ་སོགས་ཏེ་རིམ་པར་ལྷ་གནས་རྣམས་མཆོད་རྟེན་གྱི་བང་རིམ་ལྟ་བུར་ཡོད་པའི་དབང་གིས་གཞུང་འདི་ཉིད་ལས་ཆ་ལང་སྤྱི་སྤྲད་ཀྱི་དཔེར་བརྗོད་གསུངས་ལ། བརྗོད་བྱ་རྒྱས་པ་ནི་ཡིད་བཞིན་རིན་པོ་ཆེའི་མཛོད་དུ་བལྟ་བར་བྱའོ། །དེ་ལྟ་བུའི་གླིང་བཞི་རི་རབ་དང་བཅས་པ་བགྲང་གཞིར་བྱས་ནས་གཅིག་ནས་གཉིས་སུ་བགྲངས་པའི་སྟོང་ཕྲག་གཅིག་ལ་སྟོང་དང་པོའི་


JLAZ005_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ཕུད་ཀྱི་འཇིག་རྟེན། དེ་ཉིད་བགྲང་གཞི་རུ་བྱས་ཏེ་གཅིག་ནས་གཉིས་སུ་བགྲངས་པ་སྟོང་ལ་སྟོང་རྒྱུ་བཀོད་གཉིས་པའམ་བར་མའི་འཇིག་རྟེན། དེ་ཡང་སྔ་མ་ལྟ་བུར་བགྲང་གཞིར་བྱས་པའི་སྟོང་ཕྲག་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། མངོན་པ་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང༌། །རི་རིབ་དང་ནི་འདོད་ལྷར་བཅས། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར་དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་ཀྱི་ས་གཞི་ཐམས་ཅད་སྤོས་ཆུས་བྱུགས་ཤིང༌། མེ་ཏོག་གི་རྣམ་པར་བཀྲམ་ནས་སངས་རྒྱས་ཀྱི་ཞིང་ཁམས་མུ་མེད་པ་ལ་ཕུལ་བས། འགྲོ་ཀུན་རྣམ་པར་དག་པའི་ཞིང་ཁམས་ཁྱད་པར་ཅན་ལ་སྤྱོད་པར་སྨོན་པའི་འདུན་པ་ཆིག་དྲིལ་གྱི་སྒོ་ནས་སྙན་པའི་དབྱངས་དང་བཅས་ཐལ་མོ་སྙིང་གར་སྦྱར་ལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །སོགས་ཤློ་ཀས་སྨོན་ལམ་གདབ་པོ། །གཉིས་པ་མཎྜལ་གྱི་སྒྲ་བཤད་བཞག་པ་ལ་གསུམ། ཕྱི་ལྟར་དུ་གཞག་པ། ནང་ལྟར་དུ་གཞག་པ།


JLAZ005_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གསང་པ་ལྟར་དུ་གཞག་པའོ། །དང་པོ་ནི། མ་ད་ནི་མནན་པའམ་བརྗིད་ཕབ་པ། ལ་ནི་གཞི་འཛིན་པ་སྟེ། དེས་ན་གླིང་བཞི་རི་རབ་དང་བཅས་པ་ཤིན་ཏུ་བརྗིད་ཆགས་པ། འཕོ་འགྱུར་དང་བྲལ་བའི་དཀྱིལ་འཁོར་ཞེས་བྱའོ། །གཉིས་པ་ནི། མཎྜ་ནི་སྙིང་པོའམ་ཉིང་ཁུའམ་དཀྱིལ་འཁོར་ལྟ་བུ་ལ་བྱ་ལ། ལ་ནི་ལེན་ཞིང་འཛིན་པ་སྟེ། དེས་ན་ཆོས་ཀྱི་རྒྱལ་སྲིད་བསྒྲུབ་པར་བྱ་བ་ལ་སྙིང་པོ་གཞི་འཛིན་དུ་གྱུར་པའི་ཕྱིར་བསོད་ནམས་ཁྱད་པར་ཅན་བསགས་ཏེ་མངོན་མཐོའི་དཔལ་ཡོན་ཐོབ་པར་འགྱུར་བས་ན་དེ་སྐད་ཅེས་བྱའོ། །གསུམ་པ་ནི། ཡེ་ཤེས་ཐིག་ལེ་ལས། མ་ཡི་ཡིག་འབྲུ་འདབ་མར་བརྗོད། །ཎ་ཡི་ཡིག་འབྲུ་ལྟེ་བར་དྲན། །ཌ་ཡི་ཡིག་འབྲུ་གེ་སར་དག །ལ་ཡི་ཡིག་འབྲུ་དེ་དེ་ལྟ། །ཞེས་གསུངས་པས་ཕྱི་ལྟར་དུ་པདྨའི་འདབ་མ། ནང་ལྟར་དུ་ཕྱག་རྒྱའི་མཁའ་གསང༌། གསང་བ་ལྟར་དུ་ཡུལ་དེ་ལ་རོལ་པས། མའི་སྒྲ་ལས་དྲངས་པས་མ་ནུ་པཱ་ར་སྙིང་པོ། ལིའི་སྒྲ་ལས་དྲངས་པས། ལ་ལི་ཏ་ཏེ་རོལ་པའམ། ལེན་པའམ། འཛིན་པ་ལ་འཇུག་པས། མྱུར་ལམ་ཕོ་ཉའི་མན་ངག་གིས་གཟུང་འཛིན་རོ་རྐྱང་གི་རྒྱུ་བ་ཡེ་ཤེས་སྒྲ་གཅན་གྱིས་དབང་དུ་བསྡུས་ཏེ། དབུ་མའི་མདུད་པ་ཉི་ཤུ་རྩ་གཅིག་བཙན་ཐབས་སུ་བཀྲོལ་ནས་ལམ་ལྔ་ས་བཅུའི་རྟོགས་པ་མངོན་


JLAZ005_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒྲུབ་ཕྱིར་མཁས་པ་བཞིའི་གནད་ལ་གོམས་པས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དབབ་ལྡོག་གི་འཁྲུལ་འཁོར་ལ་བརྟེན། སྙིང་པོ་བདེ་ཆེན་གྱི་ཡེ་ཤེས་རིང་པོར་མི་ཐོག་པར་ལེན་པར་བྱེད་པའི་དཀྱིལ་འཁོར་ཞེས་བྱ་སྟེ། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་རྣལ་འབྱོར་དམ་པའི་སྤྱོད་ཡུལ་ལའོ། །གསུམ་པ་ནི། དེ་ལྟ་བུའི་གནད་རྣམས་ཀྱིས་ཟིན་པའི་ཕྱི་མཚན་མ་རྫས་ཀྱི་མཎྜལ་རྒྱུ་རྐྱེན་དང་ཤོམ་འགོད། ནང་ཏིང་ངེ་འཛིན་གྱི་འཁྲུལ་འཁོར་བྱེད་ལས། གསང་བ་འཁོར་འདས་མཉམ་པ་ཉིད་ཀྱི་ལྟ་གདེང་གི་རྒྱས་ཐེབས་ཏེ་ཚུལ་བཞིན་དུ་ཕུལ་བས་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་མཐུ་ལ་བརྟེན། བསྐལ་བ་གྲངས་མེད་གསུམ་དུ་ཤིན་ཏུ་དུབ་པའི་ཚོགས་བསོགས་དགོས་པ་དག །སྐད་ཅིག་སྐད་ཅིག་ལ་འུབ་ཀྱི་འུབ་ཀྱིས་བཟླུམས་པར་གདོད་མི་ཟ་སྟེ། ཀུན་མཁྱེན་ཆེན་པོས། དེ་ཕྱིར་གྲངས་མེད་གསུམ་སོགས་གསུངས་པ་ཀུན། །མྱུར་དུ་རྫོགས་དང་རིང་དུ་རྫོགས་པ་དང༌། །ཚེ་གཅིག་གྲོལ་བ་བློ་ཡི་སྟོབས་ལ་རག །དེ་ཡང་ཐབས་དང་ཤེས་རབ་བརྩོན་འགྲུས་མཆོག །གསུམ་གྱིས་བསྒྲུབས་གང་བླ་མེད་སྟོབས་ཆེའོ། །ཞེས་དང༌། དེའི་རྗེས་འགྲེལ་དུ། འཇིག་རྟེན་ན་བརྩོན་འགྲུས་དང་ཐབས་ཆེ་ལ། །ཤེས་རབ་ཆེ་བ་ཞིག་


JLAZ005_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བྱ་བ་མྱུར་དུ་འགྲུབ་པ་དང༌། ཕལ་པས་མི་འགྲུབ་པས་ཀྱང་དཔེ་གོ་བར་བྱས་མོད། ཅེས་གསུངས་པ་དང༌། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་སྙིང་པོ་རྒྱན་ལས། མཎྜལ་མཆོད་རྟེན་བསྐོར་བའི་ལས། །སྦྱིན་སྲེག་དང་ནི་རབ་གནས་དང༌། །འབྱུང་པོ་ཆེ་དང་དམན་པ་ཡི། །གཏོར་མའི་ལས་ལ་བརྩོན་བྱས་ན། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །བྱང་ཆུབ་ཀྱི་ནི་རྒྱུ་ཉིད་ཕྱིར། །འབད་དེ་དེ་ཡི་ལས་བྱའོ། །ཞེས་དང༌། འདི་ཉིད་ལས། ཐར་བ་དང་ཐམས་ཅད་མཁྱེན་པ་མྱུར་དུ་བསྒྲུབ་པར་འདོད་པའི་སྐྱེས་བུ་གང་དང་གང་༔ དུས་དང་རྣམ་པ་ཐམས་ཅད་དུ་མཎྜལ་དབུལ་བ་ལ་རབ་ཏུ་བརྩོན་པ་ཤིན་ཏུ་གལ་ཆེའོ༔ མཎྜལ་ཕུལ་བའི་ཡོན་ཏན་དང་ལྡན་འབྲས་ནི༔ གནས་སྐབས་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་ཞིང་དབུལ་ཕོངས་ཀྱི་སྡུག་བསྔལ་དང་བྲལ་ཞིང༌། ལོངས་སྤྱོད་རྒྱ་ཆེན་པོ་འབྱུང་༔ བླ་མ་དམ་པ་ལ་མི་ཕྱེད་པའི་དད་པ་དང་༔ ཐེག་པ་ཆེན་པོའི་ཆོས་ལ་ངེས་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ༔ འགྲོ་བ་མཐའ་དག་གི་ཡིད་དུ་འོང་ཞིང་ཀུན་གྱིས་བཀུར་བར་འགྱུར༔ དུས་ཁྱད་པར་ཅན་རྣམས་ལ་བླ་མ་དཀོན་མཆོག་ལ་སོགས་པའི་རྟེན་ཁྱད་པར་ཅན་གྱི་དྲུང་དུ་གུས་པ་དང་ལྡན་པས་མཎྜལ་ཚར་གཅིག་ཕུལ་བའི་


JLAZ005_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱི་ཕུང་པོ་ནི༔ བསྐལ་བ་དཔག་ཏུ་མེད་པའི་བདེ་བར་གཤེགས་པའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཕྱི་ནང་གི་མཆོད་གསོལ་རྒྱ་ཆེན་པོ་བྱས་པ་ལས་ལྷག་པའི་བསོད་ནམས་ཐོབ་པར་འགྱུར༔ ཅི་བསམ་པའི་དོན་ཐམས་ཅད་འགྲུབ༔ བསྐལ་བ་ནས་བསྐལ་བར་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་བྱང་ཞིང་དག་པར་འགྱུར༔ མཎྜལ་ཚར་གཅིག་ཕུལ་ནས་ཡིད་དད་པས་སྨོན་ལམ་ཅི་ལྟར་བཏབ་པ་ཐམས་ཅད་འབད་མེད་དུ་འགྲུབ༔ དེ་བས་ན་ཕྱི་རབས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱིས་མཎྜལ་འབུལ་བ་ལ་བརྩོན་པར་གྱིས་ཤིག༔ ཅེས་གསུངས་པ་དང༌། དམ་ཆོས་པད་དཀར་ལས། སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ནམ་མཁར་གཏོར་ནའང་སྔོན་གྱི་མཐའ་མི་མངོན་པ་དེ་ཙམ་གྱི་བསྐལ་པར་འཁོར་བའི་ཚེ། བརྒྱ་བྱིན་དང་འཁོར་ལོས་སྒྱུར་རྒྱལ་ཐོབ་པའི་མཐའ་མི་རྙེད། ཅེས་གསུངས་པ་དང༌། ཁྱེའུ་ཞིག་གིས་དེ་བཞིན་གཤེགས་པ་བསོད་སྐྱབས་གྲོང་དུ་བསོད་སྙོམས་ལ་བྱོན་པ་མཐོང་བས། ཁོ་ཤིན་ཏུ་དད་དེ་སྲན་མ་སྤར་བ་གང་ཡོད་པ་དེ་སངས་རྒྱས་ལ་གཏོར་བས་བཞི་ལྷུང་བཟེད་ནང་དུ་སོང༌། གཉིས་ཐུགས་ཀར་ཕོག་པའི་བསོད་ནམས་ལ་བརྟེན་ནས་


JLAZ005_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེའུ་དེ་སླར་རྒྱལ་པོ་སྤྱི་བོ་སྐྱེས་ཞེས་བྱ་བ་གླིང་བཞི་དང་རྒྱལ་ཆེན་བཞིའི་བདག་པོ་ལོ་བརྒྱད་ཁྲི་རེ་རེ་དང༌། བརྒྱ་བྱིན་སུམ་ཅུ་རྩ་བདུན་བརྗེ་རེས་ཀྱི་བར་དུ་སུམ་རྩེན་པའི་རྒྱལ་སྲིད་ཕྱེད་ལ་དབང་བར་བྱས་པར་ལུང་ལས་གསུངས་ན་རང་ཅག་རྣམས་ཀླ་ཀློ་དང་མི་ཁོམ་དུད་འགྲོ་ལ་སོགས་པའི་རིགས་སུ་མ་སྐྱེས་པར། བརྒྱ་ལ་ལན་གཅིག་ཙམ་གྱི་སྟབས་ལེགས་དང་འགྲིག་པའི་མི་ལུས་རང་དབང་ཅན་འདི་འདྲ་ཐོབ་པའི་དུས་སུ་གནད་ཟབ་མོ་འདི་ལྟ་བུ་ལ་དུས་ནམ་དུའང་འབད་པས་ཉེ་བར་སུ་ཞིག་མི་བྱེད། གལ་ཏེ་ཚེ་འདིའི་རྣམ་གཡེང་དོས་དྲག་ཅིང་སྦྱོར་བ་ངན་གོམས་ཀྱི་བག་ཆགས་བཙན་པར་གྱུར་ཏེ་གཏན་དུ་མ་ནུས་ནའང། གནས་སྐབས་འདི་དང་མཚུངས་པར་དཀྱིལ་འཁོར་ཞལ་ཕྱེ་བའི་སྤྱན་སྔ་དང༌། རྟེན་གསུམ་ཁྱད་འཕགས་ཀྱི་མདུན་དུ་ཁྲལ་འཇལ་དུ་མ་མངོན་པར་ངེས་པར་འབུལ་དགོས་ཏེ། སློབ་དཔོན་ཆེན་པོས། ལྷ་དང་བླ་མ་ནམ་དྲན་དུས་ཉིད་དམ༔ ཚོགས་པ་རྒྱ་མཚོ་དབུས་དང་ཆོས་འཕེལ་ཚེ༔ ཆོས་སྤྱོད་ཀུན་གྱི་སྙིང་པོ་མཎྜལ་དབུལ༔ ཞེས་གསུངས་པས་རང་གིས་རང་བསླུ་བའི་སླ་ཆོས་བག་ལ་ཉལ་གྱི་མིག་ལྟོས་ངན་རྗེས་སུ་མི་འབྲང་བར་ཡོན་མཆོད་ཐམས་ཅད་ཀྱི་རྒྱུ་རྐྱེན་ཕྱོགས་ཕྱོགས་ནས་འཛོམ་པར་བྱས་ཏེ་བྱ་སླ་རླབས་ཆེན་གྱི་དོན་ལ་


JLAZ005_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་དང༌། མཎྜལ་གྱི་མདོ་ལས་ཀྱང༌། འདི་ནི་ལུས་ཀྱི་ལས་བྱས་ན། །ཁ་དོག་གསེར་ལྟར་འགྱུར་བ་དང༌། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང༌། །ཟླ་བ་ལྟ་བུར་གཟི་བྱིན་ལྡན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། །ཅེས་སྔ་ཕྱིའི་ལུང་ཐམས་ཅད་ནས་ལག་པ་ནར་གྱིས་བརྐྱང་བ་ལ་མཎྜལ་འབུལ་བ་ལས་བསོད་ནམས་ཆེ་བར་མེད་པར་གསུངས་པས། རང་གཞན་མཁའ་མཉམ་གྱི་སེམས་ཅན་ཕ་མའི་རང་བཞིན་ཐམས་ཅད་ཀྱི་ཆེད་དུ་དགོངས་ནས་འདི་ལ་བརྩོན་པ་འཚལ་ཞེས་བདག་གིས་ཐལ་མོ་སྙིང་གར་སྦྱར་ནས་སྐལ་བ་མཉམ་པ་ཐམས་ཅད་ལ་གསོལ་བ་འདེབས་པ་ཡིན་ནོ། །དེས་ནི་མཎྜལ་གྱི་རྣམ་པར་གཞག་པ་མདོ་རྒྱས་འཚམས་པ་བཤད་ཟིན་ཏོ། །གཉིས་པ་འདོད་ཡོན་ལྔའི་མཆོད་པ་ལ་གཉིས། སྣང་གྲག་ཐམས་ཅད་ཏིང་ངེ་འཛིན་གྱི་རྩལ་ལས་འདོད་ཡོན་གྱི་ལྷ་མོར་རྒྱས་འདེབས་པའི་དམིགས་པའི་ཁྱད་པར་དང་ཚིག་དོན་ཟུང་འབྲེལ་དུ་ཕྱག་རྒྱའི་རྣམ་འགྱུར་བཤད་པའོ། །དང་པོ་ནི། སྣོད་བཅུད་ཀྱི་དངོས་པོ་གཟུགས་སུ་སྣང་བ་ཐམས་ཅད་རྡོ་རྗེ་གཟུགས་མ་ཤིན་ཏུ་མཛེས་ཤིང༌། གཡོན་པའི་ལག་པ་ན་ཆུ་ཤེལ་


JLAZ005_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་དཀྱིལ་འཁོར་ལ་ཅོ་འདྲི་བའི་དངུལ་དཀར་གྱི་མེ་ལོང་ཐོག་པ་འབའ་ཞིག་ཏུ་ཤར་བ་དང༌། དེ་བཞིན་དུ་སྒྲ་རུ་གྲག་ཚད་རྡོ་རྗེ་སྒྲ་མ་ཁུ་ཚུར་གཉིས་ཀྱིས་གནྡྷརྦ་རབ་དགའི་ཁེངས་པ་འཕྲོག་ནུས་པའི་པི་ཝང་བརྡུང་ཞིང་ངག་ནས་སྙན་པའི་གླུ་ལེན་པ་དང༌། དྲི་རུ་མནམ་ཚད་རྡོ་རྗེ་དྲི་མ་དུང་ཕོར་དྲི་བཟང་གི་ཆུས་གང་བ་འཛིན་པ་དང༌། རོ་འཛིན་གྱི་ཚོར་བས་མྱོང་བར་འོས་པའི་དངོས་པོ་ཐམས་ཅད་རྡོ་རྗེ་རོ་མ་པད་ཕོར་གྱི་ནང་དུ་རོ་བརྒྱའི་བཅུད་ལྡན་གྱི་ཞལ་ཟས་འཛིན་པ་དང༌། ཚོར་བས་ཁྱབ་ཚད་ཀྱི་རེག་བྱ་ཐམས་ཅད་རྡོ་རྗེ་རེག་མ་ནམ་མཁའི་རྒྱན་དུ་འོས་པའི་ལྷ་གོས་རིན་ཐང་དང་བྲལ་བ་འཛིན་པའི་རང་བཞིན་དུ་རྒྱས་གདབ་ལ། ཐ་མལ་གྱི་སྣང་ཞེན་ཐམས་ཅད་ཆམ་གྱིས་སྦྱང་བར་བྱ་ཞིང༌། འདི་ནི་ཐུགས་ཀ་ནས་ལྷ་མོ་སྤྲོ་བ་ཙམ་མ་ཡིན་པར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྩལ་ལས་སྣང་གྲག་ཐམས་ཅད་དེ་དང་དེའི་ངོ་བོར་བལྟ་བ་ཡིན་ནོ། །གཉིས་པ་ནི། བདེ་སྟོང་ཟུང་འཇུག་གི་སྒོ་ནས་ལྷག་པའི་དཀྱིལ་འཁོར་རྣམས་མཆོད་པའི་བརྡར་ཐལ་མོ་གཉིས་སྙིང་གའི་ཐད་དུ་པདྨ་ཁ་འབུས་པ་ལྟ་བུར་སྦྱར་ལ། སྙན་པའི་དབྱངས་དང་བཅས། ཧཱུྃ་སྣང་སྲིད་སྣོད་བཅུད་ཡིད་འོང་གཟུགས་རྣམས་ཀུན༔ ཞེས་ཤློ་ཀའི་མཐར་པད་སྐོར་དང་བཅས་གཡོན་པའི་ལག་པ་སྙིང་གའི་ཐད་དུ་མཆོག་


JLAZ005_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གྱེན་དུ་སློང་བ་ལྟར་བྱས་པའི་ལག་མཐིལ་དུ་གཡས་པའི་མཆོག་སྦྱིན་ཁ་སྦུབ་ལ་སྦྱར་བ་མེ་ལོང་གི་ཕྱག་རྒྱ་བསྟན་ལ། ཨཱོྃ་བཛྲ་རཱུ་པ་པྲ་ཏཱི་ཙྪ་ཧཱུྃ༔ ཞེས་བརྗོད་ཅིང་སེ་གོལ་གཏོགས། འདི་ལ་ཀུན་མཁྱེན་ལྔ་པ་ཆེན་པོ་ནི། གཡོན་པའི་རྡོ་རྗེ་ཁུ་ཚུར་ཁ་ནང་དུ་བསྟན་པའི་སྟེང་དུ་གཡས་པའི་ལག་མཐིལ་བསྟན་ཏེ་བཞག་པ་མེ་ལོང་གི་ཕྱག་རྒྱ་དང༌། ཞེས་གསུངས་ཤིང༌། སྔར་བཤད་མ་ཐག་པ་ཉིད་ད་ལྟ་སྔར་གྱི་ཕྱག་ལེན་མ་འཕྱུགས་པར་ཐམས་ཅད་ཀྱིས་གཅིག་ཏུ་མཐུན་པར་མཛད་འདུག་པས་ཡིད་བརྟན་རུང་མོད། གཞན་རྣམས་ནི་སྣ་ཚོགས་པར་སྣང་པས་དཔྱད་བྱའི་གཞིའོ། །དེ་བཞིན་དུ་རྡོ་རྗེ་སྒྲ་མ་ལ་རྡོ་རྗེ་ཁུ་ཚུར་གཉིས་ཁ་གྱེན་དུ་བསྟན་ལ་པི་ཝཾ་བརྡུང་བའི་ཕྱག་རྒྱ་གཡོན་དལ་གྱིས་ཕྱིར་བརྒྱངས་ཤིང༌། གཡས་ནང་དུ་དལ་གྱིས་འཐེན་སྟངས་དང་བཅས་ཤབྟ་ཞེས་བརྗོད། རྡོ་རྗེ་དྲི་མར་ལག་གཡོན་རྡོ་རྗེ་ཁུ་ཚུར་གན་རྐྱལ་དུ་བརྐྱངས་པའི། གཡས་པས་དྲི་བྱུག་པའི་ཕྱག་རྒྱ་དང༌། གནྡྷེ་ཞེས། རྡོ་རྗེ་རོ་མ་ཁུ་ཚུར་གཉིས་ཁ་གྱེན་དུ་སྟོན་པ་དང་མཉམ་དུ་ཐལ་མོ་རྣམས་བརྐྱང་བའི་ཕྱག་རྒྱ་དང༌། རཱ་ས་ཞེས་བརྗོད། རྡོ་རྗེ་རེག་བྱ་མར། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ལྷ་གོས་འབུལ་བའི་ཚུལ་དང་བཅས། སྤརྴེ་ཞེས་བརྗོད་དོ། །གསུམ་པ་རྒྱལ་སྲིད་སྣ་


JLAZ005_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་མཆོད་པ་ལ་གསུམ། ཁུངས་དགོད་པ་དང༌། དེ་དག་སོ་སོའི་ཡོན་ཏན། འབུལ་ཚུལ་ལོ། །དང་པོ་ནི། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཁྱིམ་པ་འཁོར་ལོས་སྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཞེས་གསུངས་པ་ལྟར་འཇིག་རྟེན་དུ་དེ་ལྟ་བུའི་འཁོར་ལོས་སྒྱུར་རྒྱལ་བྱུང་བའི་ཚེ། རྒྱལ་པོ་དེའི་བསོད་ནམས་ཀྱི་མཐུ་ཕུལ་དུ་ཕྱིན་པ་ལས་རྒྱལ་པོའི་སྲིད་ལ་འོས་པའི་རིན་པོ་ཆེ་སྣ་བདུན་བྱུང་བར་གྲགས་ཏེ། དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ཉིད་བཙུན་མོའི་ཚོགས་དང་བཅས་ཚེས་བཅོ་ལྔའི་ཉིན་ཁྲུས་བྱས་ཏེ་གསོ་སྦྱོང་ལ་གནས་པའི་ཚེ། ཤར་ཕྱོགས་ཀྱི་ནམ་མཁའ་ལས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་ཞིང་མུ་ཁྱུད་དང་བཅས་པ་ཐམས་ཅད་གསེར་ལས་གྲུབ་པ་མགར་བས་མ་བྱས་པ་ཞིག་ཤིང་ཏཱ་ལ་བདུན་ཙམ་གྱི་འཕང་ཐད་ནས་བྱུང་བར་མདོ་སྡེ་རྒྱ་ཆེར་རོལ་པ་ལས་གསུངས་ཤིང༌། མདོ་གཞན་དུ་བརྒྱ་བྱིན་གྱིས་བྱིན་པ་དང༌། ལ་ལར་བསོད་ནམས་ཀྱི་མཐུས་རི་རིབ་ཀྱི་ཁོང་སེང་ནས་རང་ཤུགས་ཀྱིས་བྱུང་བ་སོགས་བཤད་ཚུལ་མི་འདྲ་ཙམ་མཆིས་ཤིང༌། གང་ལྟར་ཡང་དེའི་ཚེ་རྒྱལ་པོའི་བསམས་པ་ལ། བདག་ནི་སྔོན་གྱི་བསོད་ནམས་ཀྱི་མཐུས་


JLAZ005_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་སྒྱུར་རྒྱལ་དུ་འགྱུར་རོ་སྙམ་ནས་ལག་པ་གཉིས་དེངས་བྱས་པ་ཙམ་གྱིས་འཁོར་ལོ་ལག་ཐོག་གི་ཐད་ཀར་བྱུང་བར། རྒྱལ་པོས། ཀྱེ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པའི་ལམ་སྲོལ་གང་ཡིན་པར་རྣམ་པར་རྒྱལ་བར་གྱུར་ཅིག་ཅེས་སྨྲས་ནས་ནམ་མཁའ་ལ་སྤར་བས། འཁོར་ལོ་དེ་སླར་ཡང་སྟེང་གི་ནམ་མཁའ་ལ་འཕགས་ཏེ། ཤར་གྱི་ཕྱོགས་ལ་སྔོན་གྱི་འཁོར་ལོས་སྒྱུར་བའི་ལམ་སྲོལ་ཇི་ལྟ་བུར་འགྲོའོ། །དེའི་རྗེས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་ཚོགས་ཡན་ལག་བཞི་པའི་ཚོགས་དང་བཅས་བགྲོད་པ་ལས་ཤར་ཕྱོགས་པའི་ཁམས་ཀྱི་རྒྱལ་ཕྲན་ཐམས་ཅད་ཟིལ་གྱིས་ནོན་ནས་ཅི་བགྱིའི་འབངས་སུ་མཆི་ཞིང་དབང་དུ་འདུའོ། །དེ་བཞིན་དུ་ལྷོ་ལ་སོགས་པའི་གླིང་གཞན་དུ་འང་སྔ་མ་ལྟར་འགྲོ་ཞིང་རྒྱལ་ཕྲན་རྣམས་འདུད་པའི་བྱ་བ་འཁོར་ལོ་དེའི་ནུས་པས་བྱེད་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྲགས་ལ། གཞན་ཡང་མཛོད་སོགས་སུ། དངུལ་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ། ཟངས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ། ལྕགས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞེས་བཤད་པ་འགྲོ་ལུགས་སོགས་སྔ་མ་ཇི་ལྟ་བ་ལས་རྒྱུའི་ཁྱད་པར་གྱིས་གླིང་གསུམ་དང༌། གཉིས་དང༌། གཅིག་ལ་སོགས་དབང་བ་ལ་བྱེ་བྲག་


JLAZ005_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་བཤད་ཅིང༌། དེ་ཀུན་ཀྱང་རང་ཉིད་རྒྱལ་ཞིང་ཕ་རོལ་ལ་གནོད་འཚེ་མི་བྱེད་པར་གསུངས་པ་ནི་རྒྱལ་པོ་ས་དང་པོ་ལ་གནས་པས་འཛམ་བུ་གླིང༌། ས་གཉིས་པས་གླིང་བཞི། གསུམ་པས་བརྒྱ་བྱིན་ལ་སོགས་པ་རིམ་བཞིན་ས་བཅུའི་བྱང་ཆུབ་སེམས་དཔའ་སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ལྷའི་བུ་དང་དབང་ཕྱུག་ཆེན་པོའི་སྐྱེ་བ་བཟུང་ནས་སེམས་ཅན་གྱི་དོན་བྱེད་ནུས་པའི་ཆ་ནས་དེ་སྐད་ཅེས་བཏགས་ཏེ། འོན་ཏེ་དེ་དག་གི་རྒྱལ་པོ་ཡིན་ཚད་བྱང་ཆུབ་སེམས་དཔའ་ཡིན་པས་མ་ཁྱབ་སྟེ་སོ་སོ་སྐྱེ་བོ་བསོད་ནམས་རླབས་ཆེན་བསགས་པས་ཀྱང་བྱེད་དོ། །དེ་བྱང་ཆུབ་སེམས་དཔའི་རིགས་ཡིན་པའི་ཁྱད་ཆོས་སོ། །གཉིས་པ་ལ་བདུན་ལས། དང་པོ་འཁོར་ལོ་རིན་པོ་ཆེ་སྟོང་གསུམ་མམ། གླིང་བཞི་ལ་དབང་བསྒྱུར་ནུས་པ། དེ་ལ་ཡོན་ཏན་ལྔ་ཡོད་པར། རྒྱ་ཆེར་རོལ་པ་ལས། རྒྱུ་འཛམ་བུ་ཆུ་བོའི་གསེར་ལས་བྱས་པ། རྒྱར་དཔག་ཚད་ལྔ་བརྒྱ་པ། མདོག་ཉི་མ་ལྟར་མཛེས་པ། ནམ་མཁའ་ལ་དཔག་ཚད་འབུམ་དུ་ཉི་མ་གཅིག་གིས་ཐོགས་པ་མེད་པར་འགྲོ་བ། རྒྱལ་པོ་གླིང་སོགས་གང་དུ་འགྲོ་བའི་ཚེ་འཁོར་ལོ་དེ་ཡང་ནམ་མཁའ་ལ་འགྲོ་ཞིང༌། དེའི་མཐུས་རྒྱལ་པོ་དཔུང་ཚོགས་ཡན་ལག་བཞིའང་ནམ་མཁའ་ལ་འགྲོ་བ། རྒྱལ་པོས་མི་ཐོས་པ་ཐམས་ཅད་དེས་གྲོགས་བྱས་ནས་ཐོས་པ། བསྔོ་བ་གང་ཡང་མེད་པ་དེས་རྒྱལ་པོ་བློན་པོ་སོགས་གྲོགས་སོ་སོས་འདོད་པ་ཐམས་ཅད་འབུལ་བའོ། །ཞེས་


JLAZ005_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། །གཉིས་པ་གླང་པོ་རིན་པོ་ཆེའི་ཡོན་ཏན་ལ་བརྒྱད་དེ། ཅང་ཤེས་པ། བཀའ་ལ་ཉན་པ། ཡན་ལག་བདུན་པོ་ལ་ལེགས་པར་གནས་པ། གླང་ཆེན་སྟོང་གི་སྟོབས་དང་ལྡན་པས་གདུལ་དཀའ་བ། བརྒྱ་བྱིན་གྱི་གླང་པོ་ཆེ་ལྟ་བུ་དེ་འདྲའི་དྲི་ཚོར་བས་ཀྱང་གླང་ཆེན་ཕལ་བ་དག་ཀླད་པ་འགེམས་ཤིང༌། ཕ་རོལ་ཀྱི་སྡེ་ལས་རྒྱལ་བ། ཆུ་དང་སྐམ་དང་བར་སྣང་ལ་གཡུལ་འགྱེད་ནུས་པ། ཉིན་གཅིག་ལ་འཛམ་གླིང་བསྐོར་ནུས་ཤིང་ཁ་དོག་ཐལ་དཀར་དུ་གྱུར་ལ་སྐུད་པས་ཀྱང་དཀྲི་ཐུབ་པ། རྒྱལ་པོས་བཞོན་ཚེ་གང་དུ་འགྲོ་བར་འདོད་པ་དེར་མ་བསྐུལ་ཡང་འཇུག་པ། གཙུག་ན་གསེར་གྱི་རྒྱན་གྱིས་བརྒྱན་ཞིང༌། གསེར་གྱི་དྲྭ་བས་གཡོགས་པའོ། །གསུམ་པ་རྟ་མཆོག་རིན་པོ་ཆེ་ལ་ཡང་ཡོན་ཏན་བརྒྱད་དེ། ཁ་དོག་ཤིན་ཏུ་མཚར་བ་རྨ་བྱའི་མགྲིན་པ་ལྟ་བུ། རྔམས་པ་མཛེས་པ་སྟེ་དབྱིབས་ཕུན་སུམ་ཚོགས་པ། བསྒོ་བ་ན་འཛམ་གླིང་ཉིན་གཅིག་ལ་ལན་གསུམ་བསྐོར་བར་ནུས་པ། ལུས་ལ་ནད་གཅོང་མེད་པ། ནོར་བུའི་གཙུག་ལ་སོགས་མཚན་མ་བཟང་པོ་ཡོད་པ། ནམ་མཁའ་ལ་རྫུ་འཕྲུལ་གྱིས་འགྲོ་བ། རྒྱལ་པོས་བཞོན་ཚེ་གུས་པར་བྱེད་པ། རྣམ་འཕྲུལ་དུ་མ་དང་ལྡན་པའོ། །བཞི་པ་བུད་མེད་དམ་བཙུན་མོ་རིན་པོ་ཆེ་ལ་ཡོན་


JLAZ005_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་དུ་མ་བཤད་ཀྱང་འདོམས་ན་ལྔ་སྟེ། གང་དུ་རྒྱལ་པོའི་བསམ་པ་དང་མཐུན་པ། བུ་མང་པོ་བཙའ་བའམ་ལུགས་གཅིག་ཏུ་ན་བུ་གཅིག་ཀྱང་མི་སྐྱེ་བ། བུད་མེད་གཞན་ལ་ཕྲག་དོག་མི་བྱེད་པ་མ་དང་སྲིང་མོ་ལྟ་བུར་མཐོང་བ། ཚིག་ཅལ་ཅོལ་མི་སྨྲ་ཞིང་རྒྱལ་པོའི་སྲིད་མཐོ་བར་འགྱུར་བ། ལོག་ལྟ་མེད་པ་སྟེ་ལྔ་དང་ལྡན་པའོ། །ལྔ་པ་ནོར་བུ་རིན་པོ་ཆེ་དབྱིབས་ཟུར་བརྒྱད་པ་མི་ཆེན་པོའི་བརླ་གང་ཙམ་དངས་ལ་གསལ་བ་དེའི་ཡོན་ཏན་ལ་བརྗོད་ཀྱིས་མི་ལང་ཀྱང༌། འདོམས་ཏེ་བཤད་ན་བརྒྱད་དེ། ཁོར་ཡུག་དཔག་ཚད་བརྒྱད་ཀྱི་ས་སྣང་བས་ཁྱབ་ཅིང་མཚན་མོ་བདེ་འབྱུང་གི་གཙུག་རྒྱན་ལྟར་གསལ་བ། ལམ་དུ་ཞུགས་པ་ན་ཆུ་དང་བྲལ་སར་སྐོམ་པས་གདུང་བ་རྣམས་ལ་ཡན་ལག་བརྒྱད་ལྡན་གྱི་ཆུ་བྱུང་ནས་སྐོམ་པ་སེལ་བ། རྒྱལ་པོའི་གྲོས་ཐམས་ཅད་ནོར་བུ་ལས་བྱུང་བ། དེའི་བརྒྱད་ཆ་རེ་རེ་ནས་འོད་ཟེར་སྣ་ཚོགས་པ་འཕྲོ་བས་ནོར་བུ་གང་དུ་ཡོད་པས་དཔག་ཚད་བརྒྱ་ཡིས་འཁོར་སར་ནད་མེད་ཅིང་རྟག་ཏུ་ཡིད་ལ་མཉམ་པར་གཞག་པ་དང༌། འདོད་པའི་འབྲས་བུ་མེད་པ་མ་ཡིན་པ། རླུང་ངན་པས་ཆར་མི་བཟད་འབེབས་མི་ནུས་པ། མྱ་ངན་དང་གཡང་ས་སོགས་མེད་ཅིང། མཚེའུ་ཚལ་ནགས་ནེའུ་སེང་ཕུན་སུམ་ཚོགས་པ་འབྱུང་བ། དུས་མ་ཡིན་པའི་


JLAZ005_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་མི་འབྱུང་ཞིང་དུད་འགྲོའི་རིགས་ཀྱིས་མི་གནོད་པ། རྒྱལ་པོ་དེ་ལ་བུ་དཔའ་ཞིང་རྟུལ་ཕོད་པ་སྟོང་འབྱུང་ནུས་པ་དེ་བརྒྱད་དོ། །དྲུག་པ་ཁྱིམ་བདག་རིན་པོ་ཆེའམ། བློན་པོ་རིན་པོ་ཆེ་གདམ་ངར་བཤད་པ་ལ་ཡོན་ཏན་བཞི་སྟེ། རྡོ་རྗེ་དང༌། མཐོན་ཀ་དང༌། མར་གད་དང༌། སྤུག་དང༌། གསེར་དངུལ་ལ་སོགས་པའི་རིན་པོ་ཆེའི་ནོར་རྫས་རྩོལ་བ་མ་བྱས་ཀྱང་མོད་ལ་ཟད་པ་མེད་པ། རྒྱལ་པོའི་བཀའ་ཅི་གསུངས་ལ་ཡིད་གཞུངས་པ། རྒྱལ་པོའི་བསམ་པ་ཇི་ལྟ་བ་བློན་པོས་རྟོགས་ནས་མ་བསྒོས་ཀྱང་ལས་བྱེད་ལ་ཆོས་ཀྱི་བྱ་བ་དང་ལྡན་པ། ཉོན་མོངས་བས་འཁོར་གཞན་ལ་མཐོ་དོགས་མེད་ཅིང་རྒྱལ་པོའི་དོན་ལ་མ་གཏོགས་གཞན་ལ་གནོད་པ་མེད་པ་རྣམས་སོ། །མདོ་ཕལ་ཆེར་ནས་ཁྱིམ་བདག་རིན་པོ་ཆེ་ཞེས་པ་ལས། བློན་པོ་ཞེས་མ་བཤད་ཀྱང་སྔོན་བྱུང་གི་གཏམ་དང་སྦྱར་ཏེ། དེ་གཉིས་དོན་གཅིག་ཏུ་འཐད་པར་སེམས་ཞེས་མཁས་པ་དག་བཞེད་དོ། །བདུན་པ་དམག་དཔོན་རིན་པོ་ཆེ་ལ་ཡོན་ཏན་བརྒྱད་ཡོད་པར་བཤད་དེ། རྒྱལ་པོའི་ཡིད་ལ་བསམ་པའི་བྱ་བ་སྤྱི་དང༌། བྱེ་བྲག་ཏུ་དྲག་པོའི་ལས་རྣམས་མ་བསྒོས་ཀྱང་བྱེད་པ། དཔའ་རྩལ་གྱི་ཡོན་ཏན་མ་ལུས་པ་རྫོགས་པ། རང་དོན་ལ་ཆོས་མིན་རྣམ་པར་སྤང་བ། གཞན་གྱིས་བརྔན་


JLAZ005_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནོར་སོགས་ལ་མ་ཆགས་པར་རྒྱལ་པོའི་བྱ་བ་ཚུལ་བཞིན་དུ་བྱེད་པ། གཞན་གྱིས་གླགས་ལྟ་བའི་འགྲོ་ལྡོག་མ་ལུས་པ་འཇོམས་པ། མཐུ་སྟོབས་ཀྱི་དཔལ་དང་ལྡན་པ་ལས་གང་ཡང་ཤིན་ཏུ་རིགས་པར་སྤྱོད་པ། ཉོན་མོངས་པའི་དུག་གསུམ་སྤངས་པ། རྒྱལ་པོའི་བྱ་བ་མ་ཡིན་པར་སྐྱེ་བོ་གཞན་ལ་མི་འཚེ་བ་དང་བརྒྱད་དོ། །དེ་དག་རྣམས་ཀུན་ཀྱང་རྒྱལ་པོ་དེའི་བསོད་ནམས་ཀྱི་མཐུ་ལས་རང་བཞིན་གྱིས་ནམ་མཁའ་ལས་བྱུང་བ་མདོ་སྡེ་རྒྱ་ཆེར་རོལ་པ་ལས་བཤད་ཅིང༌། ཡོན་ཏན་མངའ་བའི་ཚུལ་ནི་མདོ་དྲན་པ་ཉེར་བཞག་ལས་གསུངས་པ་ལྟར་དང༌། འཇམ་མགོན་ལྷ་སྲས་ས་རའི་མཚན་ཅན་གྱིས་མངོན་བྱུང་གི་མདོ་ལས་གསུངས་པའི་དོན་བསྡུ་བར་མཛད་པ་དགོངས་པ་བསྟུན་ནས་བཀོད་པ་ཡིན་ཞིང། ཁ་ཅིག་ན་རེ། འདིར་དེ་དག་གི་རྒྱུ་མཚན་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་འགྲེལ་གཉིས་སུ་ཡོད་དེ། དགོས་པ་ཡོད་ཀྱང་འགྲེལ་བ་མེད་པ་ཀླུའི་རྒྱལ་པོའི་གཙུག་གི་ནོར་བུ་ལྟ་བུ་མ་ཡིན་འགྲེལ་པ་ཁོ་ན་ཡོད་ཀྱང་ཚིག་ཏུ་བརྗོད་དུ་མེད་པ་ལྐུགས་པའི་རྨི་ལམ་ལྟ་བུ་མ་ཡིན། འགྲེལ་བ་ཡོད་ཀྱང་སངས་རྒྱ་བའི་དགོས་པ་མེད་པ་བྲམ་ཟེའི་ངན་སྔགས་ལྟ་བུ་མ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་འབྲེལ་བས་འགྲེལ་པ་ཡོད་ལ་ཡོན་ཏན་དེ་


JLAZ005_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་མངའ་བའི་ཚུལ་གྱིས་མཆོད་པས། ཚིག་ཤར་བཏོན་པའི་ཕན་ཡོན་ཙམ་ལ་མི་རེ་བས། ཚོགས་ཞིང་ལ་དགྱེས་པ་ཁྱད་པར་ཅན་བསྐྱེད་ཅིང༌། དེའི་མཐུ་ལས་ཚོགས་གཉིས་ཟུང་འབྲེལ་དུ་རྫོགས་པའི་དགོས་པ་ཡོད་དེ། རྒྱུ་མཚན་དེ་ལྟ་བུ་མ་གོ་ན། ཀུན་བཟང་མཆོད་སྤྲིན་གྱི་དོན་མི་གོ་བའི་བྱིས་པ་ཞིག་གིས་ཀུན་བཟང་མཆོད་སྤྲིན་གྱི་འདོན་པ་བྱས་པ་ལྟ་བུའོ། །གསུམ་པ་དབུལ་བའི་ཚུལ་ལ་གཉིས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དོན་དུའོ། །དང་པོ་ནི། དེ་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་མངའ་ཞིང་འཇིག་རྟེན་ན་བཙལ་བས་ཀྱང་མི་རྙེད་པའི་རྒྱལ་སྲིད་རིན་པོ་ཆེ་བདུན་གྱི་བཀོད་པ་རྣལ་འབྱོར་བའི་ཏིང་ངེ་འཛིན་དང༌། སྔགས་དང་ཕྱག་རྒྱ་ཟབ་མོའི་རྟེན་འབྲེལ་ལ་བརྟེན་ནས་ཡང་དག་པ་རབ་འབྱམས་ཀྱིས་ཞི་ཁྲོའི་འཁོར་ལོ་ལ་མཆོད་པས་བྱེད་པ་རྒྱུ་མཐུན་གྱི་འབྲས་བུར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་དབང་ཐོབ་པས་སོ། །གཉིས་པ་ནི། ཐུན་མོང་མ་ཡིན་པའི་དམིགས་གནད་དང༌། ཕྱག་རྒྱའི་བརྡ་ཐབས་ངག་འདོན་རྣམས་སུམ་སྦྲག་ཏུ་འཆད་དེ། དེ་ལ་བདུན་ལས། དང་པོ་འཁོར་ལོ་རིན་པོ་ཆེ་ཕུལ་བས། འཁོར་བ་ལུ་གུ་རྒྱུད་དུ་འཁྲུལ་བའི་རྒྱུ་བདག་འཛིན་གཉིས་སྣང་གི་བག་ཆགས་རྩད་ནས་བཅད་དེ། བདག་དོན་དུ་དག་པ་ཉིས་ལྡན་གྱི་སྐུ་


JLAZ005_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་བྱས། གཞན་དོན་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་འགྲོ་བའི་དོན་བླ་ན་མེད་པར་བྱེད་ནུས་པའི་བདག་ཉིད་ཅན་དུ་གྱུར་ཅིག་སྙམ་པའི་ངང་ནས་ཐལ་མོ་སྙིང་གར་སྦྱར་ལ། ངག་ཏུ། རྒྱལ་བ་སྲས་དང་བཅས་རྣམས་ལ༔ འཁོར་ལོ་རིན་ཆེན་འདི་ཕུལ་བས༔ སོགས་ཀྱི་མཐར། ཕྱག་རྒྱ་ནི་པད་སྐོར་དང་བཅས་པའི་ལག་པའི་མཁྲིག་མ་གཉིས་རྒྱབ་སྤྲོད་དུ་བསྣོལ་ཏེ། སོར་མོ་རྣམས་གཅིག་ལ་གཅིག་གིས་འཁྱུད། མཐེ་བོང་གཉིས་ལག་མཐིལ་དུ་ཀུག་ལ། ཙཀྲ་རཏྣ་པཱུ་ཛི་ཨཱཿཧཱུྃཿ ཞེས་སེ་གོལ་བསྣོལ་མར་ཚར་གཉིས་གཏོགས། འདིའི་ཕྱག་རྒྱ་འགའ་ཞིག་གིས་སྡིགས་མཛུབ་རྒྱབ་བསྣོལ་ལས་རྩེ་བཞི་འདུད་པ་ལྟ་བུ་ཞིག་བྱ་བ་རྡོར་དྲིལ་འཛིན་སྐབས་ཀྱི་དགུག་འདྲེན་ཕྱག་རྒྱ་དང་ནོར་རམ་སྙམ་སྟེ་གཟུར་གནས་ཀྱིས་དཔྱད་པར་འཚལ་ལོ། །གཉིས་པ་ནོར་བུ་རིན་པོ་ཆེ་ཕུལ་བས་ཀུན་རྫོབ་ཏུ་ཟང་ཟིང་གི་དངོས་པོ་གྱ་ནོམ་པ་དང༌། དོན་དམ་དུ་ཡང་དག་དང་ལྟར་སྣང་འབྱེད་པའི་བློ་གྲོས་ཀྱི་མཐུ་བཀྲེས་ཤིང་ཕོངས་པ་དག་བསལ་ནས། འཕགས་ནོར་བདུན་དད་པ། ཚུལ་ཁྲིམས། གཏོང་བ། ཐོས་པ། ཁྲེལ་ཡོད་པ། ངོ་ཚ་ཤེས་པ། ཤེས་རབ་ཀྱི་ནོར་ཏེ་བདུན་ནོ། །ལ་སོགས་པའི་འབྱོར་བས་ཕྱུག་སྟེ། ཕུན་སུམ་ཚོགས་པ་ལྔ་ལྡན་གནས།


JLAZ005_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དུས། སྟོན་པ། ཆོས། འཁོར། གྱི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག་པའི་འདུན་པས། རྒྱལ་བ་སྲས་དང༌། ནོར་བུ་རིན་ཆེན་སོགས་སྔ་མ་ལྟར་ལས་མཐེབ་མཛུབ་གཉིས་རྩེ་སྤྲད་པའི་བུག་པ་གཡག་མིག་ལྟར་བྱས་ལ། གུང་མོ་གཉིས་ཀྱང་རྩེ་སྤྲད་ཅིང་ཐ་མ་བཞི་རང་སར་བསྒྲེངས་པ་དག་གྱེན་དུ་བསླངས་ལ། མ་ཎི་རཏྣ་སོགས་སྔ་མ་ལྟར་རོ། །གསུམ་པ་བཙུན་མོ་རིན་པོ་ཆེ་ཕུལ་བས་ཐེག་པ་འོག་མ་ལྟར་ཐབས་ལ་རྨོངས་པའི་མ་རིག་པ་རྒྱུན་བཅད་དེ། ཟབ་མོ་སྟོང་པ་ཉིད་ཀྱི་ཤེས་རབ་རྣམ་པར་དག་པ་རྟོགས་པས། ཐབས་སྣང་བའི་ཆ་གང་དུ་ཡང་མ་སྤངས་ཤིང༌། ཅིར་ཡང་མ་བསྒྱུར་བར་ཤེས་རབ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་དབང་འབྱོར་ནས། སྣང་སེམས་དབྱེར་མེད་དུ་དག །ཕྱི་ཀུན་རྫོབ་ཀྱི་ཐབས་ཤེས་ལ་མཉམ་པར་སྦྱར་བས་དགའ་བ་བཞི་ལུགས་འབྱུང་ལུགས་ལྡོག་གི་རྩལ་སྦྱངས། ཨ་ཝ་དྷུ་ཏིའི་རྩ་མདུད་ཉི་ཤུ་རྩ་གཅིག་དུས་གཅིག་ལ་གྲོལ་ཏེ། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་ཏུ་བལྟས་ལ། རྒྱལ་བ་སྲས་དང༌། བཙུན་མོ་རིན་ཆེན། སོགས་དང༌། རྡོ་རྗེ་ཐལ་མོ་ལས་མཛུབ་མོའི་རྩེ་མོ་གཉིས་བཀུག །གུང་མོ་གཉིས་མཉམ་པའི་ཚིགས་སུ་སྦྱར་ལ། སྟྲི་རཏྣ་སོགས།


JLAZ005_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་བློན་པོ་རིན་པོ་ཆེ་ཕུལ་བས་ཕྱི་སྐུའི་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག །ནང་གསུང་གི་རྒྱུད་ལུང་ཨ་ནུ་ཡོ་ག །གསང་བ་ཐུགས་ཀྱི་རྒྱུད་རྫོགས་ཆེན་ཨ་ཏི་ཡོ་ག་སྟེ། ཐེག་པ་རྣམ་པ་གསུམ་གྱི་དོན་ལ་མ་རྨོངས་ཤིང༌། དེ་ཁོ་ན་ཉིད་ཀྱི་དོན་བློ་བྲལ་བ་བསམ་ལས་ཡས་པའི་བསྟན་པ་རིན་པོ་ཆེའི་འཛིན་སྐྱོང་སྤེལ་བར་བྱེད་པའི་ཡོན་ཏན་དུ་གྱུར་ཅིག་སྙམ་དུ་སྨོན་པས། རྒྱལ་པ་སྲས་དང༌། བློན་པོ་རིན་ཆེན་སོགས་མཐར། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་དང་ཐ་མ་བཞི་གཤིབས་ཏེ་སྒྲེང་བའི་ཕྱག་རྒྱ་དང་བཅས། མ་ཧཱ་ཏ་སོགས། འདི་ལ་འགའ་ཞིག་ཐ་མ་བཞི་ཡང་བསྐུམ་པའི་སྲོལ་སྣང་བ་ལུང་གི་རྒྱབ་སྐྱོར་ཡོད་ན་ཅི་ཆ། འདིར་བཤད་པ་ནི་ཀུན་མཁྱེན་རྒྱལ་པའི་དབང་པོ་ཟིལ་གནོན་བཞད་པ་རྩལ་གྱི་དགོངས་པ་ཡིན་པས་ཡིད་རྟོན་པའི་གནས་སོ། །ལྔ་པ་གླང་པོ་རིན་པོ་ཆེ་ཕུལ་བས་མུ་སྟེགས་བྱེད་ཀྱི་རྟག་ཆད་དང༌། ཉན་ཐོས་ཀྱི་དངོས་ཞེན་ལ་སོགས་ཐེག་པ་དམན་པའི་ལྟ་ངན་གྱི་རི་དྭགས་ཕལ་བ་དག་ཟིལ་གྱིས་མནན་ནས། བླ་མེད་རྡོ་རྗེ་ཐེག་པའི་གླང་པོ་ལ་ཞོན་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་དུ་ཕྱིན་པ་མེད་པར་བགྲོད་པའི་འདུན་པས། རྒྱལ་བ་སྲས་དང༌། གླང་པོ་རིན་པོ་ཆེ་སོགས་མཐར། ལག་པ་གཡོན་པའི་མཐིལ་དུ་


JLAZ005_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པའི་གྲུ་མོ་བཞག་སྟེ་ལག་ངར་སྒྲེང་ལ། གཡས་པའི་ཁུ་ཚུར་འོག་ཏུ་གླང་པོའི་རྣམ་པར་བསམ་པའི་གུང་མོ་སྣའི་ཚུལ་དུ་བཀུག་ལ། ཧ་སྟི་རཏྣ་སོགས། དྲུག་པ་རྟ་མཆོག་རིན་པོ་ཆེ་ཕུལ་བས་ཚོགས་ལམ་ཆེན་པོའི་རྫུ་འཕྲུལ་གྱི་རྐང་པ་བཞིའི་ཤུགས་ཐོབ་ཅིང༌། སྦྱོར་ལམ་དང་མཐོང་ལམ་གྱི་རིམ་པ་རྣམ་པར་མི་རྟོག་པའི་གོམས་སྟབས་ཆེན་པོས་སྐད་ཅིག་ཉིད་བརྒལ་ནས། སྒོམ་ལམ་དང་མི་སློབ་ལམ་མངོན་དུ་གྱུར་ཏེ། མྱུར་དུ་སངས་རྒྱས་ཀྱི་ཞིང་ཁམས་བགྲོད་ལ་སྨོན་པའི་སྒོ་ནས། རྒྱལ་བ་སྲས་དང༌། རྟ་མཆོག་རིན་ཆེན་སོགས་མཐར། ཁུ་ཚུར་གཉིས་བཅེར་བའི་གུང་མོ་དང་སྲིན་ལག་གཉིས་བརྐྱང༌། མཐེ་བོང་གཉིས་རྣ་བའི་ཚུལ་དུ་ཀྲོང་གིས་བསླང་བའམ། ཡང་ན་སྔ་མ་ལྟར་ལས་མཐེའུ་ཆུང་གཉིས་བརྐྱང་བའི་ལུགས་ཀྱང་སྣང་བ་གང་འཐད་བརྟག་པར་བྱ་ཞིང༌། ཏུ་རཾ་ག་ཨ་ཤྭ་རཏྣ་སོགས། བདུན་པ་དམག་དཔོན་རིན་པོ་ཆེ་ཕུལ་བས། རྣམ་རྟོག་ཕལ་བས་ཡེ་ཤེས་ལ་རྒོལ་བའི་དགྲ་བོ་རྩད་ནས་བཅད། བདག་འཛིན་ཉོན་མོངས་པའི་གཡུལ་ལས་རྒྱལ་ཏེ། གང་ལའང་བསྙེངས་འཕྲིག་དང་བྲལ་བ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པས་སྟག་མོ་རི་སུལ་འགྲིམ་པ་ལྟ་བུར་འགྲོ་དོན་ཕྱོགས་


JLAZ005_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་སྤྱོད་པའི་སྨོན་པ་དང་བཅས། རྒྱལ་བ་སྲས་དང༌། དམག་དཔོན་རིན་ཆེན་སོགས་མཐར། མཁས་པ་དག །གཡོན་ཕུབ་འཛིན་པ་དང༌། གཡས་རལ་གྲི་འདེབས་པ་ལྟར་བྱེད་པ་ལ་དམག་དཔོན་གྱི་ཕྱག་རྒྱར་བཞེད་དོ། །ཁཌྒ་རཏྣ་སོགས་བརྗོད། ལུགས་གཞན་དུ་ཁྱིམ་བདག་རིན་པོ་ཆེ་འབྱུང་བ་ལྟར་ན། ཐལ་མོ་གཉིས་བཀན་ལ་སྙིམ་པའི་ཚུལ་དུ་བྱས་པ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱར་གྲགས་པ་དཔྲལ་བར་འཇོག་པར་གསུངས་སོ། །དེ་ལྟར་ཕྱག་རྒྱའི་རིམ་པ་རྣམས་ཚོམ་བུ་གཅིག་གི་གྲལ་དུའང་བཅའ་བ་སོ་སོའི་བློ་གྲོས་དང་མཚུངས་པའི་རྣམ་འགྱུར་སྣ་ཚོགས་པར་སྣང་མོད། ཕྱག་རྒྱ་འདི་རིགས་གསར་རྙིང་ཐུན་མོང་ལ་བསྙོན་མེད་དུ་གྲུབ་པས། སོ་སོའི་བཞེད་ཚུལ་ལ་རྣམ་འགྱུར་ཅུང་ཟད་ཀྱི་ཁྱད་ལས་ཧ་ཅང་འགལ་འདུར་གྱུར་པ་མ་མངོན་པས་ཡིད་བརྟན་མེད་པའི་བློས་བྱས་ལ་རང་ལུགས་དང་སྙིང་ཁུང་དུ་སྨྲ་བ་དག་རང་དགའི་གཏམ་དུ་ཟད་ཅིང༌། ལ་ལ་ནི་རྫོགས་པ་ཆེན་པོའི་བྱ་རྩོལ་ལས་འདས་པས་ཕྱག་རྒྱ་འཆིང་བ་ལ་མི་ལྟོས་ཞེས་གནད་མ་རྟོགས་པའི་མྱོས་བྱེད་ཀྱི་ཁ་དྲི་ལྷ་མིན་ཁྲག་གིས་བསུབས་ཀྱང༌། ཤིན་ཏུ་སྤྲོས་མེད་ལ་ཐུག་ཚེ་འདི་དག་ལ་མི་ལྟོས་ཤིང་སྤྲོས་བྲལ་གྱི་ཐེག་པ་ནས་བྱ་བ་དགུ་ཕྲུགས་སུ་གཏོང་བ་ལས།


JLAZ005_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་ཕྱག་རྒྱ་མ་བཤད་པས་མ་ཧཱ་ཡོ་གའི་སྤྲོས་བཅས་ཀྱི་ལག་ལེན་འདི་དག་ངེས་ཅན་དུ་མི་དགོས་པར་འགྱུར་བས་གཞུང་ནས་གསུངས་པའི་དེ་དག་གི་འདོན་ཚིག་རྣམས་ཀྱང་འདོན་དུ་མི་རུང་ངོ༌། །བཞི་པ་བཀྲ་ཤིས་རྟག་བརྒྱད་ཀྱི་མཆོད་པ་ནི། སྔོན་གྱི་སངས་རྒྱས་རྣམས་ལ་ཚངས་པ་ལ་སོགས་པས་བཀྲ་ཤིས་པའི་རྟགས་བརྒྱད་ཕུལ་བ་ལྟར། བདག་གཞན་ཀུན་གྱི་བསོད་ནམས་གསོགས་པའི་སླད་དུ། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དམིགས་རྟེན་དུ་བྱས་ནས་སྣང་སྲིད་ཡེ་ཤེས་ཀྱི་འཁོར་ལོ་ཤར་བ་དེ་ལ། དངོས་སུ་གཟུགས་བརྙན་ལས་གྲུབ་པའམ་ཡེ་ཤེས་ཀྱི་རྩལ་མདངས་ལས་སྤྲུལ་པའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་འཕུར་ལྡིང་གཡོ་བ་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཏོག་གིས་མཛེས་པ་དབུའི་སྟེང་དང༌། གསེར་ཉ་གཡུའི་གཤོག་པ་ཅན་མཉེན་ཞིང་ལྕུག་པ་སྤྱན་གྱི་ཡུལ། འདབ་སྟོང་རྣམ་པར་གཡོ་ཞིང་དྲི་ངད་དང་ལྡན་པའི་ཆུ་སྐྱེས་ཀྱི་པདྨ་ལྗགས་ལ། བྱང་ཆུབ་སེམས་དཔའ་རྣམས་འགྲོ་བའི་དོན་དུ་སྲིད་པ་བཟུང་བའི་བཀྲ་ཤིས་ཀྱི་ཆོས་དུང་གཡས་འཁྱིལ་ཚེམས་ལ། འཆི་མེད་ཀྱི་བདུད་རྩིའི་བུམ་པ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་མགུལ་ལ། ཡིད་བཞིན་རིན་པོ་ཆེའི་གཏེར་གྱི་འབྱུང་ཁུངས་


JLAZ005_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་དཔལ་བེའུ་ཐུགས་ལ། བསྟན་པ་མི་ནུབ་པའི་ཆོས་ཀྱི་རྒྱལ་མཚན་རིན་ཐང་དང་བྲལ་བ་སྐུ་ལ། སྲིད་པའི་དྲྭ་བ་ཉོན་མོངས་པའི་རང་བཞིན་ཅན་རྩད་ནས་གཅོད་པའི་འཁོར་ལོ་ཞབས་རྣམས་ལ་དབུལ་ཞིང༌། དེའི་མཐུ་ལས་བདག་སོགས་འགྲོ་བ་ཀུན་བཀྲ་ཤིས་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག་ཅིག་པའི་གདུངས་དབྱངས་དང་བཅས། རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན༔ སོགས་ཀྱིས་དབུལ་ལོ། །ལྔ་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དབུལ་བ་ནི། རིག་རྩལ་སྦྱོང་ཞིང་ཚོགས་གཉིས་གསོག་ཕྱིར་རང་ཉིད་ལས་སྤྲུལ་པའི་རྡོ་རྗེ་ལྷ་མོ་བཅུ་དྲུག་ལ་སོགས་པ་རང་རང་གི་མཆོད་རྫས་ཐོགས་པ་བློས་དཔག་ཏུ་མེད་པ་ནམ་མཁའ་ཁེངས་པར་སྤྲོ་ཞིང༌། དེ་ཡང་རྡོ་རྗེ་སྒེག་མོ་གཟུགས་ཤིན་ཏུ་སྒེག་ཅིང་གར་སྟབས་དང་ལྡན་པ། རྡོ་རྗེ་ཕྲེང་བ་མ་རིན་པོ་ཆེའི་ཕྲས་སྤུད་པའི་ཕྲེང་བ་འཕྱོར་སྟོབས་ཀྱིས་འཛིན་པ། རྡོ་རྗེ་གླུ་མ་ཤིན་ཏུ་ཡིད་འཕྲོག་པའི་གླུ་དབྱངས་ཀྱི་ངེས་པ་བདུན་དང་ལྡན་ཞིང༌། དེ་རེ་རེ་ལའང་འགྱུར། ཁུགས། འདེགས། འཇོག །སྦོམ་ཕྲ་དྲུག་དང་ལྡན་པའི་གླུ་ལེན་པ་སྟེ། དེ་ཡང་དབྱངས་བདུན་གང་ཞེ་ན། ཨ་མར་ཀོ་ཤར། འཁོར་ཉན་དྲང་སྲོང་ས་འཛིན་དང༌། །དྲུག་སྐྱེས་བར་མ་བློ་གསལ་བ། །ལྔ་པ་ཞེས་བྱ་བདུན་པོ་ནི། །ཞེས་བཤད་པ་ལྟར་དང༌།


JLAZ005_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གར་མ་རྣམ་འགྱུར་བརྗོད་ཀྱིས་མི་ལང་བའི་གར་བརྩེ་བ། རྡོ་རྗེ་བདུག་སྤོས་མ་དྲི་ཞིམ་པའི་སྦྱར་སྤོས་དང་རང་བྱུང་གི་སྤོས་ཀྱི་བྱེ་བྲག་འཛིན་པ། རྡོ་རྗེ་མེ་ཏོག་མ་ཐང་སྐྱེས་དང་ཆུ་སྐྱེས་ལ་སོགས་པའི་རྣམ་བཀྲའི་མེ་ཏོག་འཛིན་པ། རྡོ་རྗེ་མར་མེ་མ་ཏིལ་མར་དང་རྩི་བཅུད་ལས་བྱས་པའི་མར་མེ་འཛིན་ལ་མུན་པའི་གོ་སྐབས་འཕྲོག་པ། རྡོ་རྗེ་དྲི་ཆབ་མ་དུང་ཕོར་དྲི་ངད་ཅན་འཛིན་པ། རྡོ་རྗེ་པི་ཝཾ་མ་སྐད་ཀྱི་རྣམ་འགྱུར་བརྗོད་ཀྱིས་མི་ལང་བའི་ཏམྦུ་རའི་རྒྱུད་བརྡུང་བ། རྡོ་རྗེ་གླིང་བུ་མ་དབུགས་ལག་གིས་སྦྱོར་བས་འགྱུར་ཁུགས་ཀྱི་གླུ་ལེན་པ། རྡོ་རྗེ་རྔ་ཟླུམ་མ་རྔ་མྲྀ་ཏཾ་གེ་ལག་གཉིས་ཀྱིས་བསྣོལ་བར་བརྡུང་བ། རྡོ་རྗེ་རྫ་རྔ་མ་སོར་མོ་རྣམས་ཀྱིས་མཆན་ཁུང་གི་ཐད་དུ་རྫ་རྔའི་སྒྲ་བསྐྱོད་པ། རྡོ་རྗེ་གཟུགས་མ་དངུལ་དཀར་ཞུན་མའི་མེ་ལོང་ཐོགས་པ། རྡོ་རྗེ་རེག་བྱ་མ་རིན་ཐང་དང་བྲལ་བའི་ལྷ་གོས་པཉྩ་ལི་ཀ་ཐོགས་པ། རྡོ་རྗེ་རོ་མ་རོ་བརྒྱའི་བཅུད་དང་ལྡན་པའི་ཞལ་ཟས་འཛིན་པ། ཆོས་ཀྱི་རྡོ་རྗེ་མ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་འཛིན་པ། དེ་དག་ཐམས་ཅད་ཀྱང་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བས་དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་ཀྱི་དབང་པོའི་ཡུལ་སོ་སོར་དགྱེས་པ་བསྐྱེད་པ་དང༌། གཞན་ཡང་རྔ་སྤུག་


JLAZ005_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སིལ་ཤང་འཁར་རྔ་དུང་ལ་སོགས་རོལ་མོའི་བྱེ་བྲག་བཅོ་བརྒྱད་ཀྱིས་སྐད་རིགས་སྣ་ཚོགས་སུ་སྒྲོག་པ་འབུད་འཁྲོལ་རྡུང་སྒྲེང་ལ་སོགས་པའི་ལས་ལ་གོམས་པའི་མཆོད་པའི་ལྷ་མོ་ནམ་མཁའ་ཁེངས་པ་དང༌། སྔར་བཤད་པ་ལྟར་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ལ་སོགས་པའི་མཆོད་རྫས་ཀྱི་རྣམ་རོལ་དཔག་ཏུ་མེད་པས་འཛིན་མའི་ཁྱོན་དོག་པོར་བྱེད་པ་དང༌། དེ་དག་ཀུན་ཀྱང་རྡུལ་ཕྲ་རབ་རེ་རེའི་ཁོངས་སུ་ཡང་དེ་འདྲ་བའི་མཆོད་པས་རྡུལ་སྙེད་དུ་ཁེངས་པ་དང༌། དེ་ལྟ་བུའི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུ་ནམ་མཁའ་དང་མཉམ་པའི་དག་པའི་ཞིང་ཁམས་ལ་རྡུལ་སྙེད་ཀྱི་མཆོད་པ་ཕྱི་ནང་གསང་གསུམ་གྱིས་མུ་མཐའ་མེད་པར་བཀང་བ། དག་པ་རབ་འབྱམས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོར་འབྱམས་ཀླས་པའི་རྣམ་རོལ་ཆེན་པོར་བལྟས་ཤིང༌། ལག་ཏུའང་མེ་ཏོག་ལ་སོགས་པའི་མཆོད་འོས་ཇི་སྙེད་ཡོད་པ་ཐོགས་ལ། སྙན་པའི་དབྱངས་དང་བཅས། ཨཱོྃ་ཨཱཿཧཱུྃ། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་ཀྱི༔ སོགས་བརྗོད་ལ་རོལ་མོའི་བྱེ་བྲག་དང་བཅས་མཆོད། དེ་ལྟར་མཆོད་པའི་རིམ་པ་རྣམས་ཚིག་དོན་འབྲེལ་ཆགས་ཤིང༌། ཀུན་རྫོབ་ཀྱི་སྣང་ཆར་ལས་འབྲས་མི་བསླུ་བར་ངེས་ཤེས་རྙེད་པ་དང༌། དོན་དམ་གྱི་སྟོང་


JLAZ005_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་འཁོར་གསུམ་དམིགས་པ་མེད་པའི་རྩིས་ཟིན་ཅིང་སྣང་སྟོང་ཟུང་འཇུག་སྒྱུ་མ་ལྟ་བུའི་རྣལ་རོལ་དུ་ཕུལ་ལ་ཚོགས་ཞིང་རྣམས་དགྱེས་པ་འཁྲུངས་པར་བལྟས་པས་ཚོགས་གཉིས་ཟུང་འབྲེལ་དུ་རྫོགས་པར་ནུས་ཤིང༌། རྒྱལ་བའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མཉེས་དང་མི་མཉེས་ཀྱིས་འཆིང་བ་མི་མངའ་ཡང༌། བདག་གཞན་ཀུན་གྱིས་རླབས་ཆེན་གྱི་བསོད་ནམས་བསག་པའི་སླད་དུ་ཡིན་པས། ཚིག་བཤར་ཙམ་དུ་མ་སོང་བར་གནད་ལ་དྲིལ་བ་ཡིན་ནོ། །ཨ་ཧོ་ངོས་བཟུང་མེད་པའི་སེམས་ཀྱི་གདངས། །ཟུང་འཇུག་སྒྱུ་མའི་ལྷ་སྐུར་ཤར་བ་ལ། །མཆོད་དང་མཆོད་བྱའི་བག་ཆགས་མི་མངའ་ཡང༌། །གློ་བུར་ཉེས་ཚོགས་དྲི་མ་འཁྲུད་ཕྱིར་ཡིན། །མ་བཅོས་ཡེ་སངས་རྒྱས་པའི་རང་ངོ་ནས། །གསལ་མདངས་ཀུན་ཏུ་བཟང་པོའི་རྣམ་རོལ་སྤྲིན། །མུ་བཞིའི་སྤྲོས་དང་བྲལ་བའི་དཀྱིལ་འཁོར་ལ། །མཆོད་ཚེ་བདེ་གཤེགས་ཞི་ཁྲོ་ཅིར་ཡང་བཞད། །ཅེས་བར་སྐབས་ཀྱི་ཉམས་གླུ་གསར་པའོ།། །།གསུམ་པ་བཤགས་པའི་ཡན་ལག་ལ་གཉིས། རྡོར་སེམས་བསྒོམ་བཟླས་དང༌། ན་རཀ་དོང་སྤྲུགས་ཀྱི་བཤགས་པའོ། །དང་པོ་ལ་བཞི། ལྷ་བསྒོམ། བཟླས་པ་བྱ་བ། བཤགས་བསྡམ་བྱ་བ། སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་པའོ། །དང་པོ་ནི།


JLAZ005_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་གསང་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའོ། །ཞེས་དང་དེ་ཡི་ངེས་ཚིག་ནི། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་བདག་ཉིད། །ཅེས་གསུངས་ཤིང་འདི་ལ་བསྒོམ་ཚུལ་གསུམ། ཕྱི་བསྐྱེད་པ་མ་ཧཱ་ཡོ་ག་དང་བསྟུན་ནས་སྤྱི་བོར་བསྒོམ་པ། ནང་ལུང་ཨ་ནུ་ཡོ་ག་དང་བསྟུན་ནས་རང་ལུས་སུ་བསྒོམ་པ། གསང་བ་རྫོགས་ཆེན་ཨ་ཏི་ཡོ་ག་དང་བསྟུན་ནས་སྣང་གྲག་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བསྒོམ་པ་ལས། འདིར་མན་ངག་དང་སྦྱར་ནས་སྔ་མ་ལྟར་བསྒོམ་པར་གསུངས་ཏེ། དེ་ལ་ཡང་ཕ་རྒྱུད་དང་བསྟུན་ཏེ་རྡོ་རྗེ་ཆོ་ག་གསུམ་གྱིས་བསྐྱེད་པ། མ་རྒྱུད་དང་བསྟུན་ཏེ་མངོན་བྱང་ལྔས་བསྐྱེད་པ། གཉིས་མེད་རྒྱུད་དང་བསྟུན་ཏེ་ཟུང་འཇུག་ཏུ་བསྐྱེད་པ་གསུམ་ལས། འདིར་སྔ་མ་ལྟར་བསྐྱེད་པར་བཤད་དེ། དེ་ལའང་གཉིས། རྡོ་རྗེའི་ཆོ་ག་གསུམ་གྱི་དག་སྦྱོར་བཤད་པ་དང༌། དེ་ཡན་ལག་བཞི་རྫོགས་སུ་བསྐྱེད་པའོ། །དང་པོ་ནི། རང་ལུས་དྲང་པོར་བསྲངས་ལ་སྤྱི་བོའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམ་པ་ཡིད་སྦྱོང་བ། དེ་ཧཱུྃ་ཡིག་གིས་མཚན་པས་ངག་སྦྱོང་བ། དེ་ལས་འོད་ཟེར་སྤྲོ་བསྡུས་ལྷ་ཡོངས་སུ་རྫོགས་པ་


JLAZ005_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྦྱོང་བའོ། །གཉིས་པ་ལ་བཞི། དམ་ཚིག་འཁོར་ལོ་སྔགས་ཕྲེང་དང་བཅས་བསྐྱེད། དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་པ། དབང་བསྐུར་བ། མཆོད་བསྟོད་བྱེད་པའོ། །དེ་ཡང་མན་ངག་གི་གནད་ནི། ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་རྡོར་སེམས་སུ་གསལ་བས་བྱིན་རླབས་མྱུར་བའི་ཁྱད་པར་ཡོད་དེ། དེའི་གནད་ཤེས་པ་དག་གིས་དམིགས་འདོན་ཟུང་འཇུག་ཏུ་ངག་འདོན་དུམ་འཁྲིགས་ནས་བཤད་པ་ལྟར། རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླའི་གདན་ལ་རྡོ་རྗེ་རྩེ་ལྔ་པ་སོགས་བརྗོད་ཅིང་ཡན་ལག་བཞི་རྫོགས་ཀྱི་ཆོ་གས་ཚུལ་བཞིན་དུ་བསྒྲུབ། དེ་ལྟར་བསྐྱེད་པའི་རྟེན་དེ་ཉིད་སྒྲིབ་པ་བཤགས་བྱའི་ཡུལ་ལམ། དཔང་པོ་ཡིན་པས་ཤིན་ཏུ་གསལ་ཐེབས་པ་གལ་ཆེ་སྟེ། ཆོས་བཞི་བསྟན་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ཆོས་བཞི་དང་ལྡན་ན་སྡིག་པའི་ལས་བྱས་ཤིང་བསགས་པ་ཐམས་ཅད་བྱང་ཞིང་ཡོངས་སུ་དག་པར་འགྱུར་རོ། །བཞི་གང་ཞེ་ན། རྟེན་གྱི་སྟོབས། སུན་འབྱིན་པའི་སྟོབས་དང༌། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། སླན་ཆད་བསྡམ་པའི་སྟོབས་སོ། །ཞེས་བཤགས་པའི་རིགས་མཐའ་དག་ལ་སྟོབས་བཞི་ཚང་དགོས་པར་གསུངས་པ་ལྟར།


JLAZ005_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་མ་ཐག་པ་ཉིད་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་ལྟུང་ཐམས་ཅད་ལྷག་པར་འགྱོད་པ་སུན་འབྱིན་པའི་སྟོབས། ཡི་གེ་བརྒྱ་པ་གསལ་དག་ཐོན་པར་བཟླ་བ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སླན་ཆད་སྲོག་ལ་བབ་ཀྱང་སྡིག་པ་མི་བྱེད་སྙམ་པ་སྡོམ་པའམ་ལྡོག་པའི་སྟོབས་སོ། །གཉིས་པ་བཟླས་པ་བྱ་བ་ལ་གསུམ་སྟེ། ཁྱད་པར་ཅན་གྱི་བསྔགས་པ་བརྗོད་པ། དམིགས་པ་གསལ་འདེབས་པ། སྔགས་དོན་བཀྲལ་བའོ། །དང་པོ་ནི། ཨ་བྷི་ངྷ་ན་ལས། གང་དུ་དམ་ཚིག་ཉམས་པ་ལ། །སྦྱོར་བ་འདི་ནི་སྦྱིན་པར་བྱ། །ཞེས་དང༌། མེ་ཏོག་བཀོད་པའི་རྒྱུད་ལས། བླ་མ་རྡོ་རྗེ་སེམས་དཔའ་སྒོམ། །རང་བྱུང་ཡི་གེ་བརྒྱ་ཡི་མཐུས། །སྒྲིབ་པ་རྣམ་གཉིས་བྱང་བར་འགྱུར། །ཞེས་ཉམས་ཆག་བསྐང་བའི་ཐབས་འདི་ལས་ཟབ་པ་མེད་པ་དང༌། དཔའ་བོ་དང་ནི་རྣལ་འབྱོར་མ། །འདི་ནི་ཀུན་གྱི་གསང་སྔགས་ཏེ། །ཞེས་ཨ་བྷི་དྷ་ན་ལས་དཔའ་བོ་དང་རྣལ་འབྱོར་མ་ཀུན་གྱི་སྙིང་པོ་ཡང་ཡིན་པར་བཤད་དོ། །གཉིས་པ་ལ་གསུམ། ལུས་ཀྱི་སྒོ་ནས་བཤགས་པ། ངག་གི་སྒོ་ནས་བཤགས་པ། ཡིད་ཀྱི་སྒོ་ནས་བཤགས་པའོ། །དང་པོ་ནི། སྔར་བཤད་མ་ཐག་པའི་བསྐྱེད་རིམ་ཤིན་ཏུ་གསལ་བར་བྱས་ལ། སྒྲུབ་པ་


JLAZ005_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ཕྱག་རྒྱ་གར་སྟབས་དང་བཅས་དཀྱིལ་འཁོར་ལ་བསྐོར་བ་བྱ་བར་བཤད་དོ། །གཉིས་པ་ནི། ངག་ནས་ཡི་གེ་བརྒྱ་པའི་ཛ་བ྄་དབྱངས་མགྲིན་གཅིག་ཏུ་སྒྲོག་ཅིང་བརྒྱ་སྟོང་ལ་སོགས་པ་ཇི་ཙམ་བཟླ་བའི་གྲངས་ཚན་རྡོ་རྗེ་སློབ་དཔོན་གྱིས་གཟུང་བར་བྱའོ། །གསུམ་པ་ནི། སེམས་རྒྱ་ཡན་ལུང་མ་བསྟན་དང་མ་འདྲེས་པར་རྡོར་སེམས་ཀྱི་ཐུགས་ཀར་གསལ་བའི་སྔགས་ཕྲེང་རྣམས་ལས་འོད་ཟེར་སྐར་མའི་ཕྲེང་བ་ལྟར་འཕྲོས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས་བདེ་སྟོང་གི་མཆོད་པས་མཉེས་ཤིང་ཉམས་ཆག་བསྐང༌། དེ་དག་གི་ཐུགས་ཀ་ནས་སེམས་ཅན་ཐམས་ཅད་ལ་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཁམས་གསུམ་རིགས་དྲུག་གི་སེམས་ཅན་སྤྱི་དང༌། ཁྱད་པར་དམིགས་ཡུལ་ཚེ་འདས་ལ་སོགས་གང་ཡིན་དེའི་ལས་ཉོན་གྱི་སྒྲིབ་པ་སྦྱངས་ནས་སྣང་སྲིད་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བསམས། སླར་འོད་ཟེར་ཚུར་འདུས་སྤྱི་བོའི་རྡོར་སེམས་ཀྱི་སྐུ་གསུང་ཐུགས་ལ་ཕོག་པས། ཐུགས་དམ་གྱི་རྒྱུད་བསྐུལ་རྡོ་རྗེ་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བབས་པ་ཞབས་གཡས་པའི་མཐེ་བོང་ནས་ཐོན། རང་གི་སྤྱི་བོར་ཚངས་པའི་བུ་


JLAZ005_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཞུགས་པས་འཁོར་བ་ཐོག་མེད་ནས་བསགས་པའི་ལས་ཉོན་ཤེས་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་ཤིན་ཏུ་བྱང་བར་བཀྲུས། ནད་ཐམས་ཅད་རྣག་ཁྲག་ལྗན་ལྗིན། སྡིག་སྒྲིབ་ཐམས་ཅད་དུད་སོལ་གྱི་ཁུ་བ། གདོན་ཐམས་ཅད་སྡོམ་སྡིག་སྦལ་ལྕོང་གི་རྣམ་པར་བ་སྤུའི་བུ་ག་ཐམས་ཅད་དང༌། ཁྱད་པར་འོག་སྒོ་ནས་སངས་ཀྱིས་ཐོན་ས་རིམ་པ་དགུའི་འོག་ཏུ་སོང་བས་འཆི་བདག་ལས་ཀྱི་གཤིན་རྗེའི་ཁར་སོང་སྟེ་ཁོ་ངོམས་ཤིང་ཚིམ་ནས་བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་དུས་མིན་གྱི་འཆི་བ་བསླུས་པར་བྱས། ལུས་ཤེལ་སྒོང་གཡའ་དག་པ་ལྟར་རམ། འོད་ཟེར་གྱི་རྣམ་པར་ཟང་ཐལ་དུ་གྱུར་པར་བསམ་པའི་དམིགས་པ་བཟླས་པ་ཇི་ཙམ་བཟླ་བ་དེའི་ཕྱེད་ཚད་དུ་བྱ་ཞིང༌། ཕྱེད་འོག་ལ་ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་མེར་གྱིས་ཁེངས་ནས་ཤེལ་དཀར་གྱི་བུམ་པར་ཞོ་བླུགས་པ་ལྟ་བུའི་དམིགས་པ་བྱ་ཞིང༌། ལ་ལར་རང་གི་སྙིང་གར་རིགས་དྲུག་གི་སེམས་ཅན་གསལ་བཏབ་ནས་བདུད་རྩི་འབེབས་སྦྱོང་བྱེད་བའི་ལུགས་ཀྱང་སྣང་མོད་ཀྱི། འདིར་གཞུང་གི་དགོངས་པ་དངོས་བསྟན་ལྟར་བཀོད་པ་ལ་གནད་ཐམས་ཅད་འདུས་ཤིང༌། ལྷག་པར་ཐུན་མོང་མ་ཡིན་པའི་དམིགས་པའི་མན་ངག་སློབ་


JLAZ005_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་པོའི་གསུང་ལས་བྱུང་བ་འགའ་ཞིག་ཀྱང་མཆིས་པས་ཉམས་སུ་ལེན་པ་རྣམས་ཡིད་ཤིན་ཏུ་གཞུངས་པས་དཔྱད་པར་འཚལ་ལོ། །དེ་ལྟར་ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་ཕྲུགས་གཅིག་ཏུ་བགྱི་བ་ལས་ཐ་དད་དུ་ལྟ་བ་མ་ཡིན་པ་དཀྱིལ་འཁོར་དང་འབྲེལ་བའི་དབང་དུ་བཤད་པའོ། །དེ་ཡང་འདི་ཉིད་ཀྱི་རྡོར་སེམས་བསྒོམ་བཟླས་ལ་ད་ལྟ་ལག་ལེན་པ་འགའ་ཞིག་གིས་རྡོར་སེམས་ཀྱི་བསྐྱེད་ཆོག་གཞུང་ནས་གསུངས་པ་ལྟར་བྱེད་ལ་ཡན་ལག་བཞི་རྫོགས་ཀྱི་ཆོ་ག་གཞུང་ནས་ཞལ་གྱིས་འཕངས་པ་ལྟར་ཆོག་ཁྲིགས་རྙིང་པར་མཛད་འདུག་པ་དོར་ནས་བསྡུས་པའི་ལུགས་ཡིན་ཞེས་བཟླས་པ་དམར་འཇུས་སུ་མཛད་པའང་མཐོང་མོད། དེ་ལྟར་ན་གཞུང་དང་རྒྱུད་སྡེའི་དགོངས་པ་ཕྱིན་ཅི་ལོག་ཏུ་སོང་བས་མི་རིགས་ཏེ། ཅིའི་ཕྱིར་ན་ཐེག་པ་གོང་མ་གཉིས་ཀྱི་ལུགས་ཡིན་ན་བསྐྱེད་ཚུལ་དེ་ཡང་མ་ཡིན། མ་བསྐྱེད་ཡེ་རྫོགས་སྙིང་པོ་དྲན་པ་ཙམ་གྱིས་ལྷ་སྐུར་ལྡང་བ་ལ་སྦྱང་གཞི་སྦྱོང་བྱེད་ཀྱི་སྤྲོ་བསྡུའི་ཆོ་གས་ཅི་བྱ། འོན་ཏེ་རྒྱུད་སྡེ་འོག་མའི་ལུགས་ཇི་བཞིན་པར་ཡིན་ན་ཡན་ལག་བཞི་རྫོགས་ཀྱི་སྤྲོས་པ་བོར་བ་མི་འཐད་དམ་སྙམ་ཞིང༌། ཆོ་གའི་ཆ་ལག་མ་ཚང་བར་བསྡུས་པ་ཡིན་པའི་མིང་འདོགས་


JLAZ005_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཧ་ཅང་ཐལ་ཆེས་སོ། །གསུམ་པ་སྔགས་དོན་བཀྲལ་བ་ནི། ཨཱོྃ་ནི་ཡེ་ཤེས་ལྔ་ལྡན་གྱིས་མགོ་འདྲེན་པ། བཛྲ་ས་ཏྭ་ནི་རྡོ་རྗེ་སེམས་དཔའ། ས་མ་ཡ་ནི་དམ་ཚིག །མ་ནུ་པཱ་ལ་ཡ་རྗེས་སུ་བསྐྱང་བར་མཛོད། བཛྲ་ས་ཏྭ་ནི་རྡོ་རྗེ་སེམས་དཔའ། ཏྭེ་ནོ་པ་ཏིཥྛ་ནི་རང་བཞིན། དྲི་ཌྷོ་མེ་བྷ་ཝ་ནི་བཞུགས་ཤིང་བརྟན་པར་གྱུར་ཅིག །སུ་ཏོཥྱོ་མེ་བྷ་ཝ་ནི་གསོ་སླ་བར་བདག་གྱུར་ཅིག །ཨ་ནུ་རཀྟོ་མེ་བྷ་ཝ་ནི་རྗེས་སུ་ཆགས་པར་བདག་གྱུར་ཅིག །སུ་པོཥྱོ་མེ་བྷ་ཝ་ནི་ཤིན་ཏུ་ཚིམ་པར་གྱུར་ཅིག །སརྦ་སིདྡྷི་མྨེ་ནི་དངོས་གྲུབ་ཐམས་ཅད། པྲ་ཡཙྪ་ནི་བདག་ལ་སྩོལ་ཅིག །སརྦ་ཀརྨ་སུ་ཙ་མེ་ནི་ལས་ཐམས་ཅད་གྲུབ་ནས། ཙིཏྟཾ་ཤྲེ་ཡཿནི་བདག་གི་སེམས་ཀྱི་དཔལ་མཛོད་ཅིག །ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ ནི་དངོས་གྲུབ་ཐམས་ཅད་བསྒྲུབ་ཏུ་གསོལ། བྷ་ག་ཝཱན་ནི་བཅོམ་ལྡན་འདས། སརྦ་ནི་ཐམས་ཅད། ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ། ཧྲྀ་ད་ཡ་ནི་སྙིང་པོ་སྟེ་འདི་དགོངས་འདུས་ཉིད་ལས་གཞན་དུ་ཆེར་མི་སྣང་ངོ༌། །མ་མེ་མུཉྩ་ནི་བདག་ལ་སྩོལ་ཅིག །བཛྲི་བྷ་ཝ་ནི་རྡོ་རྗེ་ཅན་དུ་བདག་གྱུར་ཅིག །མ་ཧཱ་ནི་ཆེན་པོ། ས་མ་ཡ་ནི་དམ་ཚིག །ས་ཏྭ་ཨཱཿནི་སེམས་དཔའི་སྙིང་པོ། ཞེས་པའི་དོན་ནོ། །གསུམ་པ་བཤགས་སྡོམ་བྱ་བ་ནི། དེ་ལྟར་


JLAZ005_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་མཇུག་ཏུ་སྤྲོ་ན་ཁྲིགས་སུ་སྣང་བ་ལྟར་མཆོད་བསྟོད་བྱ་ཞིང༌། མི་སྤྲོ་ན་སྔར་བཤད་པའི་སྟོབས་བཞིའི་དམིགས་པ་ཤིན་ཏུ་གསལ་ཐེབས་པའི་ངང་ནས། གཞུང་ལ་མི་གསལ་ཀྱང་ཞལ་རྒྱུན་དུ་མཆིས་པ་ཨ་བྷི་དྷ་ན་ལས། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་ཚིག་རྐང་དྲུག་པོའི་བཤགས་སྡོམ་དང༌། དེ་དང་ཚུལ་མཚུངས་པ་འཕགས་པ་རིན་པོ་ཆེས་མཛད་པའི། སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་སྡིག་སྒྲིབ་སོགས་ཚིག་ལྷུག་པའི་བཤགས་པ་དང༌། དེའི་དོན་ནི། གསང་སྔགས་ཀྱི་དམ་ཚིག་ཐམས་ཅད་སྐུ་གསུང་ཐུགས་ཀྱི་ས་མ་ཡ་ལ་འདུས་པའམ། ཡང་ན་རྩ་བ་དང་ཡན་ལག་ཅེས་པའི་ཁོངས་སུ་མ་འདུས་པ་མེད་ལ། སྡིག་པ་ནི་ཉོན་མོངས་པས་ཀུན་ནས་བླངས་པ་སེམས་ཅན་ཐམས་ཅད་ཀྱི་ཤེས་རྒྱུད་ལ་འདུ་འབྲལ་མེད་པ་འདི་དང༌། སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པ་སྟེ་བསམ་གཏན་པ་ཐམས་ཅད་ཀྱི་གཉའ་བ་གནོན་ཞིང་འབྲལ་མི་ཕོད་པའི་སྒོམ་འཛིན་གྱི་བློ་དོས་དྲག་ལ་དཔྱད་བཟོད་པ་འདི་མཁས་པའི་རིགས་ཀྱང་ཐུགས་གཙིགས་ཆེ་བས་གྲུབ་པའི་མཐའ་ཕན་ཚུན་ལ་རྩོད་པའི་གཞི་འཛིན་པ་དང༌། ཉེས་པ་ནི་རང་བཞིན་གྱི་ཉེས་པ། ལྟུང་བ་ནི་བཅས་པའི་ཉེས་པ་སྟེ་བསྙེན་གནས་སོ་ཐར་བྱང་སེམས་ལ་


JLAZ005_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་སྡོམ་པ་དང་འགལ་བ། གྲིབ་མ་ནི་གནས་ཀྱི་གྲིབ་མ་ལ་སོགས་དྲུག་སྟེ། ཚིག་དུམ་དེའི་མཐར་རྡོ་རྗེ་སེམས་དཔས་ཀྱང་དེ་བཞིན་ཞལ་གྱིས་བཞེས་ནས་འོད་དུ་ཞུ་སྟེ། རང་ཉིད་ཀྱི་སྤྱི་གཙུག་ནས་ཐིམ་སྟེ་དབྱེར་མེད་དུ་འདྲེས་པའི་ངང་ལ་བློ་བྲལ་དུ་མཉམ་པར་འཇོག་པ་ནི་འགྱོད་ཚངས་ཀྱི་རྒྱལ་པོ་སྟེ། ལུང་ལས། དྲང་པོར་འདུག་ལ་དྲང་པོར་ལྟོས། །འགྱོད་ཚངས་རྣམས་ཀྱི་ནང་ན་མཆོག །ཅེས་གསུངས་པས་སོ། །བཞི་པ་ལ་གཉིས། སྦྱང་གཞི་དང༌། སྦྱོང་བྱེད་ངོ་སྤྲོད་པའོ། །དང་པོ་ནི། དེ་ཡང་སྤྱིར་དམ་ཚིག་ཅེས་བྱ་བའི་ངེས་ཚིག་ནི། བསྲུང་བྱ་ཚུལ་ལྡན་དུ་བསྲུངས་ན་དམ་ཞིང་གལ་ཏེ་ཉམས་ན་རྡོ་རྗེའི་མེ་ལྕེ་སོགས་ཀྱིས་ཚིག་པས་ཚིག་ཅེས་བྱ་ལ། དམ་ཚིག་དེར་སྤྱི་དང་བྱེ་བྲག་གཉིས་སུ་ཡོད་པའི་སྤྱི་ནི་སེམས་ཅན་ཐམས་ཅད་ཀྱི་རྟོག་པ་འདུལ་བའི་ཆེད་དུ་སྟེ། འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་མ་ལུས་པ་དང་སོ་ཐར་བྱང་སེམས་ཀྱི་བསླབ་པ་ཉམས་པ། བྱེ་བྲག་ཏུ་སྔགས་ལམ་ལ་ཞུགས་པའི་དམ་ཚིག་དང་སྡོམ་པ་ནི་སོ་ཐར་ལས་ཀྱང་ཕྲ་ཞིང་བསྲུང་ལྷག་པར་དཀའ་བའི་ཚུལ་ནི། ཇོ་བོ་ཆེན་པོ་དཱི་པཾ་ཀ་རས་ཀྱང༌། ང་ལ་སོ་སོར་ཐར་བའི་ཉེས་པས་གཏན་ནས་མ་གོས།


JLAZ005_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཉེས་པ་ཅོ་ལེ་ཙམ་གྱིས་གོས། གསང་བ་སྔགས་ཀྱི་དམ་ཚིག་ལ་ཉེས་པ་ཅ་རེ་ཉ་རེ་རྒྱབ་སྟེ། བཤགས་སྡོམ་མེད་པར་ཉེས་པ་དང་ཞག་གཅིག་ཀྱང་འགྲོགས་མ་མྱོང༌། ཞེས་གསུངས་པ་ལྟར་ལོག་རྟོག་འདུལ་བའི་གཉེན་པོའི་དམ་ཚིག་གི་རྣམ་གྲངས་བསམ་ལས་འདས་ཤིང་བརྗོད་ཀྱིས་མི་ལང་བར་གསུངས་ཀྱང༌། ལམ་ལ་ཞུགས་པ་རྣམས་ཀྱིས་གཅེས་དོན་མདོར་བསྡུ་བསྲུང་བྱ་ནི། སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པས། ཐུན་མོང་མ་ཡིན་པའི་དམ་ཚིག་གི་རྩ་བ་སྐུ་གསུང་ཐུགས་གསུམ། ཡན་ལག་གི་དམ་ཚིག་ཉེར་ལྔ་དང༌། ཐུན་མོང་གི་དམ་ཚིག་ས་མ་ཡ་འབུམ་སྡེའི་དོན་བསྡུས་ཉེར་གཅིག་སོགས་སུ་གསུངས་པ་དང༌། སློབ་དཔོན་བྷ་ཝི་ལྷས་འདི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་གཉིས་པ་འཕགས་པ་ལྷས། ལོག་སྨྲའི་ཁེངས་པ་ཚར་བཅད་དེ་ནང་པའི་གྲུབ་མཐའ་ལ་བཙུད་ཅིང་རྗེས་སུ་བཟུང་བས། སྐྱེས་རབས་སོ་བཞི་པ་སོགས་བསྟན་བཅོས་བསམ་གྱིས་མི་ཁྱབ་པ་བརྩམས་མཁན་གྱི་བསྟན་སྐྱོང་དེ་ཡིན་ནོ། །རྩ་བའི་དམ་ཚིག་བཅུ་བཞིར་བསྡུས་པའི་ཉམས་ཆག་གིས་གོས་པ་ཐམས་ཅད་ནི་སྦྱང་གཞི་ཡིན་ནོ། །གཉིས་པ་ནི། སྦྱོང་བྱེད་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཁྱད་པར་ཅན་འདི་ལས་གཞན་དུ་མ་དམིགས་ཏེ། གསང་བ་སྤྱི་རྒྱུད་ལས། སངས་རྒྱས་ཀུན་གྱི་


JLAZ005_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཅིག་པུ། །རྡོ་རྗེ་སེམས་དཔའ་ལ་དམིགས་ནས། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །ཉི་ཤུ་རྩ་གཅིག་རེ་རེ་བཟླས། །དེ་ཡིས་ལྟུང་སོགས་བྱིན་བརླབས་ནས། །འཕེལ་བར་ནམ་ཡང་མི་འགྱུར་རོ། །འབུམ་ཕྲག་གཅིག་ནི་བཟླས་པ་ན། །སྒྲུབ་པ་མཆོག་གི་ལེགས་བཤད་པས། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་གསུངས་ཤིང༌། དོན་གྱི་སྙིང་པོར་རིག་པའི་ངོ་བོ་ཅིར་ཡང་མ་དམིགས་པའི་གསལ་ཆ་རྡོ་རྗེ། དེའི་རང་བཞིན་སྣང་བཞིན་དུ་བདེན་པར་མ་གྲུབ་པས་སེམས་དཔའ། དེའི་གཤིས་ལུགས་གསལ་སྟོང་ངམ་སྣང་སྟོང་དབྱེར་མེད་མཐའ་བྲལ་བློ་འདས་ཆེན་པོར་ཉམས་སུ་ལེན་པ་ནི་སྦྱང་ཚུལ་འཁོར་འདས་དབྱེར་མེད་ཡིན་ནོ། །གཉིས་པ་ལ་གསུམ། དབང་པོ་རབ་ལྟ་བས་བཤགས་པ། དབང་པོ་འབྲིང་སྒོམ་པས་བཤགས་པ། དབང་པོ་ཐ་མ་འགྱོད་བཤགས་སྨྲེ་སྔགས་ཀྱི་སྤྱོད་པས་བཤགས་པའོ། །དང་པོ་ལ་གཉིས། ལྟ་བའི་གནས་ལུགས་བཤད་པ་དང༌། ཐ་སྙད་ཀྱི་རྩོད་པ་སྤང་བའོ། །དང་པོ་ནི། གང་ཟག་དབང་པོ་ཡང་རབ་གནས་ལུགས་ཀྱི་དོན་ལ་སོམ་ཉིའི་དོ་ཐག་ཆོད་ཅིང༌། བརྟན་པ་ཆེར་ཐོབ་པའི་རྣལ་འབྱོར་པ་དག་གིས། སྒྲིབ་པ་བཤགས་བྱ་བཤགས་བྱེད་བཤགས་ཡུལ་ཐམས་ཅད་འཁོར་གསུམ་


JLAZ005_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་དག་ལས་མི་འདའ་ཞིང༌། དེ་ཡང་རྫོགས་ཆེན་རང་ལུགས་ལ་ཀ་དག་གི་རིག་པ་བརྒལ་ལེན་གྱིས་གཏན་ལ་དབབ་པའི་དུས་སུ། དབྱིངས་ཀ་དག །ཡེ་ཤེས་ཀ་དག །སྐྱོན་མེད་ཀ་དག །གྲོལ་གཞིའི་ཀ་དག །གྲོལ་སའི་ཀ་དག་ཅེས་རྣམ་དབྱེ་བསམ་གྱིས་མི་ཁྱབ་ལ། དེ་ཡང་སྔ་མ་གཉིས་ལ་ལྷུན་གྲུབ་ཀྱི་གྲུབ་མཐས་གནོད་ཅིང༌། ཕྱི་མ་གཉིས་ནི་མན་ངག་གི་དགོངས་པ་ཡིན་ལ། འདིར་བརྗོད་བྱའི་སྙིང་པོ་ནི། བར་མའི་ཀ་དག་ཆེན་པོའམ། སྐྱོན་མེད་དུ་གྲགས་པ་གཞི་འབྲས་ཀྱི་མ་རིག་པ་མ་སྤངས་ལ་མི་ལྡན་པར་འདོད་པའི་དོན་ཧྲིལ་གྱིས་དྲིལ་ན། བློས་ཕར་མ་བསྒོམས་པ། རིག་པས་ཚུར་མ་བཅིངས་པ། བཅིངས་གྲོལ་གཉིས་ཀའི་མཐའ་ལས་འདས་པ། ཡིད་ཆེས་ཀྱི་སྒྲོག་གིས་མ་བསླུས་པ། ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པས་ཡེ་དག །ཡིད་ལ་བྱ་རྒྱུ་སྐྲའི་རྩེ་མོ་ཙམ་ཡང་མེད་པས་བྱར་མེད། སྒོམ་འཛིན་གྱི་བློ་དང་བྲལ་བས་བློ་བྲལ། གཉུག་མ་རང་ངོ་ལ་ཡོད་པས་མ་བཅོས་ལྷུག་པ། ཚུར་ལ་མ་གཅུར་བས་རྒྱ་ཡན། ཕར་ལ་མ་བསྒོམས་པས་ཅོག་བཞག །བཅིངས་གྲོལ་གཟོད་ནས་དག་པ་དེ་གའི་ངང་ལས་འགྱུ་བ་ཕྲ་རགས་ཐམས་ཅད་རང་གྲོལ་རྗེན་པ་ལྷག་གིར་གཞག་པ་ནི་ལྟ་བའི་ཀློང་བཤགས་ཀྱི་དགོངས་པ་


JLAZ005_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཨུ་རྒྱན་ཆེན་པོས། ཐོས་བསམ་འབད་རྩོལ་སྒོམ་པ་དང་༔ མི་བསྒོམ་མི་རྟོག་བྱར་མེད་སོགས༔ གང་ལྟར་བྱས་ཀྱང་བཅོས་མའི་ལམ༔ མ་བཅོས་ཆོས་སྐུའི་ཀློང་དུ་བཤགས༔ བྱས་པའི་ཆོས་ཀྱིས་སངས་མི་རྒྱ༔ བློ་ཡི་ཆོས་ཀྱིས་རང་ཉིད་འཆིང་༔ གང་ལ་དམིགས་ཀྱང་ཡིན་ལུགས་སྒྲིབ༔ དམིགས་མེད་ཆོས་སྐུའི་ཀློང་དུ་བཤགས༔ ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ཁ་ཅིག་གིས་རྫོགས་པ་ཆེན་པོའི་ལྟ་བ་དཔེ་རྒྱུད་དུ་མཚོན་བྱེད་ཚིག་གིས་བཤད་པ་དེ་དག་ལ་ཧཱ་ཤང་དང་བོན་པོའི་ལྟ་བ་དང་མཚུངས་སོ་ཞེས་སྐུར་བ་མི་བཟད་པ་བྱེད་མོད། དེ་ནི་མཚོན་བྱ་དོན་གྱི་ཡེ་ཤེས་དགོངས་པའི་རྒྱུད་ལ་འབྱོར་བ་དག་གི་སྤྱན་སྔར་རང་མཚང་རྗེན་པར་སྟོན་པའི་གཏམ་སྟེ། དེ་ཡང་ཧཱ་ཤང་གི་ལུགས་མི་འཐད་ཅེས་ཟེར་བ་ལ་རིམ་གྱིས་སྨྲ་བ་ཐམས་ཅད་མཐུན་མོད་དེ། དེ་དང་མ་ཧཱ་སནྡྷི་པའི་ལྟ་བ་མཐུན་པར་གོ་བ་ལ་སྔོན་དུ་ཧཱ་ཤང་གི་གཞུང་ལུགས་མཚང་རིག་པའི་སྒོ་ནས་རྒོལ་བར་རིགས་པའི་ཕྱིར། དེའི་གཞུང་ལུགས་གཏེར་དུ་སྦས་ནས་མེད་པས་གྱ་ཚོམས་ཀྱི་གཏམ་ཡང་ཡིན་ནོ། །སློབ་དཔོན་ཀ་མ་ལ་ཤཱི་ལས་ཧཱ་ཤང་གི་ལུགས་ལ་དགག་པ་བྱས་པ་དེ་ཉིད་ཀྱི་རྗེས་སུ་འབྲང་ན་ནི་དགག་པ་པོ་ཉིད་ཀྱིས་འདོད་པ་ཡང་དབུ་མ་རང་རྒྱུད་པ་ཡིན་པས། ཤིང་


JLAZ005_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྟའི་སྲོལ་བྱེད་གཉིས་ལས་འཛམ་གླིང་མཛེས་པའི་རྒྱན་གྱི་གཙོ་བོ། བྲམ་ཟེ་གཙུག་ཕུད་ཅན་གྱི་སྲས་འཕགས་པ་ཀླུ་སྒྲུབ་དང༌། བྲམ་ཟེ་མོ་སུ་པྲ་ཀཱ་ཤ་ཤཱི་ལ་ཞེས་བྱ་བས་སངས་རྒྱས་ཀྱི་བསྟན་པ་ལ་བསམ་ནས་རྒྱལ་རིགས་དང་འདུས་པ་ལས་བྱུང་བའི་སྲས་འཕགས་པ་ཐོགས་མེད་གཉིས། ཟབ་མོ་ལྟ་རྒྱུད་ཀྱི་རྗེས་སུ་ཞུགས་པ་རྣམས་འགྲེལ་པ་བུདྡྷ་པ་ལི་ཏ་སོགས་པའི་རྗེས་སུ་འབྲངས་ནས། དབུ་མ་ཐལ་འགྱུར་ལས་རང་རྒྱུད་པའི་ལྟ་བ་ཤིན་ཏུ་རྣམ་དག་མ་ཡིན་པར་བཞེད་པའི་ཕྱིར་དགག་བྱ་ཁེགས་པའི་སྐབས་ཀྱང་མེད་ལ། འོན་ཏེ་ཡིད་ལ་མི་བྱེད་པ་ཟེར་བའི་ས་བོན་ཙམ་ལ་བརྟེན་ནས་ཧཱ་ཤང་དང་མཐུན་ནོ་སྙམ་ན་ནི། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཅེས་པ་ལྟ་བུས་མཚོན་ཏེ་དགོངས་འགྲེལ་དང་བཀའ་ལུང་མང་པོ་ནས་དེ་ལྟར་གསུངས་པའི་ལུང་མང་པོ་ཡོད་པའི་ཕྱིར་དང༌། ཅི་སྟེ་བཟང་རྟོག་ངན་རྟོག་གཉིས་ཀ་དགག་བྱར་བྱེད་པ་ཞིག་ཏུ་ཁྱེད་ཅག་གིས་མཐོང་ཕྱོགས་སུ་སྣང་ན་ནི། ཡེ་རྫོགས་པས་དེ་གཉིས་ཀ་སྤང་བསྒྱུར་གང་ཡང་མི་བྱེད་པར་ཟང་ཐལ་དུ་ལམ་དུ་འཁྱེར་བའི་ཕྱིར་དང༌། སོ་སོར་རྟོགས་པའི་ཤེས་རབ་ཁོ་ན་ལ་མ་བརྟེན་པར་སྒོམ་གྱི་གནས་ལུགས་མི་རྟོགས་པར་འདོད་ཅིང་མདོ་སྔགས་གཉིས་ཀྱང་ཐབས་ཀྱིས་ཁྱད་པར་མ་གཏོགས་ལྟ་བའི་ངོ་ནས་དབྱེ་རུ་མེད་ཅེས་ཟེར་བ་ནི། སྔགས་ཀྱི་སྦས་དོན་མཐར་ཐུག་གི་དོན་ཁྱད་པར་བ་རྣམས་སུ་ལྟ་བའི་གནད་ཐུན་མོང་མ་ཡིན་པ་བཤད་པ་ཐམས་ཅད་སྙིང་པོ་མེད་པར་


JLAZ005_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་བའི་ཕྱིར་དང༌། ཅི་སྟེ་ཐ་སྙད་ལ་མ་བརྟེན་པར་དོན་དམ་པའི་གནས་ལུགས་མི་རྟོག་པར་འདོད་དབུ་མའི་རྩོད་བཟློག་གི་སྐབས་སུ་དེ་སྐད་གསུངས་པ་ནི་བདེན་པ་གཉིས་ཀྱིས་འབྱེད་ཅིང་འཇལ་བ་ལ་དགོངས་ཀྱི། རྡོ་རྗེ་ཐེག་པ་ལ་དབང་ལས་བྱུང་བའི་ཡེ་ཤེས་སྐད་ཅིག་མ་ཡོད་པས་དེ་ལ་མི་ལྟོས་པ་ཤེས་པར་བྱའོ། །ན་ནི། རྫོགས་རིམ་ཟབ་མོ་རྟོག་དཔྱོད་ཀྱི་ཡུལ་མ་ཡིན་པར་རྒྱུད་སྡེ་རྣམས་ནས་ཇི་སྙེད་ཅིག་གསུངས་པ་རྣམས་དགག་པར་འགྱུར་བ་དང༌། གལ་ཏེ་རྟོག་པས་བརྟགས་པའི་རིགས་ཤེས་ཀྱི་གཉེན་པོ་ཡིན་པར་འདོད་ན་བྱིས་པ་སོ་སོའི་སྐྱེ་བོའི་བློ་བསམ་གྱིས་མི་ཁྱབ་པ་རྣམས་མ་ཡིན་པར་འགྱུར་བའི་ཕྱིར་དང་ཐ་སྙད་ཙམ་ལ་བརྟེན་ནས་དོན་ཇི་བཞིན་པར་རྟོགས་པར་འདོད་ན་ཕྱི་རོལ་བའི་ཐ་སྙད་ཀྱིས་ཀྱང་ནང་པའི་གྲུབ་མཐའ་རྟོགས་པར་ཧ་ཅང་ཐལ་བའི་ཕྱིར་དང༌། ཅི་སྟེ་བློས་བསྒྲུབས་པའི་སྟོང་ཉིད་ལ་མཆོག་ཏུ་བཟུང་ནས་ལྟ་བ་མཐོ་དམའི་ས་མཚམས་བཟུང་དུ་ཡོད་ན་ནི། རང་ལྟ་མཆོག་འཛིན་གྱི་གོལ་ས་མ་སྤངས་ཤིང་ཡང་དག་གི་ལམ་རྣལ་མ་ལ་ཤིན་ཏུ་ཁ་འགྱངས་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀུན་བརྟགས་ཡིན་པའི་ཕྱིར་རང་གི་མཚན་ཉིད་མ་གྲུབ་པས། ངོ་བོ་ཉིད་མེད་དོ་ཞེས་པ་ནི་ཐུན་མོང་ཐེག་པའི་སྐབས་ནས་ཀྱང་ཁས་ལེན་དགོས་པའི་རྒྱུ་མཚན་གྱི་དོན་དུ་ནི་ཅི་ཡང་ཡོད་མ་མྱོང་བས་རྟག་པའི་མཐའ་དང་བྲལ་ཞིང༌། རང་བཞིན་གྱི་འོད་གསལ་བ་ནི་གདོད་མ་ནས་ལྷུན་གྱིས་གྲུབ་པས་མེད་མ་མྱོང་བས་ཆད་པའི་མཐའ་དང་བྲལ་བས། དེ་ལྟར་ཡོད་མེད་ཀྱི་སྒྲོ་འདོགས་རིག་པ་གཅིག་པུའི་


JLAZ005_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་དུས་གཅིག་ལ་ཆོད་ནས་རྡོ་རུས་སིང་སྟེ་ཐུག་པ་ནི་སངས་རྒྱས་ཀྱི་དགོངས་པ་རྣལ་མ་ཡིན་པར་ཁོ་བོ་ཅག་འདོད་པའི་ཕྱིར་བསམ་འདིའི་སྐོར་རྒྱས་པར་སྣང་ཉམས་སོ་སོའི་འཆར་ཚུལ་ལྟོ་སྦྱར་བའི་ཉམས་བཤད། རིག་བསྒོམ་སྟོབས་ཀྱི་རྩལ་ལས་བྱུང་བའི་ཉམས་མྱོང་གནད་ཀྱི་མན་ངག་དང་འགལ་སྤོང་སོགས་ཁོ་བོའི་མགུར་འབུམ་ཡེ་ཤེས་མེ་ལོང་དང༌། མན་ངག་གི་དྲིས་ལན་དུ་བརྗོད་པའི་ཡིག་ཆུང་རྣམས་སུའང་གསལ་བར་བྲིས་ཡོད་དེ་བགྱི་བ་དོན་ལྡན་ཡིན་ནོ། །ངོ་དང་བྲལ་བར་འཇོག་སྟེ། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་བ་རྣམས་དང་གྲུབ་ཆེན་ས་ར་ཧའི་རྗེས་འབྲངས་རྣམས་ཀྱང་འདི་བཞེད་དེ་དབུ་མ་ལས། ཡོད་པ་མ་ཡིན་མེད་པའང་མིན། །གཉིས་ཀྱང་མ་ཡིན་གཉིས་མེད་མིན། །མཐའ་བཞི་དག་དང་བྲལ་བ་ལ། །དབུ་མ་ཞེས་ནི་རབ་ཏུ་བརྗོད། །ཅེས་ཁ་ཙམ་གྱིས་ཡོད་པ་མ་ཡིན་མེད་པ་མ་ཡིན་ཞེས་བརྗོད་པ་མ་ལགས་པར་སེམས་ཀྱི་ངོ་བོ་ཡོད་མེད་ཀྱི་མུ་བཞི་དང་བྲལ་བས་ཡུམ་ལས་སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་ལ་སོགས་པས། ཕུང་པོ་ལྔ་དང་བྲལ་བའི་མཉམ་གཞག །ཚོགས་བརྒྱད་ཀྱི་དྲི་མས་མ་གོས་པའི་རྗེས་ཐོབ་གསལ་བར་བསྟན་ཀྱང་རྟོག་གེའི་རིག་པས་འདོད་པའི་ལྟ་བ་ཙམ་ལས། ཚུལ་ཇི་བཞིན་པས་དཔོགས་པས་ལམ་རྣལ་མ་ལ་སྐུར་


JLAZ005_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས་པ་སྙིང་རྗེ་བའོ། །བསམ་བརྗོད་དང་བྲལ་འགྲོ་བ་རྒྱུད་ཐོག་ཏུ་དཔྱད་པར་བྱ་ལ་དེ་སྐད་དུ། དོ་ཧ་མཛོད་ལས། འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཡིད་ལ་བྱར་མེད་མཐའ་བྲལ་གཉུག་མའི་ངང༌། །དེ་ཉིད་སྐྱོང་ལ་སྒོམ་ཞེས་ཐ་སྙད་བཏགས། །ཞེས་དང༌། དེ་བཞིན་དུ་མགོན་པོ་ཀླུས་ཀྱང༌། བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེས་ནི་བལྟ་བྱ་ལ། །ཉེ་བར་ཞི་བ་ཞི་མི་མཐོང༌། ཞེས་པའང་སྔ་མ་དང་དགོངས་པ་གཅིག་གོ །ཏིལླི་པས། མི་མནོ་མི་བསམ་མི་དཔྱད་ཅིང༌། །མི་བསྒོམ་མི་སེམས་རང་བབ་གཞག །ཅེས་དང༌། ནཱ་རོ་པས། གང་ཡང་ཡིད་ལ་མི་བྱ་བར། །ལམ་ཁར་བོར་བའི་རོ་བཞིན་དུ། །ལུས་ཀྱི་བདག་འཛིན་བོར་བྱས་ལ། །འཛིན་མེད་ནམ་མཁའི་ངང་ལ་གཞག །ཅེས་དང༌། ས་སྐྱ་པ་ཆེན་པོས། ཡོད་པར་འཛིན་ལ་ཐར་པ་མེད། །མེད་པར་འཛིན་ལ་མཐོ་རིས་མེད། །གཉིས་ཀར་འཛིན་པ་མི་རིགས་ཀྱི། །གཉིས་མེད་གང་ལ་གང་དགར་ཞོག །ཅེས་དང༌། རྗེ་བཙུན་མི་ལས། གང་དག་དོན་ལ་བསམ་རྒྱུ་མེད། །བསམ་རྒྱུ་མེད་པར་སྒོམ་ཤེས་ན། །ཉོན་མོངས་གྲི་ཟད་བརྡར་ཟད་ཡིན། །བསམ་བློ་མང་པོ་སྐྱེས་ཕྱིན་ཆད། །ཇི་ལྟར་བསྒོམས་ཀྱང་གྲོལ་མི་ནུས། །ཞེས་དེ་དག་ཐམས་ཅད་བསམ་རྒྱུ་མེད་པའི་ཅིར་ཡང་མི་འཛིན་པར་དགོངས་པ་མཐུན་པ་དང༌། ཞི་བྱེད་པ་རྣམས་ཀྱང་འདི་བཞེད་དེ། ཕ་དམ་པས། སྒོ་ལྔའི་དབང་པོ་གསལ་བ་ལ། །ཡིད་ཀྱི་རྣམ་ཤེས་མི་འཕྲོ་བ། །དེ་ནི་མཉམ་གཞག་ཐབས་ཆེན་ཡིན། །ཞེས་དང༌། གཅིག་པུར་ལྐོག་ཏུ་ཉལ་ཙ་ན། །རིག་པ་རྗེན་པར་


JLAZ005_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པ་ཡིན། །མང་པོའི་གསེབ་ཏུ་འདུག་ཙ་ན། །གང་ཤར་དབང་པོར་ལྟ་བ་ཡིན། །ཞེས་དང༌། རིག་པ་དྲི་མེད་སྒོམ་པ་ལ། བློ་སྒོམ་གྱིས་ཞབས་ཏོག་མི་བྱ་ཞབས་འདྲེན་དུ་འགྲོ་གསུངས་པ་སོགས་དེ་ཐམས་ཅད་ཀྱང་བསམ་རྒྱུ་མེད་པར་དགོངས་པ་མཐུན་མོད། འོན་ཀྱང་དང་པོ་སེམས་ཀྱི་མཚང་དབྱུང་བ་དང༌། གནས་ལུགས་ཀྱི་གཞི་གཏམ་ལ་འབེབས་པའི་རྩལ་སྦྱང་བ་ཙམ་ལ་ནི་དབུ་མ་པས་འཇོག་སྒོམ་དང༌། དཔྱད་སྒོམ། རྡུལ་ཕྲན་དུ་བསིལ་གཏོར་སོགས་དང་ཕྱག་ཆེན་པས་ཐོལ་སྐྱེས་རྦད་གཅོད། གང་ཤར་བཟོ་མེད། གང་སྐྱེས་གཉུག་མ་སོགས་དང༌། རྫོགས་ཆེན་པས་བྱུང་ཁུངས་རྩད་གཅོད། གནས་འགྱུ་ཁུངས་བརྟག །འགྲོ་ས་གཏན་འབེབས་སོགས་སོ་སོའི་མན་ངག་གི་ངེས་པས་སེམས་ལ་སེམས་ཀྱི་ལས་བཀོལ་ནས་ཁ་ཕྱིར་བལྟས་ཀྱི་རྟོག་དཔྱོད་གཏོང་བ་དག་ནི་མཁན་པོ་རྩད་གཅོད་ཀྱི་མན་ངག་ཤིན་ཏུ་རིགས་མོད། གནས་ལུགས་ཀྱི་ངོ་སྤྲོད་ཕྱིན་ཅི་མ་ལོག་པ་ཞིག་ཐོབ་ནས་རིག་པ་ཡིན་ལུགས་ཀྱི་སྟེང་དུ་མི་འཇོག་པར། ལྟ་རྒྱུ་དང༌། སྒོམ་རྒྱུ་དང༌། དཔྱད་རྒྱུ་དང༌། སེམས་རྒྱུ་ཞིག་ཡོད་ན་བློས་བྱས་ཀྱི་ལྟ་བ་རེས་འཇོག་ཅན་ཞིག་ལས། རྣམ་ཀུན་མཆོག་ལྡན་གྱི་གསང་ལམ་ཀུ་སཱ་ལའི་འཇོག་སྒོམ་རྣམ་དག་གི་དྲི་ཙམ་མ་ཡིན་ལ། ཚུལ་དེ་ལ་དགོངས་ནས་ཀུན་མཁྱེན་ལྔ་པ་ཆེན་པོས། དགག་བསྒྲུབ་ཚིག་སྐམ་ལ་ཞེན་སྟོང་


JLAZ005_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དང༌། །ཐ་སྙད་རྫུན་གྱི་འཁྲུལ་འཁོར་བསྐོར་དེས་ཀྱང༌། །ངེས་ལེགས་གྲོང་དུ་བགྲོད་ལ་ཅུང་མ་ཉེ། །ཞེས་ཡིད་དཔྱོད་ཀྱིས་རྣལ་མའི་དོན་མི་མཐོང་བར་བསྟན་པ་དང༌། ཡང་དགོན་པས། ཡེ་སྒོམ་ལ་བློ་ཡིས་མ་བསྒོམས་མཛོད། །རང་བབ་ལ་བཟོ་ཡིས་མ་བཅོས་མཛོད། །མི་རྟོག་པ་ཆེད་དུ་མ་བསྒོམས་པར། །སེམས་རང་ལུགས་སུ་ཞོག་ལ་རྒྱང་སོ་ཚུགས། །ཞེས་དང༌། འགྲོ་མགོན་ཞང་རིན་པོ་ཆེས། ཇི་སྲིད་ཡིད་ཀྱིས་དཔྱད་བཟོད་དེ་བཞིན་དུ། །ཇི་ཙམ་ཟབ་པར་རྟོགས་ཀྱང་གནས་ལུགས་མིན། །བལྟ་བྱ་ལྟ་བྱེད་གཉིས་འཛིན་དེ་སྲིད་དུ། །གཉིས་སུ་མེད་པའི་གནས་ལུགས་རྟོགས་མི་སྲིད། །ཅེས་དང༌། ཁུ་ལུང་པའི་ཞལ་ནས། སེམས་དང་ཆོས་ནི་ཅི་ཡང་མ་ཡིན་པས། །སྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ། །ཞེས་གསུངས་པས་ཤིན་ཏུ་གསལ་བར་གོ་ནུས་ཤིང༌། དེ་དག་རྣམས་དོན་རྒྱུད་ཀྱི་བདག་པོ་རྣལ་མ་ཡིན་པར་ངེས་ལ། རང་ལུགས་རྫོགས་པ་ཆེན་པོ་ནས་ལན་གདབ་ན་ཁྱེད་དང་ལས་འབྲེལ་མེད་པའི་ཕྱིར་ས་ཀུ་རྩིའི་རྣ་བར་དབྱར་གྱི་རྔ་གསང་བསྒྲགས་པ་བཞིན་ད་དུང་དངངས་ཤིང་སྐྲག་ནས་དམྱལ་བ་མནར་མེད་དུ་ཡུན་རིང་པོར་ཆགས་པའི་ལོག་ལྟ་མི་བཟད་པ་སྐྱེ་བའམ། ཡང་ན་རང་ཉིད་འདོད་པའི་སྟོང་ཉིད་ཟབ་མོ་བ་དེ་འཐོར་ཡས་སྲངས་སུ་མི་ཚུད་པ་ཙམ་དུ་གྱུར་གྱིས་དོགས་པར་ཡང་མ་ཟད། རིན་པོ་


JLAZ005_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་སྤུངས་པའི་རྒྱུད་ལས་བཀའ་རྒྱ་གདམས་པའི་ཕྱིར་རྟོག་གེའི་ཚིག་ལན་དང་ཆང་གྲལ་དུ་ཆོས་གཏམ་གླེང་པའི་ཆོས་མ་ཡིན་པས་དབུ་མའི་སྦུབས་སུ་བསྐྱིལ་བ་ཡིན་ནོ། །དེ་ལྟ་ནའང་ཁྱད་པར་གྱི་ཆོས་ཟུར་ཙམ་བརྗོད་ན། འདོད་ཁའི་ལྟ་བ་ལུང་རིགས་ལ་མ་ལྟོས་པར་རྟོགས་པ་ནང་ནས་འཆར་བའི་ཁྱད་པར། ཡིད་སྨོན་གྱིས་སྒོམ་པ་སེམས་འཛིན་ལ་མ་ལྟོས་པར་བྱིང་རྒོད་ཟང་ཐང་དུ་གྲོལ་བའི་ཁྱད་པར། ཚུལ་བཅོས་ཀྱི་སྤྱོད་པ་གནང་བཀག་ལ་མ་ལྟོས་པར་སྤང་གཉེན་རིས་མེད་དུ་སངས་པའི་ཁྱད་པར། འབྲས་བུ་བསོད་ནམས་ལ་མི་རེ་བར་སྐུ་གསུམ་ལྷུན་གྲུབ་ཏུ་གྲོལ་བའི་ཁྱད་པར་དང་བཞི་སྟེ། དོན་ལ་དབྱིངས་ཐོག་ཏུ་རིག་པ་ཐིམ་པས་གནས་ལུགས་བརྗོད་བྲལ་དུ་རྟོགས་ནས་མངའ་དབང་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ལག་པའི་མཐིལ་དུ་ཟིན་པས་མཚན་མ་དང་བྲལ་བའི་བློ་བདེ་རྒྱུན་ཆད་མེད་པ་ཞིག་ལགས་སོ། །འོན་ཀྱང་ཁྱེད་ཅག་རྣམས་ཡུས་པ་ཅུང་ཟད་བདེན་མོད་ཀྱི། གནས་ལུགས་ཀྱི་སྟེང་དུ་ལྷན་ནེ་འཇོག་པའི་ཚེ་ཡང༌། བག་ཆགས་ཀྱི་གོམས་སྟོབས་ཚན་ཆེ། འཁྲུལ་པའི་སྣང་བ་འདི་ཤུགས་དྲག །སྒོམ་འཛིན་གྱི་ཤེས་སྒྲིབ་འདི་ཕྱི་གཞུང་རིང༌། རྣམ་རྟོག་གི་འགྱུ་དྲན་འདི་མགོ་ལོ་རྒོད། ཡུལ་སྣང་གི་གཉིས་འཛིན་འདི་རྩལ་ཆེ། ཡིད་ཆེས་ཀྱི་དཔྱད་བཟོ་འདི་ཤུགས་དྲག་


JLAZ005_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཧར་སངས་བསམ་ངོ་དང་བྲལ་བ་འདི་ཤེས་རྒྱུད་ལ་འགེལ་བར། ཚེ་འདིའི་རྗེས་སུ་སྐད་ཅིག་ཀྱང་མ་འབྲེངས་ཤིང༌། སེ་གོལ་གཏོགས་ཡུན་ཡང་ཡེང་མེད་དུ་བྲག་ཕུག་ལ་ཞྭ་བྱས་ནས་བསྒོམ་ན་མ་གཏོགས་འདི་དང་འཇལ་ལེན་མི་འོང་ངེས་ཅན་དུ་འཁུམས་མོད། དེའི་རྒྱུ་མཚན་ཡང༌། དགྲ་ནག་འཇིགས་བྱེད་ལས། ཆོས་ཉིད་བསམ་གྱིས་མི་ཁྱབ་པས། །དོན་ལ་ཐེ་ཚོམ་མེད་པ་ཡིས། །མཁས་པ་དེ་ལ་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་པ། །དེ་ལ་དངོས་གྲུབ་རིང་བར་བཤད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་ཀློག་པ་ཐོས་བསམ་པ་རྣམས་མདོ་ལུགས་ཀྱི་དཔྱད་སྒོམ་ལ་གཞིག་པའི་ཏིང་ངེ་འཛིན་དང༌། སྤོང་པ་བསམ་གཏན་པ་རྣམས་སྔགས་ལུགས་ཀུ་སཱ་ལིའི་འཇོག་སྒོམ་ལ་བློ་བཞག་པ་ལ་ཁྱད་པར་ཤིན་ཏུ་ཆེ་བ་ཡོད་ཕྱིར། རང་ལུགས་འཐད་ཕྱོགས་སུ་བསྒྲུབས་ནས་གཞན་ལ་སུན་དབྱུང་བ་ནི་ཆོས་ལ་བརྟེན་ནས་སྒྲིབ་པ་གསོག་པའི་རྒྱུ་ཁོ་ནར་འགྱུར་བ་དང༌། ཁ་ཅིག་ལྟ་བ་མཐོ་དམན་ལ་རྩོད་པ་འདི་ནི་སེམས་ཅན་གྱི་དོན་དུ་འགྱུར་ལ་རྒྱལ་བས་ཀྱང་གནང་བ་ཡིན་ཞིང༌། སྔོན་གྱི་མཁན་པོ་དག་གིས་ཀྱང་བཤད་ཅེས་ཟེར་བ་ཡོད་དེ། དེ་ནི་ཚུལ་འདི་ལྟ་བུ་གཞན་ལ་སུན་རྣམ་པར་ཕྱུང་བ་མ་ཡིན་ལ། ངེས་པའི་དོན་ལ་གང་ཉེ་བའི་རིག་པ་འགྲན་པ་ཙམ་ལ་ཉེས་སྐྱོན་མེད་


JLAZ005_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་དེ་སྔ་མ་ལྟར་ན་ཐེག་པ་ཆེན་པོ་ལ་བཀའི་སྤོང་ལེན་གྱིས་ཉམས་པའི་རྒྱུར་ཡང་བཤད་དེ། ཇི་སྐད་དུ། དད་པ་ཙམ་གྱིས་རབ་ཏུ་འཇུག་བྱའི་ཕྱིར། །རྣམ་པར་དཔྱད་པ་འདི་ནི་མིང་ཙམ་སྟེ། །གང་ཞིག་སྒོམ་པ་དེ་ནི་ཡང་དག་བྲལ། །ཞེས་དང༌། རྒྱུད་ལས། གྲུབ་མཐའི་ཕྱོགས་ཆ་བཟུང་ནས་ནི། །གང་ཞིག་གཞན་ལ་སྨོད་བྱེད་པ། །སྒྲིབ་པའི་ནང་ནས་སྒྲིབ་པ་སྟེ། །དེ་ལ་ཡོན་ཏན་འབྲས་བུ་དབེན། །ཚེ་འཕོས་ན་རཀ་སྡུག་བསྔལ་སྤྱོད། །མཚམས་མེད་ལས་དང་འདི་མཚུངས་སོ། །ཞེས་དང༌། གསང་སྔགས་ཀྱི་རྩ་ལྟུང་ཀྱང་འཕོག་སྟེ། སློབ་དཔོན་བྷ་ཝི་ལྷས། རང་ངམ་གཞན་གྱི་གྲུབ་མཐའ་ལ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་གསུངས་པ་དེས་ན། གལ་ཏེ་མུ་སྟེགས་ཅན་གྱི་ལེགས་པར་བཤད་པའི་གཞུང་ལ་ཡང༌། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་དང་སྤྲུལ་པས་བཤད་པ་རྒྱལ་བ་ཉིད་ཀྱིས་ལུང་བསྟན་ན། ལུང་འགྲེལ་གང་ཟག་གིས་དཔང་པོ་དང་ལྡན་པ་དེ་བཞིན་ཉིད་དུ་སྣང་བས་གསུངས་པ་འདི་དག་ལ་སྐུར་པ་གདབ་པ་ལྟ་ཅི་སྨོས་ཏེ། དེས་ན་འདི་ལྟ་བུ་ལ་སོགས་པའི་ཉེས་པ་ནི་ཤིན་ཏུ་བཟོད་པར་དཀའ་བས་ཁ་འཛིན་གྱི་ཕྱོགས་ཆས་ངན་སོང་གི་དུཿཁ་མི་བསྒྲུབ་པར་འཚལ་ཞེས་བདག་གིས་ཐལ་མོ་སྦྱར་ནས་རངས་པར་བྱའོ། །གཉིས་པ་ནི། དབང་པོ་འབྲིང་དུ་གྱུར་པ་རྣམས་ཀྱིས་ཕྱི་


JLAZ005_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སྣོད་བཅུད་རང་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ཐམས་ཅད་ཞི་ཁྲོའི་དཀྱིལ་འཁོར་ཉག་གཅིག་ཏུ་བསྒོམས་ལ། སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་ངང་ལས་མ་གཡོས་པར་བྱས་ཏེ་ཉམས་ཆག་ཐམས་ཅད་སྦྱང་བའོ། །གསུམ་པ་ནི། དབང་པོ་ཐ་མའི་རྣལ་མིང་འདི་དཔྱད་ན་ཤིན་ཏུ་ཆེ་བ་ཡིན་པས་དབང་པོ་འབྲིང་པོ་ལའང་གདགས་པར་མི་འོས་ཀྱང་འཇིག་རྟེན་སྤྱི་སྐད་ཀྱི་དབང་དུ་དེ་སྐད་མཆིས་པའོ། །འབྱོར་པའམ། ངེས་པའི་དེ་ཁོ་ན་ཉིད་ཤེས་རྒྱུད་ལ་འབྱོར་བར་མི་ནུས་པའི་གྲྭ་ཚོགས་ཕལ་གྱིས་བདག་དང་དམིགས་ཡུལ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱོང་ཕྱིར་འགྱོད་བཤགས་སྨྲེ་སྔགས་ཀྱི་སྒོ་ནས་བཤགས་པ་ཡིན་ཏེ། དེ་ལ་གསུམ། ལས་འདག་ཚུལ་གྱི་རྣམ་དབྱེ། དམིགས་པའི་ཁྱད་པར། བཤགས་སྡོམ་དངོས་སོ། །དང་པོ་ལ་བཞིར་གསུངས་ཏེ། རྟོགས་པས་འདག་པ། བཤགས་པས་འདག་པ། གཉེན་པོས་འདག་པ། མྱོང་བས་འདག་པའོ། །དང་པོ་ནི། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ཡང་བདེན་མེད་དུ་རྟོགས་ན་ལས་ཀྱི་འབྲས་བུས་གནོད་པར་མི་ནུས་ཏེ། སམྦུ་ཊ་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་ནི་བྱེད་པ་དང༌། །ཆོམ་རྐུན་ལས་ཀྱི་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཅིང༌། །སྲིད་པའི་སྐྱོན་ལས་ཤིན་ཏུ་རིང༌། །


previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next