Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
ཤོག་ལྷེབ་ ༤༠༡ ནས་ ༥༣༥ བར།
   
   
   


 
previousཤོག་ལྷེབ་ ༤༠༡ ནས་ ༥༣༥ བར།next

ཤོག་ལྷེབ་ ༤༠༡ ནས་ ༥༣༥ བར།


JLAZ005_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ཤིང༌། འོན་ཀྱང་འདི་ནི་དགོངས་པ་ཅན་གྱི་གསུང་དང༌། བདག་གཞན་བདེ་སྡུག་འཁོར་འདས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་དབང་ཕྱུག་ལ་དགོངས་ནས་གསུངས་པ་ཡིན་གྱི། འདི་ལྟ་བུའི་རྣལ་འབྱོར་པ་ད་དུས་འཇིག་རྟེན་གྱི་ཁམས་ན་འཕྱང་མོ་ཉུག་གི་གནས་ཡིན་པས་ལས་འབྲས་བསླུ་མེད་ལ་ཁྱད་དུ་གསོད་ཅིང༌། བག་མེད་པའི་བགྱི་བ་ལ་སྟོང་སྒྲས་འགོམ་པའི་ཕུར་བུ་པའི་བློ་ཅན་མཐའ་གྲོལ་ཀློང་ཡངས་ཆེན་པོའི་རྟོགས་པ་ཀློང་དུ་མ་གྱུར་བཞིན་དུ་གསང་སྔགས་ཀྱི་སྤྱོད་པ་སྒྲ་ཇི་བཞིན་པར་སྤྱོད་པ་འདི་ཆ་ལུགས་མ་འཛོལ་བ་ཙམ་ལས་རྒྱང་ཕན་པ་དང་བསམ་ཡུལ་གཅིག་པར་འདུག་གོ །རྣམས་ཀྱིས་ལུང་འདི་ལ་སྙེག་པ་ནི་ཤིན་ཏུ་ཐལ་ཆེས་པས་རྣམ་སྨིན་གྱི་ཁུར་པོ་གཞན་ལ་སྤོ་རུ་མེད་པ་བསམ་པར་བྱ་དགོས་སོ། །གཉིས་པ་ནི་སྟོབས་བཞི་རྫོགས་པའི་སྒོ་ནས་བཤགས་པས་མཚམས་མེད་པའི་ལས་བྱས་པ་ཡང་བྱང་བར་འགྱུར་ཏེ། ཇི་སྐད་དུ། སྒྲིབ་པ་ཀུན་རྫོབ་ཉིད་ཡིན་ཕྱིར། །སྦྱང་ན་འདག་པར་གདོན་མི་ཟ། །ཞེས་དང༌། འོན་ཏེ་དེ་ལྟ་བུའི་གཉེན་པོ་ཁྱད་པར་ཅན་གྱིས་འཕྲལ་འཕྲལ་མ་བཅོམ་ན་རང་རང་གི་ལས་འཕྲལ་དུ་མ་སྨིན་ཀྱང་ཆུད་ཟོས་སུ་ནམ་ཡང་མི་འགྱུར་ཏེ། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཅེས་


JLAZ005_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་རང་གིས་བསགས་ལ་མ་བྱས་པའམ། བྱས་ལ་བསགས་པའི་ལས་ཕྲ་སྦོམ་གང་ཡིན་ཀྱང་ཆ་ཤས་ཕྲ་མོ་ཚུན་ཆོད་ནས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང༌། སྐབས་སུ་ནམ་བབས་པ་ན་རང་ཉིད་ཁོ་ནས་མྱོང་དགོས་པར་བསམ་གཞིགས་ཡང་ཡང་གཏོང་ཞིང་བླང་དོར་ཕྱིན་ཅི་མ་ལོག་པར་རྒྱུན་དུ་བསམ་པར་བྱ་ལ། དེ་ཡང་ལས་ཆེན་པོས་དེ་འདྲ་ནུས་ལ་ཆུང་ངུ་དག་ལ་སྒྲིབ་པ་མི་འཁྲིགས་སོ། །སྙམ་པ་ཡང་མི་བྱ་སྟེ། འདུལ་བ་ལུང་ལས། སྡིག་པ་ཆུང་ངུ་དག་ལ་ཡང༌། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་དུ་དག་གིས་ཀྱང༌། །རྩྭ་ཕུང་རི་ཙམ་སྲེག་པར་བྱེད། །ཅེས་གསུངས་པས་མི་དགེ་བའི་ལས་ཆ་ཤས་ཕྲ་མོ་དག་ལའང་ཤིན་ཏུ་འཛེམ་པར་བྱ་ཞིང་གལ་ཏེ་ཆེད་དུ་མ་ཡིན་པར་དབང་མེད་དུ་ཤུགས་ཀྱིས་གོས་པ་བྱུང་ན་ཡང༌། སྟོབས་བཞིའི་གནད་ཟབ་མོ་འདི་ལྟ་བུའི་སྒོ་ནས་བཤགས་ཐབས་ཡོད་པའི་ཚེ་དེ་མ་ཐག་ཏུ་བཤགས་པར་བྱའོ། །གསུམ་པ་གཉེན་པོས་དག་པ་ནི། མི་དགེ་བ་ཆུང་ངུའི་གཉེན་པོར་དགེ་བ་ཆེན་པོ་སྤྱད་ན། མི་དགེ་བའི་འབྲས་བུ་བག་ལ་ཞ་ནས་གནོད་པར་མི་ནུས་དེ། དེ་ཡང་དཔེར་མཚོན་ན། ཇོ་བོ་རྗེས་བི་ཀྲ་མ་ཤཱི་ལའི་གཙུག་ལག་གི་གནས་བརྟན་མཛད་དུས། མེ་ཏྲི་པས་ནང་གི་རྫས་ཅུང་ཟད་བརྟེན་པས་དེ་ཉིད་ལ་གནས་དབྱུང་མཛད་པ་ན། དེ་ནུབ་ཇོ་བོའི་མནལ་ལམ་དུ་མེ་ཏྲི་བ་བྱང་སེམས་ཡིན་པ་ལ་


JLAZ005_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དབྱུང་བྱས་པའི་རྣམ་སྨིན་ལ་རི་རབ་ལ་ལན་གསུམ་བསྐོར་ཐུབ་པའི་སྦྲུལ་དུ་སྐྱེ་ཞེས་ཟེར་བ་ལ། དེ་ལ་ཅིས་ཕན་དྲི་བ་མཛད་པས། ཉིན་རེ་ལ་ས་ཚྭ་བདུན་རེ་བཏབ་ན་ཕན། བོད་དུ་ཕྱིན་ན་ཕན་ཞེས་བྱུང་བ་གནས་སྐབས་དྲང་བའི་དོན་དུ་བྱང་ཆུབ་སེམས་དཔའ་ཁྱད་པར་ཅན་དེ་ལྟ་བུ་ལའང་ཆུང་ངུའི་སྒྲིབ་པ་རང་འདོད་ཀྱིས་མ་གོས་པ་དག་ལ་གཉེན་པོ་དེ་ཙམ་བརྟེན་ཚུལ་དང༌། འདི་ལྟར་སྟོན་པས་གྲགས་འཛིན་མའི་ལྷུམས་སུ་རབ་ཏུ་བྱུང་ཁར་བྱིན་གྱིས་བརླབས་པའི་སྲས་རྡོ་རྗེ་སེམས་དཔའི་སྤྲུལ་པ་སྒྲ་གཅན་འཛིན་གྱི་སྐུ་ཚེ་སྔོན་མ་ལ། རྒྱལ་པོ་ཞིག་ཏུ་གྱུར་དུས་དྲང་སྲོང་ཞིག་ཞག་དྲུག་གི་བར་ལྟོགས་སུ་བཅུག་པ་དང༌། ཡུམ་གྱི་སྐུ་ཚེ་སྔོན་མ་ལ་དར་བའི་བུམ་པ་བསྐུར་བའི་རྣམ་པར་སྨིན་པ་ཙམ་གྱིས་མངལ་དུ་ལོ་དྲུག་གི་བར་བཞུགས་ཤིང༌། སྟོན་པ་སངས་རྒྱས་པའི་ཚེ་ཟླ་བ་སྒྲ་གཅན་གྱིས་ཟིན་པ་དང་དུས་མཚུངས་པར་མ་གཏོགས་མངལ་གྱི་འདབ་རྒྱ་ལས་མ་གྲོལ་བའི་རྣམ་སྨིན་མྱོང་ཚུལ་བསྟན་པའི་ཕྱིར་ན། རང་ཅག་སོ་སྐྱེ་རྣམས་ཀྱི་ལས་ལ་འཛད་སྐབས་མེད་པ་ལྟ་བུ་ཡིན་ཕྱིར། ལོག་འཚོ་འབའ་ཞིག་དང་འདྲེས་པའི་དགེ་བ་བག་ཙམ་རེ་བགྱིས་པ་དག་ལ་ཧ་མི་ལས་པར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གཉེན་པོ་འབད་པས་བསྟེན་པ་ལ་ནམ་ཡང་བརྩོན་པར་བྱ་དགོས་སོ། །བཞི་པ་ནི། གལ་ཏེ་དེ་གསུམ་གང་དང་ཡང་མི་ལྡན་ན་མྱོང་འགྱུར་གྱི་ལས་


JLAZ005_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དགེ་སློང་ཐར་པ་ནག་པོས་དམྱལ་བ་རབ་ཏུ་ཚ་བ་དང༌། རབ་ཏུ་སྦྲེབས་པ་དང༌། པདྨ་ལྟར་གས་པ་དང༌། ཡང་སོས་དང༌། ཐིག་ནག་དང༌། བསྡུས་འཇོམས་དང༌། ངུ་འབོད་དང༌། ངུ་འབོད་ཆེན་པོ་དང༌། ཚ་བ་དང༌། རབ་དུ་ཚ་བ་ཆེན་པོ་དང༌། མནར་མེད་པ་ལ་སོགས་པའི་སྡུག་བསྔལ་དང༌། དེ་བཞིན་དུ་ཆུ་བུར་ཅན་དང༌། ཆུ་བུར་རྡོལ་བ་ཅན་ལ་སོགས་པའི་ཚ་གྲང་གི་དམྱལ་བ་བཟོད་མི་ཕོད་པ་བར་བསྐལ་བརྒྱད་ཅུ་ལ་བསྐལ་ཆེན་གཅིག་ཏུ་བརྩིས་པའི། དེ་ལྟ་བུའང་སྟོང་ཕྲག་བཅུ་གཉིས་དང༌། དེ་ལས་ཡི་དྭགས་སུ་བརྒྱུད་དེ་བཀྲེས་སྐོམ་གྱིས་སྡུག་བསྔལ་བསྐལ་པ་ཆེན་པོ་དྲུག་གི་བར་དུ་མྱོང་བ་ལྟ་བུ་སྟེ། གཉེན་པོས་མ་ཆོམས་ན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལས་མཐའ་དེ་ལས་མི་འདའ་བ་སྟེ་ཤིན་ཏུ་འཇིགས་ཤིང་བག་ཚ་བར་གྱུར་ཀྱང༌། ད་དུས་ཀྱི་གྲོགས་པོ་དག་དགེ་བའི་ལས་སྐད་ཅིག་ཙམ་ཡང་མི་དྲན་ཞིང༌། དཀོན་མཆོག་དང་དགེ་འདུན་གྱི་རྫས། དད་གཤིན་གྱི་དཀོར་ལ་ཉམ་ང་མེད་པར་སྤྱོད་ཅིང༌། གཡོ་སྒྱུ་ལ་སོགས་ཏེ་གྱ་གྱུའི་ཀུན་སྤྱོད་སུ་མཁས་ལ་དཔའ་བོར་བརྩི་ལ། ངོ་ཚ་ཅན་དང་ཆོས་མཐུན་གྱི་སྐྱེས་བུར། ལྐུགས་པ་དང་རྫི་མེད་དུ་ལྟ་བའི་གནས་སྐབས་འདི་ནི། སྙིགས་མ་ལྔའི་མཐུ་ནུས་ཅིག་ཅར་དུ་དར་བ་ལས། རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་དཔྱང་ཐག་ཀྱང་ཐུང་ངུར་བྱེད་ཅིང༌། རང་རང་གི་རྣམ་པར་སྨིན་པ་མཐུ་


JLAZ005_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བདོ་བའི་ཚེ་དང༌། ཚེ་འདི་ཙམ་གྱི་ཁོངས་སུ་ཡང་མི་རིང་པར་ཉེ་འབྲེལ་གྱིས་མཐའ་བསྐོར་ཏེ། དབུགས་ཧད་ཧད་པ་དང༌། མིག་ཀྲེ་ལོག་ལོག་པ་དང༌། དོང་ཁར་ཆུ་ལས་མི་འོང་ཞིང་ཤིན་ཏུ་ཉམ་ཐག་ཅིང་ཅི་དྲག་ལ་གྱ་བའི་གནས་སྐབས་ན་ཤིན་ཏུ་འགྱོད་པ་ཞིག་འོང་སྟེ། འཕྱིས་བར་གྱུར་ནས་རྣམ་པར་ཤེས་པ་བར་དོར་མདའ་འཕངས་པ་བཞིན་འགྲོ་ལ། རྣམ་སྨིན་གྱི་དོས་ཆེན་འདུ་འབྲལ་མེད་པར་འགྲོགས་པའི་སྣང་ཚུལ་དེ། ཨ་ཙ་མ། ཞེས་ཁམས་འདུས་པར་གྱུར་ཏོ། །གསུམ་པ་ནི། དེ་ལྟར་བཤད་མ་ཐག་པའི་བཤགས་ཚུལ་བཞི་ལས། གཞུང་འདིའི་སྐབས་སུ་གཉེན་པོས་འདག་པ་དང༌། བཤགས་པས་འདག་པའི་ཐབས་གཉིས་གཙོ་བོར་གསུངས་པ་ཡིན་ཏེ། སྔ་མ་ནི། གཞུང་ནས། ཕྱི་རོལ་ཁོར་ཡུག་རྡོ་རྗེའི་རྭ་བ་མེ་རིའི་ནང་དུ་ཚུད་པར་གཏོར་མ་དཔལ་བཤོས་བརྒྱ་རྩ་བརྒྱད༔ སྣང་གསལ་ཞུན་མར་གྱི་མར་མེ་བརྒྱ་རྩ་བརྒྱད༔ ཐབས་ཤེས་ཀྱི་ཤ་ཟན་ཚོགས་རྫས་བརྒྱ་རྩ་བརྒྱད་བཤམ༔ ཕྱི་རོལ་དུ་གཞུང་སྤྱི་དང་མཐུན་པའི་ཕྱི་མཆོད༔ ནང་མཆོད༔ གསང་མཆོད༔ སྨན་རག་གཏོར་གསུམ༔ ག་ནའི་རྫས་ཅི་འཛོམས་པ་སོགས་མདོར་ན་འོས་པའི་སྤྱན་གཟིགས༔ དཀྱིལ་འཁོར་གྱི་རྒྱན་དང་བཅས་པ་སྒྲུབ་ཆེན་ལྟར་བཤམ༔ ཟུར་བཞིར་ཁྱད་པར་


JLAZ005_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རྨད་དུ་བྱུང་བའི་ཐུགས་དམ་བསྐང་བའི་གཏོར་མ་རྩ་གསུམ་ཡོངས་ཁྱབ་ལ་གཅིག་དང་༔ བཞི་སྐོང་བའི་ཆོ་ག་ནས་བྱུང་བ་ལྟར་རྫས་ཀྱིས་བརྒྱན་པ༔ དར་སྣ་ཚོགས་ཀྱིས་བཀླུབས་པར་བཤམ༔ ཞེས་གསུངས་པ་ལྟར་བྱ་དགོས་ཀྱང༌། ད་ལྟ་འགའ་ཞིག་གིས་བཤགས་སྐོང་གི་དཀྱིལ་འཁོར་ཆེན་པོ་འདི་ལྟ་བུ་ཞལ་ཕྱེ་བའི་དུས་སུའང་གཏོར་མ་ཆུང་ངུ་ལ་ཕྲིན་ལས་དྲག་པོར་རེ་བའི་སླ་བཅོས་བག་ལ་ཉལ་གྱིས་གཞུང་ནས་བཤད་ཚོད་ཀྱི་མཆོད་པ་རྣམས་འབྱོར་བས་ཁྱོགས་མིན་ལ་མ་ལྟོས་པར་ཆོ་ག་དཀྱུས་མ་ལྟར་སྨན་རཀ་གཏོར་གསུམ་ཙམ་ལ་བརྟེན་ནས་ཇི་བཞིན་མི་བྱ་བ་ནི་ཤིན་ཏུ་མི་རིགས་ཏེ། རྒྱུ་མཚན་ཅིའི་ཕྱིར་ན། འདི་ནི་ན་རཀ་སྐོང་བཤགས་ཀྱི་ཆོ་ག་ཞེས་སྒྲིབ་སྦྱང་སྤྱི་དང་ཁྱད་པར་གཤིན་པོའི་བསག་སྦྱང་ལ་གཙོ་བོར་བྱ་དགོས་པ་ཡིན་ཚེ། གཤིན་པོ་དེ་ཉིད་ལ་ཕན་གནོད་ཀྱི་ཁྱད་པར་ཤིན་ཏུ་ཆེ་མོད། འདི་ཉིད་ཀྱི་བཤགས་པའི་སྐབས། ཟོལ་ཟོག་ལས་ཀྱིས་ཡི་དྭགས་རྒྱུ་བསགས་པ༔ ཞེས་གསུངས་པའི་ལྟུང་བ་གསོག་པ་དང༌། སྒྲིབ་པ་བཤགས་པ་མགོ་མཉམ་དུ་འབྱུང་བས། དེས་ན་གསང་སྔགས་འདི་ཐབས་ཁྱད་པར་ཅན་གྱིས་ཟིན་པས་སྨན་རཀ་གཏོར་གསུམ་བརྒྱ་རྩ་ཕུལ་བའི་བསོད་ནམས་གཞལ་དུ་མེད་པའི་དགེ་ཚོགས་ཇི་བཞིན་བཤད་པ་ལྟར་ཚེ་འདས་སོགས་སྒྲིབ་པ་སྦྱང་གཞི་དེ་ལ་


JLAZ005_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ནི་བྱ་སླ་རླབས་ཆེན་གྱིས་གཉེན་པོ་ཁྱད་པར་ཅན་ཏེ། གནས་སྐབས་སུ་དགེ་བ་བྱེད་པ་པོའི་ལག་རྩ་ནས་རྒྱས་པ་ལ་མཐའ་མེད་ཀྱང༌། ས་བཅད་མ་སྟོངས་ཙམ་བྱ་བ་ལ་རྩམ་བྲེ་བཅུ་དང༌། མར་ཉག་གང་ལས་མི་དྲོན་པ་ཡོན་གྱིས་ཅི་ལ་མི་ལྕོགས། ས་ཏུ་ཤིན་ཏུ་དཀོན་པའི་ལུང་པ་དག་ཏུའང་བརྒྱ་བཞིའི་ཞལ་ཟས་བཞེངས་པ་དང་ཆོས་མཚུངས་བྱས་ནས་ཤིང་སྟེགས་ལྟ་བུའི་ཁར་ཁ་གྲངས་ལོངས་པ་བགྱིས་ཏེ་ཕྱོགས་བཞིར་བཀོད་པ་དང༌། སྨན་རཀ་གཉིས་ཀྱང་སྣོད་ཀྱིས་མ་ཁོམ་ན་གཏོར་མ་དང་རྗེས་མཐུན་གྱི་ཁ་གྲངས་ཟན་གཏོར་ཆུང་ངུའི་རྩེ་མོར་ཀོང་ཀོང་ཟུར་གསུམ་གྱི་དབྱིབས་སུ་བཟོས་པའི་སྨན་སྣོད་ལ་དཀར་རྩི་དང༌། རཀྟའི་སྣོད་ལ་དམར་རྩིས་བྱུགས་ཏེ་སོ་སོའི་ནང་དུ་རྫས་ལྡན་གྱི་སྨན་རཀ་བསག་པའི་ལུགས་མཆིས་པ་དག་ཤིན་ཏུ་ལག་ལེན་གཙང་ཞིང་རྗེས་སུ་ཡི་རང་མོད། དེ་ལས་ལྡོག་པའི་སྐོང་བཤགས་པ་དག་ལྷ་ལ་བསླུ་བའི་བསམ་པས་མཆོད་པ་དང་ཤོམ་འགོད་གཞུང་ནས་བཤད་ཚོད་དག་དོར་ནས། འཇིག་རྟེན་འདིའི་ཁེ་གྲགས་ཀྱི་རྗེས་སུ་འབྲངས་པའི་ཚོགས་གསོག་ཁ་ལེན་ལ་གཙོར་འདོན་བྱེད་པ་ནི་སྦྱོར་བ་གོ་ལྡོག་ཏུ་གྱུར་པ་ཡིན་མོད། འོན་ཀྱང་སློབ་དཔོན་ཆེན་པོའི་གསུངས་ལ་རི་དང་རི་ཟས་ཀྱི་དཔེ་བཞིན་སྐོང་བཤགས་ཀྱི་ཕན་ཡོན་དང་བཅས་ཚུལ་བཞིན་འདོད་ལ་ཡོད་དུ་རེ་ཞིང༌། འདི་ཉིད་ཀྱི་


JLAZ005_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་མཆོད་པའི་ཤོམ་འགོད་ལ་གཡེས་ཆུང་ངུ་དོར་ནས་ཚད་མར་མི་འཛིན་པ་དག་ལ། འདིར་བསྐྱར་ཟློས་སུ་འགོད་པ་མི་ཁྱུར་མི་འདྲེ་ཞིང་ཐལ་ཆེས་པ་ཙམ་དུ་གྱུར་ཀྱང༌། ཆོ་གའི་དགོངས་འགྲེལ་ལོག་པར་འཆད་པ་དང་ཚུལ་མ་ཡིན་པ་བཏང་སྙོམས་སུ་འཇོག་པར་མི་རིགས་པས་བརྗོད་པ་ཡིན་ལ། དེས་ན་དུས་གསུམ་གྱི་གནས་སྐབས་ཕྱི་ཐག་རིང་ལ་ཅི་ཞིག་ན་གཟུར་གནས་ཀྱི་སྐྱེ་བོ་འགའ་ཡང་མི་འབྱུང་བའི་མཐའ་མ་བཀག་པས་ན། དེ་དག་ན་འཕྲོས་ཞོར་འདི་སྐད་ཀྱང་སྨྲ་སྟེ། ཆོ་ག་འདི་ཉིད་གཤིན་པོའི་རྒྱུན་ཆོག་སོགས་ལ་གཙོར་བཏོན་དུ་བྱ་བའི་ཚེ་ནའང༌། སྔར་བཤད་པ་ལྟར་ཆེ་ཆུང་འབྱོར་བབས་དང་བསྟུན་པའི་ཉིན་ལྟར་གྲངས་ལོངས་མ་ཐུབ་ཀྱང་ཉི་ཤུ་རྩ་གྲངས་རེ་ཕུལ་བའི་བརྒྱ་རྩ་གྲངས་འགྲིག་ཐུབ་པ་བྱུང་ན་ཚེ་འདས་དེ་ཉིད་ཤིན་ཏུ་སྡུག་ཐུག་པའི་གནས་སྐབས་ཡིན་ཕྱིར་ཕན་ཐོགས་ཤིན་ཏུ་ཆེ་བ་ཞིག་འབྱུང་བས་བརྩོན་པས་དོན་གཉེར་བྱ་བ་དང༌། ཁྱད་པར་རྨད་བྱུང་གི་གཏོར་མ་ཞེས་པ་དེ་ནི་ཇི་ལྟ་བུའོ་སྙམ་ན་ཟུར་བཞི་ལ་བཤམ་རྒྱུ་ནི་གཞུང་འདི་ཁ་ནས་གསུངས་པའི་དམིགས་བསལ་གྱི་རྫས་ཀྱིས་བརྒྱན་པ་སྐོང་བའི་སྐབས། བྷནྡྷ་འབར་བའི་གཏོར་གཞོང་དུ༔ ཞེས་གསུངས་པ་ལྟར་དང༌། རྩ་གསུམ་ཡོངས་ཁྱབ་ལ་གཅིག་བཤམ་པར་བཤད་པ་དེ་ནི་སྤྱི་ཁྱབ་ཏུ་གྲགས་པ་ལྟར་ལ་དམིགས་པའི་བྱེད་ལས་ཀྱིས་བསྒྱུར་བར་བཤད་དེ། རིག་འཛིན་


JLAZ005_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས། ཁྱད་པར་རྨད་བྱུང་གི་གཏོར་མ་ཞེས་པ། གཏོར་མ་དེ་དག་བཟོ་དབྱིབས་ཆེ་ཆུང་རྒྱས་བསྡུས་ཅི་ལྟ་བུ་ཡིན་ནའང༌། སྔགས་དང་ཏིང་འཛིན་བྱིན་རླབས་ནུས་པས་རྣམ་པ་གཏོར་མའི་ཚུལ་ཙམ་ལ། ངོ་བོ་ནི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་གཏོར་མགྲོན་མཆོག་དམན་སོ་སོའི་ཡིད་ལ་ཅི་དང་ཅི་འདོད་པའི་དངོས་པོར་འགྱུར་ནུས་པ་དེ་ལ། ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་ཞེས་བྱའོ། །ཞེས་གསུངས་པ་ལྟར་ཡིན་ཞིང་འདི་དག་གི་དོན་བློ་ལ་མི་ཆུད་ཀ་མེད་ཡོད་པ་ཡིན་ནོ། །ཕྱི་མ་བཤགས་པས་འདག་པ་ལ་གཉིས། ན་རཀ་གི་སྤྱི་བཤགས་ཆེན་མོ་འདི་བཤགས་པ་གཞན་ལས་ཁྱད་པར་དུ་གྱུར་ཚུལ་དང༌། དམིགས་པ་དང་བཅས་གནད་ལ་བཀར་ནས་ལག་ཐོག་ཏུ་འགེལ་བའོ། །དང་པོ་ནི། གཏེར་ཁ་གཞན་ལས་བྱུང་བའི་ན་རཀ་དོང་སྤྲུགས་ཀྱི་གཞུང་ལེའུ་དང་པོ་ལས། གླེང་གཞིའི་སྐབས་སུ། འདོད་ཁམས་ཀྱི་གནས་རིགས་འདི་ན༔ བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ༔ གོས་སུ་དུང་གི་ཕྲེང་བ་གྱོན་པ་རྫུ་འཕྲུལ་དང་ལྡན་པ་ཞིག་ལ༔ སློབ་མ་རྒྱལ་པོའི་ཕྲུག་གུ་ཞིག་ཡོད་པ་ལ༔ བྲམ་ཟེས་སློབ་སྦྱོང་རྫོགས་པར་བྱས་ཏེ༔ རིག་པའི་གནས་ལྔ་ལ་མཁས་པར་གྱུར་པ་དང་༔ རྒྱལ་པོའི་ཕྲུག་གུས་བསམས་པ་ལ། ངའི་གོང་ན་བྲམ་ཟེ་འདི་ལས་མ་གཏོགས་པ་གཞན་མེད་པས། འདི་ངའི་གོང་དུ་མི་བཏང་ངོ་སྙམ་སྟེ༔ བྲམ་ཟེ་


JLAZ005_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒུན་ཆང་བླུད་ནས༔ ར་རོ་བ་དང་བརྒྱལ་བ་ལ། མིག་ཁབ་ཀྱིས་གཙེགས༔ ལྕེ་ལྕགས་ཀྱུས་དྲངས་ཏེ་བཅད༔ ལུས་རུས་སྦལ་གྱི་ཁྲག་གིས་བྱུགས༔ བུད་མེད་མང་པོས་ཀྱང་ལུས་བརྫིས༔ སྒྱིད་པ་ཡང་བཅད་དེ་བཞག་པ་ལས༔ ནངས་པར་བྲམ་ཟེ་དྲན་པ་བག་གཅིག་རྙེད་ནས༔ མིག་ཕྱེ་བས་ཀྱང་ལོང་ནས་མེད༔ དྲུང་ན་སུ་འདུག་འབོད་པར་བྱས་པས་ཀྱང་ལྕེ་མེད༔ ལངས་ནས་འགྲོ་བར་བྱས་པས་ཀྱང་སྒྱིད་པ་བཅད་པ་དང༔ བུད་མེད་མང་པོས་ལུས་བརྫིས་པས་ཀྱང་འགུལ་བར་མ་ནུས༔ ལུས་རུས་སྦལ་གྱི་ཁྲག་གིས་བྱུགས་པས་ཀྱང་ཆུ་བུར་དང་རྐོང་པོ་མང་དུ་བྱུང་སྟེ་ལུས་ཀྱང་འཁུམས༔ དྲན་པ་ཡང་ཉམས་པ་བསྙམ་བྱེད་དོ༔ དེ་ནས་བྲམ་ཟེས་བསམས་པ་ལ་བདག་འདི་ལྟར་ཉོན་མོངས་པར་གྱུར་པ༔ ཚེ་རབས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཞིག་ཡིན་ནམ། འོན་ཏེ་ཕྲག་དོག་གི་གོང་དུ་ཤོར་བ་ཞིག་གིས་བྱས་སམ་བརྟགས་པས༔ སློབ་མ་རྒྱལ་པོས་ཕྲུག་གུས་བྱས་པར་རིག་ནས༔ བྲམ་ཟེས་དམོད་བོར་བ༔ རྒྱལ་པོའི་ཕྲུག་གུ་ཁྱོད་ངས་སློབ་སྦྱོང་རྫོགས་པར་བྱས་ནས་ང་ལ་འདི་འདྲ་བའི་ལས་ངན་བྱེད་པ༔ ཁྱོད་ཀྱང་སྲོག་གི་ལན་ཆགས་ཞིག་གིས་ཚེ་ཐུང་ལ༔ སེམས་ཅན་ལུས་སྲུལ་པོ་ཞིག་ཏུ་སྐྱེས་ལ༔ དེའི་ལུས་ལ་ཡང་མིག་མེད་པ་དང༔ ལྐུགས་པ་དང༔ མཛེ་དང༔ ཤུ་བ་དང༔ ལུས་ལ་ཤ་ཟ་མོ་སྟོང་གི་ཚང་འཆའ་བ་དང༔ རྐང་པ་ཆད་


JLAZ005_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་༔ ཚེ་འཕོས་ནས་ཀྱང་དམྱལ་ཁམས་བཅུ་དྲུག་གི་ཁ་འཁོར་ནས༔ ཐར་བའི་དུས་མེད་པར་གྱུར་ལ༔ ཚེ་རབས་ཐམས་ཅད་དུ་འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མི་མཐོང་ཞིང༔ བྱང་ཆུབ་ཀྱི་མྱུ་གུ་བསྐམ་པར་གྱུར་ཅིག༔ ཅེས་དམོད་བོར་པས༔ བྲམ་ཟེ་ཉིད་ཀྱིས་ངན་སེམས་ཀྱིས་དམོད་པས༔ དུར་ཁྲོད་ཀྱི་ཤ་ནང་ཁྭ་མགོ་དཀར་པོ་ཞིག་ཏུ་སྐྱེས་སོ༔ དེའི་མོད་ལ་རྒྱལ་པོའི་ཕྲུག་གུ་དེ་ཡང་ཤི་བར་གྱུར་ཏེ༔ བྲམ་ཟེའི་རིགས་ལ་བུ་ལ་དུང་བ་ཞིག་ཏུ་སྐྱེས་སོ༔ བུ་འདོད་པའི་དོན་དུ་མོ་དང་ཕྱ་དང་པྲ་ལ་སོགས་པ་བྱས་ཏེ༔ ལན་ཆགས་ཀྱི་དབང་གིས༔ དུར་ཁྲོད་ཀྱི་ཤ་ནང་ཁྭ་མགོ་དཀར་པོ་ཞིག་ཡོད་ཏེ༔ དེ་ཚེ་འཕོས་ནས་བུར་སྐྱེ་བར་མཐོང་ངོ་༔ ལོ་མང་དུ་ལོན་པ་དང་ཕ་བྱུང་ནས་བྱ་བ་མང་པོ་བསགས་ནས་བསད་པས༔ བུར་སྐྱེས་པ་ལས་བུ་དེའི་མགོ་ལ་ལྕགས་ཀྱི་འཛེར་པ་ཞིག་སྐྱེས་ཏེ༔ སྤྱི་བོ་ནས་མཆེད་པས་ཐོད་པ་ཇི་བཞིན་ཁེབས་ཏེ༔ མདངས་ཡང་ཤོར༔ སྐྱེད་ཡང་མེད་དོ༔ མོ་བདར་བྱས་པས་རིམ་གྲོས་མ་ཕན་ཏེ༔ ཕས་ལན་ཆགས་ཀྱི་དབང་གིས་མ་བཟོད་དེ༔ ལྕེས་བལྡག་པས་ཆུང་ངུ་སོང་དེ༔ མདངས་དང་ཡང་ཤིན་ཏུ་ལྡན༔ སྐྱེད་ཡང་ཤིན་ཏུ་ཆེ་བར་གྱུར་ཏེ༔ བུ་དེའི་མིང་བྲམ་ཟེའི་མི་ཡི་ཐོད་པ་ཅན་ཞེས་གྲགས་སོ༔ དེ་ནས་འཛེར་པ་ཟད་པ་དང་ཕ་ལྕེ་རྡོལ་ཏེ་ཤི་བར་གྱུར་ཏོ༔ རང་གིས་ཉེས་བྱས་དང་


JLAZ005_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེའི་དམོད་པས༔ སེམས་ཅན་གྱི་ནང་ན་ཡང་ལུས་སྲུལ་པོ་གཅེར་བུ་ཅན་བྱ་བར་སྐྱེས་ནས༔ ལུས་ལ་ནད་སྣ་ཚོགས་དང་༔ ཤ་ཟ་མོ་སྟོང་གི་ཚང་འཆའ་བ་དང་༔ བྱང་ཆུབ་ཀྱི་མྱུ་གུ་སྔོ་བསྐམས་སུ་གྱུར་ཏེ༔ འགྲོ་བ་རིགས་དྲུག་གི་ལུས་དང༔ སྡུག་བསྔལ་དུས་གཅིག་ཏུ་མྱོང་ནས༔ ཤིན་ཏུ་སྡུག་བསྔལ་བར་གྱུར་ཏོ༔ དེ་ནས་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཡེ་ཤེས་ལས་ཐུགས་རྗེ་བྱམས་པས་འགྲོ་བའི་དོན་མཛད་དེ༔ བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱིས་སྤྲུལ་པ་ལས༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་༔ ཀུན་རིག་རྣམ་པར་སྣང་མཛད་གཉིས་སུ་སྤྲུལ་ཏེ༔ ཀུན་ཏུ་བཟང་པོའི་བྱིན་རླབས་ལས་རྡོ་རྗེ་སེམས་དཔར་སྤྲུལ་ཏེ༔ རྣམ་པར་སྣང་མཛད་ཀྱི་བྱིན་རླབས་ལས༔ ཕྱག་ན་རྡོ་རྗེར་སྤྲུལ་ནས༔ ཀུན་ཏུ་བཟང་པོ་དང་ཀུན་རིག་གིས༔ རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་བ༔ འདོད་ཁམས་ཀྱི་གནས་རིགས་མ་གི་ན༔ སློབ་མས་སློབ་དཔོན་ལ་ཉེས་པ་བྱས་པའི་རྣམ་སྨིན་ནི༔ སེམས་ཅན་ལུས་སྲུལ་པོ་གཅེར་བུ་ཅན་བྱ་བ་ཞིག༔ སྡུག་བསྔལ་སྣ་ཚོགས་ཀྱིས་གདུངས་ནས༔ བྱང་ཆུབ་ཀྱི་མྱུ་གུ་བསྐམས་ཏེ༔ ཚེ་འཕོས་ནས་ཀྱང་དམྱལ་ཁམས་བཅུ་དྲུག་ལས་མི་ཐར་བས༔ དེ་ལས་ཁྱེད་གཉིས་ཀྱིས་ལྡོག་ཅིག༔ དེ་ལས་མ་ལྡོག་ན་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་ངན་སོང་དུ་ལྷུང་བ་ནི་སླར་


JLAZ005_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐར་སྲིད་ཀྱི༔ སློབ་དཔོན་ལ་སློབ་མས་ཉེས་པ་བྱས་པའི་རྣམ་སྨིན་ནི༔ ཐར་པའི་དུས་མེད་དོ༔ ཞེས་བཀའ་སྩལ་པ་དང་༔ དེ་ནས་རྡོ་རྗེ་སེམས་དཔའ་དང་ལག་ན་རྡོ་རྗེས་གསོལ་བ༔ འདུལ་བའི་དུས་ལ་བབ་ན་བདག་གིས་ལྡོག་པའི་ཐབས་བསྟན་དུ་གསོལ༔ ཞེས་ཞུས་པས༔ ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ༔ རིགས་ཀྱི་ཚིག་འདི་ཡི་གེ་པར་མ་ཞིག་ལ་ཡིག་སྐྱོན་ཤོར་ནས་འདུག་པ་འདིར་དཔྱད་པ་གསུམ་གྱི་སྲང་ལ་གཞལ་ཡོད་དོ། །བུ་རྣལ་འབྱོར་གྱི་སྤྱི་ཁྲུས་ན་རཀ་དོང་སྤྲུགས་འགྱོད་ཚངས་ཀྱི་རྒྱལ་པོ་སེམས་ཅན་དེ་ཡི་རྣ་བར་སྒྲོགས་ལ༔ ལུས་ངག་ཡིད་གསུམ་གྱི་སྒོ་ནས་འགྱོད་ཚངས་བྱེད་དུ་ཆུག་ལ་ལྡོག་ཅིག །ཀུན་རིགས་རྣམ་པར་སྣང་མཛད་ཀྱིས་ལག་ན་རྡོ་རྗེ་ལ་རིགས་ཀྱི་བུ་ཕྱི་ནང་གསང་བ་གསུམ་གྱི་དབང་བསྐུར་ལ་ལྡོག་ཅིག །ཅེས་བཀའ་སྩལ་པ་དང༔ དེ་ནས་དཔལ་རྡོ་རྗེ་སེམས་དཔའ་དང་ལག་ན་རྡོ་རྗེས༔ བྲམ་ཟེ་མི་ཡི་ཐོད་པ་ཅན་དང་༔ སེམས་ཅན་ལུས་སྲུལ་པོ་དེ་ཡི་གམ་དུ་བྱོན་ནས༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ བྲམ་ཟེ་མི་ཡི་ཐོད་པ་ཅན་དང་༔ སེམས་ཅན་ལུས་སྲུལ་པོ་ཁྱེད་གཉིས༔ སྔོན་ཚེ་ཡང་སྔ་ལ་སློབ་དཔོན་དང་སློབ་མ་དམ་ཚིག་ཉམས་པ་བསྐལ་པའི་མཐར་སྡུག་བསྔལ་ལས་མི་ཐར་བས༔ བཤགས་ཚངས་གྱིས་ཤིག་ཅེས་བཀའ་སྩལ་བ་དང་༔ བྲམ་ཟེ་མི་ཡི་ཐོད་པ་ཅན་གྱིས༔ བཅོམ་ལྡན་འདས་


JLAZ005_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་སེམས་དཔའ་དང༌། ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ༔ བདག་ཅག་རྣམས་ལ་ཉེས་པ་ལས་བཤགས་ཐབས་བསྟན་དུ་གསོལ༔ ཞེས་གསོལ་བ་དང་༔ ལག་ན་རྡོ་རྗེས་རིམ་པ་བཞིན་དུ་དབང་བསྐུར་བས༔ བྱང་ཆུབ་ཀྱི་མྱུ་གུ་སྔོ་བསྐམས་སླར་གསོས་ཏེ༔ བྲམ་ཟེ་མི་ཡི་ཐོད་པ་ཅན་དང་༔ སེམས་ཅན་ལུས་སྲུལ་པོ་དང་༔ ཕྱོགས་བཅུའི་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་རྣམས༔ ཀུན་གཞི་བྱང་ཆུབ་སེམས་དང་འཕྲད་པར་བྱས་ཏེ་འབད་པས༔ མཇུག་རིག་འཛིན་རྣམ་པ་ལྔ་རིམ་གྱིས་བགྲོད་པར་གྱུར་ཏོ། །ཞེས་དང༌། འདི་ལྟ་བུའི་བཀའ་གསང་བ་བས་ཀྱང་ཆེས་གསང་བ༔ ཡང་གསང་ཐུགས་ཀྱི་མན་ངག་འདི་ལྟ་བུ་ནི༔ དུས་གསུམ་སངས་རྒྱས་རྣམས་ཀྱིས་གཤེགས་ཤུལ་རིག་འཛིན་ཕོ་མོ་རྣམས་ཀྱི་ལམ༔ རྣལ་འབྱོར་ཕོ་མོ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་གནས༔ འདི་ལྟ་བུའི་བཀའ་ཟབ་མོ་ཐོས་པའང་དཀའ་ན༔ སྒོམ་ཅིང་སྒྲུབ་པ་དང་རྟོགས་པ་ལྟ་ཅི་སྨོས༔ འདི་ལྟ་བུའི་བཀའ་ཟབ་མོ་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྦྱངས་སྦྱངས་པའི་ལས་འཕྲོ་དང་ལྡན་པའི་སྐལ་ལྡན་འགའ་ཞིག་གི་སྤྱོད་ཡུལ་ཡིན་གྱི༔ གང་རུང་རུང་ཀུན་གྱི་ཐུན་མོང་མ་ཡིན་ནོ༔ ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། བཤགས་པ་དངོས་དང༌། ལྡན་འབྲས་བཤད་པའོ། །དང་པོ་ནི་སྟོབས་བཞི་


JLAZ005_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བའི་སྒོ་ནས་བཤགས་པར་བྱ་སྟེ། དེའི་དམིགས་གནད་ནི། རང་གི་གཡས་གཡོན་དུ་ཕ་མ། མདུན་དུ་བཤགས་བྱ་དམིགས་བསལ། མཐའ་སྐོར་དུ་སེམས་ཅན་ཐམས་ཅད་རང་ཉིད་དང་འདུན་པ་ཆིག་སྒྲིལ་དུ་འཁོད་པར་བསམས་ལ། མཁའ་ཁྱབ་ཀྱི་བདེ་བར་གཤེགས་པ་ཐམས་ཅད་བླ་མ་དགོངས་པ་འདུས་པའི་ཞི་ཁྲོའི་དཀྱིལ་འཁོར་ཉག་གཅིག་ཏུ་ཤར་བ་ལ་ཡིད་ཁྱེད་ཤེས་ཀྱིས་བློ་འགེལ་ཞིང༌། བདག་གཞན་སེམས་ཅན་སྤྱི་དང་བྱེ་བྲག་དམིགས་ཡུལ་དེའི་སྡིག་སྒྲིབ་ཐམས་ཅད་བཤགས་བྱའི་ཡུལ་ལ་འདུན་པ་རྩེ་གཅིག་ཏུ་གཏོད་པ་རྟེན་གྱི་སྟོབས། རང་གཞན་ཀུན་གྱིས་སྔར་བྱས་ཀྱི་སྡིག་པ་ཐམས་ཅད་དང༌། ཁྱད་པར་དུ་སྔགས་ལམ་ལ་ཞུགས་པའི་ཉམས་ཆག་ཕྲ་ཞིང་བསྲུང་དཀའ་བ་ལས་འགལ་བ་ཐམས་ཅད་ཡིད་ལ་དྲན་པར་བྱས་ཏེ་འདི་སྙམ་དུ། བདག་གམ་གཞན་གྱིས་འདི་དང་འདི་ལྟ་བུའི་ལས་མི་དགེ་བ་རླབས་པོ་ཆེ་བསགས་ནས་ངན་སོང་གི་རྒྱུ་འབད་པས་བསྒྲུབས་འདུག་པ་ད་ནི་ཤིན་ཏུ་གནོང་ངོ་འགྱོད་དོ་བཟོད་པར་བཞེས་སུ་གསོལ། སྙམ་པ་སུན་འབྱིན་པའི་སྟོབས། ད་ཕྱིན་ཆད་འཆི་བ་སྲོག་ལ་བབས་ཀྱང་དེ་ལྟ་བུའི་ལས་ངན་དང་སྡིག་པ་བྱེད་རེ་ཤི་སྙམ་པའི་ཞེ་གཅོད་པ་སླན་ཆད་སྡོམ་པའི་སྟོབས། གཞུང་གི་རྡོ་རྗེའི་ཚིག་རྐང་འགྱོད་ཚངས་ཀྱི་བཤགས་པ་དགོངས་གསོལ་མ་རྒྱུད་ལས་རཱུ་ཏྲའི་སྨྲེ་བཤགས་ཞེས་གསུངས་པ་དང་དོན་གཅིག་གོ །


JLAZ005_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ཞིང་ཚིག་དོན་ཡིད་ལ་དྲན་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། རྣམ་པ་བཞི་ལས་མ་གཡོས་པའི་སེམས་ཀྱིས་དཀྱིལ་འཁོར་གྱི་དྲུང་དུ་པུས་བཙུགས་ཐལ་མོ་སྦྱར་ལ་ཤིན་ཏུ་གདུངས་བའི་དབྱངས་དང་བཅས་ཏེ་རྩེ་གཅིག་ཏུ། ཧོ་དགོངས་སུ་གསོལ༔ གསན་དུ་གསོལ༔ གཟིགས་སུ་གསོལ༔ སྟོན་པ་ཀུན་བཟང་ཡབ་ཡུམ་སྲས་དང་འཁོར༔ སོགས་ཀྱིས་བཤགས་པར་བྱ་ཞིང༌། འདིའི་གཞུང་ནས་གསུངས་པའི་དམ་ཚིག་སོ་སོའི་རྣམ་དབྱེ་དང་རྐང་གྲངས་དག་སྔགས་ལམ་ལ་ཞུགས་པའི་གཟུ་བོའི་བློ་ཅན་དག་གིས་ཁོང་དུ་ཆུད་པར་མ་བྱས་ཁ་མེད་ཡོད་ཀྱང་འདིར་ཧ་ཅང་ཡི་གེས་འཇིགས་ཏེ་མ་སྤྲོས་པས། རྫོགས་པ་ཆེན་པོའི་རྒྱུད་སྡེ་རྣམས་ཀྱི་དམ་ཚིག་གི་གནས་ངེས་པའི་སྲུང་མཚམས་བཤགས་ཐབས་སོགས་ཞིབ་མོར་བཀྲལ་བ་ནི་ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ཀྱི་རིམ་ཁང་བདུན་པ་ལས་ལྷག་པ་མེད་ཅིང༌། སྤྲོས་པ་ཆུང་བ་རྣམས་གཏེར་གཞུང་རྩ་བའི་དམ་ཚིག་རྣམ་བཤད་རྒྱ་མདུད་སྤྱི་དོན་བཅུ་གཅིག་པ་དང༌། སྔར་བཤད་པའི་ན་རཀ་དོང་སྤྲུགས་ཀྱི་ལེའུ་ཐ་མ་ལ་རྟོགས་པར་བྱའོ། །གཉིས་པ་ལྡན་འབྲས་ནི། སྔ་མའི་འཕྲོ་ལས། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ༔ རིག་འཛིན་མི་ཡི་ཐོད་པ་ཅན་རྣམས་འགྱོད་པའི་ལས་རྣམས་བཤགས་པ་ལེགས་ཀྱི༔ ཉོན་མོངས་པའི་སྒྲིབ་པ་དང་༔ ཤེས་བྱའི་སྒྲིབ་པ་འདག་པར་འགྱུར་རོ༔ ཡེ་ཤེས་ཀྱི་ཚོགས་རྫོགས་སོ༔


JLAZ005_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ས་ནས་སར་འཕར་ཞིང་སངས་རྒྱས་ཀྱི་འབྲས་བུ་ཡོངས་སུ་རྫོགས་པར་འགྱུར་རོ༔ ཞེས་གསུངས་པ་ལྟར་ཐོབ་ཅིང༌། དེ་ཡང་གཙོ་བོར་སྔར་ཤིན་ཏུ་བཀྲོལ་ནས་བཤད་པ་ལྟར་གྱི་སྟོབས་བཞིའི་དོན་ལ་རྩེ་གཅིག་ཏུ་མ་འདུན་ན། ད་ལྟའི་ཆོ་ག་བ་ཕལ་གྱིས་བྱེད་པ་བཞིན་བཤགས་ཚིག་ཁ་ནས་འདོན་པ་ཙམ་གྱིས་སྒྲིབ་པ་འདག་པ་དང་ཡོན་ཏན་བཤད་ཚོད་རྣམས་ཇི་བཞིན་ཐོབ་ཏུ་རེ་བ་ནི་ནམ་མཁའི་པདྨོར་འགྱུར་ཏེ་རྡོ་རྗེའི་གསུང་ལས། དེ་མིན་ལྟར་སྣང་ངོ་དགའ་དང་༔ གཞན་རྐྱེན་ཉམས་པའི་མིང་མི་འདོད༔ གྲགས་འདོད་རློམ་སེམས་ཡོད་གྱུར་ན༔ གསེར་སྲང་སྟོང་ལ་སྦྱངས་པ་ཡི༔ ཚོགས་འཁོར་བཤམས་ཀྱང་མི་བསྐང་སྟེ༔ སླར་ལ་ཐུར་དུ་བལྟས་ཏེ་ལྟུང་༔ ཞེས་གསུངས་པའི་ཕྱིར་རོ། །ཕུང་པོ་གསུམ་པའི་མདོར་གྲགས་པ་ལྟུང་བཤགས་ཉིད་སྐབས་འདི་ཉིད་དུ་འདོན་པ་ཤིན་ཏུ་འཐད་པ་རིག་པར་བྱའོ། །བཞི་པ་སྨོན་ལམ་གདབ་པ་ལ་གཉིས། དངོས་བསྟན་དང༌། རྒྱས་པར་སྤྲོ་བའོ། །དང་པོ་ལ་དོན་བསྡུ་ན་གཉིས། ནོངས་བཤགས་དང་འབྲེལ་བའི་སྨོན་ལམ་དང༌། བདག་གཞན་ཀུན་གྱི་དོན་ལ་སྨོན་པའོ། །དང་པོ་ནི། འདུས་པའི་འཁོར་ཚོགས་རྣམས་ལག་ཏུ་མེ་ཏོག་གཟུང༌། ཕྱག་རྒྱ་དང་སྟངས་སྟབས་བྱ་ཞིང་དཀྱིལ་འཁོར་ལ་བསྐོར་བ་བྱེད་པ་དང་མཉམ་དུ། ཨེ་མ་ཧོ༔ རང་སྣང་དག་པའི་དཀྱིལ་འཁོར་ལྷ་རྣམས་དང་༔ ཞེས་པ་ནས། ཉམས་ཆག་རྟོགས་སྒྲིབ་ཐམས་


JLAZ005_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བྱང་གྱུར་ཅིག༔ ཅེས་པའི་བར་གྱིས་སོ།། །།གཉིས་པ་ལ་དགུ། བླ་མེད་ཀྱི་སྒོར་ཞུགས་སོ་ཅོག་ལ་སྨོན་པ་དང༌། བྱང་སེམས་ཀྱི་བསླབ་པར་གནས་པ་རྣམས་ལ་སྨོན་པ་དང༌། རང་སངས་རྒྱས་རྣམས་ལ་སྨོན་པ་དང༌། ཉན་ཐོས་པ་རྣམས་ལ་སྨོན་པ་དང༌། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་སྨོན་པ་དང༌། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་མྱ་ངན་ལས་མི་འདའ་བར་སྨོན་པ་དང༌། གནས་སྐབས་དང་མཐར་ཐུག་ཐུན་མོང་དུ་སྨོན་པ་དང༌། རྡོ་རྗེ་ཐེག་པ་ལ་དར་རྒྱས་འབྱུང་བར་སྨོན་པ་དང༌། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་སྨོན་པ་སྟེ་དགུ་ལས། དང་པོ་ནི། དེ་ལྟར་ཕྱག་འཚལ་མཆོད་པ་འབུལ་བ་དང་༔ ཞེས་ཤློ་ཀ་གཉིས་ཀྱི་སྒོ་ནས་བདག་གཞན་གསང་སྔགས་ཟབ་མོ་བསྐྱེད་རྫོགས་ཀྱི་ལམ་ལ་ཞུགས་པ་རྣམས། སྒོ་གསུམ་གྱི་རྟོག་སྒྲིབ་ཐམས་ཅད་དག་ནས། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་སྒོམ། ལྟ་སྒོམ་གཉིས་མགོ་འབྱོར་བས་ཚོགས་གཉིས་མཉམ་རྫོགས་སུ་གྱུར་ནས་མཆོག་གི་དངོས་གྲུབ་སྐྱེ་འཆི་ལ་རང་དབང་མ་ཐོབ་པ་རྣམ་སྨིན་གྱི་རིགས་འཛིན་ཞེས་རྒྱུའི་ཐེག་པའི་མཐོང་ལམ་པ་དང་དགོངས་པ་མཉམ་པ་དང༌། རྒྱུའི་ཐེག་པའི་ས་བརྒྱད་པ་ལ་གནས་པའི་བྱང་སེམས་དང་དགོངས་པ་མཉམ་ཞིང་སྐྱེ་བ་ལ་རང་དབང་ཅན་ཚེ་དབང་གི་རིགས་འཛིན་དང༌། རྒྱུའི་ཐེག་པའི་ཐར་ལམ་པ་དང་


JLAZ005_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་མཉམ་པ་ཕྱག་རྒྱ་ཆེན་པོའི་རིགས་འཛིན་དང༌། རྒྱུའི་མཐར་ཐུག་ཀུན་ཏུ་འོད་དང་དགོངས་པ་མཉམ་པའི་ལྷུན་རིག་འཛིན་འདི་དག་ལ་མིང་གི་རྣམ་གྲངས་རིམ་པ་བཞིན། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་དང༌། འབྱེད་པའི་རྣལ་འབྱོར་དང༌། རྟོགས་པའི་རྣལ་འབྱོར་ཞེས་ཀྱང་གྲགས་སོ། །གྲུབ་ཀྱི་རིགས་འཛིན་ལ་སོགས་ཏེ་རིགས་འཛིན་བཞིའི་ས་ལ་སྨོན་པའོ། །ཤློ་ཀ་གསུམ་པས། བདག་ལ་འབྲེལ་བ་ཐོགས་པ་དང་གདུལ་བྱར་གྱུར་པ་ཐམས་ཅད་སྔགས་ལམ་གྱི་ས་ཁྱད་པར་ཅན་ཡེ་ཤེས་བླ་མའི་ས་ནོན་ཏེ་ཕྱིར་མི་ལྡོག་པར་སྨོན་པའོ། །གཉིས་པ་བདེན་པའི་ས་ལ་གནས་པའི་བྱང་སེམས་ཚུལ་ཁྲིམས་རྣམ་པ་གསུམ་ཡོན་ཏན་གྱི་གཞི་རྟེན་དུ་བྱས་ནས་བདེན་གཉིས་ཟུང་འཇུག་གི་ལམ་ལྔ་ས་བཅུ་བགྲོད་ཅིང༌། བྲལ་བྱའི་དྲི་མ་ནི་ས་བདུན་པ་མན་ཆད་ལ་བུད་མེད་ངན་པའི་མངལ་ན་གནས་པའི་མི་བདག་དང༌། དག་པ་ས་གསུམ་ལ་གནས་པ་འདམ་གྱི་དབུས་ན་གནས་པའི་གསེར་གྱི་དཔེར་རྒྱུད་བླ་མ་ལས་བཤད་པ་ལྟར་དང༌། བྲལ་འབྲས་ནི་དག་པ་གཉིས་ལྡན་གྱི་སངས་རྒྱས་སོ། །རྣམས་ལ་སྨོན་པ་ནི། བྱང་ཆུབ་སེམས་དཔའ་དེ་དག་ལ་ཉོན་མོངས་པའི་སྒྲིབ་པ་མངོན་གྱུར་པ་མེད་ཀྱང༌། ཤེས་བྱའི་སྒྲིབ་པ་ཕྲ་མོ་ཙམ་མཆིས་པ་དག །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གཉེན་པོ་གཞུ་བདུངས་པ་ལྟ་བུས་བཅོམ་ནས། ས་


JLAZ005_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་སྤྲོས་བྲལ་གྱི་ངང་དུ་རིམ་གྱིས་རྫོགས་ཏེ་རྒྱུའི་ཐེག་པའི་མཐར་ཐུགས་ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་པར་སྨོན་པ་སྟེ། དེ་ལྟར་བདེན་པའི་ས་ཆེན་ལ་གནས་པའི༔ ཞེས་པའི་ཤློ་ཀས་སོ། །གསུམ་པ་ནི། རང་རྒྱལ་རྣམས་ཉན་ཐོས་པའི་གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ། བདག་གི་གཟུང་ཆ་རྡུལ་ཕྲ་རབ་ཀྱང་རང་བཞིན་མེད་པར་རྟོགས་ནས། རྟེན་འབྲེལ་ཡན་ལག་བཅུ་གཉིས་བསེ་རུ་དང་ཚོགས་སྤྱོད་ཆེ་ཆུང་གསུམ་གྱིས་དབྱེ་བས་ཚོགས་བསྐལ་ཆེན་བརྒྱ་ནས་མི་ཚེ་བཅོ་ལྔ་མན་ཆད་ཀྱིས་བསྡུས་པ་བསགས་པའི་རྟེན་དེ་ཉིད་ལ་བྱང་ཆུབ་ཐོབ་པའི་སྐལ་བ་མེད་པར་ཤེས་ནས་ཉན་ཐོས་ཀྱི་སྡེ་སྣོད་ལ་ཐོས་བསམ་མཁས་པར་བྱས་ཏེ། སྨོན་ལམ་རྣམ་པ་གསུམ་བཏབ་པ་ལ་བརྟེན་ནས་སྐྱེ་བ་དེའི་འོག་ཏུ་སངས་རྒྱས་དང་ཉན་ཐོས་མེད་པའི་འཇིག་རྟེན་དུ་སྐྱེས་ཏེ་དུར་ཁྲོད་ཀྱི་རུས་པ་མཐོང་མ་ཐག་ཡིད་བྱུང་ནས། ཀྱེ་མ་རུས་པ་འདི་དག་ཅི་ལས་བྱུང་རྒ་ཤི་ལས་བྱུང༌། རྒ་ཤི་ཅི་ལས་བྱུང་སོགས་རྟེན་འབྲེལ་ལུགས་འབྱུང་དུ་བརྟགས་པའི་མཐར། འདི་ལས་ཇི་ལྟར་ཐར་བར་བྱ་སྙམ་པ་ལས། ཡང་མ་རིག་པ་འགག་ནས་རྒ་ཤིའི་བར་དུ་འགགས་པས་རྟེན་འབྲེལ་ལུགས་ལྡོགས་རྩ་བ་ཆོད། སྦྱོར་ལམ་ལ་སོགས་པའི་ལམ་གྱི་རྟོགས་པ་རང་བྱུང་དུ་རྒྱུད་ལ་སྐྱེ་སྟེ་སྒོམ་ལམ་གྱི་མཐར་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་གཉིས་མངོན་དུ་བྱས་ཏེ་དགྲ་བཅོམ་ཐོབ་པ་ཡིན་ནོ། །ལུགས་འབྱུང་ལུགས་ལྡོག་ཏུ་སྒོམ་ནས་མཐར་ཐུག་གི་འབྲས་བུ་བསེ་རུ་ལྟ་བུ་གཅིག་པུར་གནས་པའམ། ནེ་ཙོ་ལྟ་བུར་ཚོགས་ན་གནས་པ་གཉིས་གང་ཡང་རུང་བའི་སངས་རྒྱས་མངོན་དུ་བྱེད་པར་སྨོན་ཏེ། རང་རྒྱལ་རྣམས་ཀྱང་རྟེན་འབྲེལ་བཅུ་གཉིས་པོ༔ སོགས་


JLAZ005_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཤློ་ཀ་བརྗོད། འདི་ལྟར་མ་གོ་བ་རྣམས་ཀྱིས་ནེ་ཙོ་དང་བསེ་རུ་ཞེས་དུད་འགྲོའི་སྐྱེ་བ་ལ་སྨོན་པ་མཐོང་ཞིང་དེ་ནི་ཤིན་ཏུ་རྨོངས་ཏེ། དུད་འགྲོ་ལ་སོགས་པའི་ངན་འགྲོའི་རིགས་ལ་སྨོན་ཡང་མ་དགོས་ཏེ་རང་རང་གིས་སྙིགས་མའི་བརླང་སྤྱོད་ཀྱི་འབྲས་བུས་དེ་དག་ཏུ་རྩོལ་བ་མ་དགོས་པར་འཕེན་པ་སྲིད་དོ། །དེ་ལ་ཅིའི་ཕྱིར་རང་སངས་རྒྱས་བྱ་ཞེ་ན། འདི་ལ་བཤད་ཚུལ་མི་འདྲ་བ་བཞི་ཙམ་ཡོད་ཀྱང་བྱང་ཆུབ་སེམས་དཔའ་ལྟར་སེམས་ཅན་མང་པོའི་དོན་དུ་སེམས་མི་བསྐྱེད་པར། རང་འབའ་ཞིག་ཐར་བར་བྱ་བས་དེ་སྐད་ཅེས་བྱ་བར་འཐད་དོ། །བཞི་པ་ནི། ཉན་ཐོས་པ་རྣམས་བདེན་པ་བཞིའི་ལམ་ལ་ཞུགས་ནས་གང་ཟག་གི་བདག་མེད་བསྒོམས་ནས་འཁོར་བའི་རྒྱུན་བཅད་དེ་དགྲ་བཅོམ་པའི་དཔལ་མགོན་འཕགས་པ་དབྱིག་གཉེན་གྱིས། །ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་སོ་སོ་ཐར་པའི་ཚུལ་ཁྲིམས་གཞི་རྟེན་དུ་བྱས་ནས། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་འབྲེལ་བཅུ་གཉིས། གནས་དང༌། གནས་མ་ཡིན་པ་སོགས་ལ་མཁས་པར་བྱས་ཏེ། བདེན་པ་བཞི་གཙོ་བོར་བཏོན་པའི་ལམ་ཏུ་འཇུག་ཅིང༌། ཚོགས་ལམ་ཆུང་ངུའི་དྲན་པ་ཉེར་


JLAZ005_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་ནས་བཟུང་སྟེ་སྒོམ་ལམ་ལ་ཐུག་གི་བར་ལམ་བགྲོད་པའི་རྗེས་ལ་དེ་ཉིད་ཀྱིས། ཟད་དང་མི་སྐྱེས་ཤེས་པ་ཡི། །བྱང་ཆུབ་ཅེས་པ་ལྟར་ཡེ་ཤེས་ཉིས་ལྡན་གྱི་འབྲས་བུ་དགྲ་བཅོམ་མངོན་དུ་བྱེད་ལ། དེ་ལྟར་ཉན་རང་གི་དགྲ་བཅོམ་དེ་དག་ལྷག་མེད་དུ་འདས་ནས། འགོག་པའི་དབྱིངས་ལ་བཞུགས་པ་རང་གི་ལུགས་ལ་རྟག་པར་མི་གཡོ་བར་འདོད་ཀྱང༌། ཐེག་ཆེན་པས་གཞལ་ན། སྔར་ཚོགས་ཇི་ཙམ་བསགས་པའི་ཡུན་དུ་བློའི་འཇུག་པ་ཞི་བར་ཐིམ་ཡང༌། དེ་ནས་བདེ་བ་ཅན་ལ་སོགས་པའི་དག་ཞིང་དུ་སྐྱེ་བ་པདྨོའི་སྦུབས་སུ་བཟུང་ནས་མ་རིག་པའི་བག་ཆགས་དང་ཤེས་བྱའི་སྒྲིབ་པ་ཕྲ་མོའི་མཐུས་ལོ་བདུན་དུ་པདྨོ་ཁ་ཟུམ་ནས་གནས་པའི་དུས། ཞིང་དེའི་སངས་རྒྱས་ཀྱི་ཐུགས་རྗེའི་མཐུས་པདྨོ་ཁ་འབྱེད་ཅིང་ཏིང་ངེ་འཛིན་དེ་ལས་བསླངས་པས། ཐེག་པ་ཆེན་པོ་ལ་འཇུག་པའི་སྤྲོ་བ་སྐྱེས་ཏེ་སེམས་བསྐྱེད་ནས་ལམ་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་སངས་རྒྱ་བ་ལངྐར་གཤེགས་པ་དང༌། པདྨ་དཀར་པོ་ལས་བཤད་དོ། །འབྲས་བུ་ཐོབ་པར་སྨོན་པ་སྟེ། ཉན་ཐོས་རྣམས་ཀྱང་བདེན་པ་བཞི་ཡི་དོན༔ མཐར་ཐུག་དགྲ་བཅོམ་འབྲས་བུ་ཐོབ་གྱུར་ཅིག༔ ཅེས་པའོ། །དེ་ལ་གང་གི་ཕྱིར་ཉན་ཐོས་བྱ་ཞེ་ན། འདི་ལ་སྒྲ་དོན་འགྲེལ་ལུགས་ཐ་དད་དུ་སྣང་ཡང་རང་སངས་རྒྱས་ལྟར་དགེ་བའི་བཤེས་གཉེན་གྱི་བཀའ་ལ་མི་བརྟེན་པ་མ་ཡིན་གྱི། འབྲས་བུ་ཐོབ་ཁར་ཡང་སངས་རྒྱས་ཀྱི་ལུང་ལ་བརྟེན་ཅིང་ཉན་པར་བྱེད་པས་ན་པྲ་བ་ཀའམ། ཉན་ཐོས་ཞེས་བྱའོ། །ལྔ་པ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པ་དང༌། དེའི་མཐུ་ལས་གནས་སྐབས་ཙམ་གྱི་བདེ་འབྲས་ལྷ་མི་སྟེ་མཐོ་རིས་ཀྱི་གོ་འཕང་ཐོབ་ཅིང༌། དེ་ཡང་ལོག་ལམ་དུ་མི་ཞུགས་པར་ཆོས་སྤྱོད་བཅུའི་བྱ་བ་ལ་བརྩོན་ཞིང་སངས་


JLAZ005_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བསྟན་པའི་སྲོག་ཤིང་འཛིན་པར་སྨོན་པ་སྟེ། ཁམས་གསུམ་འགྲོ་བ་མ་ལུས་ཐམས་ཅད་ཀྱང་༔ ཞེས་པ་ནས། སངས་རྒྱས་བསྟན་པའི་སྲོག་ཤིང་འཛིན་གྱུར་ཅིག༔ ཅེས་པ་ཡན་ཆོད། དྲུག་པ་ནི། བསྟན་པ་འཛིན་སྐྱོང་སྤེལ་བའི་སྐྱེས་བུ་དམ་པ་དང༌། དགེ་བའི་བཤེས་གཉེན། རྡོ་རྗེའི་མཆེད་ལྕམ་ལ་སོགས་པ་རྣམས་སྐུ་ཚེ་རིང་ཞིང་ཆབ་སྲིད་བརྟན་པར་སྨོན་པ་སྟེ། བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པ་ཡི༔ ཞེས་ནས། བསྟན་པའི་སྒྲོན་མེ་ཡུན་རིང་གནས་གྱུར་ཅིག༔ ཅེས་པའི་བར་རོ། །བདུན་པ་ནི། བདག་ཅག་དཔོན་སློབ་ཡོན་མཆོད་དང་བཅས་པ་ཐམས་ཅད་འཇིག་རྟེན་འདིར་ཡང་བསམ་པའི་དོན་ཡིད་བཞིན་དུ་འགྲུབ་པ་དང༌། ཚེ་འཕོས་ནས་ཀྱང་སེམས་ཅན་ཐམས་ཅད་སྐྱོབ་པར་ནུས་པའི་བླ་མ་དང་དགེ་བའི་བཤེས་གཉེན་ཁྱད་པར་ཅན་དུ་གྱུར། ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་ཞིང༌། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་སྟེ་བསྡུ་བ་རྣམ་པ་བཞིའི་སྒོ་ནས་འགྲོ་དོན་བྱེད་པར་སྨོན་པའི་ཚིག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱིས༔ ཞེས་པ་ནས། བསྡུ་བ་རྣམ་བཞིའི་འགྲོ་དོན་བྱེད་པར་ཤོག༔ ཅེས་པའི་བར་དང༌། བརྒྱད་པ་ནི། རྡོ་རྗེ་ཐེག་པ་བཀའ་བཙན་པ་ཞེས་འཆོལ་པོར་མ་སྤྱད་པའི་སྒོ་ནས་ཕྱོགས་རྣམས་


JLAZ005_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང༌། དུས་ཐམས་ཅད་དང༌། གནས་སྐབས་ཐམས་ཅད་དུ་ཤིན་ཏུ་དར་རྒྱས་ཆེ་བ་དང༌། དེའི་མཐུ་ལས་ཡུལ་དང་རིས་སུ་མ་ཆོད་པའི་རྒྱལ་ཁམས་ཐམས་ཅད་དུ་བདེ་ལེགས་ཕུན་སུམ་ཚོགས་པར་འབྱུང་བར་སྨོན་པ་སྟེ། རྡོ་རྗེ་ཐེག་པ་བཀའ་བཙན་བྱིན་ཆགས་ཤིང་༔ ཞེས་པ་ནས། བཀྲ་ཤིས་དཔལ་འབྱོར་བདེ་ལེགས་ཕུན་སུམ་ཚོགས༔ ཞེས་པའི་བར་རོ། །དགུ་པ་ནི། ཕྱོགས་དུས་གནས་སྐབས་ཀུན་ཏུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང༌། དེའི་མཐུ་ལས་སེམས་ཅན་ཐམས་ཅད་ནད་མཚོན་མུ་གེ་དམག་འཁྲུག་ལ་སོགས་པ་རྒྱང་རིང་པོར་དབེན་ཞིང་ཤིན་ཏུ་བདེ་ཞིང་སྐྱིད་པར་སྨོན་ནས་མཇུག་བསྡུ་བ་སྟེ། ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ༔ སོགས་ནས། བདག་གཞན་དོན་འབྲས་ལྷུན་གྱིས་གྲུབ་པར་ཤོག༔ ཅེས་བརྗོད་དོ། །དེ་ལྟར་སྨོན་ལམ་གྱི་དོན་བཀྲལ་བ་ལ་དགོས་པ་ཅི་ཡོད་ཅེ་ན། ཚིག་དོན་རྣལ་མར་མ་གོ་བ་རྣམས་ཀྱིས་གོ་བ་ཕྱིན་ཅི་ལོག་ལ་བརྟེན་སྨོན་ལམ་གོ་འཛོལ་དུ་འདེབས་པ་ལས་ལྡོག་ཕྱིར་རོ། །གཉིས་པ་ལ་གསུམ། སྨོན་ལམ་གཞན་གྱིས་ཁ་འཕངས་པ་དང༌། སྨོན་ལམ་དེ་དག་ཇི་ཙམ་དུ་འདེབས་པའི་ཚད། ཆོ་ག་དང་སྨོན་ལམ་ཐམས་ཅད་ལ་དམིགས་པ་དང་བསམ་པ་གཙོ་ཆེ་བར་གདམས་པའོ། །དང་པོ་ནི། གཞུང་ལས། ཞེས་པ་རྣམས་དང་གཞན་ཡང་གང་


JLAZ005_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

འོས་ཀྱིས༔ སྨོན་ལམ་རྒྱས་བསྡུས་སྐབས་དང་སྦྱར་ལ་གདབ༔ ཅེས་དངོས་བསྟན་གྱིས་མཇུག་ཏུ་སྨོན་ལམ་རྒྱ་ཆེར་འདེབས་པ་ཞལ་གྱིས་འཕངས་པ་ལྟར། ཕལ་པོ་ཆེའི་མདོ་ལས། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་བསྐལ་བ་དང་བསྐལ་བར་འབྱམ་ཀླས་པ་ཉིད་དང་འཇིག་རྟེན་གྱི་ཁམས་གཅིག་ཏུ་བརྒྱུད་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་བསྣན་ཏེ། མངོན་པར་བརྗོད་པའི་ཕྱིར་ཚིགས་སུ་བཅད་པས་སྨོན་ལམ་བཏབ་པ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་གསུངས་པའི་སྨོན་ལམ་གྱི་རྒྱལ་པོ་བཟང་པོ་སྤྱོད་པ་ཞེས་གངས་ཅན་འདིར་ཉི་ཟླ་ལྟར་གྲགས་པ་འདི་ཤིན་ཏུ་རྨད་དུ་བྱུང་བའི་སྨོན་ལམ་ཞིག་སྟེ། རྒྱུ་མཚན་ནི། རང་གཞུང་ལས། ལན་ཅིག་ཙམ་ཡང་དད་པ་སྐྱེས་པ་ནི། །སོགས་གསུངས་པ་ལྟར་དང༌། ལོ་ཆེན་བཻ་རོའི་རྣམ་སྤྲུལ་གཡག་སྡེ་པཎ་ཆེན་ལ་བྱ་བྲལ་བ་ཞིག་གིས། གཞུང་ས་རགས་གོང་རྡོ་རྗེས་གུང་ཐང་མེ་ཏོག་མཆོད་པ་ལན་བཅུ་ཙམ་བསྒྲུབས་གདའ་བ། འདི་ཀུན་བསོད་ནམས་ཆེ་བར་གླེང་གི་འདུག་ལགས་ཞུས་པས། པཎ་ཆེན་གྱིས་གསུངས་ནས། དེ་འདྲའི་བསོད་ནམས་ལས་ཁོ་བོས་བཟང་སྤྱོད་ཚར་གཅིག་བཏོན་ནས་ཉལ་བ་བསོད་ནམས་ཆེ་ཞིང་དཀའ་ལས་ཆུང་གསུངས་པ་ལྟར། བྱ་སླ་དོན་ཆེན་གྱི་


JLAZ005_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་ཁྱད་པར་ཅན་འདི་དང༌། བྱང་ཆུབ་བསྒྲུབ་པའི་ཐབས་ལ་ཐེག་པ་བདེ་བ་དང༌། ལམ་བདེ་བ་དང༌། འཇུག་པ་བདེ་བ་ལ་སོགས་ཀྱིས་མཁས་པ་ཨཱརྱ་མཻ་ཏྲིས་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབས་པའི་ཚེ་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་བླ་གོས་ཕྲག་པར་གཟར། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཕ་མཐའ་མི་དཔོགས་པར་བཏབ་པས་བྱམས་པའི་སྨོན་ལམ་དུ་གྲགས་པ་དང༌། རིག་འཛིན་རྒོད་ལྡེམ་པས་བྲག་རི་དུག་སྦྲུལ་སྤུངས་པ་ནས་ཕྱུང་བའི་དགོངས་པ་ཟང་ཐལ་རྒྱུད་ཀྱི་སྨོན་ལམ་ལ་སོགས་པ་ཅི་འགྲུབ་ཏུ་བྱའོ། །གཉིས་པ་ནི། དེ་ལྟར་སྨོན་ལམ་ཐམས་ཅད་རང་ཉིད་གཅིག་པུ་ཞི་བདེ་ཙམ་གྱི་ཆེད་དང༌། དུས་དང་བསྐལ་པ་ལ་མཐའ་མི་བཀག་པར་རྒྱ་ཆེ་མུ་མེད་ཀྱི་བསམ་པས་འདེབས་པ་ཡིན་ཏེ། བཟང་སྤྱོད་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སོགས་ཤོ་ལོ་ཀས་གསལ་བར་བསྟན་པ་ལྟར་རོ། །ཁ་ཅིག་དེ་ཙམ་དུ་སྨོན་ལམ་འདེབས་པ་ལ་རྟེན་གྱི་མི་ཁོམ་པར་རྟོག་རིག་འཇུག་སྟེ། དེ་ནི་མ་ཡིན་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཐུ་དང༌། སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་དང། གདུལ་བྱ་རྣམས་ཀྱི་དཀར་པོའི་བག་ཆགས་ཀྱི་ས་བོན་གྱི་དབང་ལས་རྟེན་མེད་ཀྱང་སྨོན་ལམ་རིང་པོའི་མཐར་ཡང་འགྲུབ་སྟེ། དཔེར་ན་དྲང་སྲོང་སྨོན་ལམ་འགྲུབ་པས་མ་འོངས་པའི་དུས་ན་སྨོན་ལམ་བཏབ་པ་དག །དྲང་སྲོང་ཤི་


JLAZ005_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡུན་རིང་པོ་འདས་ཀྱང་སྨོན་ལམ་འགྲུབ་པར་གྱུར་པ་ལ་རྟེན་མི་དགོས་པ་བཞིན་ནོ། །གསུམ་པ་ནི། སྤྱིར་དགེ་བའི་ཆོས་ཐམས་ཅད་ལ་ལྷན་ཅིག་སྐྱེས་པའི་མ་རིགས་པས་མ་བསླད་པར་བྱ་དགོས་པའི་སྙིང་པོ་ནི་ཤེས་བཞིན་གྱི་དྲན་པ་ཡིན་པས་ཤིན་ཏུ་གལ་ཆེ་མོད། ལྷག་པར་བསྐྱེད་རྫོགས་ཀྱི་ལམ་སྤྱི་དང༌། བྱེ་བྲག་ཏུ་ཚེ་འདས་ཀྱི་རྗེས་འཛིན་ལ་སོགས་པ་འདི་ལྟ་བུའི་སྐབས་སུ་དམིགས་པ་སོགས་གང་ཡང་མེད་པར། ཉོན་མོངས་དང་འདྲེས་པའི་འཕྲོ་རྒོད་ཀྱི་རྟོག་པ་ཕྱིན་ལོག་དང༌། བཏང་སྙོམས་ལུང་མ་བསྟན་གྱི་དབང་དུ་མི་གཏོང་བར། མགོ་ཚུགས་པ་ནས་མཇུག་མ་འཁྲིལ་གྱི་བར་དུ་ཐད་ཀ་ཐད་ཀའི་དོན་ལ་ངེས་ཤེས་འདྲོངས་པ་དང༌། དམིགས་པ་གསལ་ཞིང་སེམས་མ་ཡེངས་པ་ཤིན་ཏུ་གལ་ཆེ་སྟེ། རྒྱལ་བ་ཡང་དགོན་པས། འོད་གསལ་གྱི་ངང་ལ་བར་དོའི་སེམས་ཅན་དངོས་སུ་གཟིགས་པ་དང༌། ཁྱད་པར་སྐུ་སྐྱེ་སྔ་མའི་བར་དོའི་སྣང་ཚུལ་ཇི་ལྟར་བྱུང་བ་ཐུགས་ཀྱི་དགོངས་ནས་འདི་སྐད་གསུངས་ཏེ། བདུན་ཚིགས་ཀྱི་ཆོ་ག་དག་པ་དང༌། དམིགས་པ་གསལ་བ་དང༌། མ་ཡེངས་པ་བྱས་ཙ་ན་ཉམས་དགའ་ཤེས་པ་གསལ། སྡོད་སྙིང་འདོད། རིག་པ་ལྷན་ནེར་ཕེབས་པ་འོང་བར་འདུག །སེམས་ཡེངས་པ་དང༌། ཆོ་ག་མ་དག་པ་ལ་ཤེས་པའི་འཚུབས་ཤིང༌། ཅི་ཞིག་ན་འཇིགས་སྐྲག་གིས་བསྐྱོད་དེ་རང་


JLAZ005_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་པར་འགྲོ་བ་འདུག་གོ །བདུན་ཚིགས་ལ་གཤེད་ཕྲལ་བས་མི་ཕན་ལྕགས་འབྲལ་བ་གལ་ཆེའོ། །མིང་བཞིའི་རྣམ་པར་ཤེས་པ་མཆོག་ཏུ་གྱུར་པ་ཡིན་པས་མིང་བྱང་འདྲི་བའི་རྒྱུ་མཚན་ནོ། །གཏི་མུག་ཤས་ཆེ་བའི་གཉེན་པོར་རླུང་ལ་ས་གཏོར་དགོས་པས། གཏི་མུག་ཡེ་ཤེས་ཀྱི་མེས་བསྲེག་པའི་རྟེན་འབྲེལ་དུ་བྱེ་མ་རྔོས་པས་འབྲབ་པ་ཡིན་ནོ། །དེ་ལྟ་བུའི་བདུན་ཚིགས་ཟབ་མོ་བླ་མ་ཐུགས་རྗེ་ཅན་གྱིས་སློབ་མ་དམ་ཚིག་ཅན་གྱི་དོན་དུ་ཆོ་ག་དག་ཅིང༌། ཏིང་ངེ་འཛིན་གསལ་བར་བྱས་ན་བར་དོའི་རྟེན་བཟང་ཞིང་ཤེས་པ་གསལ་བས། བག་ཆགས་བགོ་སླ་བའི་རྟེན་འབྲེལ་གྱི་འཚང་རྒྱ་བར་གསུངས་སོ། །རྡོ་རྗེ་ཐེག་པའི་ཉེ་ལམ་ཐུན་མོང་མ་ཡིན་པ་ཡིན་ལ་གཞན་ཡང་ཡུན་རིང་དུ་ལོན་པའི་རུས་པའང་མིང་ནས་བརྗོད་ཅིང་དབང་བསྐུར། གཟུངས་སྔགས་བཟླས་པས་ལས་ཀྱི་སྒྲིབ་པ་འཛད་ཅིང་ངན་སོང་ལས་ཐར་བར་བཤད་དེ། སྦྱོང་རྒྱུད་ནས། ཀྱེ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པ་གང་ཡིན་པ་དེ་དག་གི་མིང་ལ་ཡང་དབང་བསྐུར་ཅིག །གང་གཟུགས་བསྙན་ལ་ཡང་དབང་བསྐུར་བར་བྱོས་ཤིག །མཆོད་རྟེན་ལ་ཡང་དབང་བསྐུར་བར་བྱོས་ཤིག །རང་གི་ལྷའི་སྐུ་ལ་ཡང་དབང་བསྐུར་བར་བྱོས་ཤིག །ཆུང་དུ་ན་དེར་རིགས་མཐུན་པ་དང་དེའི་བུ་དང༌། དེའི་རུས་མཐུན་པ་དང༌། དེའི་མིང་འཛིན་པའམ་བྲན་ལ་ཡང་དབང་བསྐུར་ཅིག །


JLAZ005_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་བདུན་དུ་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ན་གདོན་མི་ཟ་བར་ཞག་བདུན་གྱིས་ངན་སོང་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་གསུངས་ཤིང༌། འདི་ལྟར་མཽངྒལ་གྱི་བུས་མ་དམྱལ་བ་ནས་བཏོན་པ་དང༌། ཨ་ཙར་དཔལ་དབྱངས་ཀྱིས་མ་དམྱལ་བ་ནས་བཏོན་པ་ལྟ་བུའོ། །གཞན་ཡང་དེའི་དོན་དུ་དགེ་བ་བྱས་ཤིང༌། དགེ་བའི་བཤེས་གཉེན་གྱིས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་བྱས་ན་བྱེད་མཁན་གྱི་བསམ་པ་རྣམ་པར་དག་པའི་སྟོབས་དང༌། ཆོས་ཀྱི་དབྱིངས་ཅི་ཡང་མ་ཡིན་པ་ལ་ཅིར་ཡང་བྱར་བཏུབ་པའི་བྱིན་རླབས་དང་སངས་རྒྱས་ཀྱི་ཐུགས་རྗེ་དང་སེམས་ཅན་གྱི་ཁམས་དབྱེར་མེད་པའི་ཆོས་སྐུའི་བྱིན་རླབས་དང༌། བསྔོ་བ་དང་སྨོན་ལམ་རྣམ་པར་དག་པའི་བྱིན་རླབས་ཀྱི་སྟོབས་ཀྱིས་རྣམ་སྨིན་གྱི་འབྲས་བུ་མི་བསྐྱེད་ཀྱང༌། སྐྱེས་བུའི་བྱེད་པ་དྲི་མ་མེད་པའི་དབང་འབྲས་འབྱུང་སྟེ། བར་དོའི་སེམས་ཅན་དེ་ངན་འགྲོར་སྐྱེ་ངེས་པ་ཡིན་ཡང་མཐོ་རིས་སུ་འགྲོ་སྟེ། དཔེར་ན་ལམ་དུ་ཞུགས་པའི་གྲོགས་ཀྱིས་བསྒྱུར་བ་བཞིན་ནོ། །དེ་ཡང་ཚེ་འདས་དེ་ལ་ཞག་བདུན་བདུན་གྱི་ཁོངས་སུ་འཆི་བའི་སྡུག་བསྔལ་རེ་རེའང་ཞག་ཞེ་དགུའི་བར་དུ་འབྱུང་ཕྱིར་ད་ལྟ་བདུན་ཚིགས་བྱེད་པ་དེ་ལས་སྐྱོབ་ཕྱིར་ཡིན་མོད། དེས་ན་དམིགས་པ་གསལ་མི་གསལ་དང་བསམ་པ་དག་མ་དག་ཙམ་གྱིས་ཁྱད་ལ་གཤིན་པོ་


JLAZ005_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཕན་གནོད་ཀྱི་ཁྱད་པར་དེ་ཙམ་འབྱུང་བར་གསུངས་པས་ན། དེ་ཉིད་བར་དོར་སྡུག་ཐུག་པའི་གནས་སྐབས་ཡིན་ཕྱིར་དེ་དག་གི་སྣང་ཚུལ་ལ་བསམས་ནས་སྙིང་རྗེའི་བསམ་པ་དང་གྲགས་པས་ཀུན་ནས་བླངས་ཏེ་ཆོ་ག་དང་དམིགས་པ་ལ་གནད་དུ་བཀར་ནས་དོན་གཉེར་ཆེན་པོ་བྱས་ན། གཤིན་པོ་དེ་ལ་ཕན་ཐོགས་ཤིན་ཏུ་ཆེ་ཞིང་རང་གཞན་གཉིས་ཀ་མ་བསླུས་པ་ཡིན་མོད། ཚུལ་དེ་ལྟ་བུ་དང་མི་ལྡན་ཕྱིན་ཆད། འཇིག་རྟེན་ཚུལ་མཐོང་བྱིས་པའི་སྣང་ངོར་སྣང་རིག་ཇི་ལྟར་བཀྲ་ཡང་དེ་འདྲེའི་ཆོ་ག་དང་ངོ་སྤྲོད་ལ་དགེ་མཚན་ཆེ་བར་མ་མངོན་ཏེ། རྗེ་བཙུན་མི་ལས། མི་ཤི་བའི་རོ་ཡི་མགོ་བོ་ན། །ནོར་འདོད་པའི་བན་བོན་གླུ་དབྱངས་ལེན། །ཞེས་གསུངས་པའང་གནས་སྐབས་སུ་དོན་ལ་གནས་ཤིང༌། མཐར་ཐུག་ནི་བདག་གཞན་གཉིས་ཕུང་ལས་མ་འདས་ཏེ། ཅིའི་ཕྱིར་ན་རེ་ཞིག་ཅིག་ན་དཀོར་དང་ལན་ཆགས་ཀྱི་རྣམ་སྨིན་ཁུར་བས་མི་ཐེག་པ་ཞིག་རང་ཐོག་ཏུ་འབྱུང་སྟེ། རྒོད་ཚང་སྣ་ཚོགས་རང་གྲོལ་གྱི་མནལ་ལམ་དུ་བར་དོར་བྱོན་པའི་ཉམས་སྣང་ལ། གཤེད་མ་བནྡེའི་གཟུགས་ཅན་འཇིགས་སུ་རུང་བ་ཞིག་ན་རེ། དེང་སང་ཁྱེད་ཅག་བླ་མ་མཁན་སློབ་དང༌། །དགེ་འདུན་མིང་བཏགས་ཆོས་པའི་གཟུགས་བཟུང་ནས། །ཤི་གསོན་ཀུན་གྱི་སྐྱབས་ཡུལ་བྱེད་མཁན་ཚོ། །ཕ་མར་གྱུར་པའི་སེམས་ཅན་སྲོག་བཅད་པའི། །


JLAZ005_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ལ་ལྟོ་ཡི་དངས་མ་བྱེད་ནུས་པའི། །སྙིང་སྟོབས་འདི་འདྲའི་ཆེ་ལུགས་ཨ་ལ་ལ། །གློ་བ་ཁྲག་གིས་བརྒྱངས་བའི་ཞིམ་ཤ་དང༌། །མཆིན་པ་འཁྱགས་ལ་བོར་བའི་མཚར་ཟས་དང༌། །གསོན་ཁྲག་ཚོད་མར་བྱས་པའི་བཞེས་སྤྲོ་སོགས། །ཁྱེད་ཅག་བཙུན་པ་རྣམས་ཀྱིས་ཟ་ལུགས་ལ། །ཤ་ཁྲག་ཟས་ལ་གཅན་གཟན་བས་ཀྱང་ཧམ། །ཆང་རག་འཐུང་ལ་སྦུར་གོག་བས་ཀྱང་སྲེད། །དཀོར་ཆས་འཚོལ་ལ་ཡི་དྭགས་བས་ཀྱང་མུག །ད་དུང་དགེ་སློང་ཡིན་པར་ཁས་ལེན་ནམ། །ལྷུང་བཟེད་ཐོགས་བཞིན་ཤ་ཁྲག་ཟ་ལུགས་དང༌། །ཆོས་གོས་ཤམ་ཐབས་ཆང་གིས་སྦང་ལུགས་དང༌། །ཚོང་ཁེ་ནོར་རྫས་བུད་མེད་འཚོལ་ལུགས་ནི། །དཀོན་མཆོག་གསུམ་ལ་ངོ་ཡང་མི་ཚའམ། །སྦྱིན་བདག་རྣམས་ཀྱི་དཀོར་ལ་ཟ་དུས་སུ། །ཤ་ཟ་ཆང་འཐུང་བྱེད་པའི་སྐྱིད་བུ་དེ། །ལས་ཀྱི་ཁྲིམས་ར་འདི་རུ་སླེབས་དུས་སུ། །སྐྱིད་སྡུག་ཅི་འདུག་ལྟོས་དང་དཀོར་ཟན་ཚོ། །མ་གི་ཤ་ཁང་ནག་པོའི་བཙོན་ཁང་ན། །ཁྱེད་རང་རྣམས་ཀྱིས་ཤ་ཡི་ཟ་ལུགས་དང༌། །བྱེད་ལུགས་མཐུན་པའི་བཀོད་པ་དུ་མ་བཅས། །ཁྱེད་རང་བཙུན་པ་ཚོ་ལ་བྱེད་ཀྱིན་ཡོད། །ལ་ལ་བརྩབས་ཡོད་ལ་ལ་བཏུབ་ཀྱིན་ཡོད། །ལ་ལ་འཚོད་ཅིང་ལ་ལ་འཁྱགས་ལ་བོར། །ལ་ལ་ཁྲམ་གཉག་ཚ་བླུགས་སྲེག་གིན་ཡོད། །ཅེས་ཟེར་ཞིང་དེ་དག་ཇི་ལྟ་བར་གཟིགས་པ་དང༌། ཉིད་ཀྱི་ཤུལ་ཟླ་ལ་ཡང་


JLAZ005_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ནས་ཤི་བའི་གཉེར་ལས་བྱེད་དང་གྲྭ་རྒན་གྲོང་ཆོག་འབའ་ཞིག་ལ་འགྲོ་མཁན་མང་བར་འདུག་གསུངས་པ་སོགས་གཞན་དོན་དུ་མིང་བཏགས་ཀྱང་རང་ཉིད་ལ་ནོམ་པ་ཅུང་ཟད་ཙམ་གྱི་ཆེད་དང༌། བསམ་པ་རྣམ་པར་མ་དག་པའི་སྐྱོན་ཁོ་ན་ཡིན་ཕྱིར། དེ་ལྟ་བུའི་མྱོང་འགྱུར་གྱི་འབྲས་བུ། ཇི་སྐད་དུ། ལས་ནི་ས་ལ་མི་སྨིན། རྡོ་ལ་མི་སྨིན། ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་ཏེ། ཞེས་པའི་དོན་བསམ་པར་བྱ་བའི་སླད་དུ་འདིར་དམིགས་པའི་བྱེ་བྲག་དང་གཏམ་རྒྱུད་ལྟོ་སྦྱར་ནས་ཡུལ་སྐད་ཀྱི་གོ་བདེ་བར་བྱས་ཏེ་བཤད་པ་ལས། མངོན་པའི་ང་རྒྱལ་དང་བཅས་པའི་སྡང་ཞེན་གྱི་ཚིག་རྩུབ་རྣོན་པོས་གཞན་སྙིང་འབུགས་པའི་རྣམ་ཐར་ཙམ་དུ་དོགས་པར་མི་བྱ་སྟེ། འདི་ལྟར་རྒྱུད་དང་མན་ངག་གི་དགོངས་འགྲེལ་མཐའ་དག་ཆིངས་ཆེན་ལྔ་དང་ཡན་ལག་བཞིའི་སྒོ་ནས་རྩ་བ་ཕིགས་པར་འཆད་དགོས་ལ། དེའི་ཕྱིར་རིག་པ་རང་གྲོལ་ལས། ཁྱུང་ཆེན་མཁའ་ལྡིང་ལྟ་བུའི་བློས། །དོན་གྱི་ཁོག་རྣམས་ཕུབ་སྟེ་བཤད། །སྟག་མོའི་མཆོངས་སྟངས་ཤེས་རབ་ཀྱིས། །དོན་གྱི་ས་ཆེན་བཅད་དེ་བཤད། །རུས་སྦལ་ནུར་འགྲོས་ལྟ་བུའི་བློས། །ཡི་གེའི་འབྲུ་རྣམས་ཆོམས་པར་བཤད། །མུ་ཏིག་སྟར་བརྒྱུས་ལྟ་བུའི་བློས། །མན་ངག་དོན་དུ་བསྡེབས་ཏེ་བཤད། །ཅེས་ཡན་ལག་བཞིས་བཤད་ཚུལ་བསྟན་པ་ལྟར་ཚིག་གིས་དོན་བཀྲལ་བའི་ཕྱིར་རོ། །ཨེ་མ་ཚེ་རབས་


JLAZ005_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོའི་བསགས་ཁྱབ་དང༌། །རྩ་བརྒྱུད་བླ་མའི་བྱིན་རླབས་འཛོམ་པ་ལས། །རྣམ་གཡེང་སད་ལ་བསྐུར་བའི་དབེན་མལ་དུ། །སྙིང་པོའི་སྒྲུབ་པ་ལྷུར་ལེན་སྤྲང་པོའི་ལས། །སྡུམ་པར་སྲིད་འདིའི་བགྱི་བ་བསྒྲུབ་པ་ལ། །སྒོ་རྩར་མཚམས་ཐོ་བཞག་པའི་སྙན་གྲགས་རྔ། །བགྲང་བྱའི་དབྱུག་གུས་བརྡུང་བར་མ་ཁོམ་དེས། །ཆོས་བརྒྱད་གད་རྒྱངས་སྒྲོག་པའི་ཁེངས་པ་བསྙལ། །ཀྱེ་ཧོ་རྣལ་མའི་ངག་ལ་ད་དུས་ཀྱི། །ཚུལ་འཆོས་སྐྱེ་བོ་ཕལ་ཆེར་ཁྲེལ་སྲིད་དེ། །ཟང་ཐལ་ཉམས་བཟང་འཕར་བའི་གླུ་ཆུང་ལས། །རྒྱུ་དང་རློམ་སོགས་སྒྲིབ་པར་ཅི་ལ་འགྱུར། །ཅེས་ཀུ་སུ་ལུ་ཉམས་བཟང་འབར་བའི་སྐབས་ཀྱི་གླུའོ།། །།ལྔ་པ་ཐུགས་དམ་བསྐང་བའི་རིམ་པ་ལ་བདུན། ཚོགས་འཁོར་དང་ཚོགས་མཆོད་ཀྱི་རྣམ་དབྱེ། དེ་ཉིད་བཤམ་དགོད། བྱིན་བརླབ། ཕྱི་ནང་གསང་གསུམ་གྱི་བསྐང་བ། ཚོགས་ལྷག་བསྔོ་བ། དེ་ཁོ་ན་ཉིད་ཀྱི་བསྐང་བཤགས། བྱིན་བརླབ་གནས་སྤར་གྱི་རིམ་པའོ། །དང་པོ་ནི། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ན་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང༌། །བགེགས་དང་བར་ཆད་ཞི་བ་དང༌། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང༌། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་གནས་སྐབས་སུ་ཚོགས་གསོག་པ་དང་འགལ་རྐྱེན་སེལ་བ། མཐར་ཐུག་ཞིང་ཁམས་རྣམ་


JLAZ005_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་ལ་བགྲོད་པ་སོགས་མདོར་ན་རྡོ་རྗེ་ཐེག་པའི་འཇུག་སྒོའི་ཟབ་གནད་གལ་པོ་ཆེ་ཞིག་འདི་ཉིད་ཡིན་པ་དང༌། དེ་ལ་ཡང་སྤྱིར་ཚོགས་ཀྱི་འཁོར་ལོ་མཚན་ཉིད་ཚང་བ་ཞིག་བྱ་བ་ལ་གནས་དུས་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པ་གཞུང་ནས་བཤད་ཚོད་དང་མཐུན་པ་ཞིག་དང༌། རྣལ་འབྱོར་པ་རྣམས་ཀྱང་དཀྱིལ་འཁོར་སུམ་ལྡན་གྱི་ནུས་པ་ཅན་ཐབས་ཤེས་ཆ་མཉམ་པར་ཚོགས་ཤིང༌། དེ་ཡང་རབ་ཇི་ཙམ་མང་བའི་ཚོམ་བུ། འབྲིང་ལྷ་གྲངས་དང་མཉམ་པ་ཐ་མའང་གཙོ་བོ་ཡབ་ཡུམ་ཙམ་ཚོགས་དགོས་པར་གསུངས་ཤིང༌། ད་ལྟའི་ལག་ལེན་དཀྱུས་མ་པ་འདི་དག་ལ་ཕོ་རྐྱང་ཚོགས་ན་དཔའ་བོའི་སྟོན་མོ། མོ་རྐྱང་ཚོགས་ན་དཔའ་མོའི་སྟོན་མོ་ཞེས་པ་ལས་ཚོགས་འཁོར་མཚན་ཉིད་པ་མི་འབྱུང་མོད། དེ་ཡང་གསང་སྔགས་ཀྱི་ཆོས་ཟབ་མོའི་ཉེ་ལམ་ལ་འདོད་པའི་ཡོན་ཏན་དང་ཉོན་མོངས་པ་མི་སྤང་ཞིང་བཟང་ངན་གཙང་བཙོག་ཐམས་ཅད་རོ་མཉམ་ཆེན་པོར་ལམ་དུ་ཁྱེར་དགོས་པ་ཡིན་ཚེ་དེ་དག་བློར་མི་ཤོང་བའི་ཐེག་དམན་ཉན་རང་དང༌། བྲམ་ཟེ་སྔགས་ལམ་ལ་མ་ཞུགས་པ། དབང་མ་ཐོབ་པ་རྣམས་དང༌། དམ་ཉམས་ལ་སོགས་པ་ཚོགས་གྲལ་དུ་མི་འཇུག །ཅིའི་ཕྱིར་ན་དེའི་ཟས་དང་སྤྱོད་ལམ་སོགས་བློར་ཤོང་ཞིང་ལམ་དུ་ཁྱེར་ནུས་པ་དགོས་ཕྱིར་རོ། །ཚོགས་ཀྱི་ཡོ་བྱད་ནི་ཤ་དགོངས་འདུས་རང་སྐད་སྨན་གཞུང་དུ། གླང་པོ་ཆེ། རྨ་བྱ། སེང་གེ རྟ་དཀར།


JLAZ005_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཤང་ཤང་རྣམས་དངོས་སམ་ཚབ་རུང་དམིགས་བསལ་སྐུ་ལྔའི་ཐུགས་དམ་སྐོང་བའི་རྫས་སུ་བཤད་དོ། །ལྔ་དང༌། བདུད་རྩི་ལྔ་དང༌། དེ་ཡང་བདུད་རྩིའི་སྒྲུབ་གཞུང་རྣམས་སུ་དྲི་ཆེན་རྣམ་པར་སྣང་མཛད། བྱང་སེམས་རྡོ་རྗེ་སེམས་དཔའ། མཱཾ་ས་རིན་ཆེན་འབྱུང་ལྡན། རཀྟ་སྣང་བ་མཐའ་ཡས། དྲི་ཆུ་དོན་ཡོད་གྲུབ་པ་ཞེས་བཤད་ནས་རང་རང་གི་རིགས་དང་མཐུན་པའི་དངོས་གྲུབ་ཐོབ་པར་གསུངས་སོ། །ཤ་ཆང༌། སྒོག་གསོ་དཔྱད་ཀྱི་གཞུང་རྣམས་སུ་རིག་བྱེད་ཀྱི་གཏམ་རྒྱུད་དང་སྦྱར་ནས་འདི་ལ་ལྷ་མ་ཡིན་གྱི་ཁྲག་ཅེས་བཤད་ལ། དམེ་བར་བལྟ་བའི་རྒྱུ་མཚན་ཡང་དེ་ལྟར་ཡིན་ནོ། །བཙོང༌། ཉ་ཕག་ལ་སོགས་དམན་པ་དང་བཙོག་པར་བལྟ་དགོས་པ་ཐམས་ཅད་ཚོགས་པ་ཡིན་ཕྱིར། དེའི་དབང་གི་ཞིམ་མངར་གཙང་བཙོག་ཐམས་ཅད་ལ་བཟང་ངན་དང་གཙང་དམེའི་གཉིས་རྟོགས་མེད་པར༌། ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ནས་བདུད་རྩིའི་རང་བཞིན་དུ་ལོངས་སྤྱོད་དགོས་པ་སྟེ། བདུད་རྩི་འབྱུང་བའི་རྒྱུད་ལས། ཀླུ་དང་བྲམ་ཟེ་གཙང་མ་ཟ། །དེ་དག་གྲོལ་བར་ངས་མ་བཤད། །ཁྱི་ཕག་གདོལ་བ་མི་གཙང་ཟ། །དེ་དག་གྲོལ་བར་ངས་མ་བཤད། །ཡང་དག་ངེས་པའི་ལུང་འདི་ཉོན། །རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །ཆོས་སྐུ་གཅིག་ལ་ཐ་དད་པའི། །རིགས་ལྔའི་རང་བཞིན་འདི་སྤྱོད་དོ། །དེ་ལྟར་རྟོགས་ན་གྲོལ་བར་བཤད། །ཅེས་གསུངས་པ་དང༌། འོ་ན་མཚན་ཉིད་ཚང་བའི་རྣལ་འབྱོར་པའི་ཚད་གང་གིས་བྱེད་ཅེ་ན། རྒྱུ་ཤེས་པའི་མཚན་ཉིད་ལྟ་བའི་གདེང་དང་ལྡན་པས།


JLAZ005_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བསྒོམས་པའི་སྟོབས་ཀྱིས། ཉོན་མོངས་པ་སྤྱད་ཀྱང་འཆིང་བར་མི་ནུས་ཤིང་ལམ་གྱི་གྲོགས་སུ་གྱུར་པ་རྨ་བྱས་དུག་ཟོས་པ་ལྟ་བུའི་རྣལ་འབྱོར་པ་ཞིག་དགོས་ཏེ། དེས་ལམ་དུ་ཇི་ལྟར་ཁྱེར་སྙམ་ན། སྐྱེ་བོ་ཐ་མལ་པ་ལྟར་ཉོན་མོངས་པ་དང་གཙང་བཙོག་རང་ཁའི་རྗེས་སུ་མི་འབྲེང༌། ཉན་ཐོས་ལྟར་མི་སྤོང༌། རང་རྒྱལ་ལྟར་མི་འགེགས། བྱང་སེམས་ལྟར་མི་སྤྱོད། སྔགས་ཕྱི་པ་ལྟར་མི་བསྒྱུར་བར། དུག་ལྔ་དང་གཙང་བཙོག་འདོད་ཡོན་ལ་སོགས་པ་གང་ཡིན་ཀྱང་དེའི་རང་བཞིན་གྲ་མ་ཆག །གྲུ་མ་ཉམས་པར་ཉམས་སུ་མྱོང་ལ་ཞེན་པའི་མཐའ་ཏིལ་ཤུན་ཙམ་ཡང་མེད་པ་ལྟ་བའི་རྩིས་ཟིན་པ། རང་རྒྱུད་དུ་མ་ཤོར་བ། སྐམ་སྐྱེས་པ་ལ་ལམ་དུ་ཁྱེར་ནུས་པ་ཞིག་ལ་ཟེར་གྱི། ཧེ་བཛྲ་ལས། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆིང་བར་འགྱུར། །དུག་གི་དེ་ཉིད་ཤེས་པ་ཡིན། །དུག་གིས་དུག་ནི་འབིགས་པར་བྱེད། །ཅེས་གསུངས་པ་ལྟར་ཡིན་ལ། དེ་ལྟར་མ་ཡིན་པ་ད་ལྟའི་གདོལ་སྤྱོད་མཁན་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དུག་ལྔ་དང་འདོད་ཡོན་ལ་ཉོན་མོངས་རང་ཁ་མའི་གཤིས་སུ་གསང་སྔགས་ཀྱི་མིང་སྙན་པོའི་གསོབ་ཏུ་ཞུགས་ཏེ། སྦྱོར་བ་ཕྱིན་ཅི་ལོག་གི་ལམ་ལ་འགོམ་པ་དག་གིས་གབ་པའི་གསང་བ་ཇི་བཞིན་མ་རྟོགས་པས་ཏ་ན་ག་ན་ལ་སོགས་པའི་ལམ་སྒྲ་ཇི་བཞིན་པར་སྤྱད་ན།


JLAZ005_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མནར་མེད་པའི་དམྱལ་བ་ཆེན་པོར་བསྐལ་པ་མང་པོར་སྡུག་བསྔལ་མྱོང་དགོས་པ་གསར་རྙིང་གི་རྒྱུད་སྡེ་དུ་མ་ནས་གསུངས་ལ། རཱུ་ཏྲ་ཐར་པ་ནག་པོ་ཡང་གོལ་བའི་རྒྱུ་རྐྱེན་བཤད་མ་ཐག་པ་ཁོ་ནའི་སྐྱོན་ཡིན་པས་སོ། །དེས་ན་ལམ་འཁྱེར་གྱི་དོན་ཕྱིན་ཅི་མ་ལོག་པར་གོ་རྟོགས་མྱོང་བའི་འདུས་པའི་ཚོམ་བུ་ཐབས་ཤེས་སུ་ཚོགས་པའམ། རྐྱང་པར་ཚོགས་པ་ལ་སྔར་བཤད་པ་ལྟར་དེ་དང་དེའི་སྒྲ་བཤད་བཞག་པའོ། །གཉིས་པ་ཚོགས་ཤོམ་ནི། གཏེར་ཁ་འདི་ཁའི་རང་སྐད་ལས། སྣམ་རས་དྲི་མེད་དར་དཀར་གཙང་མའི་གདན༔ རིན་ཆེན་གས་ཆག་མེད་པའི་སྣོད་ནང་དུ༔ ཐབས་ཤེས་རྫས་ཚོགས་གཡོས་སྦྱོར་བཤོས་གཙང་དང་༔ ཤ་མར་ཐུད་སོགས་བཟའ་བ་སྣ་ཚོགས་དང་༔ ཀ་ར་བུ་རམ་ལ་སོགས་ཁ་མངར་སྐྱུར༔ སྟར་ཁ་རྒུན་འབྲུམ་ཤིང་ཏོག་སྣ་ཚོགས་དང་༔ རི་སྒོག་ཀླུང་སྒོག་ཉ་ཉུང་ལ་ཕུག་དང་༔ བྲ་ཁུར་སྣུམ་ཁུར་ཟས་སྣ་མང་པོ་དང་༔ ཤེས་རབ་རྫས་གྱུར་སྨན་རཀ་སུ་ར་དང་༔ སྦྲང་ཆང་བུར་ཆང་ཞོ་དང་འོ་མར་བཅས༔ ཐག་ཐུག་སྤོས་སྦྱོར་བདུད་རྩི་བཏུང་བའི་རྫས༔ མདོར་ན་ཚོགས་འོས་གྱུར་པ་ཅི་འབྱོར་བཤམ༔ ཁྱེའུ་ཕོ་མོ་ཐབས་ཤེས་རྫས་ལ་སོགས༔ གོ་རིམ་མ་ལོག་གཡས་གཡོན་མཛེས་པར་བཤམ༔ ཞེས་གསུངས་པས་མཚོན་ཏེ་མདོར་ན་སྲིད་པའི་འདོད་ཡོན་ལ་གཏོགས་


JLAZ005_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཅོག་དང༌། བྱང་སེམས་དཀར་དམར་ལ་སོགས་དང་དུ་བླང་བའི་རྫས་མཆོག་ཆེན་དང་མཆོག་ཕྲན་ལ་སོགས་པ་ཐམས་ཅད་བཤམ་པའི་འོས་སུ་གྱུར་པ་སྟེ། དེའི་ནང་ནས་ཀྱང་མེད་དུ་མི་རུང་བའི་རྫས་མཁའ་འགྲོ་གསང་བའི་བརྡ་སྐད་དུ་བཱ་ལ་ཞེས་ཤ་དང༌། མ་དཱ་ན་ཞེས་ཆང་གཉིས་གཙོ་བོར་བཤམ་ཞིང༌། འོན་ཀྱང་ཚོགས་རྫས་དང་དགེ་བའི་ཆེད་དུ་ཡིན་ཞེས་སེམས་ཅན་དམིགས་ཕུད་ནས་གསོད་ཅིང༌། གཞན་དུ་དགོངས་དབང་གིས་གསུངས་པའི་གཏམ་རྒྱུད་དང༌། ལུང་འདྲེན་ལ་རེ་བ་འཆའ་བ་ནི་ཤིན་ཏུ་མི་རིགས་ཏེ། འདི་ནི་ཆོས་ལ་དམིགས་པའི་ཉེས་བྱས་ཞེས་སྡིག་པ་ལྷག་པར་ལྕི་བར་བཤད་པས་མཁས་པས་སྤང་ཞིང་གཞན་ལའང་བགྱིད་དུ་མི་སྩལ་ལོ། །གཞན་ཡང་བསྒྲལ་མཆོད་ཀྱི་ཆེད་དུ་མཆོག་ཕྲན་ཞེས་ཟན་ལིང་བཤམས་པའམ། མེད་ན་འོག་ཏུ་ཚོགས་སྤེལ་བའི་སྐབས་སུ་འཆད་པ་ལྟར་དང༌། དེ་ལྟར་ཚོགས་རྫས་ཐམས་ཅད་ཀྱང་ཐབས་རྫས་ཞེས་བཟའ་བའི་རིགས་གཡས་ཕྱོགས་དང༌། ཤེས་རྫས་ཞེས་བཏུང་བའི་རིགས་གཡོན་ཕྱོགས་སུ་བཤམ། དེ་བཞིན་དུ་སྒྲུབ་པ་པོ་རྣམས་ཀྱང༌། ཇི་སྐད་དུ། དབང་ཕྱུག་དབུས་སུ་ཁྲི་ལ་འཁོད། །ཕོ་རྣམས་གཡས་ལ་མོ་རྣམས་གཡོན། །རྣལ་འབྱོར་རིམ་པས་འདུག་པར་བྱ། །ཞེས་པ་ལྟར་དང༌། ཚོགས་རྫས་རྣམས་ལའང་ཀུན་རྫོབ་ཀྱིས་སྦྱང་བ་


JLAZ005_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རླུང་ཆུ་གསུམ་གྱིས་བསྲེགས་གཏོར་བཀྲུ་བ་སོགས་ཕྱག་ལེན་ལྟར་བྱ་ཞིང༌། བདུད་རྩིའི་ཟེགས་མ་འཐོར། སྤྲོ་ན་འདི་ནས་བཟུང་སྟེ་ཚོགས་ལས་མཐར་མ་ཕྱིན་གྱི་བར་དུ། ལས་ཀྱི་རྡོ་རྗེའམ། རྒྱལ་ཐེབས་ཀྱིས་རྡོ་རྗེ་རྒྱལ་པོ་ལ་ཕྱག་སྔོན་དུ་འགྲོ་བའི་ཐད་ཀ་ཐད་ཀའི་སྙན་གསན་ཞུ་བའི་ཚིག་ཆོ་ག་རྒྱས་པའི་སྐབས་སུ། ལས་བྱང་ཚངས་པའི་སྒྲ་དབྱངས་ལས་འབྱུང་བ་ལྟར་རམ། དེ་ཙམ་མ་ནུས་ན་གསང་སྔགས་སྤྱི་ཁྱབ་ཏུ་གྲགས་པ་ལྟར་བྱ་བ་ཡིན་ནོ། །གསུམ་པ་བྱིན་བརླབ་བྱ་བ་དངོས་ནི། སྔར་སྐོང་བཤགས་ཀྱི་དུས་རང་ལུས་ཐ་མལ་པར་འདུ་ཤེས་པ་དེ་ཉིད་སྐད་ཅིག་དྲན་རྫོགས་ཀྱིས་བསྐྱེད་རིམ་སྔ་མ་ལྟར་བཟུང་ལ། ཨཱོྃ་བཛྲ་ཨ་མྲྀ་ཏ་སོགས་བདུད་རྩི་འཁྱིལ་བའི་སྔགས་བརྗོད་ཅིང༌། དེའི་སྔགས་དོན་ནི། ཨཱོྃ་བཛྲ་ནི་མི་འཇིགས་པའི་རྡོ་རྗེ། ཨ་ནི་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས། མྲྀ་ནི་བདུད་རྩི་རྣམ་དག །ཏ་ནི་འཁོར་བ་སྟོང་བྱེད། ཀུཎྜ་ལི་ནི་འཁོར་གསུམ་ཡོངས་དག །ཧ་ན་ཧ་ན་ཧཱུྃ་ཕཊ་ནི་ཉེས་སྐྱོན་ཐམས་ཅད་དག་པའོ། །དེ་ནས། ཞལ་ཟས་ཚོགས་ལ་ཉེས་སྒྲིབ་མ་མཆིས་ཀྱང་༔ ཞེས་སོགས་ཀྱིས་ཀུན་རྫོབ་མཚན་མའི་རྫས་རྣམས་ལ་དམེ་ཡུགས་དང་ཉམས་གྲིབ་ལ་སོགས་པས་གློ་བུར་དུ་སྦགས་པ་རྣམས་ཡེ་ཤེས་ཀྱི་མེ་རླུང་ཆུ་གསུམ་གྱིས་བསྲེག་གཏོར་བཀྲུ་བའི་དམིགས་པ་དང་སྔགས་དོན་ནི་སྔར་མཆོད་པའི་སྐབས་


JLAZ005_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཤད་ཟིན་ཏོ། །དེ་ལ་སྦྱངས་སྤེལ་བསྒྱུར་གསུམ་གྱི་རང་བཞིན་གྱི་མཐུ་ལས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཚོགས་ཀྱི་འཁོར་ལོའི་རོལ་པ་འབའ་ཞིག་ཏུ་བལྟས་ནས། ཨཱོྃ་ལས་འོད་འཕྲོས་དབྱིངས་དང་མཉམ་པར་སྤེལ༔ སོགས་མཐར་ཆགས་སུ་བྱ་བ་དང༌། འཇིག་རྟེན་ཁམས་ཀྱི་འདོད་ཡོན་གྱི་བཅུད་ཐམས་ཅད་བདག་གི་འོད་ཟེར་གྱིས་བསྡུས་ནས་ཚོགས་ལ་བསྟིམ་པའི་དམིགས་པ་བྱ་བ་ནི་ཤིན་ཏུ་ཟབ་པ་ཡིན་ནོ། །བཞི་པ་སྐོང་བའི་ཆོ་ག་ལ་གསུམ། ཕྱི་ཐུན་མོང་གི་མཆོད་པས་བསྐང་བ། ནང་ཐུན་མོང་མ་ཡིན་པའི་རྫས་ཀྱིས་བསྐང་བ། གསང་བ་ཁྱད་པར་བླ་མེད་ཚོགས་ཀྱིས་བསྐང་བའོ། །དང་པོ་ནི། དེ་ལ་སྤྱིར་སྐོང་བཤགས་རང་ལ་ཆེད་དུ་དམིགས་ནས་བཤམ་དགོས་པའི་མཆོད་རྫས་ཁྱད་པར་བ་རྣམས་བསྐང་བ་འདིའི་དོན་ཁོ་ན་ཡིན་པ་དང༌། དེའི་ཚུལ་གྱི་སྐོང་ཆོག་འདི་དག་རྣམས་ཀྱང་སྔར་བཤགས་པའི་སྐབས་ལོ་རྒྱུས་བརྗོད་པ་ལྟར་གཉེན་པོའི་སྒོ་ནས་བྱ་བའི་བསགས་སྦྱངས་ཀྱི་གཙོ་བོ་ཡིན་ཕྱིར། འདི་དག་གི་ཆོ་ག་རྣམས་ཡན་ལག་ལྟ་བུར་མ་སོང་བར་ཤིན་ཏུ་སྤྲོས་ནས་དལ་གྱིས་བྱ་ཞིང༌། དམིགས་པ་དང་བཅས་འདོན་སྒོམ་ཟུང་འབྲེལ་དུ་གནད་ལ་བཀར་བའི་ཡུལ་ཡིན་ཀྱང༌། ད་ལྟ་ལག་ལེན་པ་ཕལ་གྱིས་སྐོང་ཅོག་འདི་ཞར་བྱུང་དུ་བཏང་ནས་ཚིག་ཤར་བཏོན་ཚར་བ་ཙམ་གྱིས་རྗེས་སུ་ཡི་རང་བ་བྱེད་ཅིང༌། བར་རྩ་ལག་ཏུ་ཆོས་སྐྱོང་གི་བསྐང་སོ་


JLAZ005_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་འུར་ཅེ་ཆེ་དང༌། དམིགས་བསལ་མ་ཡིན་པའི་འདོན་འདོན་ཆོས་སྤྱོད་རྒྱ་ཆེ་མུ་མེད་དུ་བྱེད་མོད། ན་རཀ་སྐོང་བཤགས་ལ་དགོས་རྒྱུའི་གཙོ་བོ་འདི་ཞར་བྱུང་གཡེས་མེད་དུ་བག་ལ་ཞ་བ་འདི་ནི་ཅུང་ཟད་འཇིག་རྟེན་སྣང་ཤས་ཀྱི་ཕྱོགས་སུ་ལྷུང་བར་ངེས་སོ། །དེས་ན་དུས་མཐར་འབྱོན་པའི་རྡོ་རྗེའི་སྤུན་གྲོགས་རྣམས་ནས་རང་གཞན་ཕ་མར་གྱུར་པའི་སེམས་ཅན་ཤི་གསོན་ཐམས་ཅད་ཀྱི་དོན་ལ་དགོངས་ནས་འདི་དག་རྣམས་འབད་པ་ཆེན་པོས་དོན་གཉེར་གཟབ་རྒྱས་སུ་མཛད་པར་ཞུ་ཞེས་སྔོན་དུ་གསོལ་ནས། མཆེད་ལྕམ་རྣམས་ཆས་གོས་དང་རྒྱན་ཕྲེང་ལ་སོགས་པས་མཛེས་པར་བྱས། སྔར་མཆོད་པའི་སྐབས་སུ་བཤད་པའི་མཚན་ཉིད་དང་ལྡན་པའི་ཕྱི་མཆོད་རྣམས་ལག་ཏུ་ཐོགས་ནས་དཀྱིལ་འཁོར་ལ་བསྐོར་བ་བྱེད་ཅིང༌། ཀུན་བཟང་མཆོད་སྤྲིན་གྱི་ཏིང་འཛིན་དང་ལྡན་པས་སྙན་པའི་དབྱངས་དང་བཅས། ཧཱུྃ་ཧྲཱིཿ སྟོང་གསུམ་འདིའམ་གཞན་དག་ན༔ སོགས་བརྗོད། གལ་ཏེ་བསྐོར་བ་སོགས་སྤྲོས་པས་མ་ལྕོགས་ན། ལས་ཀྱི་རྡོ་རྗེས་ཕྱི་མཆོད་རྣམས་འབུལ་ཚིག་དང་བསྟུན་ནས་བཏེག་ཅིང་སོ་སོར་འབུལ་བའི་སྟངས་ཀ་བྱ་ཞིང༌། གཞན་ཡང་ལས་གཞུང་ལས་བྱུང་བའི། ཧཱུྃ་ཧྲཱི༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ སོགས་ཀྱང་བརྗོད། གཉིས་པ་ལ་བཞི། བདུད་རྩི་སྨན་གྱིས་བསྐང་བ། དམར་ཆེན་རཀྟས་བསྐང་བ། རྨད་བྱུང་གཏོར་མས་བསྐང་བ། སྣང་གསལ་མར་མེས་བསྐང་བའོ། །དང་པོ་ནི།


JLAZ005_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་བརྒྱ་རྩའི་སྣོད་རྣམས་སྒྲུབ་པ་པོ་ཀུན་ལ་བཀྱེ་ཞིང་སོ་སོའི་ལག་པ་གཡས་ཀྱིས་བཟུང༌། གཡོན་པའི་སྲིན་ལག་གིས་སྦྲེང་ཞིང་སྔར་གྱི་དམིགས་པ་དྲན་པར་བྱས་ལ། ཧཱུྃ་ཧྲཱི༔ ཀུན་གཞི་ཀློང་ཡངས་བྷན་དྷ་རུ༔ སོགས་བརྗོད་ཅིང་འདིའི་གོང་དུ་བདུད་རྩི་བྱིན་བརླབ་བྱ་བའི་ལུགས་ཤིག་ཡི་གེ་རྙིང་པ་ལ་སྣང་སྟེ། སྔར་ནས་ཐུན་མོང་དུ་སོང་བས་ཧ་ཅང་དགོས་པ་ཡོད་པར་མ་མངོན་པས་བཏང་སྙོམས་སུ་བཞག་གོ །རྒྱས་པར་སྤྲོ་ན་ལས་གཞུང་ལས། ཧྲཱིཿ བྷནྡྷ་ཁོར་ཡུག་ཡངས་པའི་སྣོད་ཆེན་དུ༔ སོགས་ཀྱང་བྱ་ཞིང་གཏོར་མ་ལ་ཡང་སྦྲེང་ངོ༌། །གཉིས་པ་ནི། སྔ་མ་ལྟར་ལས་རཀྟའི་སྣོད་གཡོན་པས་བཟུང་ལ། གཡས་པས་འཕྱར་ཞིང༌། དམིགས་འདིའི་སྨན་རཀྟ་གཉིས་པོ་དོན་དམ་མཚན་མེད་ཀྱི་བསྐང་རྫས་ཡིན་ཞིང༌། དེའི་དམིགས་པའི་ཞིབ་འགྲེལ་ནི་ནོར་བུའི་དོ་ཤལ་ནས་གསུངས་པ་ལྟར་དང༌། འདིར་ནི་རེ་ཞིག་ལས་དང་པོ་བས་དེ་དོན་ཤེས་རྒྱུད་ལ་མི་འབྱོར་བས་སྤྱི་འགྲོ་ལྟར་བཤད་དོ། །པ་ལས་གཞུང་གི་སྐབས་ལྟར་དྲན་པས། ཧཱུྃ་ཧྲཱིཿ སྤྱི་གཙུག་བདེ་ཆེན་འཁོར་ལོའི་བྷནྡྷ་རུ༔ ཞེས་སོགས་དང༌། རྒྱས་སྤྲོས་སུ། ཧྲཱིཿ དུང་ཆེན་སྣོད་དུ་དམར་ཆེན་དབའ་རླབས་འཕྱོ༔ སོགས་ཀྱིས་དབུལ། གསུམ་པ་གཏོར་མས་བསྐང་བ་ནི། འདིར་དམིགས་སུ་མ་བསལ་ཡང་གཅོད་དམིགས་དང་སྦྲེལ་བར་རང་ལུས་ཀྱི་ཕུང་པོ་གཞུང་ཚིག་དང་མཐུན་པའི་བདུད་རྩིའི་རང་བཞིན་དུ་སྦར་ཞིང༌། རང་རིག་ཡེ་ཤེས་ཀྱི་འཁོར་ལོ་ལོགས་སུ་ཕྱེ་ནས་འབུལ་བ་བགྱིས་པའམ། བསྒྲུབ་བྱ་གཞན་ལ་དམིགས་པ་ཁ་བསྒྱུར་


JLAZ005_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བའང་རུང༌། རང་གཞན་གྱི་དམིགས་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཀུག་ནས་ཕུང་པོ་ལ་བསྟིམ། དེ་བདུད་རྩིའི་རང་བཞིན་དུ་སྤར་ནས་འབུལ་བ་ནི་མན་ངག་གི་ཁུངས་དང་འབྲེལ་པ་ཟབ་ཁྱད་ཅན་ཡིན་ནོ། །སྐོང་ཚིག་དངོས་ནི། ཧཱུྃ་ཧྲཱིཿ བྷནྡྷ་འབར་བའི་གཏོར་གཞོང་དུ༔ ཞེས་སོགས་དང་རྒྱས་སྤྲོས་སུ་སྐོང་གཏོར་བཞི་པོ་ཡང་ཐད་ཀར་ཚིག་གོང་མ་ནས་བཏེག་ཅིང༌། ཧཱུྃ་ཧྲཱིཿ དབྱིངས་རིག་མ་བུའི་བྱུར་འདྲེ་རབ་བསྒྲལ་ཏེ༔ སོགས་ཀྱང་བརྗོད། བཞི་པ་ནི། དཔོན་སློབ་ཐམས་ཅད་ལག་པ་གཡས་པ་བསྣོལ་ཐབས་ཀྱིས་སྲིན་ལག་སྦྲེལ་བའམ། ཡང་ན་བགྲང་ཕྲེང་གིས་སྦྲེལ། མར་མེ་རྣམས་སྤར་ཞིང་ལག་གཡོན་དུ་ཐོགས་ལ། ཧཱུྃ་ཧྲཱིཿ བརྡལ་ཁྱབ་པགས་པའི་ཀོང་བུ་རུ༔ སོགས་དང༌། དེའི་རྗེས་འབྲེལ་དུ་མར་མེའི་སྨོན་ལམ་གདབ་པ་ནི། དཀྱིལ་འཁོར་ལ་བསྐོར་བ་བྱ་ཞིང༌། ཧཱུྃ་ཧྲཱི༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རྗོ་རྗེ་སློབ་དཔོན་གཉེན་གྱིས་དབུ་བཟུང་ནས༔ སོགས་པས་འདུན་པ་རྩེ་གཅིག་ཏུ་སྨོན་ལམ་བཏབ་ན། ཤི་གསོན་གང་ལ་ཡང་ཕན་ཡོན་གྱི་ནུས་པ་ཤིན་ཏུ་ཆེ་བས་སོ། །གསུམ་པ་ཁྱད་པར་བླ་མེད་ཚོགས་ཀྱིས་བསྐང་བ་ལ་གཉིས། ཕྱི་ལྟར་དུ་བསྐང་བ་དང༌། ནང་ལྟར་དུ་བསྐང་བའོ། །དང་པོ་ལ་ལྔ། ཚོགས་ཕུད། བསྒྲལ་མཆོད། ཚོགས་བཤགས། གནམ་ཕུད། གཙང་ལྷག་གོ །དང་པོ་ནི། ཚོགས་ཕུད་ཆ་ལྔར་བཅད་པའི་དང་པོ་ཐུགས་དམ་བསྐང་བའི་སླད་དུ་ཡིན་གྱིས་ཚོགས་རྫས་རྣམས་ཀྱི་ཕུད་ཅི་འཛོམ་ཚོགས་པ།


JLAZ005_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གཞུང་འདི་ཀའི་སྒོས་ཆོས་ཚོགས་བཤགས་ཀྱི་སྔོན་ལ་བསྒྲལ་བསྟབ་འབྱུང་བ་ཡིན་པས་ཟན་ལིང་མེད་ན་ཚོགས་ཟན་དང་ཤ་དུམ། གསུམ་པ་ཁོན་གཅུགས་སྦྱང་བའི་ཆེད་དུ་ཡིན་པས་ཚོགས་ཟན་དང་ཚོགས་རྫས་ཀུན་འཛོམ། བཞི་པ་གནམ་ཕུད་ཀྱི་ཆེད་དང༌། ལྔ་པ་གཙང་ལྷག་གི་དོད་གོང་འདྲ་རྣམས་བཤམས་ལ། ལས་ཀྱི་རྡོ་རྗེས་ཕུད་དང་པོ་དཀྱིལ་འཁོར་གྱི་མདུན་དུ་མཉྫིའི་ཁར་ཕུལ་ལ་སྨན་རག་བྲན་ཞིང༌། ཚོགས་ཕུད་འདོད་ཡོན་གྱི་གཏེར་ཆེན་པོའི་རང་བཞིན་དུ་གྱུར་པ་དཀྱིལ་འཁོར་བའི་ལྷ་ཚོགས་ཐམས་ཅད་དགྱེས་ཤིང་ཚིམ་ནས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་སྩོལ་བར་དམིགས་ལ། ཧཱུྃ་ཧྲཱིཿ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ སོགས་ཀྱིས་དབུལ་ལ་སྔགས་དོན་ནི། ག་ན་ཞེས་པ་ཐབས་ཤེས་ཟུང་འཇུག་གི་ཚོགས་དང༌། ཙཀྲ་ནི་འཁོར་ལོ་སྟེ། བདེ་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་འཁོར་ལོས་ཉོན་མོངས་པའི་དྲྭ་བ་གཅོད་པར་མཚོན་པ་དང༌། པཱུ་ཛ་ཧོ༔ ནི་མཆོད་པ་བཞེས་ཤིག་པའོ། །གཉིས་པ་བསྒྲལ་བསྟབ་ལ་གཉིས། རྣམ་པར་མ་དག་པའི་རིང་ལུགས་དགག་པ་དང༌། བསྒྲལ་བསྟབ་ཀྱི་རིམ་པ་དངོས་བསྟན་བཤད་པའོ། །དང་པོ་ནི་གཞུང་འདི་ལ་གབ་སྦས་ཀྱི་དབང་དུ་གདབ་ལས་གསལ་ག་ཅན་མ་གསུངས་པར་བརྟེན་ཆོ་གའི་སྙིང་པོ་མ་ལོན་པ་ཕལ་གྱིས་ཚིག་ཤར་བཀླག་ཐབས་སུ་བསྒྲལ་མཆོད་འབུལ་བ་ནི་ཤིན་ཏུ་མི་རིགས་ཏེ། རིགས་མཐུན་གྱི་གཞུང་ནས་གདབས་ལས་སྦྱོར་དགོས་སོ། །ཅིའི་ཕྱིར་ན་འོག་


JLAZ005_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འབྱུང་མ་ཐག་གི་བསྟབ་པའི་ཚིག་གིས་གསལ་བར་གོ་ནུས་ལ། གནོད་བྱེད་གཟུགས་ཕུང་ཤ་ཁྲག་ཞལ་དུ་བསྟབ༔ ཅེས་འབྱུང་བས་སོ། །གཏི་མུག་གིས་མདོངས་པ་དག་ཆོ་ག་འགྲེལ་པ་པོའི་བློ་བཟོ་སྟེ། གཞུང་ལ་མ་གསལ་ཞིང་སྔོན་གྱི་མཁས་པ་ག་གེ་མོ་དང༌། སྔགས་འཆང་ཆྒཻ་མོའི་དུས་ནས་འདི་ག་ཡིན་པ་ལ། ཞེས་གོར་མོའི་སྟེང་དུ་ཁབ་འཛུགས་པ་ལྟ་བུའི་རང་གདངས་ལ་ཅིས་བསྙོན། འདི་ལྟར་རྒྱུད་གཞུང་ཐམས་ཅད་ལ་སྣོད་མིན་ལ་གསང་ཕྱིར་གཅུས་དཀྲུགས་གབ་གསུམ་གྱིས་སྦས་པ་ཆེས་མང་བར་འབྱུང་བ་དག །ལུང་དང་རིག་པ་གཉིས་ཀའི་སྒོ་ནས་གཏན་ལ་འབེབས་དགོས་ཕྱིར་སྔ་འགྱུར་གྱི་ཆོ་ག་ཐམས་ཅད་ལ་བརྟགས་པས་གོ་སླ་མོད། དེ་ཡང་མ་ཡིན་ན་རིག་འཛིན་ཆེན་པོའི་དྲི་ལེན་དོགས་གཅོད་དུ། དུར་ཁྲོད་གསང་ཆེན་རོལ་པའི་ཚིག་དེ་ཚོགས་མཆོད་འབུལ་བ་ཡིན། དེ་ནས་ཚོགས་སྣོད་དེ་ཧོམ་ཁུང་དང༌། ཚོགས་རྫས་དགྲ་བགེགས་ཀྱི་གཟུགས་ཕུང་དུ་བསམས་ལ་དགུག་གཞུག་བྱས་ནས། བདག་གཞན་ལྷ་སོགས་དང༌། གནོད་བྱེད་དགྲ་བགེགས་རུ་ཏྲ་བདུད་དཔུང་ལ། སོགས་ཀྱིས་བསྒྲལ་ནས་གཏུབས་ཏེ་སྦྲན་ཞིང༌། ཧཱུྃ་ཧྲཱིཿ བསྟབ་པོ་བསྟབས་པོ་ལྷ་ཚོགས་ཞལ་དུ་བསྟབ༔ སོགས་བྱ་བ་ནི་དགོངས་འདུས་པ་གཞན་ཐམས་ཅད་མཛད་


JLAZ005_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ཀྱང་ངེད་རང་ཚོ་རྩིང་ཆོས་སུ་ཤོར་བར་སྣང་ངོ༌། །ཞེས་གླེང་བསླངས་ནས་སྒྲུབ་བྱེད་གསུངས་པ་དང༌། དཀར་པོ་བྱམས་པ་དགེ་བའི་བློ་གྲོས་ཀྱིས་མེ་ཏོག་ཕྲེང་མཛེས་ལ་འབྲུ་འགྲེལ་མཛད་པའི་ཚོགས་འདིའི་སྐབས་སུ་དེ་ནས་སྐབས་འདིའི་ཚོགས་ལ་དགུག་གཞུག་དང༌། བསྒྲལ་ལས་སོགས་བྱས་ལ་བསྟབ་པ་དངོས་ནི། ཧཱུྃ་ཧྲཱིཿ བསྟབ་པོ་བསྟབས་པོ་ལྷ་ཚོགས་ཞལ་དུ་བསྟབ༔ ཞེས་སོགས་གསུངས་པས་ཀྱང་ཆེས་ཆེར་གསལ་བར་མ་ཟད། བློ་འབྲིང་ཡན་ཆད་ཀྱིས་བརྟགས་ན། ཟན་དང་རྩམ་པ་གཉིས་རྒྱུད་གཅིག་ཀྱང་གཡོས་སྦྱོར་གྱིས་ཁྱད་ལས་ལྡོགས་པ་ཐ་དད་དུ་ཡོད་པ་སུ་ཞིག་གིས་མི་གོ །དེས་ན་གདབ་ལས་ཚུལ་བཞིན་དུ་མ་བྱས་ན་བསྒྲལ་མཆོད་ཀྱི་རྣམ་གཞག་མི་ཚང་བས་ཤེས་ལྡན་དག་རིག་པ་དངས་སྙིགས་འབྱེད་པར་རིགས་སོ།། །།གཉིས་པ་ལ་གཉིས། གདབ་ལས་དང༌། བསྟབ་པའི་ཆོ་གའོ། །དང་པོ་ལ་གསུམ། བཙོན་དམིགས་བསྐྱེད་པ། དགུག་འདྲེན་བྱ་བ། རྫོང་ཕྲང་སྲོག་གསུམ་གྱི་སྒོ་ནས་བསྒྲལ་ལས་བྱ་བའོ། །དང་པོ་ནི། ཟན་གྱི་ཉ་བོ་ཡོད་ན་འཁོར་བ་རུ་ལོག་གི་རྟེན་འབྲེལ་དུ་མགོ་བོ་ལྷོ་ནུབ་དང་རྐང་པ་བྱང་ཤར་དུ་བསྟན་ཏེ། གན་རྐྱལ་དུ་གཞག་པའམ། ཡང་ན་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་རྟེན་འབྲེལ་དུ་མགོ་བོ་རྒྱབ་ཏུ་བསྟན། མྱང་འདས་ལ་མངོན་པར་ཕྱོགས་པའི་རྟེན་འབྲེལ་དུ་གདོང་པ་རང་ལ་བསྟན་ཏེ་གཞག །


JLAZ005_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བླ་སྲོག་སྐད་ཅིག་ལ་ཆགས་པའི་རྟེན་འབྲེལ་དུ་འཁོར་བའི་རྒྱུ་རྟེན་འབྲེལ་བཅུ་གཉིས་ཀྱི་རྩ་བ་རཀྟ་བྲན། ཙ་ར་མེད་ན་ཚོགས་ཟན་དང་ཤ་དུམ་ལ་སྔ་མ་ལྟར་དམིགས་རྟེན་བཅས་ལ། ཏིང་ངེ་འཛིན་གྱི་ངར་དང་ལྡན་པས་འདོན་དམིགས་ཟུང་འཇུག་ཏུ། བཀའ་བརྒྱད་བདེ་འདུས་ལས་བྱང་ལས་བྱུང་བའི་ཚིག །ཨེ་ལས་གནམ་ལྕགས་འབར་བའི་ཁང་སྒྲོམ་ནང་༔ ནྲྀ་དང་ཏྲི་ལས་གནོད་བྱེད་དགྲ་བགེགས་རྣམས༔ ཡན་ལག་ལྕགས་སྒྲོག་གིས་བཅིངས་ཉམ་ཐག་པ༔ མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར༔ ཅེས་པས་ཇི་ལྟ་བ་བཞིན་དུ་བསམ། གཉིས་པ་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བཞེད་པ་ལྟར། རྡོར་དྲིལ་དང་བཅས་པའི་རྡོ་རྗེ་ཁུ་ཚུར་བསྡམས་པ་ལས། གཡོན་པའི་མཛུབ་མོ་བརྐྱང་བའི་སྟེང་དུ། གཡས་པའི་མཛུབ་མོ་ལྕགས་ཀྱུ་ལྟར་རྩེ་བཀུག་པ་དགུག་པ་ལྕགས་ཀྱུའི་ཕྱག་རྒྱ། དེ་ཉིད་ལས་ཞགས་པ་ལྟར་མཛུབ་མོའི་རྩེ་ཟླུམ་པོར་བཀུག་པ་འཆིང་བ་ཞགས་པའི་ཕྱག་རྒྱ། དེ་ཉིད་ལས་མཐེབ་མཛུབ་གཉིས་ཀྱི་གཅིག་གི་ནང་དུ་གཅིག་པོ་ཨ་ལུང་ལྟར་སྦྲེལ་བ་བསྡམས་པ་ལྕགས་སྒྲོག་གི་ཕྱག་རྒྱ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་བོང་ནང་དུ་བཀུག་ལ་མྱོས་པ་དྲིལ་བུའི་ཕྱག་རྒྱ་སྟེ། ཡང་ན་སྤྱི་འགྲེ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་


JLAZ005_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་པ་ལྟར་བྱས་ལ་བདག་མདུན་གྱི་ཐུགས་ཀའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་ཁྱམས་ལ་གནས་པའི་དྲེགས་སྡེ་སྤྱི་དང༌། ཁྱད་པར་སྲིན་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ལ་གནས་པའི་བཀའ་སྡོད་འཛིན་གིང་འགུགས་བྱེད་ཀྱི་རྡོ་རྗེ་གིང་མོ་གཉིས་ཀྱི་ཐུགས་རྒྱུད་བསྐུལ་བས་དེ་དག་རྣམས་སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་དང་བཅས་དགུག་པའི་ལས་ལ་བརྔམས་ཤིང༌། རེངས་པས་ཞིང་བཅུ་ཚང་བའི་གཟས་པོའི་བླ་སོགས་འཕྲོག་པར་བལྟས་ལ། སྔ་མའི་འཕྲོ་ལས། ཚིག་ཟུར་བསྒྱུར་བ། ན་མོ་རྩ་བརྒྱུད་བླ་མ་དགོངས་པ་འདུས་པའི་ལྷ། །ཁྱད་པར་དྲེགས་པའི་དེད་དཔོན་ཉེར་གཅིག་སོགས། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་ནུས་མཐུ་ཡིས། །དགྲ་བགེགས་ཐམས་ཅད་ཁུག་ཅིག་གཟུགས་ལ་ཕོབ། །ཅེས་པའི་མཐར། ནྲྀ་ཏྲི་རཱུ་ཏྲ་ཨངྐུ་ཤ་ཡ་ཛ༔ རང་རང་གི་ཕྱག་རྒྱ་དང་བཅས། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས་རཱུ་པ་དང་དབྱེར་མེད་དུ་འདྲེས་པར་བལྟའོ། །གསུམ་པ་བསྒྲལ་བའི་ལས་ལ་རྣམ་པ་གསུམ། དམིགས་པའི་བྱེ་བྲག །ཕུར་བའི་རྣམ་དབྱེ། ཚེ་ཁྲུས་གནས་གསུམ་གྱི་དགོངས་པས་ཚར་གཅོད་པའོ། །དང་པོ་ལ་གསུམ་ཚན་བཞི་སྟེ། གསལ་བ་གསུམ་དང་ལྷ་གསུམ་དང༌། །ལྟ་སྒོམ་སྤྱོད་གསུམ་རྫོང་ཕྲང་སྲོག །ཅེས་བསྡོམས་པ་ལས། དང་པོ་ནི། མི་ལྡོག་པའི་ཕྱིར་དུ་སྒྲོལ་


JLAZ005_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་གྱི་རྣལ་འབྱོར་པ་ལྷར་གསལ་བ། མི་རྡུགས་པའི་ཕྱིར་དུ་སྒྲོལ་བྱེད་ཀྱི་ཕུར་པ་ཡཀྴ་ཀ་ལར་གསལ་བ། མི་འབྱམ་པའི་ཕྱིར་དུ་བསྒྲལ་བྱའི་རཱུ་ཏྲ་དངོས་སུ་གསལ་གདབ་པའོ། །གཉིས་པ་ནི། གསང་རྫོགས་རྩ་རྒྱུད་ལས། བདག་ཉིད་ལྟ་སྤྱོད་ཟུང་འཇུག་པས༔ ཕུར་བ་འདྲེལ་ཞིང་དྲགས་སྔགས་བཟླས༔ ཞེས་གསུངས་པ་ལྟར། ལྟ་བའི་གདེང་གིས་ཟིན་པ་སྟོང་ཉིད་གྱད་ཀྱི་ལྷ། བསྐྱེད་རིམ་གྱི་ངར་དང་ལྡན་པ་གཉེན་པོ་ཡེ་ཤེས་ཀྱི་ལྷ། ཟུང་འཇུག་ལས་ཕོ་ཉ་འགྱེད་པ་སྤྱོད་པ་ལས་ཀྱི་ལྷའོ། །གསུམ་པ་ལ་གཉིས། ལྟ་སྒོམ་སྤྱོད་གསུམ་གྱི་རྒྱབ་བརྟེན་དང་ཐུན་མོང་མ་ཡིན་པའི་ཚད་མེད་བཞིའི་དག་སྦྱོར་རོ། །དང་པོ་ནི། རང་བཞིན་གྱིས་སྒྲོལ་བའི་ལྟ་བ། སྙིང་རྗེས་སྒྲོལ་བའི་སྒོམ་པ། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པའོ། །གཉིས་པ་ནི། སྙིང་རྗེ་ཁྲོས་པའི་ཚུལ་གྱིས་གདུག་པ་ཅན་རྗེས་སུ་འཛིན་པའི་བྱམས་པ། ཤིན་ཏུ་བརྩེ་བ་ཆེན་པོས་མྱུར་དུ་སྒྲོལ་བའི་སྙིང་རྗེ། ཤེས་པ་གནས་སྤར་ཞིང་ཕུང་པོ་ཚོགས་སུ་སྟོབ་པ་དགའ་བ། གདུལ་བྱ་ཡལ་བར་མི་འདོར་བའི་བཏང་སྙོམས་ཏེ་ལས་འདི་ལ་བསྔགས་པའི་ཐུན་མིན་གྱི་ཚད་མེད་བཞིའོ། །བཞི་པ་ནི། ལྟ་བ་བློ་འདས་ཀྱི་རྫོང༌། སྒོམ་པ་ཡེང་མེད་ཀྱི་ཕྲང༌། སྤྱོད་པ་ངེས་མེད་ཀྱི་སྲོག་སྟེ་རྫོང་ཕྲང་སྲོག་གསུམ་གྱིས་གཞི་འཛིན་པས་སོ། །གཉིས་པ་


JLAZ005_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བའི་རྣམ་དབྱེ་ལ་གསུམ། ཚད་མེད་སྙིང་རྗེའི་ཕུར་བ། བྱང་ཆུབ་སེམས་ཀྱི་ཕུར་བ། མཚན་མ་རྫས་ཀྱི་ཕུར་བའོ། །དང་པོ་ནི། རྩ་རྒྱུད་སྔ་མའི་འཕྲོར། ལོག་ལྟ་རྣམས་ལ་སྙིང་རྗེ་བསྐྱེད༔ གཉིས་མེད་སྒྲོལ་བའི་སྙིང་རྗེ་སྒོམ༔ དེ་ནི་སྙིང་རྗེའི་ཕུར་བ་སྟེ༔ ཞེས་གསུངས་པ་ལྟར། ཞིང་བཅུ་ཚང་བའི་དགྲ་བོ་དེ་ཉིད་ཐབས་ཁྱད་པར་ཅན་གྱིས་འཕྲལ་དུ་མ་བསྒྲལ་ན། ལས་ངན་ཚབས་ཆེན་པོ་བསགས་པའི་འབྲས་བུ་ངན་སོང་དུ་ལྟུང་སྟེ། བཟོད་མི་ཕོད་པའི་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བ་མྱོང་དགོས་པ་ལ་སྙིང་རྗེའི་བསམ་པས་མ་བཟོད་པར་བསྒྲལ་བའི་ལས་བརྩམ་པའི་ཀུན་སློང་དང་ལྡན་དགོས་པའོ། །གཉིས་པ་ནི། སྔ་མའི་འཕྲོར། རང་ཉིད་ལྷར་གསལ་ཕྱག་གཡས་གཡོན༔ རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བསྐྱེད༔ ཕུར་པ་བྱང་ཆུབ་སེམས་སུ་འདྲིལ༔ འདི་ནི་བྱང་སེམས་ཕུར་བ་ཡིན༔ ཞེས་གསུངས་པ་ལྟར་བསྒྲལ་བྱ་སྒྲོལ་བྱེད་ཀྱི་ང་བདག་ཀ་ནས་དག་པའི་གསལ་མདངས་སྒྱུ་མ་ལྟ་བུའི་རྣམ་རོལ་དུ་རང་ཉིད་ལྷར་གསལ་བའི་ཕྱག་གཡས་གཡོན་རིགས་ལྔ་ཡབ་ཡུམ་དུ་མོས་ནས་སྐྱེ་འགག་གཉིས་མེད་ལྷུན་གྲུབ་སྙིང་རྗེའི་ཕུར་བ་འདྲིལ་བ་ཡིན་ཏེ། མན་ངག་སྙིང་གཟེར་ནག་པོ་ལས། སྐྱེ་མེད་བྱང་ལ་འགག་མེད་ཆུབ༔ གཉིས་སུ་མེད་པའི་སེམས་ཞེས་བྱ༔ ཞེས་གསུངས་པའི་དགོངས་དོན་ནོ། །


JLAZ005_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། རྩ་རྒྱུད་སྔ་མའི་འཕྲོ་ལས། ཕུར་པ་དེ་ལ་ཡུངས་ཀར་འདྲིལ༔ གུ་གུལ་བདུག་ཅིང་དུག་ཁྲག་བྱུགས༔ འབར་བ་ཨེ་ཡི་གདན་ལ་བཞུགས༔ མཚན་མ་རྫས་ཀྱི་ཕུར་པ་ཡིན༔ ཞེས་གསུངས་པ་ལྟར་མཚན་ཉིད་དང་ལྡན་པའི་ཕུར་བ་ལ་བྱུག་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་ཅིང༌། ཟུར་གསུམ་ཤིན་ཏུ་རྣོ་ཞིང་མགར་གྱི་སོ་མལ་ནས་ཕྱུང་མ་ཐག་པ་ལྟ་བུ་ལ་མེའི་ཚ་ཚྭ་འཕྲོ་བར་བསམས་ནས་ལག་ཏུ་ཐོགས་པའོ། །གསུམ་པ་དགོངས་པ་གསུམ་གྱི་སྒོ་ནས་ཚར་བཅད་པ་ལ་གསུམ། ཚེ་ལུང་གི་དགོངས་པ། ཁྲུས་ལུང་གི་དགོངས་པ། གནས་ལུང་གི་དགོངས་པའོ། །དང་པོ་ནི། རྒྱུད་ལས་ཁོ་ཡི་རྣམ་ཤེས་སྲོག་དངོས་པོ༔ སྙིང་ནང་ཁྲག་དྭངས་བྱི་མགོ་ཙམ༔ དེ་དབུས་ཨ་འོད་ཐིག་ལེའི་ནང་༔ ནྲྀ་ལྗང་གཅིག་ཡོད་གདབ་པའི་ཡུལ༔ དེ་ནས་ཕུར་རྩེ་ཧཱུྃ་གསུམ་དང་༔ རྩེ་སྒབ་དག་ཏུ་ཕཊ་གསུམ་བསམ༔ ངག་ཏུ་དྲག་སྔགས་དགུ་བཟླས་ཤིང་༔ འདྲིལ་ཞིང་འདྲིལ་ཞིང་སྒོ་ལ་གདབ༔ ནྲྀ་དང་ཨ་བཅས་ཕུར་རྩེ་ཡི༔ ཧཱུྃ་ལ་བསྡུས་ནས་ཨ་དཀར་གསལ༔ རང་ལ་བསྟན་པས་དེ་ཚུར་འདུས༔ དེ་ནི་ཚེ་ལུང་དགོངས་པ་ཡིན༔ ཞེས་འདི་ལ་ཅུང་ཟད་གབ་དཀྲུགས་ཀྱི་རྣམ་པར་གསུངས་པ་མན་ངག་ཚད་ལྡན་དང་བསྟུན་ནས་ཞིབ་མོར་འཆད་ན། ཕུར་བུ་བསྒྲིལ་ཞིང་དེ་ལས་བྱུང་བའི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་


JLAZ005_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བཅས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བཀུག་ནས་ཕུར་བུ་ལ་ཐིམ་པས་སྲིད་པ་གསུམ་ཡང་བརླག་པར་ནུས་པའི་མཐུ་ལྡན་དུ་བསམས་ལ། བླ་གནས་དང་བསྟུན་ནས་དབང་པོའི་སྒོ་རྣམས་སུ་རིམ་པར་གདབ་རྗེས། སྙིང་གར་བསྣུན་པས་ཁོའི་སྙིང་ནང་ན་ཁྲག་གི་དངས་མ་བྱིའུ་ལེན་པའི་མགོ་ཙམ་ཞིག་གི་དཀྱིལ་ན་བཀྲག་མདངས་གཟི་བརྗིད་ཀྱི་ལྷག་མ་ཚེ་རྟེན་འོད་ལས་གྲུབ་པའི་ཡི་གེ་ཨ་དཀར་གྱི་རྣམ་པར་གནས་པ་ཕུར་རྩེའི་ཧཱུྃ་གསུམ་གྱིས་རྩེན་གྱིས་བླངས་ནས་རང་ཉིད་ལ་ཕྱོགས་པས། རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་བཞིན་དུ་འུབ་ཀྱིས་བྱུང་ནས་རང་ཉིད་ཀྱི་ཐུགས་སྲོག་དང་འདྲེས་པས་ཚེའི་བསྣོན་པར་ཐོབ་བཀྲག་མདངས་འབར་ཏེ་རྡོ་རྗེའི་སྲོག་ལ་དབང་ཐོབ་པར་བསམས་པ་ནི་ཚེ་ལུང་ངོ༌། །གཉིས་པ་ནི། དགྲ་བོའི་རྣམ་ཤེས་ཀུན་གཞིའི་ཉོན་ཡིད་ནྲྀ་ཡིག་ལྗང་གུའི་རྣམ་པར་ཁྲག་གི་དངས་མའི་ནང་ན་གནས་པ་དེའི་སྟེང་དུ་ཕུར་བ་བསྒྲིལ་བས་ནག་ཐུམ་གྱིས་སོངས་ནས་དྲན་པ་ཉམས། བྱུང་ཚོར་གྱི་སྒོ་འགགས། ཉོན་མོངས་པའི་བག་ཆགས་རྩད་ནས་ཆོད་དེ་སྐུ་གསུམ་གྱི་རང་བཞིན་དུ་གོ་འཕོས་ཏེ་ཕུར་རྩེའི་ཧཱུྃ་ཡིག་གསུམ་དང་དབྱེར་མེད་དུ་འདྲེས་པར་བལྟ་བ་ནི་ཁྲུས་ལུང་གི་དགོངས་པའོ། །གསུམ་པ་ནི། རྒྱུད་ལས། དེ་ནས་དགྲ་སྲོག་དུག་གསུམ་གྱི༔ ངོ་བོ་ཧཱུྃ་གསུམ་གནས་པ་དེ༔ ཟུར་གྱི་ཕཊ་གསུམ་གྱིས་


JLAZ005_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འཕངས་ཏེ༔ འོག་མིན་དཔལ་གྱི་ཐུགས་ཀར་སྤྲོས༔ ཧཱུྃ་ཉིད་འོད་ཞུ་མགྲིན་པ་ཡི༔ ཨཱཿལ་ཐིམ་ནས་ཨཱཿདེ་ཞུ༔ དུང་ཁང་ཨཱོྃ་ཐིམ་ཨཱོྃ་འོད་ཞུ༔ སྒལ་ཚིགས་རྟ་བརྒྱུད་ཡུམ་མཁར་བབས༔ རྒྱལ་བའི་སྲས་སུ་བྱས་པ་ནི༔ གནས་སྤར་ཟབ་མོ་ཁྲུས་ལུང་ཡིན༔ ཞེས་གབ་དཀྲུགས་དང་བཅས་གསུངས་པ་སྔར་ནས་བཀྲལ་བ་ལྟར་ཕུར་རྩེ་ནམ་མཁའ་ལ་དེང་ཙམ་བྱས་ལ་ཕཊ་སྒྲ་དྲགས་པོ་གསུམ་གྱིས་བསྐུལ་བས། ཁོའི་རྣམ་ཤེས་ཀྱི་ངོ་བོ་གཞི་ཀུན་གྲོལ་ཡངས་པའི་རྒྱུད་ལས། གདོད་ནས་དོན་དམ་གྱི་ཀུན་གཞི་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །སྦྱོར་བ་རྐྱེན་གྱི་ཀུན་གཞི་ནི་མ་རིག་པའི་མུན་པའོ། །ཞེས་གསུངས་པ་ལྟར་ཚོགས་པ་གཅིག་གི་སྟེང་ནས་སྒྲིབ་པ་སྤངས་མ་སྤངས་ཀྱི་བྱེ་བྲག་ལས་གཞི་འབྲས་སུ་དབྱེ་བ་ཁོ་བོའི་འདོད་པའོ། །དུས་ན་ཉོན་མོངས་དུག་གསུམ། འབྲས་དུས་ན་སྐུ་གསུམ་གྱི་རང་བཞིན་དུ་གོ་འཕོས་པ་དེ་ཉིད་ཧཱུྃ་ཡིག་གསུམ་གྱི་རྣམ་པར་གནས་པ་ཟུར་གྱི་ཕཊ་གསུམ་པོས་མེ་སྟག་ཡར་བ་ལྟར་འཕངས་ལ་འོག་མིན་གྱི་ཞིང་དུ་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀར་སྤྲོས་པས་ཐུགས་སྲོག་གི་ཡི་གེ་ཧཱུྃ་གི་རྣམ་པ་ཅན་དང་དབྱེར་མེད་དུ་བསྲེས། དེའི་རྐྱེན་གྱིས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཁྱད་པར་ཅན་སྐད་ཅིག་ལ་འཁྲུངས་པས་བདེ་བ་ཆེན་པོའི་རྗེས་ཆགས་ཀྱི་ཧཱུྃ་ཡིག་ཀྱང་འོད་དུ་ཞུ་ནས་ཡར་མགྲིན་པར་འཕགས་ཏེ་གསུང་གི་ངོ་བོ་ཨཱཿ


JLAZ005_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ལ་ཐིམ། ཨཱཿདེ་ཉིད་ཀྱང་འོད་དུ་ཞུ་ནས་ཀླད་པ་དུང་ཁང་གི་འཁོར་ལོར་འཕགས་ཏེ་སྐུའི་ས་བོན་ཨཱོྃ་ཡིག་ལ་ཐིམ། ཨཱོྃ་དེ་ཡང་འོད་དུ་ཞུ་ནས་ཨ་བ་དྷཱུ་ཏི་ལས་བརྒྱུད་དགའ་བ་བཞིའི་འགྲོས་ཀྱིས་བབས་ནས་ཡུམ་གྱི་མཁའ་ནང་དུ་བབས་པས་གཟས་པ་པོ་རྒྱལ་བའི་སྲས་སུ་འཁྲུངས་པར་བསམ་པ་ནི་སྦྱོར་སྒྲོལ་ཟུང་འཇུག་གི་མཆོད་པའི་མན་ངག་ཁྱད་པར་ཅན་ཡིན་ཞིང༌། དེ་ཡང་རྒྱུད་འགྲེལ་གསལ་བྱེད་མེ་ལོང་ལས། ཤེས་པ་ཆོས་ཉིད་དུ་བསྒྲལ་བ། ཤེས་པ་འོག་མིན་དུ་བསྒྲལ་བ། ཕུང་པོ་དུར་ཁྲོད་དུ་བསྒྲལ་བ། ཞེས་བསྒྲལ་ལུགས་རྣམ་པ་ལྔར་གསུངས་པ་ཡང་འདི་ལ་ཚང་ཞིང༌། དེ་ལྟར་བཤད་མ་ཐག་པའི་དམིགས་གནད་རྣམས་ལ་རང་བྱན་ཆུད་པའི་རྣལ་འབྱོར་པས་ཕུར་བུ་ཐོགས་ལ། ཧཱུྃ༔ ང་ནི་རིག་པ་དཔལ་ཆེན་ཧེ་རུ་ཀ༔ འཁོར་འདས་རོ་གཅིག་ལྟ་བའི་ཕུར་བུ་ཡིས༔ མ་རིག་གཉིས་འཛིན་བདུད་དང་དགྲ་བགེགས་རྣམས༔ སྙིང་རྗེས་བསྒྲལ་ཞིང་གཏུབ་བོ་ཀི་ལཱ་ཡ༔ ཀ་དག་མངོན་རྫོགས་སངས་རྒྱས་ཕྱིར་མ་ལྡོག༔ ཨཱོྃ་དྷརྨ་དྷཱརྟུ་ཀི་ལཱ་ཡ་རཱུ་ཏྲ་ཡ་མ་དུ་ན་མྱོག་ཐུཾ་རྦད༔ ཅེས་བརྗོད་ཅིང་ཕུར་བའི་ལས་སྦྱོར་རྣམས་ཟིན་མཐར། དཀྱིལ་འཁོར་གྱི་ཁྱམས་ལ་གནས་པའི་བཀའ་སྡོད་སྒྲོལ་གིང་གསོད་བྱེད་རིན་ཆེན་རིགས་ཀྱི་གིང་མོ་སྤྲུལ་པ་ཡང་སྤྲུལ་དང་བཅས་པས་སྲོག་ལས་བྱེད་


JLAZ005_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པར་བལྟ་ཞིང༌། རལ་གྲི་འཇམ་དཔལ་རྣོན་པོར་གསལ་ལ། རྔམ་གློག་ལས། ཕོ་ནི་རྐང་པ་གཡས་ནས་གཏུབ། །མོ་ནི་རྐང་པ་གཡོན་ནས་གཏུབ། །ཅེས་གསུངས་པ་ལྟར་གཏུབ་ཅིང་སྤྲོ་ན། ཧཱུྃ་ཧྲཱི༔ གནོད་བྱེད་དགྲ་བགེགས་རཱུ་ཏྲ་བདུད་དཔུང་ལ༔ ཞེས་སོགས་ཚངས་པའི་སྒྲ་དབྱངས་ལྟར་བརྗོད། དེ་ཡང་ཕུར་བུ་དེ་རྣམས་ཀྱི་ཐེབས་ཚད་དང་གྲུབ་མཐའ་ནི། དེ་ཉིད་ལས། ཕུར་བུ་ཐེབས་ཚད་འབྲས་བུ་ནི༔ བདག་ཕུར་འབེན་གསུམ་གྲུབ་མཐའ་གཅིག༔ ཐམས་ཅད་ཆོས་དབྱིངས་སྟོང་པར་བསྒྲལ༔ རིག་པ་ཡེ་ཤེས་ཕུར་པ་དེ༔ ཆོས་དབྱིངས་ཐེབས་པ་ཆོས་ཀྱི་སྐུ༔ ཚད་མེད་སྙིང་རྗེའི་ཕུར་པ་དེ༔ འགྲོ་དྲུག་ལ་བཏབ་སྤྲུལ་སྐུ་ཐོབ༔ བྱང་ཆུབ་སེམས་ཀྱི་ཕུར་པ་དེ༔ ཡུམ་མཁར་ཐེབས་པས་ལོངས་སྐུ་ཐོབ༔ མཚན་མ་རྫས་ཀྱི་ཕུར་པ་དེ༔ དགྲ་བགེགས་ལ་བཏབ་བསྟན་པ་ཚུགས༔ ཞེས་གསུངས་ཤིང་བསྒྲལ་ལུགས་དེ་ལྟར་དུ་ཤེས་པ་ལ་འཚེངས་པ་རྣམ་པ་ལྔ་འབྱུང་སྟེ། ཚེ་ལུང་གི་དགོངས་པས་སྒྲོལ་མཁན་གྱི་རྣལ་འབྱོར་པ་འཚེངས་པ། ཁྲུས་ལུང་གི་དགོངས་པས་བསྒྲལ་བྱའི་གཟས་པ་པོ་འཚེངས་པ། གནས་ལུང་གི་དགོངས་པས་འོག་མིན་དུ་སྦྱོར་མཆོད་ཀྱིས་འཚེངས་པ། སྙིགས་མའི་ཤ་ཁྲག་གིས་དཀྱིལ་འཁོར་བའི་ལྷ་ཚོགས་འཚེངས་པ། གནོད་བྱེད་དང་བྲལ་བས་བསྟན་པ་


JLAZ005_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་འཚེངས་པ་སྟེ། མདོར་ན་བདག་ལ་སྒྲིབ་པ་མི་གསོག་ཅིང༌། གཞན་སྡུག་བསྔལ་མི་བསྐྱེད་པའི་ཐབས་དེ་ལྟ་བུས་གནས་ངན་གྱི་འགྲོ་བའི་རྒྱུ་བསྟན་པའི་སྤྱི་དགྲ་ལ་སོགས་པ་ཞིང་བཅུ་ཚང་པ་དང༌། ངན་སོང་དུ་འཁྱམས་པའི་སེམས་ཅན་རྣམས་བསྒྲལ་གཞི་ཡིན་པ་ལས། རང་ཉིད་ཀྱི་ཟས་ཕོར་གང་ཙམ་གྱི་ཆེད་དུ་ཆགས་སྡང་གི་བསམ་ངན་སྒོམ་པ་དང༌། མཐུ་གཏད་ལ་བརྟུལ་ཞུགས་སུ་བསླབ་པའི་ལས་འབྲས་མི་དྲན་པ་དག་གིས་གྱ་གྱུའི་སྦྱོར་བ་ལྐོག་གྱུར་དུ་བརྩམ་ནའང༌། དཀོན་མཆོག་རིན་པོ་ཆེས་དུས་གསུམ་བསྒྲིབ་མེད་དུ་གཟིགས་པས་འདི་ཕྱིའི་མདུན་མ་གཏན་བརླག་ཏུ་སོང་བ་སྟེ། དེ་ཅིའི་ཕྱིར་སྙམ་ན། རྡོ་རྗེའི་ཐེག་པ་ལ་སྦྱོར་སྒྲོལ་གྱི་ལམ་བསྟན་པའང་ཐེག་པ་འོག་མ་ལས་ཁྱད་ཆོས་དུ་མས་འཕགས་པའི་ཕྱིར་འདི་ལྟར་སྒྲོལ་བ་ལ་མཚོན་ན། རྟོགས་པས་བདག་སྔོན་དུ་བསྒྲལ་ནས། དེའི་རྗེས་ཐོབ་ཏུ་ཐུགས་རྗེས་གཞན་སྒྲོལ་བ་ཡིན་ཏེ། འོན་ཀྱང་ཟན་ལ་ཕུར་བ་འདེབས་ཚད་ཀྱིས་སྡང་ཞེན་གྱི་ནུས་པ་མངོན་དུ་མི་འབྱིན་ཡང༌། སྲོག་གཅོད་ཀྱི་མི་དགེ་བའི་བསམ་པ་སྦྱོར་བ་མཐར་ཐུག་གསུམ་ལས་བསམ་སྦྱོར་གཉིས་ཚང་བའི་རྣམ་སྨིན་མྱོང་དགོས་པའི་ཕྱིར་རོ། །དེས་ན་རང་གིས་རང་ཉིད་མི་བསླུ་བར་གཉེན་པོས་ཟིན་པ་བྱ་དགོས་སོ། །གཉིས་པ་བསྟབ་པ་ནི། ལིང་རོ་རྣམས་མཆོད་གྲལ་དུ་བསྒྲིག །ཆ་ཤས་


JLAZ005_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་གཏོར་ལའང་བསྲེ་ཞིང༌། ཚོགས་ཞིང་རྣམས་ཞལ་ཧོམ་ཁུང་ལྟ་བུར་གདངས་པའི་ནང་དུ་བསྟབ་གིང་ཟ་བྱེད་པདྨའི་གིང་མོ་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ཀྱིས་བསྒྲལ་མཆོད་རྣམས་སྟངས་སྟབས་ཀྱི་གར་དང་བཅས་བཏེག་ནས་བསྟབ་ཅིང་དགྱེས་པ་བསྐྱེད་པར་བལྟས་ལ། ཧཱུྃ་ཧྲཱིཿ བསྟབ་པོ་བསྟབ་པོ་ལྷ་ཚོགས་ཞལ་དུ་བསྟབ༔ སོགས་ཀྱིས་འབུལ། ལ་ལར་ལྷ་ཚོགས་རྣམས་ཀྱི་ཡ་རྐན་ཁྲོ་བོ་དང་མ་རྐན་ཁྲོ་མོར་གསལ་བའི་སྦྱོར་མཚམས་སུ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་དུག་གསུམ་གྱི་ཕུང་པོ་དང་བཅས་བསྟབས་པས་གསོལ་བར་བསམ་པ་ལ་སྦྱོར་སྒྲོལ་ཟུང་འཇུག་གི་སྒོ་ནས་མཆོད་པའི་དམིགས་གནད་ཟབ་མོ་ཡིན་པར་ཡང་བཤད་དོ། །སྔགས་དོན་ནི་གོང་མ་དང་ཆ་འདྲའོ། །ཚུལ་དེ་ལྟ་བུ་ལ་བསྒྲལ་མཆོད་ཀྱི་རྣམ་གཞག་ཚང་སྟེ། རྒྱུད་ལས། བདུད་རྩི་དམིགས་བྱའི། ལྔའམ་ཟས་ལྔ་ལ། ཉ་ཤ་བུ་རམ་སྦྲང་རྩི་ཏིལ་ཤའོ། །མཚན་མ་མིང་དུ་བཅས་པ་བྱ། །བཀུག་ནས་རྡོ་རྗེ་ཕུར་བུས་བརྡབ། །རྡུལ་དུ་བྱས་ནས་ཚོགས་ལ་དབུལ། །ཞེས་གསུངས་པ་སྟེ། ཕྲ་མ་སྔ་བཙན་གྱི་ཕྱི་ལ་འབྲངས་པའི་བླུན་པོ་དག་ད་དུང་ལས་གཞུང་ནས་མ་གསལ་སྙམ་ནས་ཐེ་ཚོམ་པར་སྲིད་ཀྱང་མ་ཡིན་ཏེ། ཚུལ་འདི་ལྟ་བུ་འཆད་པའི་སྐབས་སུ་འབྲེལ་བ་བཞི་དང་ལྡན་པ་ཞེས། རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་ཁྲིགས་


JLAZ005_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་བ། ཆོག་ཁྲིགས་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་བརྒྱུད་པའི་གདམས་ངག་དང་འབྲེལ་བའོ། །ཞེས་གསུངས་པའི་དོན་གོ་བར་བྱ་ཞིང༌། འོན་ཀྱང་ཕྱག་བཞེས་དང་ཆོག་ཁྲིགས་ལ་རྣམ་པ་མང་བས་རྒྱུད་ལུང་རྣམ་དག་ལ་ཡིད་བརྟན་འཆའ་བ་ཡིན་ནོ། །གསུམ་པ་ནི། སྔར་གྱི་ཚོགས་བཤགས་ཀྱི་དོད་ཆ་གསུམ་པ་དམ་ཚིག་རྫས་སུ་མོས་ཏེ་སྨན་རག་དང་བཅས་གཏོར་མར་བྲན་ལ། དོན་དམ་ནམ་མཁའ་ལྟ་བུའི་ཀློང་ནས་ཀུན་རྫོབ་གློ་བུར་གྱི་བག་ཆགས་དྲི་མ་དང་བཅས་པ་སྟོབས་བཞི་ཚངས་པའི་སྒོ་ནས་བཤགས་པས་འཁོར་གསུམ་ཡོངས་དག་གི་རྣམ་རོལ་དུ་དག་པར་བསམས་ལ། ཧོཿ བདག་སོགས་མ་རིག་ལུས་དང་ངག་སེམས་ཀྱི༔ སོགས་དང་ག་ན་ཙཀྲའི་ཡིག་བརྒྱ་བརྗོད། བཞི་པ་ནི། སྔ་མ་ཇི་ལྟ་བར་སྨན་རཀ་བྲན་ནས་གནམ་ཕུད་ཅེས་ནམ་མཁའ་གང་བའི་ལྷ་ཚོགས་ལ་ཕུལ་ནས་ཀུན་རྫོབ་དང་དོན་དམ་ཟུང་འཇུག་ཏུ་བསྐང་བ་ཡིན་ཕྱིར་ཐོག་སྟེང་གཙང་སར་གཤེགས་ལ། ཧཱུྃ་ཧྲཱིཿ སྐོང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་སྐོང་༔ སོགས་བརྗོད་པ་ཡིན་ཏེ་ད་ལྟ་ལག་ལེན་ཕལ་ལ་ཆོ་ག་གཞན་གྱི་རྗེས་སུ་འབྲངས་ནས་གནམ་ཕུད་འདི་ཚིག་ཤར་ཙམ་ལས་འབུལ་རྫས་དངོས་ཆད་པ་མང་ངོ༌། །གཉིས་པ་ནང་ལྟར་དུ་མཆོད་པ་ལ་གཉིས། རང་ལུས་ཨ་ནུའི་ཚོགས་མཆོད་ལ་བརྟེན་ནས་རྡོ་རྗེ་


JLAZ005_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་མཆོད་པ་དང༌། དེ་བཞིན་དུ་འདུས་པའི་ཚོགས་ལ་འགྲིམ་པའོ། །དང་པོ་ལ་གཉིས། ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་འབུལ་བ་དང༌། རྡོ་རྗེ་སློབ་དཔོན་གྱིས་དེ་ལ་ལན་གདབ་པའོ། །དང་པོ་ནི། ཚོགས་འཁོར་མཚན་ཉིད་པའི་ཚེ་རྡོ་རྗེ་གཟུངས་མའམ། སྤྱི་ཁྱབ་ཏུ་ལས་ཀྱི་རྡོ་རྗེས་འདུས་པའི་གཙོ་བོ་ལ་ཕྱག་སྔོན་དུ་བཏང་ནས། མཚན་ཉིད་དང་ལྡན་པའི་ཀ་པཱ་ལ་མ་དཱ་ནས་བཀང་བ་ལག་གཉིས་པད་སྐོར་གྱི་ཕྱག་རྒྱ་བྱས་པའི་གཡོན་པའི་སྟེང་དུ་ཐོགས། གཡས་པས་རྩེ་གསུམ་གྱི་ཕྱག་རྒྱ་བསྟན་ལ། རྡོ་རྗེ་སློབ་དཔོན་ཀུན་ཏུ་བཟང་པོར་འདུ་ཤེས་པའི་མོས་གུས་བསྐྱེད་ཅིང༌། དེའི་རྗེས་འབྲེལ་དུ་ཐབས་རྫས་རྣམས་ཐོགས་ལ་དབྱངས་དང་བཅས། ཧོ་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དགོངས་སུ་གསོལ༔ ཞེས་པའི་མཐར། ག་ན་ཙཀྲ་པཱུ་ཛ་ཧོཿ ཞེས་དབུལ། གཉིས་པ་དེ་ལ་ལན་གདབ་པ་ནི་སློབ་དཔོན་གྱིས་པད་སྐོར་དང་བཅས་རྩེ་གསུམ་གྱི་ཕྱག་རྒྱས་བླངས་ལ། ཨེ་མ་ཧོ། གདོད་ནས་རྣམ་དག་ཟག་མེད་བདུད་རྩིའི་བཅུད༔ ཅེས་སོགས་ཀྱི་མཐར། གསང་སྔགས་བླ་མེད་ཀྱི་རྫས་ཁྱད་པར་ཅན་དེ་ལ་ཤིན་ཏུ་ངོ་མཚར་བའི་སྒྲ། ཨ་ཧོཿ མ་ཧཱ་སུ་ཁ༔ ཞེས་བརྗོད་ཅིང་བདེ་སྟོང་གི་ངང་ནས་མཐེབ་སྲིན་གྱི་གའུས་བཅུས་ཏེ་རོལ། སྔགས་དོན་ནི། ཨ་སྐྱེ་མེད། ཧོ་ནི་དགྱེས་པ།


JLAZ005_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ནི་ཆེན་པོ། སུ་ཁ་ནི་བདེ་བའོ། །ལུགས་གཞན་དུ་སྙིང་ག་ནུ་མ་གཡས་གཡོན། དབུས་ལ་སོགས་པར་པད་སྐོར་བྱ་བ་ནི་རྣམ་ལྔ་འདོད་པའི་ཕྱོགས་སུ་བསྐོར་བ་ཞེས་པའི་དོན་ནོ། །གཉིས་པ་ལ་གཉིས། ལས་ཀྱི་རྡོ་རྗེས་འདུས་པའི་ཚོགས་ལ་དྲངས་པ་དང༌། འདུས་པ་རྒྱ་མཚོས་དེ་ལ་ལན་གདབ་པའོ། །དང་པོ་ནི། ཕྱག་ཐ་དད་དུ་མ་འགྲུབ་ན་སྤྱི་ཕྱག་སྔོན་དུ་འགྲོ་བས་བཟའ་བ་རྣམས་གཡས་གྲལ་ནས་སྔོན་དང༌། བཏུང་བ་རྣམས་གཡོན་གྲལ་ནས་སྔོན་ལ་འགྲིམས་ཤིང༌། འདུས་པ་ཆེན་པོའི་ཚེ་གྲལ་གཤོམ་ནས་མཆེད་ལྕམ་རྣམས་དཀྱིལ་འཁོར་བའི་འཁོར་ཚོགས་སུ་མོས་པའི་དག་སྣང་དང་བཅས་དབྱངས་སྙན་པོས། ཧོ། དགོངས་ཤིག་རོལ་ཅིག་མཆེད་ལྕམ་རྣལ་འབྱོར་རྣམས༔ ཞེས་དྲངས་པའི་བརྡས་བསྐུལ་ལོ། །གཉིས་པ་ལ་གཉིས། ལན་གདམ་པ་དངོས་དང༌། རོལ་པའི་རྣལ་འབྱོར་གྱི་ཚུལ་སྤྲོས་ནས་བཤད་པའོ། །དང་པོ་ནི། འདུས་པའི་ཚོགས་ཀྱིས་འདོད་ཡོན་གྱི་སྣང་བ་དེ་དག་སྒྱུ་མ་ལྟ་བུའི་ངང་ནས་དངོས་གྲུབ་ཀྱི་རྫས་སུ་བལྟས་ལ། ཨེ་མ་ཧོ། སྐྱེ་འགག་གནས་གསུམ་མཐའ་བྲལ་དོན་གྱི་དབྱིངས༔ སོགས་བརྗོད་ཅིང་སྔགས་དོན་ནི། གུཧྱ་གསང་བ། སིདྡྷི་དངོས་གྲུབ་ཨ་ལ་ལ་ཧོ་ནི། བཟའ་བྱ་ཟ་བྱེད་ཀྱི་གཉིས་ཆོས་དང་བྲལ་བའི་མཐའ་བྲལ་ཆེན་པོའི་ཚུལ་དུ་ལོངས་སྤྱོད་པ་ལ་ངོ་མཚར་བའི་སྒྲའོ། །གཉིས་པ་ནི།


JLAZ005_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་ངང་ལས་བཟའ་བཏུང་རྣམས་དཀྱིལ་འཁོར་སུམ་ལྡན་གྱི་ངང་ལས་དང་དུ་བླང་དགོས་ཏེ། སློབ་དཔོན་ཆེན་པོས། བསྐྱེད་རྫོགས་དང་བྲལ་བཟའ་བ་ཟ་བ་རྣམས༔ ཁྱི་ཕག་ཟས་ལ་སྤྱོད་དང་ཁྱད་པམེད་པས༔ ཞེས་གསུངས་པས་འདི་ནི་ཤིན་ཏུ་གལ་ཆེ་བ་ཡིན་ཞིང༌། དེ་ཡང་བུམ་དབང་གི་བཟའ་བའི་དམ་ཚིག་དང་བསྟུན་ནས་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དུ་ཤེས་པ། གསང་དབང་གི་བཟའ་བའི་དམ་ཚིག་དང་བསྟུན་ནས་བྱང་སེམས་དཀར་དམར་གྱི་རང་བཞིན་དུ་ཤེས་པ། དབང་གསུམ་པ་དང་བསྟུན་ཏེ་ཐབས་ཤེས་ཟུང་འཇུག་གི་རྣམ་རོལ་དུ་ཤེས་པ། བཞི་པ་ཚིག་དབང་དང་བསྟུན་ནས་སྟོང་ཉིད་གསལ་ཁྱབ་ཅན་དུ་ཤེས་པའི་ངང་ནས་དང་དུ་བླང་བ་སྟེ། དེ་ཡང་ལས་དང་པོ་པ་དེ་ཙམ་མི་གོ་བ་ཡིན་ན། ལུང་ཨ་ནུ་ཡོ་གའི་ལུགས་སུ་རང་ལུས་ཕུང་ཁམས་སྐྱེད་མཆེད་ཞི་ཁྲོའི་དཀྱིལ་འཁོར་གྱི་རྣམ་པར་མ་བསྐྱེད་ཡེ་རྫོགས་སུ་ཡོད་ཕྱིར། དེ་ལ་ངེས་ཤེས་འདྲོངས་ཤིང་དག་པ་དྲན་བཞིན་པའི་ངང་ནས་ནང་གི་སྦྱིན་སྲེག་མན་ངག་གི་ལུགས་སྒྲ་ཇི་བཞིན་པའམ། དེ་ཡང་མ་ནུས་ན་ལྷ་ཚོགས་དེ་དག་ལ་མཆོད་པ་འབུལ་བའི་བསམ་པ་ཁོ་ནས་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་ཟོས་པས། བདག་ལ་ཁ་ཟས་ཀྱི་བུ་ལོན་དུ་མི་འགྱུར་ཞིང༌། གཞན་སྦྱིན་པའི་བདག་པོ་ལ་བསོད་


JLAZ005_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཁྱད་པར་ཅན་ཐོབ་པའི་དགོས་པ་ཡོད་དོ། །སློབ་དཔོན་ཆེན་པོས། རང་ལུས་ཨ་ནུ་ཡོ་གའི་བསྐྱེད་རིམ་ལས༔ མ་གཡོས་བཞིན་དུ་ཁ་ཟས་སྤྱོད་གྱུར་ན༔ དཀོན་མཆོག་གླུད་དང་དགེ་འདུན་དཀོར་ལ་སོགས༔ ལོག་པའི་ཟས་ཀྱི་འཇིགས་པ་ཀུན་ལས་གྲོལ༔ ཞེས་གསུངས་པ་ལྟར་ཡིན་མོད། ཚུལ་དེ་ལྟ་བུ་མི་གོ་བར་གྲུབ་མཐའ་དང་ཆ་ལུགས་ཙམ་གྱིས་དད་གཤིན་གྱི་དཀོར་ལ་ནོར་སྐྱོང་ཟན་གོང་ལ་འཇབས་པ་ལྟར་སྤྱད་ནས་ཚངས་སྤྱོད་ཡལ་བར་མི་བྱ་སྟེ། ཀུན་མཁྱེན་ལྔ་པ་ཆེན་པོས། རྡོར་དཀར་དུ་ཚུལ་འཆོས་པའི་སྒྲིབ་ཤིང༌། ཤ་ཆང་ཕུང་པོར་སྤུངས་པའི་ཚེས་བཅུ་མཁན་པོ། ཆེར་རློམ་སྟོང་འུར་ཅན་རྣམས་ཀྱིས་སྤྱོད་ཡུལ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་ཞིང༌། དེ་ཡང་མཚན་ཉིད་ཚང་བའི་བླ་མ་དམ་པ་ལས་ཉམས་ཁྲིད་ལེགས་པར་ཐོབ་ཅིང༌། དགེ་སྦྱོར་མཚན་བཅས་པ་རྣམས་རྣལ་འབྱོར་གྱི་ཁྲིགས་རིམ་གྱིས་གཏན་ལ་འབེབས་པ་དག་ལ་འགལ་འདུ་མི་འོང་མོད་ཀྱང༌། ཆོ་ག་ཀློག་འཛིན་ཐུབ་པ་ཙམ་གྱིས་གསང་སྔགས་ཀྱི་རྣལ་འབྱོར་པར་རློམ་པས་རྫོགས་པ་ཆེན་པོ་བྱ་རྩོལ་ལས་འདས་པ་ཡིན་ཞེས་རྒྱས་འདེབས་ཀྱི་སྨྲ་བས་བླ་མ་དང་ཆོས་ལུགས་ཀྱི་ཞབས་སྡུད་པ་དག་ལ་བསམས་པའོ།། །།ལྔ་པ་ལྷག་མའི་ཆོ་ག་ནི། གཞུང་ལས། ཚོགས་ལྷག་ཡོངས་


JLAZ005_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་གཙོ་བོའི་ཞལ་ཆབ་བྲན༔ བདུད་རྩིར་བྱིན་བརླབས་འདི་སྐད་ཕུལ་ཏེ་གཤེགས༔ ཞེས་གསུངས་པ་ལྟར་ཚོགས་ལྷག་ཐམས་ཅད་གསོག་འཇོག་མེད་པར་བསྡུས། སྔར་ཚོགས་ལྷག་ཏུ་བཅད་དེ་བཞག་པའི་གཙང་ལྷག་ཆ་ལྔ་པ་ཡང་བསྣན། སྒྲུབ་ཆེན་ལྟ་བུའི་ཚེ་ནི་གཞུང་འདི་ཉིད་ཀྱི་སྒོས་ཆོས་ལྷག་གཏོར་ཞེས་དམར་གཏོར་ཤ་ཁྲག་དང་ཡུངས་ཀར་གྱིས་བརྒྱན་པ་ཡང་མཉམ་དུ་བསྔོ་བར་བཤད། གང་ལྟར་ཡང་སློབ་དཔོན་ལྟ་དགོངས་དང་ལྡན་ན་གཙོ་བོའི་ང་རྒྱལ་ལ་གནས་པས་ཡ་རྐན་རྟ་མགྲིན་དང་མ་རྐན་རྣལ་འབྱོར་མར་གསལ་བའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་བདུད་རྩི་བབས་པས་ལྷག་གཏོར་བྱིན་གྱིས་བརླབས་པར་བལྟས་ལ། སོར་མོ་རྣམས་ཕན་ཚུན་དུ་བཅིངས་བ་ལས། མཐེ་བོང་གཉིས་དང་མཛུབ་མོ་གཉིས་རྩེ་སོ་སོར་སྤྲད། མཐེའུ་ཆུང་བརྐྱངས་ཏེ་རྩེ་སྤྲད་པའི་ནང་དུ། ཨོཾ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿ ཞེས་བརྗོད་པའི་ཁ་ཕྲུས་བཏབ་པའམ། གཙང་དམེའི་གཉིས་རྟོག་མ་དག་ན་དེ་ལྟར་མི་བྱ་བས་གསང་སྔགས་མོས་སྤྱོད་ཀྱི་ཕྱག་བཞེས་དཀྱུས་མ་ཚོགས་ལྷག་ལ་བདུད་རྩིའི་ཟེག་མ་རཀྟ་དང་བཅས་པ་འཐོར་ལ། ཨ་ཀཱ་རོས་བརླབ། དཀྱིལ་འཁོར་གྱི་བྱང་ཤར་རམ། ལྷོ་ནུབ་ཏུ་ཞིང་ལྤགས་སམ། མ་ཏྲཾ་བྲིས་པའི་སྟེང་དུ་མཉྫིའི་ཁར་ཚོགས་ལྷག་འགོད་པའི་


JLAZ005_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཡོད་ཀྱང༌། རྒྱུན་དུ་མ་འགྲུབ་ན་སྒྲུབ་ཆེན་སོགས་ལྷག་མ་བཙོན་དུ་འཛིན་པའི་ཚེ་དེ་ལྟར་བྱ། མཚན་མོ་ཡིན་ན་དུས་མཚན་གྱི་གདོང་ཐུག་བསྲུང་ཕྱིར་དཔལ་འབར་དང༌། ཉིན་མོ་སྤོས་མེ་བཙུགས་ལ། ལྷག་གཏོར་ལ་དབང་པའི་བཀའི་ཕོ་ཉ་དབང་མོ་ཉེར་བརྒྱད། མཁའ་འགྲོ་སོ་གཉིས། གིང་ཆེན་བཅོ་བརྒྱད། ལངྒ་ཚར་གསུམ། དབང་གི་མ་མོ་བདུན། སྲིང་མོ་བཞི། འབར་མ་བརྒྱད། ཕོ་ཉ་སུམ་ཅུ་རྩ་དྲུག་ལ་སོགས་པ་རྣམས་ལ། ནམ་མཁའ་མཛོད་ཀྱི་རང་བཞིན་བདུད་རྩིའི་ངོ་བོར་སྤར་ནས་བསྔོས་པས། དེ་དག་རྣམས་ཤིན་ཏུ་དགྱེས་ཤིང་དམ་ཚིག་དྲན་པས་ཅི་བཅོལ་གྱི་ལས་རྣམས་བསྒྲུབ་པར་མོས་ལ། ཧཱུྃ་ཧྲཱིཿ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་དུ༔ སོགས་བརྗོད། སྔགས་དོན་ནི། ཨུ་ཙི་ཊ་ལྷག་མའི། བ་ལིཾ་ཏ་གཏོར་མ། བྷཀྵ་སི་སྭཱ་ཧཱ༔ ཚིམ་པར་གྱུར་ཅིག །ཅེས་པ་སྟེ། ལས་ཀྱི་རྡོ་རྗེས་ཞྭ་གསང་སྔགས་ཐབས་ཀྱིས་ཆེ་བའི་རྟེན་འབྲེལ་དམ་ཚིག་གི་རྫས། ཞྭའི་ངོ་བོ་ངེས་ཚིག་དགོས་ཆེད་ལ་སོགས་པ་ནི་གཏེར་ཁ་འདི་ཉིད་ཀྱི་ཞྭ་ཆོས་རིན་ཆེས་སྤུངས་པ་ལྟ་བུའི་དོན་ཁོང་དུ་ཆུད་པར་བྱའོ། །དང་ལྷྭམ་གྱོན་ནས་པད་སྐོར་དང་བཅས་ནམ་མཁའ་ལྡིང་གི་ཕྱག་རྒྱས་ལྷག་མ་བཏེག་ལ་སྒོ་དྲུང་གི་བར་གྱེར་ཚིག་དང་བསྟུན་ནས་ཕྱི་ནུར་གྱིས་འགྲོ་ཞིང༌། དེ་ལས་སྒྲུབ་ཁང་གི་ཕྱི་རོལ་གོམ་པ་བདུན་ཅུའི་སར་སྲིན་མོའི་ཟ་ལམ་ཡིན་པས་དེར་འདོར་རྗེས། སྣོད་ཀྱང་བཤལ་ནས་


JLAZ005_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བར་བཤད་དོ། །སྒྲུབ་ཆེན་ལྟ་བུའི་ཚེ་ལྷག་མ་བཙོན་དུ་བཟུང་བ་ཡིན་ཚེ་གྲོལ་རྒྱུའི་ནུབ་ཐ་མར་ལྷག་མ་དང་མཉམ་དུ་གད་རོ་རྣམས་ཀྱང་འདོར་རོ། །སྐབས་འདིར་ཛབ྄་བསྙེན་བྱ་བར་བཤད་པ་ནི་བདག་བསྐྱེད་རྐྱང་པ་འདི་ཡིན་གྱི་ས་བཅད་བཟུང་ལ། དེ་ལས་སྒྲུབ་ཆེན་པྲ་ཁྲིད་ཀྱི་ཁོག་ཕུབ་ནས་སྒྲུབ་གཞུང་ཆེན་མོ་གང་ཡིན་ལ་འཇུག་པའི་དགོངས་པ་ཡིན་ཏེ། སྐབས་འདི་ཉིད་ཀྱི་བསམ་བྱ་ལས། ལྷ་བསྙེན་ལ་སོགས་རང་རང་གཞུང་བཞིན་བཟླས༔ དམིགས་པ་སྤྲོ་བསྡུ་གང་རིགས་ཁ་བསྒྱུར་འབད༔ ཅེས་གསུངས་པ་སྟེ། དཔེར་ན་དབང་སྒྲུབ་ལྟ་བུའི་ཚེ་ནའང་འདིར་བཤད་པའི་བཤགས་སྐོང་གི་ལེ་ལག་གང་ཡིན་བོར་ལ། སྲུང་འཁོར་ལ་སོགས་འདི་ག་ཇི་བཞིན་གྱི་མཇུག་མེ་ཏོག་ཕྲེང་མཛེས་རྐྱང་པས་བདག་བསྐྱེད་འདི་ཡན་ཆད་བསྒྲུབས་རྗེས། མདུན་བསྐྱེད་ཀྱི་སྒྲུབ་ཁོག་ཆེན་མོ་ལ་འཇུག་པ་གཏེར་གཞུང་གི་དགོངས་པ་སོར་བཞག་ཡིན་པའོ།། །།དྲུག་པ་དེ་ཁོ་ན་ཉིད་ཀྱི་སྐོང་བཤགས་ནི། ཕྱི་ཀུན་རྫོབ་སྒྱུ་མ་ལྟ་བུའི་རྣམ་རོལ་ལས་ལུས་ཀྱི་སྒོ་ནས་ཕྱག་རྒྱ་གར་སྟབས། ནང་རིག་པ་སྐྱེ་འགག་གནས་གསུམ་དང་བྲལ་བ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་མ་བཅོས་པར་གཞག །གསང་བ་ངག་གྲག་སྟོང་སྐྱེ་མེད་ཀྱི་གདངས་ལས་ཀུན་རྫོབ་ཀྱི་སྦྱང་བྱ་ཐམས་ཅད་འཁོར་གསུམ་ཡོངས་དག་ཆེན་པོའི་ཀློང་དུ་བསྐང་ཞིང༌། ཧཱུྃ་ཧྲཱིཿ དངོས་


JLAZ005_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆོས་ཉིད་ཡངས་པའི་ཀློང་དུ་སྐོང་༔ སོགས་བརྗོད་ཅིང་དེ་ཡང༌། སྐྱེ་བ་མེད་པས་བྱང༌། འགག་པ་མེད་པས་ཆུབ། གཉིས་སུ་མེད་པས་སེམས་ཞེས་བཏགས་པ་དེ། དེ་ལྟ་བུའི་བྱང་ཆུབ་སེམས་ཀྱི་ཀློང་དུ་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་བསྐང་བར་བྱའོ། །དེ་ནས་ཚོགས་སྐོང་དེ་རྣམས་ཐམས་ཅད་ཀྱི་མཇུག་བསྔོ་བས་བསྡུ་བ་ནི། ལུགས་གཞན་དུ་ཚོགས་ལ་རོལ་རྗེས་བྱ་བ་ལྟར། ཧེ་རུ་ཀ་དཔལ་མས་བསྔོ་བ་བྱ་བའང་ཕུན་སུམ་ཚོགས་པའི་ཡན་ལག་གོ །བདུན་པ་བྱིན་རླབས་གནས་སྤར་གྱི་རིམ་པ་ལ་གཉིས། དམིགས་པའི་མན་ངག་ཁྱད་པར་ཅན་བཤད་པ་དང༌། བྱིན་རླབས་གནས་སྤར་གྱི་རིམ་པ་དངོས་སོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་གྱིས་སློབ་མ་རྗེས་སུ་བཟུང་ཚེ་གཞུང་ནས་བཤད་པའི་བསམ་བྱ་ཁོ་ནས་འགྲུབ་ཀྱང༌། བདག་འཇུག་གི་ཚེ་དམིགས་པའི་ཁྱད་པར་ནི། རང་གི་རིག་པ་རྣམ་དག་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པ་བླ་མ་དང་དཀྱིལ་འཁོར་བདག་པོར་དབྱེར་མེད་དུ་གྲུབ་པ་དེ་ཉིད་དབང་ལེན་བྱའི་ཡུལ་ལ། གློ་བུར་འཁྲུལ་རྟོག་རྣམ་སྨིན་བག་ཆགས་ཀྱི་རྟེན་སློབ་བུའི་ཚུལ་དུ་བྱས་ནས་བྱིན་རླབས་གནས་སྤར་བྱ་བ་སྟེ་བདག་འཇུག་གི་རིགས་ཐམས་ཅད་ལ་ཁྱད་དུ་འཕགས་པའི་དམིགས་གནད་དེ། ཐམས་ཅད་མཁྱེན་པ་པྲཛྙཱ་རསྨི་དང་འགྲོ་འདུལ་གཏེར་བདག་གླིང་པ་བཞེད་དོ། །


JLAZ005_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་འདི་ནི་གཤིན་པོའི་རིགས་ཁོ་ན་ལ་ཆེད་དུ་བསྔགས་ཕྱིར། དམིགས་བྱ་དེ་ཉིད་ཏིང་ངེ་འཛིན་གྱི་མཐུས་སྐད་ཅིག་ཉིད་ལ་མདུན་དུ་བཀུག་རྗེས། རང་ཉིད་ཀྱིས་སློབ་དཔོན་དང་ཚེ་འདས་ཀྱིས་སློབ་མའི་བྱ་བ་བྱས་པར་མོས་ལ། བྱིན་རླབས་གནས་སྤར་གྱི་རིམ་པ་ཚུལ་བཞིན་དུ་བྱས་ན་དམིགས་བྱ་དེ་ལ་ཕན་ཐོགས་ཤིན་ཏུ་ཆེ་བས་སྙིང་རྗེ་ཅན་གྱིས་དང་དུ་བླང་བར་རིགས་སོ། །གཉིས་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལ་ཡང་གསུམ། མཎྜལ་དབུལ་བ། གསོལ་བ་གདབ་པ། དཀྱིལ་འཁོར་དུ་འཇུག་པའོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་ཁྲི་ལ་འཁོད་པ་ལ་སློབ་མ་རྣམས་ཀྱིས་ཕྱག་བྱས་ལ་སྙིམ་པ་མེ་ཏོག་དང་བཅས་བྱིན་རླབས་གནས་སྤར་གྱི་དབང་ཟབ་མོ་ཞུ་བའི་ཡོན་དུ། ས་གཞི་སྤོས་ཆུས་སོགས་པས་མཎྜལ་དབུལ་ལོ། །གཉིས་པ་ནི། སློབ་མ་རྣམས་གུས་པས་ཐལ་མོ་སྦྱར་ཞིང་མགྲིན་གཅིག་ཏུ། ཨེ་མ༔ མགོན་པོ་ཐུགས་རྗེ་ཅན༔ སོགས་ཤློ་ཀ་གསུམ་གྱིས་གསོལ་བ་བཏབ། གསུམ་པ་ནི། རྡོ་རྗེ་སློབ་དཔོན་གྱིས་འདི་སྐད་དུ། ཨེ་མ་འདུས་པའི་མཆེད་ལྕམ་སྐལ་ལྡན་ལས་ཅན་རྣམས༔ སོགས་བརྗོད་ཅིང་དལ་ལ་བསྐོར་བ་ལན་གསུམ་བྱེད་དུ་བཅུག་ལ་དཀྱིལ་འཁོར་དུ་གཞུག་པར་བྱའོ། །གཉིས་པ་དངོས་གཞི་ལ་གསུམ་ལས། དང་


JLAZ005_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བླ་མ་རྡོ་རྗེ་སེམས་དཔའི་སྒོ་ནས་རྣམ་རྒྱལ་བུམ་པས་བྱིན་གྱིས་བརླབ་ཅིང༌། དམྱལ་བའི་གནས་ནས་སྤར། རིག་འཛིན་གྱི་གྲལ་དུ་དགོད་པ་ནི༔ རྣམ་རྒྱལ་གྱི་བུམ་པར་བླ་མ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གསལ་བཏབ་ཅིང་སློབ་མའི་སྤྱི་བོར་བཞག་ལ༔ ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་རང་བཞིན་གཙོ༔ སོགས་ཀྱིས་བསྐུར་ལ་དག་པ་བརྗོད་པ་ནིཿ སྐལ་ལྡན་ཁྱོད་ལ་ཡེ་ཤེས་རྣམ་དག་བདུད་རྩི་བུམ་པས་དབང་བསྐུར་བ་ལ་བརྟེན་ནས་སོགས་བརྗོད་ཅིང་བུམ་ཆུ་བྱིན་ལ་སློབ་མས་ཀྱང་འཐུང་བ་དང་ལུས་བཀྲུ་བ་སོགས་བྱའོ། །གཉིས་པ་ཡི་དམ་ཞི་ཁྲོའི་རང་གསལ་གྱི་སྒོ་ནས་ཤེལ་དང་མེ་ལོང་གིས་བྱིན་བརླབ་བྱ་ཞིང༌། དུད་འགྲོའི་གནས་ལས་སྤར། རིག་འཛིན་གྱི་གྲལ་དུ་དགོད་པ་ནི། མེ་ལོང་གི་སྟེང་དུ་ཤེལ་དངས་པའི་ནང་དུ་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་གསལ་བཏབ་ཅིང་སློབ་མའི་མགྲིན་པར་བཞག་ལ། ཧཱུྃ་ཧྲཱིཿ ཞི་ཁྲོ་རང་གསལ་དཀྱིལ་འཁོར་གཙོ༔ སོགས་དང་རྗེས་འབྲེལ་དུ་དག་པ་བརྗོད་པ་ནི། སྐལ་ལྡན་ཁྱོད་ལ་ཞི་ཁྲོ་རང་གསལ་འོད་ཀྱི་ཕོ་བྲང་རིན་པོ་ཆེ་ཤེལ་དང་མེ་ལོང་གི་རྫས་མཆོག་འདིའི་དབང་བསྐུར་བ་ལ་བརྟེན་ནས་སོགས་བརྗོད་ཅིང་ཤེལ་དང་མེ་ལོང་གི་ངོས་ལ་དལ་གྱི་ལྷ་ཚོགས་སྣང་ལ་རང་བཞིན་མ་གྲུབ་པར་ངོ་སྤྲད་པར་བྱའོ། །གསུམ་པ་ཌཱཀྐི་དམ་ཅན་རྒྱ་


JLAZ005_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་སྒོ་ནས། བདུད་རྩི་རྫས་མཆོག་གཏོར་མས་བྱིན་གྱིས་བརླབ་ཅིང༌། ཡི་དྭགས་ཀྱི་གནས་ལས་སྤར། རིག་འཛིན་གྱི་གྲལ་དུ་དགོད་པ་ནི། མཁའ་འགྲོའི་གཏོར་མ་ཌཱཀྐི་དམ་ཅན་རྒྱ་མཚོའི་དལ་དུ་གསལ་བཏབ་པ་སློབ་བུའི་ལག་ཏུ་གཏད་ལ། ཧཱུྃ་ཧྲཱིཿ བ་ལིང་བཅུད་ལྡན་ཕོ་བྲང་དུ༔ སོགས་ཀྱིས་བསྐུར་ལ་དག་པ་བརྗོད་པ་ནི། སྐལ་ལྡན་ཁྱོད་ལ་ཌཱཀྐི་གསང་བའི་ཕོ་བྲང་བྱིན་རླབས་རྨད་བྱུང་གཏོར་མའི་དབང་བསྐུར་བ་ལ་བརྟེན་ནས། སོགས་བརྗོད་ཅིང་གཏོར་མའི་རས་མ་ནས་ཅུང་ཟད་ཀྱང་བྱིན་ནོ། །གསུམ་པ་རྗེས་ལ་གཏང་རག་གི་མཆོད་པ་ནི། རྡོ་རྗེ་སློབ་དཔོན་ལ་ཡོན་དང་མཎྜལ་དབུལ་ཞིང་ཕྱག་འཚལ། དཀྱིལ་འཁོར་ལྷ་ཚོགས་ལ་སྨན་རག་གཏོར་མཆོད་དབུལ་ཞིང་བསྟོད་པ་བྱ། མཆེད་ལྕམ་རྣམས་ཀྱང་གཅིག་གིས་གཅིག་ལ་བསྙེན་བཀུར་བྱ་ཞིང་དག་སྣང་སྦྱང༌། རྡོ་རྗེ་སློབ་དཔོན་གྱི་སྣང་བ་ཐོབ་ན་རྡོ་རྗེའི་གླུ་གར་ལ་སོགས་པ་ཡང་བྱ་ཞིང༌། ཉམས་བྱུང་རྒྱལ་དུ་བསྐྱང༌། དེ་ལ་རྡོ་རྗེའི་གླུ་གར་ནི། ཆོག་ཁྲིགས་དང་རྣམ་བཤད་ཕལ་ཆེར་དུ་ཁ་འཕངས་ཙམ་ལས་ཇི་བཞིན་བཤད་པ་ཆེར་མི་སྣང་བས་འདི་ཉིད་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་པས་སྐབས་འདིར་ཆུ་བབས་སུ་བཤད་པ་ལ་གསུམ། གླུ་གར་འདི་བྱ་བའི་དུས། གླུ་གར་དངོས། གླུ་གར་བྱས་པའི་ཕན་


JLAZ005_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ནོ། །དང་པོ་ནི། རྫོགས་པ་ཆེན་པོའི་རྒྱུད་མུ་ཏིག་ཕྲེང་བའི་རྒྱུད་ཀྱི་རྣམ་བཤད་སྟོན་པའི་སྐབས། ཡེ་ཤེས་གཡུལ་བཟློག་རྒྱུད་ཤེས་ན། ཕྱོགས་བཞིར་སྐར་ཁུང་བཏོད་པ་འདྲ། །ཞེས་གསུངས་པ་ནི་ཉི་ཟླ་ཁ་སྦྱོར་རྒྱུད་ཡིན་ཏེ། དེ་ཉིད་ལས། རྣལ་འབྱོར་གང་ཞིག་སྐལ་ལྡན་པ། །དུར་ཁྲོད་རྣམས་སུ་རྒྱུ་བའི་ཚེ། །རྡོ་རྗེའི་གླུ་ནི་གང་ཡང་བླང༌། །མི་རྟོག་བསམ་གཏན་བསྟན་པའི་གྲོགས། །སྤྱོད་པ་ཀུན་གྱི་སྔོན་དུ་འགྲོ། །དེ་ཕྱིར་རྡོ་རྗེའི་གླུ་ཉིད་བླང༌། །ཚོགས་དང་དབང་བསྐུར་དཀྱིལ་འཁོར་འཇུག །དེ་ནས་གླུ་ལ་བརྩོན་པར་བྱ། །མི་རྟག་རྒྱུད་ལ་བརྟེན་དུས་སུ། །འདི་ཉིད་སྐབས་སུ་བླང་བར་བྱ། །ཞེས་གསུངས་པས། བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱང་བ་དང༌། འཁོར་འདས་རུ་ཤན་འབྱེད་པ་དང༌། ཚོགས་འཁོར་དང༌། དབང་བསྐུར་དང༌། དཀྱིལ་འཁོར་སྒྲུབ་པའི་དུས་དང༌། ཏིང་ངེ་འཛིན་གོང་དུ་སྤེལ་བ་ལ་སོགས་ཀྱི་ཚེ་སྐྱེ་བོ་ཐ་མལ་པས་མ་ཚོར་བར་གསང་ནས་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་གླུ་གར་དངོས་ལ་གསུམ། ལུས་ཀྱི་རྣམ་འགྱུར་ངག་གི་བཟླས་བརྗོད། སེམས་ཀྱི་ཏིང་འཛིན་ནོ། དང་པོ་ལ་གཉིས། ཆས་དང་བྲོ་གར་དངོས་སོ། །དང་པོ་ནི། ཚོགས་དང་དཀྱིལ་འཁོར་ལ་འཇུག་པ་དང་ཏིང་ངེ་འཛིན་སྤེལ་དུས། ཞི་ཁྲོ་གང་རུང་གི་


JLAZ005_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་སོ། །ཞི་བ་ནི་དར་དང་རིན་པོའི་རྒྱན་ཆས་སྤྲས་ཏེ། གོས་ཀྱི་ལྷབ་ལྷུབ་དང༌། ཞི་བའི་དབུ་རྒྱན་དང༌། རྡོར་དྲིལ་འཛིན་པའོ། །ཁྲོ་བོའི་ཆས་ནི། རུས་པའི་རྒྱན་དྲུག །ཐལ་ཆེན་གྱི་བྱུག་པ། ཞག་གི་ཟོ་རིས། བྷནྡྷ་དང་ཕུར་པ་འཛིན་པའོ། །གཉིས་པ་བྲོ་གར་ནི། ལྷའི་ཕྱག་རྒྱ་མ་ནོར་བར་འཆའ་བའོ། །གཉིས་པ་ངག་བཟླས་ནི་འོག་ཏུ་འཆད་དོ། །གསུམ་པ་སེམས་ཀྱི་ཏིང་ངེ་འཛིན་ནི། ལྷའི་སྐུ་ཞི་དྲག་གང་ཡིན་གྱི་བསྐྱེད་རིམ་ལ་གནས་པའོ། །ཁྱད་པར་འཁོར་འདས་རུ་ཤན་འབྱེད་པ་དང༌། ཉམས་གོང་དུ་སྤེལ་བའི་ཚེ་བྱ་ལུགས་གཞན་དུ་ཤེས་ལ། འདིར་ཚོགས་ཀྱི་དུས་རྣལ་འབྱོར་པ་ཐམས་ཅད་བསམ་གཏན་གྱི་ངང་ལས་ལངས་ཏེ། ཞི་བའི་ཉམས་དགུ་དང༌། ཁྲོ་བོའི་གར་དགུ་སོ་སོའི་ངེས་པས་སྒོ་གསུམ་གྱི་བྱ་བ་ཕྲུགས་གཅིག་ཏུ་བྱ་ཞིང༌། ཁྱད་པར་སྣང་སྟོང་གཉིས་སུ་མེད་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་དགོངས་པའི་ཀློང་ནས་ཆོས་ཉིད་ཀྱི་གླུ་འདི་ལྟར་བླང་ངོ༌། །ཨ་དཱི་ཀ་དཱི། རིང་པོ་དང་ཐུང་ངུ་དང༌། འཁྱོག་པོར་གདངས་སྙན་པོས་བརྗོད། ཨཱོྃ་དང༌། ཨེ་དང༌། ཧཱུྃ་དང༌། ཧེ་དང༌། ལྱཱཻ་ཤག་ལ་སོགས་པས་སྣ་དྲངས་ནས། མཆོག་གསང་བླ་ན་མེད་པ་རྡོ་རྗེའི་ཚིག །ཨེ་མ་ཀི་རི་ཀཱི་རཱི། མསྟ་བཱ་ལི་བཱ་ལི། ས་མི་ཏ་སུ་རུ་སུ་རུ། ཀུ་ཏ་ལི། མ་


JLAZ005_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་སུ། ཨེ་ཀ་རཱ་སུ་ལི་བྷ་ཏ་ཡཱེ། ཙི་ཀི་ར་བྷུ་ལི་བ་ལ་ཡཱེ། ས་མུནྟ་ཙརྱ་སུ་གྷ་ཡ། བྷི་ཏ་ས་ན་བྷྱ་ཀུ་ལེ་ཡཱེ། ས་ཀ་རི་དྷཱུ་ཀ་ན། མ་ཏ་རི་བཱཻ་ཏ་ན། བ་ར་ལི་ཧི་སཱ་ན། མ་ཁརྟ་ཀཱེ་ལ་ནཱཾ། སཾ་བྷུ་ར་ར་མེ་ཀ་ཙ་དྷི་པ། སུརྱ་བྷ་ཏ་ར་ཨི་པ་ཤ་ན་པ། ར་ན་བྷི་ཏི་ས་གྷུ་ར་ལཱ་པ། མ་སྨིན་ས་གུ་ལི་ཏ་ཡ་བ། འགུ་ར་འགུ་རཱ་ས་ག་ཁ་ར་ན་སཱཾ། ན་ར་ན་རཱ། ཨི་ཐ་ར་པ་ཊཱ་ལཾ། སིར་ཎ་སིར་ཎ། བྷེ་ས་རས་པ་ལཾ། བྷུནྡྷ་བུནྡྷ། ཚི་ཥ་ས་ཀེ་ལཾ། ས་སཱ། རི་རཱི། ལེ་ལཱེ། ཨི་ཨཱི། མི་མཱི། ར་ར་རཱ། མ་སྐྱེས་པས་ན་མི་འགག་ཅིང༌། །འགྲོ་དང་འོང་མེད་ཀུན་ཏུ་ཁྱབ། །བདེ་ཆེན་ཆོས་མཆོག་མི་གཡོ་བར། །མཁའ་མཉམ་རྣམ་གྲོལ་གོས་པ་མེད། །རྩ་བ་མེད་ཅིང་རྟེན་མེད་ལ། །གནས་མེད་ལེན་མེད་ཆོས་ཆེན་པོ། །ཡེ་གྲོལ་ལྷུན་མཉམ་ཡངས་པ་ཆེ། །བཅིང་མེད་རྣམ་པར་བཀྲོལ་མེད་པ། །ཁྱབ་གདལ་ཁང་བཟང་ཡེ་ཡོད་ཉིད། །ཁྱབ་མཉམ་པ་ལས་རྣམ་འདས་པ། །ཡངས་སོ་ཆེའོ་ནམ་མཁའི་དབྱིངས། །ཆོས་ཆེན་འབར་བ་ཉི་ཟླའི་དཀྱིལ། །ལྷུན་གྱིས་གྲུབ་དང་མངོན་སུམ་པ། །རྡོ་རྗེ་རི་བོ་པདྨ་ཆེ། །ཉི་མ་སེང་གེ་ཡེ་ཤེས་གླུ། །སྒྲ་ཆེན་རོལ་མོ་མཚུངས་པ་མེད། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །སངས་རྒྱས་སངས་རྒྱས་ཀུན་མཉམ་ཞིང༌། །ཀུན་བཟང་ཡངས་པ་ཆོས་ཀྱི་རྩེ། །མཁའ་དབྱིངས་བཟང་མོའི་དབྱིངས་རུམ་དུ། །ཀློང་


JLAZ005_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལྷུན་གྲུབ་ཡེ་རྫོགས་ཆེ། །ཞེས་པའི་དོན་ཏེ་རིག་པ་ཁྱབ་གདལ་ཡངས་པའི་ངང་ནས་བླང་ངོ༌། །གསུམ་པ་ཕན་ཡོན་ནི། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དེ་ཡང་རྣལ་འབྱོར་ཐབས་ཀྱི་གཙོ། །ཟག་པ་མེད་པ་རྡོ་རྗེའི་གླུས། །སངས་རྒྱས་ཀུན་གྱི་ཡིད་ཀྱང་ཚིམ། །རྣལ་འབྱོར་པ་ཡི་ཉམས་ཀྱི་གྲོགས། །མཁའ་འགྲོ་མ་ཡི་ཡིད་རྣམས་འཕྲོག །རིགས་དྲུག་འཁོར་བའི་ཞེན་པ་ལྡོག །སྐལ་དང་ལྡན་པའི་ངང་འདུའི་གནས། །སེམས་གྱི་རྒྱུད་ཀུན་རང་དལ་མཐོང༌། །རང་རིག་བདེ་བའི་གསལ་རྣམས་འདེབས། །ཤེས་པ་གཅིག་པའི་དཔུང་རྣམས་འབྱེད། །ཡིད་ཅན་རྣམས་ཀྱི་སྐྱོན་རྣམས་སེལ། །ལུས་ཅན་ཀུན་གྱི་སྒྲིབ་པ་སྦྱོང༌། །དབང་དང་དམ་ཚིག་བདེ་བ་སྟེར། །མ་རིག་པ་དག་ཅི་རལ་གནོན། །ཐེག་པ་རྣམས་ཀྱི་ངལ་བསོའི་ས། །ལྟ་དང་སྒོམ་པའི་བྲལ་བའི་མཚམས། །སྙིང་པོ་རྣམས་ཀྱིས་གདུལ་བྱའི་ཞིང༌། །མི་བསྐྱེད་སྣང་བ་རང་སྐྱེད་ནས། །རྡོ་རྗེ་སེམས་དཔའི་སྐུ་ཡང་འཛིན། །ཞེས་དང༌། རྡོ་རྗེ་གསང་བའི་གླུ་ཡིས་ནི། དགོངས་པས་ངན་སོང་སྒོ་དགག་ཕྱིར། །སངས་རྒྱས་ཉིད་ཀྱི་མཛད་སྤྱོད་ཡིན། ཞེས་གསུངས་པས་འདི་ནི་རྡོ་རྗེ་ཐེག་པའི་གསང་ཚིག་བླ་ན་མེད་པ་ཡིན་ཞིང༌། ཕན་ཡོན་བསམ་གྱིས་མི་ཁྱབ་པའི་ཕྱིར་ཚོགས་


JLAZ005_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དཀྱིལ་འཁོར་མཆོད་པའི་ཚེ་ན་བརྟུལ་ཞུགས་ཅན་གྱི་རྣལ་འབྱོར་པས་ཤིན་ཏུ་གསང་ནས་ཉམས་སུ་ལེན་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ཀྱང་ལོང་ཁྱབ་དང་བསྟུན་པའི་གསང་སྔགས་ཀྱི་ཆེ་བ་དང་དམ་ཚིག་གི་རྣམ་དབྱེ་བཤད། དེ་རྗེས་སློབ་བུ་རྣམས་མགྲིན་གཅིག་ཏུ། ཐལ་མོ་སྦྱར་ལ། ཨེ་མ་རྒྱལ་བའི་གདུང་ཚབ་བཀའ་དྲིན་ཆེན་པོའི་དཔལ༔ ཞེས་པ་ལན་གསུམ་བརྗོད་རྗེས་ཕྱག་འཚལ། གཏོར་མཆོད་ཁ་གསོ་ཞིང་སྨན་རཀ་བྲན། གཞུང་ནས་གསུངས་པའི་གཏོར་བསྔོ་དང༌། བསྟོད་འབུམ་ཆེན་མོ་ཡང་སྐབས་འདིར་བྱ་བར་གསུངས་ཀྱང་མ་འགྲུབ་པའི་ཚེ་རྒྱས་བསྡུས་སྐབས་དང་བསྟུན་ཆོག་པའི་ཞལ་འཕངས་བྱུང་གཤིས། ས་བཅད་མི་སྟོང་པའི་ཆེད་དུ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །སོགས་བརྗོད་ཅིང་རོལ་མོ་བསྒྲག །སླར་ཡང་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར། སྐུ་དྲིན་གཏང་རག་གི་ཡོན་དུ། ས་གཞི་སྤོས་ཆུས་སོགས་བརྗོད་ཅིང་མཎྜལ་དབུལ། གཉིས་ཀ་མེད་དུ་མི་རུང་བ་གཞུང་གི་དགོངས་པ་དངོས་བསྟན་ཡིན་ནོ། །དངོས་གཞིའི་ཁོག་འབུབས་ནམ་མཁའ་ལྡིང་འགྲོས་དང༌། །མན་ངག་གནད་གསང་རུས་སྦལ་ནུར་འགྲོས་ཀྱིས། །པད་འབྱུང་དགོངས་གསང་གོ་ལའི་ཁྱོན་ཡངས་པོར། །གཞལ་ཚེ་བྷྲ་མ་ར་ཡི་ཁེངས་པ་བསྙིལ། །གཞུང་


JLAZ005_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་མང་དུ་མ་ཐོས་བློ་དམན་ཡང༌། །རྩ་བརྒྱུད་བླ་མའི་ཡེ་ཤེས་གཟིགས་པ་ཡིས། །ཐུགས་རྗེའི་ཆུ་རྒྱུན་སྙིང་ལ་ཞུགས་དེའི་མཐུས། །ལོངས་སྤྱོད་འཁོར་ལོའི་མཛོད་ནས་འདི་སྐྱུགས་སོ། །འོན་ཏེ་ཐང་ཁྲོམ་ཟ་བའི་རྒན་མོ་ཡི། །མིག་ལ་སྐྲ་ཤད་འཛག་པ་རབ་རིབ་སྐྱོན། །དག་སྣང་ཅན་གྱི་རྡོ་རྗེ་སྤུན་གྲོགས་རྣམས། །བསྲེགས་བཅད་བརྡར་བའི་རྒྱན་འདི་མགུལ་བར་ལོངས། །ཞེས་པའང་བར་སྐབས་ཀྱི་ཉམས་དགའི་གླུའོ།། །།སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ལ་རྣམ་གྲངས་བཅུ་སྟེ། ཐུགས་དམ་བསྐུལ་བ། ཆད་ཐོ་གྱེར་བ། བསྟན་མ་སྐྱོང་བ། རྟ་བྲོ་བརྡུང་བ། དངོས་གྲུབ་བླང་བ། བཤགས་པ་བྱ་བ། ཤིས་པ་བརྗོད་པ། དཀྱིལ་འཁོར་བསྡུ་བ། བསྔོ་བ་བྱ་བ། སྨོན་ལམ་གདབ་པའོ། །དང་པོ་ནི། གཞུང་ལས། གཏོར་མར་སྨན་རཀ་བྲན་ཞིང་གཟི་བྱིན་བསྐྱེད༔ རོལ་མོ་དང་བཅས་ལྷ་རྣམས་འདི་ལྟར་བསྐུལ༔ ཞེས་གསུངས་པས། གཏོར་མ་རྣམས་ལ་སྨན་རཀ་བྲན། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཐུགས་ཟབ་ཞི་སྤྲོས་བྲལ་གྱི་ཀློང་ནས་འགྲོ་བའི་དོན་དུ་གང་འདུལ་གྱི་ཁམས་དང་འཚམ་པའི་གཟུགས་སྐུར་བཞེངས་ཏེ། ཁམས་གསུམ་དང་དུག་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྐུ་གསུམ་འདུ་འབྲལ་མེད་པའི་ཀློང་དུ་རྒྱས་གདབ་པའི་ཆེད་དུ་བདག་མདུན་ཐམས་ཅད་གཟི་བྱིན་


JLAZ005_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ལ། རྐང་གླིང་དང་ཅང་ཏེའུ་ཀུ་ཤའི་གླུ་དང་སྦྱར་ནས། ཧཱུྃ་ཧྲཱིཿ ཆོས་སྐུ་སྐྱེ་མེད་ཞི་བའི་ངང་ཉིད་ལས༔ སོགས་ཀྱིས་བསྐུལ་ལ་རྣལ་འབྱོར་པ་མཆེད་ལྕམ་རྣམས་ཀྱང་བྲོ་གར་ས་འདུལ་བ་ནས་བཟུང་སྟེ་ལས་མཐར་མ་ཕྱིན་གྱི་ལམ་སོ་སོར་རྒྱུད་སྡེ་ཐ་དད་པའི་དགོངས་པས་སྟངས་སྟབས་ལ་སོགས་པ་ཅིར་ཡང་སྣང་སྟེ། སྐབས་འདིར་ནི་གཞུང་འདི་ཉིད་གར་འཆམ་འཕྲུལ་གྱི་པ་ཏྲ་ལྟར་སྦྱར་བ་ལས། ཕྱི་རབས་ཀྱི་གང་ཟག་བླུན་པོ་རྣམས་ཆང་གིས་མྱོས་པའི་འབག་འཆམས་ལ་བརྟུལ་ཞུགས་ཀྱི་མིང་འདོགས་པའི་གྱ་ཚོམ་དེ་དང་མ་ནོར་བ་བྱའོ། །ལ་སོགས་པའི་རོལ་རྩེད་སྣ་ཚོགས་དང༌། རྡོ་རྗེའི་གླུ་ལ་སོགས་པས་བརྟུལ་ཞུགས་ཀྱི་སྤྱོད་པ་བྱུང་རྒྱལ་དུ་བསྐྱང་ཞིང་ཡེང་བ་ལ་ཐོག་བརྫིས་བྱ། གཞན་ཡང་ཞི་རྒྱས་དབང་དྲག་ལ་སོགས་པའི་ཕྲིན་ལས་ཀྱི་ཁ་བསྒྱུར་གང་འདོད་གཞུང་རང་རང་གི་ཁོག་ཕུབ་ནས་སྐབས་འདིར་བརྩམ་པར་གསུངས་སོ། །གཉིས་པ་ཆད་ཐོ་གྱེར་བ་ལ་གཉིས། རྗོད་བྱེད་ཀྱི་མིང་ལ་སྒྲ་བཤད་བཞག་པ་དང༌། བརྗོད་བྱའི་དོན་ལ་སྟོང་ཐུན་བརྗོད་པའོ། །དང་པོ་ནི། ཆད་ཅེས་པ་ནི་སྔོན་ནས་ཁས་བླངས་པའི་དོན་དང༌། ཐོ་ཞེས་པ་ནི་ལས་འདི་ཙམ་ཞིག་གྱིས། འདི་ཙམ་ཞིག་མ་བྱེད་ཅེས་བླང་དོར་གྱི་སྒོ་ནས་མཚམས་བཟུང་བ་སྔོན་དཔལ་ཆེན་པོ་ནས་རིམ་བཞིན་དུ་བརྒྱུད་དེ་གྲུབ་པའི་རིག་འཛིན་རྣམས་ཀྱི་སྤྱན་སྔར་ཁས་བླངས་པའི་ཐ་ཚིག་རྣམས་རིམ་པར་དྲན་གསོས་བཏབ་ནས་བསྒྲག་པ་སྟེ། དེས་


JLAZ005_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྔོན་གྱི་དམ་བཅའ་དང་བྲོ་བོར་བ་དག་དྲན་ནས་ལས་ལ་མྱུར་དུ་འཇུག་པའི་དགོས་པ་ཡོད་པ་དང༌། དེ་ཕྱིར་ཆད་ཐོའི་གཏོར་མ་དང་སྒྲུབ་མཇུག་ལྟ་བུའམ་སྤྲོས་བཅས་ཉིན་ཆོག་པའི་ཚེ་ཆོས་སྲུང་གི་གཏོར་མ་རྣམས་ཀྱང་གྲལ་ལས་ཅུང་ཟད་བསྐྱོད་དེ་སྨན་རཀ་བྲན། ལག་ལེན་དུ་བསྟན་མ་ལ་བཤོས་བུ་བཟོ་བ་ཤས་ཆེ་བས་དེ་ལྟར་དུ་བསྐོས་སུ་ཡོད་ན་ཆད་ཐོ་དང་སྔ་ཕྱི་འགྲོ་ཕྱོགས་མཐུན་པར་བྱས་ལ་སྟེགས་ཀྱི་ཁར་གཞག་གོ །གཉིས་པ་ནི། ཚིག་རྐང་དང་པོར་འབྲུ་འགྲེལ་གྱི་དབང་དུ་བྱས་ན། ཧཱུྃ་ནི་རྡོ་རྗེ་གསུམ་གྱི་ས་བོན། བྷྱོཿནི་སྣང་སྲིད་མ་མོའི་སྲོག་ཡིག་སྟེ་འདིར་སྣང་སྟོང་དབྱེར་མེད་དམ། ཀུན་བཟང་ཡབ་ཡུམ་ལ་སྦྱར་ནས། སྔོན་ཚེ་འདས་པ་ལ་སོགས་དུས་གསུམ་གྱི་རྣམ་གཞག་དང་བྲལ་བ་ནི་གདོད་མའི་གཞི་ཡིན་ཞིང༌། །དེ་ཉིད་བསྐལ་པ་དང་པོ་ལ་དཔེ་བརྗོད་དུ་བཞག་ནས། གཞིའི་ཀ་དག་གི་གནས་ལུགས་བརྗོད་དུ་མེད་པ་དེའི་ངང་ནས་རང་བཞིན་གྱིས་གསལ་བའི་རིག་མདངས་ཤར་བ་ན་ལྷུན་གྲུབ་ཀྱི་སྣང་བ་ཤར་གྲོལ་དུས་ཚོད་མཉམ་པའི་ཚུལ་དུ་ཆོས་ཀྱི་དབྱིངས་མུ་མཐའ་མེད་པའི་ཕོ་བྲང་དུ། ཐོག་མའི་མགོན་པོ་སྟོན་པ་ཀུན་ཏུ་བཟང་པོ་ཡེ་སངས་རྒྱས་ནས། རང་གིས་རང་བྱུང་འོད་ལྔའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་བའི་ཚེ་ན།


JLAZ005_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ལས་སྤྲུལ་པའི་ཚོགས་དྲུག་གི་སྣང་བ་ཌཱཀྐི་དང་ཤུགས་འགྲོ་མ་ཡིས། སོ་སོའི་ཡུལ་དང་ཡུལ་ཅན་གྱི་སྣང་བའི་རང་གཟུགས་གཉིས་མེད་མཐའ་བྲལ་ཆེན་པོའི་ཀློང་དུ་བསྟན་ནས་ཀྱང༌། ཅིར་སྣང་ལམ་དུ་ཁྱེར་བའི་གཏོར་མ་ལེན་པར་མ་ཆད་དམ། རིག་པ་འགྱུར་མེད་ཀྱི་བསྟན་པ་བསྲུང་བར་མ་ཆད་དམ། ཉོན་མོངས་པ་དུག་ལྔའི་དགྲ་བགེགས་ཐམས་ཅད་ཡེ་ཤེས་ལྔའི་རྣམ་རོལ་དུ་འདུལ་བར་མ་ཆད་དམ། སྔོན་གྱི་ཚེ་དེ་ལྟར་ཞལ་གྱིས་བཞེས་པའི་གཡར་དམ་ལས་མ་འདའ་བར་ཡེ་ནས་རང་བཞིན་གྱི་རྣམ་པར་དག་པའི་གཏོར་མ་དབུལ་བྱ་དང་འབུལ་བྱེད་ཀྱི་གཉིས་ཆོས་ཀྱིས་དབེན་པ་འདི་བཞེས་ལ། ཐུགས་དམ་དེ་ལྟ་བུའི་ཐུགས་རྒྱུད་བསྐུལ་བས་བཅོལ་པའི་ཕྲིན་ལས་མཚན་མའི་ཡུལ་ལས་བརྒལ་བ་དེ་མཛོད་ཅིག །ཅེས་པ་སྟེ། དེས་འགྲེ་བར་ཚིག་རྐང་ཕྱི་མ་རྣམས་ལའང་ཆད་ཐོ་དཀྱུས་མ་དང་མི་འདྲ་བའི་ངེས་པའི་དེ་ཁོ་ན་ཉིད་ལ་སྦྱོར་རྒྱུའི་དག་སྦྱོར་ཤ་སྟག་ཏུ་མཆིས་ཀྱང་མཁས་དང་འཕགས་ཆེན་རྣམས་ལ་ནི་འགྲེལ་པ་མ་དགོས་ཤིང༌། གང་ཟག་ཐུན་མོང་པ་རྣམས་ཀྱི་ནི་སྤྱོད་ཡུལ་དུ་མ་གྱུར་པས་མ་སྤྲོས་སོ། །དེ་ཡང་སྤྱི་ཁྱབ་ཀྱི་དམིགས་པར་རྫོགས་པ་ཆེན་པོའི་བཀའ་སྲུང་སྤྱི་དང༌། ཁྱད་པར་བླ་མ་དགོངས་པ་འདུས་པའི་བཀའ་གཏེར་གྱི་སྲུང་མ་ཐམས་ཅད་རང་རང་སོ་སོའི་གནས་ནས་སྐད་ཅིག་དེ་ཉིད་ལ་


JLAZ005_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པར་བསམ་ལ་མཆོད་གཏོར་གྱིས་མཉེས་པར་བྱས། སྔོན་གྱི་ཐུགས་དམ་རྗེས་སུ་བསྐུལ་བས་ཐ་ཚིག་གཉན་པོ་ལས་མི་འདའ་བར་དགེ་བ་ཅན་གྱི་སྡོང་གྲོགས་བྱེད་པར་བལྟས་ལ། ཚིག་རྐང་འོག་མ་རྣམས་མཐར་ཆགས་སུ་གྱེར་ཞིང༌། གཏོར་མ་རྣམས་རྡོ་རྗེ་སློབ་དཔོན་གྱི་ལག་པས་བཏེག་པའི་བརྡ་བྱ་ཞིང་མེ་ཏོག་འཐོར་ནས་སྒྲུབ་ཁང་གི་ཡང་ཐོག་ཏུ་ཞལ་ནང་བསྟན་གྱིས་དབུལ་བར་བྱའོ། །མངོན་སྤྱོད་གློ་བུར་བའི་རིགས་ལ་ཚོགས་ཐ་མ་དང་རྗེས་སུ་འབྲེལ་བར་ཆད་ཐོ་ཟོར་དུ་འཕངས་བའི་ལུགས་ཀྱང་ཡོད་དེ་མན་ངག་གི་གནད་ལ་བརྟེན་དགོས་པ་གཅེས་སོ། །གསུམ་པ་བསྟན་མ་སྐྱོང་བ་ལ་གཉིས། སྟོང་ཐུན་བརྗོད་པ་དང༌། གཏོར་མ་བསྔོ་བའོ། །དང་པོ་ནི། སྤྱིར་གསང་སྔགས་སྔ་འགྱུར་གྱི་ཆོ་ག་ཐམས་ཅད་ལ་བསྟན་མ་བསྐྱང་བའི་རྣམ་གཞག་འབྱུང་མོད། ལྷག་པར་ལྷ་བསང་སོགས་ཀྱི་སྐབས་སུ་མེད་དུ་མི་རུང་བར་བྱ་དགོས་པ་འདི་ནི། སློབ་དཔོན་ཆེན་པོའི་ཐུན་མོང་མ་ཡིན་པའི་བཀའི་ཕོ་ཉ་ཡིན་པ་དང༌། དེ་ཡང་བོད་གངས་ཅན་སྤྱིའི་ཡུལ་ལྷར་མངའ་གསོལ་མཛད་ཅིང་ཕྱིན་ལོག་མུ་སྟེགས་ཀྱི་རྒོལ་བ་བསྲུང་བ་ལ་བསྔགས་ཤིང་བཀའ་བསྒོས་པའི་གཡར་དམ་ལས་ནམ་ཡང་མི་འདའ་བ་ནི། ད་ལྟ་གངས་ཅན་འདིར་མུ་སྟེགས་ཀྱིས་དངོས་སུ་བགྲོད་མི་ནུས་པ་ཡང༌། སྔོན་


JLAZ005_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་ས་པཎ་གྱིས་ཕྱི་རོལ་མུ་སྟེགས་ཀྱི་སྟོན་པ་འཕྲོག་བྱེད་དང་རྩོད་པ་མཛད་ནས་དེ་དག་གི་ལུགས་ཕམ་པར་བྱས། སླར་གངས་ཅན་པ་རྣམས་ལ་སྟོན་པའི་ཆེད་དུ་འཕྲོག་བྱེད་དགའ་བོ་ཁྲིད་དེ་བྱོན་པས། རྒྱ་བོད་ཀྱི་མཚམས་སུ་མུ་སྟེགས་དེ་རྐྱེན་མེད་པར་ཁ་ནས་ཁྲག་སྐྱུགས་ཏེ་ཤི་བ་ཡང་བསྟན་མ་བཅུ་གཉིས་ཀྱི་བཀའ་ཆད་ཡིན་ལ། དེའི་ཚུལ་གྱི་འདི་དག་རྣམས་གངས་ཅན་བོད་ཀྱི་སྲུང་མ་ཁྱད་པར་ཅན་ཡིན་ཕྱིར་སྒོས་སུ་བསྐང་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན་མོད། དེ་ཡང་ངེས་པའི་དོན་དུ་ན་འདི་དག་རྣམས་ཡེ་ཤེས་ཀྱི་དབྱིངས་ལ་བཞུགས་པའི་མཁན་འགྲོ་མ་ཤ་སྟག་ཡིན་ཏེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་ལས་ལྡོག་སྟེ་བདེན་དོན་རྣམ་པ་བཅུ་གཉིས་ཀྱི་ངོ་བོར་དག་པའི་སྣང་ཆར་སྒོ་མཚམས་མ་བརྒྱད་དང༌། སྙིང་པོའི་རྣལ་འབྱོར་མ་རིག་བྱེད་ཀྱི་གྲངས་སུ་ཤར་བ་ལས་བོད་སྐྱོང་བསྟན་མ་བཅུ་གཉིས་སུ་གྲུབ་སྟེ། དེ་ལ་ཡང་ཞིབ་ཏུ་དབྱེ་ན། བདུད་མོ་བཞི། གནོད་སྦྱིན་མོ་བཞི། སྨན་བཙུན་མ་བཞི་སྟེ་ཚན་གསུམ་དུ་ཡོད་པ་ལས། བདུད་མོ་བཞི་ནི། བལ་བོད་མཚམས་སུ་རྡོ་རྗེ་ཀུན་གྲགས་མ་ཞེས་བྱང་གི་གནམ་མཚོ་ཕྱུག་མོ་ཡང་འདི་ཉིད་ཡིན། གསང་མཚན་དུ་མགོ་ཡུལ་ཇོ་མོ་ལྷ་རི་ཞེས་པ་དང༌། ཡོངས་གྲགས་སུ་ལ་སྟོད་བྱང་གི་དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་སྐྱོང་ཞེས་དང༌། གཙང་ཉང་


JLAZ005_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་ཀྱི་གནོད་སྦྱིན་གངས་བཟང་གི་ཡུམ་རྡོ་རྗེ་ཀུན་བཟང་མ་ཞེས་རྗེ་བཙུན་མི་ལས་ཕྱག་རྒྱར་བཞེས་པའི་བྲིན་གྱི་བཀྲ་ཤིས་ཚེ་རིང་མ་དང་ངོ་བོ་གཅིག་པ་དང༌། ཡར་འབྲོག་ཡོན་པོ་དོ་ལ་གནས་པའི་འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ་དང་བཞིའོ། །གནོད་སྦྱིན་མོ་བཞི་ནི། གཙང་རོང་ནང་གི་རྒྱབ་རི་ཇོ་མོ་གངས་ལ་གནས་པའི་གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མའམ་མིང་གཞན་ལྷ་བུ་གངས་དཀར་མ་དང༌། དབུས་གཙང་གི་མཚམས་ཇོ་བོ་ཁ་རག་གི་གངས་ལ་རྡོ་རྗེ་ཁྱུང་བཙུན་མའམ། རྡོ་རྗེ་དཔལ་གྱི་ཡུམ་དང༌། བྱང་ལམ་རྒྱུད་ལ་གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་རྒྱལ་ལམ། གསང་མཚན་དུ་བྱང་སྟོད་དམར་གྱི་མཚོ་བདག་ཅེས་པ་དང༌། ཁམས་རྨ་ཆེན་སྤོམ་རའི་གངས་ལ་རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ་ལམ། རྨ་ཆེན་སྦོམ་རའི་སྲིང་གཅིག་ཅེས་གསང་མཚན་དུ་གྲགས་པ་སྟེ་བཞིའོ། །སྨན་བཙུན་མ་བཞི་ནི། ཀོང་ཡུལ་དྲི་ལྷ་གངས་ལ་ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་དང༌། འབྲོག་སྒང་གི་བཙན་ཡུལ་དུ་བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མའམ། གསང་མཚན་ཨེ་ཉམས་ར་མདོའི་སྤེན་ཞེས་པ་དང༌། གཙང་གི་ཇོ་མོ་ནགས་རྒྱལ་ལམ། སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡའ་མོ་བསིལ་ཞེས་པ་དང༌། དབུས་རེ་སྦུས་རྒྱུད་ལ་གནས་པའི་གཡུ་ཡི་དྲིལ་བུ་རྡོ་རྗེ་


JLAZ005_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཟུ་ལེ་སྨན་ནམ། གསང་མཚན་དུ་བུད་ཏི་ཇོ་མོ་གཡུ་ཏིང་ཞེས་པ་བཞི་སྟེ་ཀུན་དྲིལ་བས་བཅུ་གཉིས་སོ། །དེ་ཡང་གསང་མཚན་རྣམས་ནི་སློབ་དཔོན་ཆེན་པོས་དམ་ལ་བཞག་དུས་བཏགས་པ་དང༌། སྤྱི་སྐད་དུ་མིང་དེ་ལྟར་དུ་ཡིག་ཆ་ཕལ་ཆེར་ལ་གྲགས་ཤིང༌། དེ་ཡང་དཔེ་ཆ་དང་མི་མཐུན་པ་ནི་ཡུལ་རང་རང་གི་མི་ཕལ་རྣམས་ཀྱིས་སོ་སོའི་ཡུལ་ལ་གྲགས་ཚོད་ཀྱི་མིང་འབོད་པ་ཡིན་ལ། ངོ་བོ་ནི་དེ་ལས་མི་འདའ་བ་ཆོས་དབང་གི་གཏེར་བྱོན་དང༌། ཕུར་པའི་གཏེར་ཁ་ལས་གསུངས་པ་གུང་འགྲིག་ཏུ་གྱུར་པ་ལྟར་བཀོད་མོད། ཁ་ཅིག་འདིར་མངོན་རྟོགས་འཆད་པ་སྐབས་སུ་མ་འབྲེལ་སྙམ་ན། འབྲེལ་ཏེ། གཏོར་མ་འབུལ་བ་ལ་དབུལ་བྱའི་ཡུལ་ངོ་མ་ཤེས་ན་འཇིག་རྟེན་གཏམ་དཔེར་འདྲེ་ཤར་དང༌། གཏོར་མ་ནུབ་ཏུ་གྲགས་པ་ལས་མ་འདས་མོད། དེ་ཡང་ནང་ལྟར་ན་གཞི་དུས་ཀྱི་རྟེན་འབྲེལ་བཅུ་གཉིས་དང༌། ལོ་ཟླ་ཞག་དུས་ཀྱི་སྦྱོར་བ་བཅུ་གཉིས་དག་པར་བྱས་ནས། ལམ་དུས་སུ་དམར་ཆ་འབབ་པའི་ཆ་ལས་དགའ་བ་བཅུ་གཉིས་ཀྱི་འབར་འཛག་སྦོར་ཞིང༌། དུས་སྦྱོར་བཅུ་གཉིས་ཀྱི་རླུང་དག་པའི་རྫོགས་རིམ་རྒྱུད་ལ་སྨིན་པར་བྱེད་པའི་ནུས་པ་རྫོགས་པའི་ཚུལ་དང་སྦྱོར་བར་མཁས་པ་དག་བཞེད་དོ། །གཉིས་པ་ནི། གཏོར་མ་ཟླུམ་པོ་འདབ་མ་བཅུ་གཅིག་པ་བསྐོས་སུ་ཡོད་ན་བཤལ་ཆུས་བྲན་


JLAZ005_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། མེད་ན་ཆད་ཐོའི་བཤལ་ཆུ་དང་སྨན་ཕུད་ལ་འབྲུ་གསུམ་གྱིས་བདུད་རྩིའི་རྒྱ་མཚོར་བརླབ། རང་གི་ཐུགས་ཀའི་འོད་ཟེར་གྱིས་བོད་སྐྱོང་བསྟན་མ་བཅུ་གཉིས་གཡོག་འཁོར་དང་བཅས་པ་རང་རང་གི་གནས་ནས་སྐད་ཅིག་ལ་བཀུག་སྟེ་གཏོར་གཞོང་གི་ཁ་ཁྱེར་ལ་འཁོད་པར་བསམས་ལ། མཐུན་རྫས་ཀྱིས་མཉེས་པར་བྱས་པས་བསམ་དོན་སྤྱི་དང་བྱེ་བྲག་ཏུ་སོ་སོའི་ལས་སྐལ་གྱི་སྒོ་ཕྲང་བསྲུང་ཞིང༌། བོད་ཁམས་བདེ་ཐབས་ཀྱི་ཕྲིན་ལས་གཞོལ་བའི་ཐ་ཚིག་དྲན་པར་མོས་ལ། བྷྱོ༔ བསྟན་མ་སྐྱོང་མཛད་མ་སྲིང་རྒྱ་མཚོའི་ཚོགས༔ ཞེས་གཞུང་ཚིག་གིས་གྱེར་རྗེས་གཏོར་མ་གཙང་སར་གཤེགས་ལ་གནས་སུ་གཏང་ངོ༌། །བཞི་པ་རྟ་བྲོ་བརྡུང་བ་ནི། གཞུང་ལས། གནོད་བྱེད་དགུག་གཞུག་བྱ་སྟེ་གཏོར་གཞོང་སྦུབ༔ གཏོར་གཞོང་རི་རབ་མནན་དམིགས་རྟ་བྲོ་བརྡུང་༔ ཞེས་གསུངས་པ་ལྟར་སྣོད་ཀྱི་འཇིག་རྟེན་ཨེའི་བཙོན་ཁང་དུ་གསལ་ཞིང་སྤྲོས་བཅས་དང་འབྲེལ་བ་གཏོར་མནན་ལྟ་བུའི་ཚེ་ནི་ས་ལ་ཆོས་འབྱུང་གི་རི་མོ་སུམ་བརྩེགས་སུ་བྲིས་པའི་ནང་དུ་ཟུར་ངོས་ལ་ཡིག་མགོ་ཕྱོགས་པའི་དགྲ་འདྲེའི་ས་བོན་བྲིས་ལ་དགུག་གཞུག་དྲག་ཏུ་བྱ་ཞིང༌། ཇི་ལྟར་ཡང་གཏོར་གཞོང་རི་རབ་ཏུ་གསལ་བའི་ཞབས་སུ་རྡོ་རྗེ་རྒྱ་གྲམ་བསམས་ལ། ཁ་སྦུབ་པའི་འོག་ཏུ་


JLAZ005_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་འདྲེ་ཐམས་ཅད་ནོན་ཅིང་དེའི་སྟེང་དུ་བཅུད་ཀྱིས་སེམས་ཅན་ཐམས་ཅད་རྟ་མཆོག་ཧེ་རུ་ཀའི་རང་བཞིན་དུ་བསམ་ལ་སྲིད་པ་སྤྱི་གནོན་གྱི་དགོངས་པར་ལྡན་པའི་ངང་ནས་རྟ་བྲོ་བརྡུངས་པས། གཉིས་འཛིན་ལས་ཤར་བའི་དགྲ་བགེགས་ཐམས་ཅད་ཡེ་ཤེས་ལྔའི་ཀློང་ལས་ནམ་ཡང་ལྡང་མེད་ཀྱི་རྒྱས་བཏབ་པར་མོས་ཤིང༌། སྤྲོས་བཅས་ཀྱི་ཚེ་མཆེད་ལྕམ་རྣམས་ལག་པ་ཕན་ཚུན་བསྣོལ་བའི་ཞི་བ་ལ་མཛུམ་མོ་སྦྲེལ་ཞིང་བྲོ་ར་ཟླུམ་པོ། རྒྱས་པ་ལ་གུང་མོ་སྦྲེལ་ཞིང་བྲོ་ར་གྲུ་བཞི། དབང་ལ་སྲིན་ལག་སྦྲེལ་ཞིང་བྲོ་ར་ཟླ་གམ། དྲག་པོ་ལ་མཐེའུ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བྲོ་ར་གྲུ་གསུམ་དུ་བཅས་པའམ། རྒྱུན་དུ་དམིགས་པ་སྔ་མས་འགྲུབ་ལ། ཧཱུྃ་ཧྲཱིཿ བླ་མའི་བྱིན་རླབས་ཡི་དམ་ཏིང་འཛིན་ལྷཿ སོགས་དང༌། སྔགས་དོན་ནི། ཨཱོྃ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས་ཀྱི་ཀློང་དུ། སྟམ་བྷ་ཡ་ནི་གནོན་པ་དང༌། མཱ་ར་ཡ་ནི་དམིགས་པ་མེད་པར་གསད་ཅིང་གནོན་པའོ། །དེ་ལྟར་རྟ་བྲོ་བརྡུངས་པ་ལ་དགོས་པ་ཅི་ཡོད་ཅེ་ན། རྒྱུད་ལས། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །བཅིངས་འགྱུར་བསྐྱོད་ནས་ཕྱོགས་བཅུར་གཡོ། །མྱོས་ནས་གས་ཏེ་འཚིག་པར་འགྱུར། །ཞེས་དང༌། སྔགས་སྡེབ་ལས། མི་མཐུན་གླུ་སྣ་བླང་བ་ནི༔ ལས་མཇུག་བྲོ་ཡིས་བསྡུ་བ་ཡིན༔


JLAZ005_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས། ལས་དེ་དག་བྱས་ཟིན་ནས་རྡོ་རྗེ་ཁྲོ་བོས་མནན་པའི་ལས་བྱས་པས་དེ་ཉིད་གསོར་མི་བཏུབ་ཅིང་ལས་རྣམས་ཐོགས་མེད་དུ་འགྲུབ་པའི་དགོས་པ་ཁྱད་པར་ཅན་ཡོད་ཕྱིར་མངོན་སྤྱོད་ཀྱི་མཇུག་སྡོམ་ཀུན་ལ་བྱུང་བ་ཡིན་ནོ། །དེ་ཡན་གྱིས་ཚོགས་ཀྱི་འཁོར་ལོ་ཚུལ་བཞིན་དུ་བགྱིས་པས་ཚིམ་པ་དྲུག་ལྡན་དུ་འགྱུར་ཏེ་ཚོགས་ཞིང་རྣམས་མཆོད་པས་ཚིམ་པ། རྣལ་འབྱོར་པ་རྣམས་རྡོ་རྗེའི་བཟའ་བཏུང་གིས་ཚིམ་པ། ཡེ་ཤེས་ཀྱི་འཁོར་ལོ་བདུད་རྩིའི་དངས་མས་ཚིམ་པ། ལུས་དཀྱིལ་གྱི་ལྷ་རྣམས་བདེ་སྟོང་ཡེ་ཤེས་ཀྱིས་ཚིམ་པ། ཕྱི་ནང་གི་མཁའ་འགྲོ་མ་རྣམས་གླུ་དབྱངས་ཀྱིས་ཚིམ་པ། དྲེགས་པ་ལས་བྱེད་ཀྱི་འབྱུང་པོ་རྣམས་གཏོར་མས་ཚིམ་པ་ཞེས་སྔོན་གྱི་བླ་མ་དག་བཞེད་དོ། །ལྔ་པ་དངོས་གྲུབ་བླང་བའི་ཆོ་ག་ལ་གཉིས། སྒྲུབ་བསྙེན་ལ་སོགས་ཀྱི་ཁོག་འབུབས་མན་ངག་བཤད་པ་དང༌། ཆོ་ག་དངོས་སོ། །དང་པོ་ལ་དྲུག་སྟེ། དངོས་གྲུབ་ཀྱི་རྫས་བཤམ་པ། བར་ཆད་ཀྱི་བགེགས་བསྐྲད་པ། དཀྱིལ་འཁོར་ལ་བྱིན་འབེབས་པ། ཛབ་བསྐུལ་བྱ་ཞིང་ཤམ་བུ་འདོགས་པ། མཆོད་པ་འབུལ་བ། ཁོན་གཅུགས་སྦྱང་པའོ། །དང་པོ་ནི། སྨིན་སློབ་ཀྱི་སྒྲུབ་པ་གྲོལ་


JLAZ005_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་ཐུན་ཐ་མ་དང༌། ཚེས་བཅུ་ལ་སོགས་པས་མཚོན་ཏེ་སྤྲོས་བཅས་ཀྱི་ཆོ་གའི་ཚེ། དངོས་གྲུབ་ཞུ་བའི་རྫས་ཁྱད་པར་ཅན། ཟླ་ཕྲོམ། ཟླ་རྒྱས། འཇམ་དེས། སྤང་ན་སྐྱེས། ཀུན་ཏུ་རྒྱུ། སི་ཐོག །ཛ་གད། འཛག་ཏི། ཤེལ་སྒོང༌། ཐང་པ། ཚོམ་པོ། ཙི། ཚེ། གལ། མཱཾ་ས། བ་སུ་ཏ་ལ་སོགས་པ་བཟང་དགུའི་ཡོ་བྱད་དང༌། ཚེ་རིལ། ཚེ་ཆང་ལ་སོགས་པའི་རིམ་པ་ཡང་འདུ་བྱས་ལ་བཀོད་ལེགས་སུ་བཤམ་མོ། །གཉིས་པ་ནི། དེ་དག་རྣམས་ལ་གུ་གུལ་གྱིས་བདུག་ཅིང་ལས་གཞུང་ནས་འབྱུང་བ་ལྟར་གྱི་བགེགས་བསྐྲད་ཚ་ངར་དང་ལྡན་པ་ཡང་བྱའོ། །གསུམ་པ་ནི། སྤོས་རོལ་དང་རྐང་གླིང་བཤུག་པའི་སྒྲ་དང༌། ཅང་ཏེའུ་ལ་སོགས་པའི་རོལ་ཆ་ཡང་སྒྲོག་ཅིང༌། དར་ཚོན་སྣ་ལྔའི་གཡབ་མོ་དང་བཅས་གདུང་དབྱངས་སྙན་པོས་གཞུང་ནས་བྱུང་བའི་བྱིན་འབེབས་སམ། མ་བདེན་ཏི་སྒྲོ་བྲག་གི་གཏེར་བྱོན། ཧཱུྃ་ཧཱུྃ་ཧཱུྃ༔ རྗེ་བཙུན་ཆེན་པོ་པདྨ་ཐོད་འཕྲེང་རྩལ༔ འགྲོ་བ་ཡོངས་ཀྱི་སྐྱབས་གནས་རིན་པོ་ཆེ༔ སོགས་དང་ལེའུ་བདུན་མའི་བཞེངས་བསྐུལ་མས་དབབ་ཅིང༌། རྩ་སྔགས་ཀྱི་ཛབ྄་དབྱངས་ལན་མང་དུ་བརྗོད་པས་རྟེན་དང་བརྟེན་པ་ཐམས་ཅད་གཟི་བྱིན་སྔར་ལས་ཀྱང་ཆེས་ཆེར་འབར་བར་བལྟའོ། །བཞི་པ་ཛབ྄་


JLAZ005_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ནི། རང་གཞུང་ཛབ྄་དགོངས་དམིགས་པའི་འཁྲུལ་འཁོར་ལས་བྱུང་བ་འདི་ལྟར། ཧཱུྃ་ཧྲཱིཿ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཞེས་པ་ནས། ཡེ་ཤེས་ལྷ་ཚོགས་འགྲུབ་པར་མཛད་དུ་གསོལ༔ ཞེས་པའི་བར་གྱིས་བསྐུལ་ཞིང་ལྡེའུ་གདགས་པའི་སྔགས་མན་ངག་ལྟར་བཟླའོ། །ལྔ་པ་དངོས་གྲུབ་ཀྱི་རྫས་རྣམས་ཀྱིས་མཆོད་པ་ནི། གསང་འདུས་ལས་བྱང་ནས་བྱུང་བ། ཧཱུྃ༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ ཞེས་པ་ནས། གུ་རུ་དེ་ཝ་ཌཱཀྐི་ནི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་པའི་བར་གྱིས་མཆོད་ཅིང་འདི་ལ་འཐད་ཕྱོགས་རྣམ་དག་ཡོད་པའི་ཕྱིར་རོ། །དྲུག་པ་འཁོན་གཅུགས་སྦྱང་བ་ནི། གསང་རྫོགས་རྩ་རྒྱུད་ལས། དངོས་གྲུབ་ལེན་ཁར་བྲོ་བཤགས་བྱ། །ཞེས་ཤིན་ཏུ་གནད་ཆེ་བར་གསུངས་པས་ཡེ་ཤེས་སྐུ་མཆོག་མའི་བཤགས་པ་དང༌། སྔགས་སྡེབ་ལས་བཤད་པ་ལྟར་ཡི་གེ་བརྒྱ་བའི་མགོར། བཛྲ་ས་མཱ་ཛཿས་བརྒྱན་པའི་ཡིག་བརྒྱ་ཅི་འགྲུབ་སྟོབས་བཞི་ཚང་བའི་སྒོ་ནས་དག་པར་བཟླའོ། །གཉིས་པ་ནི། དངོས་གྲུབ་ལེན་པ་དང༌། གཏང་རག་གི་ཆོ་གའོ། །དང་པོ་ནི། སྒྲུབ་ཆེན་སོགས་སྤྲོས་བཅས་ཚོགས་སྒྲུབ་ཀྱི་སྐབས་


JLAZ005_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སུ། གཞུང་ནས་གསུངས་པ་ལྟར་དངོས་གྲུབ་ཀྱི་རྫས་རྣམས་ལག་ཏུ་ཐོགས། དཀྱིལ་འཁོར་ལ་བསྐོར་བ་བྱ་ཞིང་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་རྗེས་ཆགས་ཀྱིས་སྦྱོར་བ་མཛད་པའི་བདེ་བའི་སྒྲས་བསྐུལ་བས། མཁའ་དབྱིངས་གང་བའི་རྒྱལ་བ་ཐམས་ཅད་འདུས་ཏེ་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་ནས་ཆར་བཞིན་བབས་ཏེ་སྐུའི་ཆ་ཤས་ཀུན་ཏུ་མཚོ་ལྟར་འཁྱིལ་བའི་གནས་སོ་སོ་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དང༌། ཟག་མེད་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་འཇའ་འོད་ཁ་དོག་ལྔ་ལྡན་གྱི་རྣམ་པར་བུན་ལང་ལོང་བྱོན་ནས། བདག་བསྐྱེད་ཀྱི་གནས་བཞིར་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་སྟེ། བསྒྲུབ་བྱ་དང་སྒྲུབ་བྱེད་དབྱེར་མེད་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པར་བལྟས་ལ། ཧཱུྃ་ཧྲཱི༔ བདེ་ཆེན་ཡངས་པ་ཆེན་པོའི་ཕོ་བྲང་ནས༔ སོགས་བརྗོད་ཅིང་སྔགས་དོན་ནི། ཨཱོྃ་ཨཱཿཧཱུྃ་ནི་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། ཀཱ་ཡ་ནི་བདག་ལ་ཞུགས་ཏེ་ལུས་སྤྲུལ་སྐུ། ཝཱཀྐ་ནི་ངག་ལོངས་སྐུ། ཙིཏྟ་ནི་སེམས་ཆོས་སྐུ། སརྦ་ནི་ཐམས་ཅད་འདུས་པའི་ངོ་བོ་ཉིད་སྐུ། སིདྡྷི་ནི་དངོས་གྲུབ། ཕ་ལ་ནི་བཟང་པོ། ཨ་ལ་ལ་ནི་ངོ་མཚར་ཅན། ཧོཿ ནི་སྤྲོས་པ་མེད་པའི་དབྱིངས་སུ་ཐོབ་པར་བྱས་པའི་དོན་ནོ། །དེ་


JLAZ005_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དཀྱིལ་འཁོར་གྱི་བདུད་རྩི་མྱང་བ་ལ་སོགས་དངོས་གྲུབ་ཀྱི་རྫས་རྣམས་རང་གི་ལོངས་སྤྱོད་པ་ལས་དམ་ཚིག་མི་གཙང་བ་དང༌། ཁྱི་ཕག་བོང་བུ་སོགས་ལ་བྱིན་ན་ཤིན་ཏུ་ཉམས་པར་བཤད་དེ། འདི་ཉིད་ལས། དངོས་གྲུབ་བླང་བའི་གཏོར་མ་ནི༔ རང་དང་དམ་ཚིག་མི་གཅིག་པ༔ དུད་འགྲོ་ཕག་དང་བོང་བུ་ལ༔ བྱིན་ན་དངོས་གྲུབ་ཡལ་ཞེས་བཤད༔ ཅེས་གསུངས་པ་ལྟར་བླང་དོར་ཕྱིན་ཅི་ལོག་ཏུ་མ་སོང་བར་བྱ་དགོས་ཤིང༌། དེ་ཡང་སྤྱིར་བསྙེན་སྒྲུབ་ཀྱི་སྐབས་ལྟ་བུའི་ཚེ། སང་ཞོགས་སྒྲུབ་པ་གྲོལ་རྒྱུའི་དགོངས་ཐུན་ཐ་མར་དངོས་གྲུབ་བསྐུལ་བའི་སྔགས་ལྡེ་བསྡེབས་པ་མན་ངག་གི་དགོངས་པ་ལྟར་གྱིས་སྙན་གསན་དབབ་པའི་ཚུལ་དུ་བག་ཙམ་བཟླ། ཡང་མདུན་བསྐྱེད་དམིགས་བསལ་མེད་པ་བསྙེན་པ་ལྟ་བུའི་བདག་བསྐྱེད་རྐྱང་པའི་ཚེ་ན་དམིགས་གནད་ཇི་ལྟར་བྱ་བ་ནི། བཤད་མ་ཐག་པའི་དངོས་གྲུབ་ལེན་ཆོག་གི་ཚེ་གཏོར་མ་ཤེས་པ་རྣམ་གསུམ་ལས་སྐབས་འདིར་ཡེ་ཤེས་ཀྱི་འཁོར་ལོ་ལོགས་སུ་དབྱེ་ནས་གཏོར་མ་དང་དབྱེར་མེད་དུ་བྱས་ཏེ་ལྷར་ཤེས་པ་དེ་ཉིད་དབང་ལེན་བྱའི་ཡུལ་དུ་བྱས་ལ། རང་ཉིད་དམ་ཚིག་གི་འཁོར་ལོས་དབང་ལེན་པ་སྟེ། ཀུན་མཁྱེན་ཟིལ་གནོན་བཞད་པ་རྩལ་ལ་སོགས་པ་རིག་འཛིན་བརྒྱུད་པའི་མན་ངག་ཡིན་ཏེ། དམིགས་པ་སྐབས་ཕྱེད་ཅིང་གཞན་


JLAZ005_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཁྱད་པར་དུ་གྱུར་པ་ཞིག་གོ །མི་ཤེས་པ་དག་ནི་འདི་ལྟར་དངོས་གྲུབ་ལེན་པའི་ཆོ་ག་གཞུང་ལ་མི་གསལ་བའི་གསར་སྤྲོས་མི་འཐད་སྙམ་ན་མ་ཡིན་ཏེ། འདི་ནི་སྒྲུབ་ཆེན་གྱི་ཁོག་འབུབས་དང༌། འདིས་མཚོན་ཏེ་བསྙེན་སྒྲུབ་ཀྱི་རིགས་མཐའ་དག་གི་མཇུག་ཆོག་གི་དངོས་གྲུབ་ལེན་ཚུལ་ལ་ཕན་པར་བསམས་ཏེ་མན་ངག་གི་གནད་ལ་སྦྱར་ནས་བཤད་པ་ཡིན་པ་བླ་མ་གོང་མའི་ཕྱག་ལེན་ལ་བརྟགས་པས་ཤེས་པར་མ་ཟད། འདོན་ཚིག་རྣམས་ཀྱང་གསར་རྙིང་གཅིག་ཅེས་བརྒྱུད་ཁུངས་དང་རིགས་ཡེ་ཐ་དད་པ་རྣམས་ཆུ་དང་འོ་མ་ལྟ་བུར་ཆམ་གཅིག་ཏུ་བསྲེས་པ་ཡང་མང༌། བཀའ་ཆད་དང་དམ་སེལ་གྱིས་བསླད་པ་ལ་སོགས་པས་མཚོན་ཏེ་གཏེར་གྱི་མིང་ཐོགས་ཚད་འབྱོལ་ཉོག་ཏུ་བསྲེས་པའང་མེད་དེ་ཆོས་ཀྱི་སྤྱན་ལྡན་དག་གིས་དཔྱད་བཟོད་པ་ཡིན་ནོ། །གཉིས་པ་གཏང་རག་གི་མཆོད་པ་ནི། དངོས་གྲུབ་སྩལ་བའི་དྲིན་ལན་བསབ་ཕྱིར་རང་ཉིད་ལས་སྤྲོས་པའི་མཆོད་པའི་ལྷ་མོ་མཛེས་ཤིང་ཡིད་དུ་འོང་བ་དཔག་ཏུ་མེད་པ་དག་གིས་མདུན་བསྐྱེད་ཀྱི་འཁོར་ལོ་ལ་མཆོད་སྤྲིན་དཔག་མེད་སྤྲོ་ཞིང༌། ཐོས་པ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་རྩོལ་མེད་དུ་འཆར་བར་ནུས་པའི་འགྱུར་དབྱངས་ཀྱིས་བསྟོད་པར་བསམས་ལ། ཕྱི་ནང་གི་མཆོད་པ་ཞལ་གསོ་ཞིང་སྨན་རཀ་བྲན་ལ། ཨཱོྃ་ཨཱཿཧཱུྃ༔ ཕྱོགས་བཅུའི་


JLAZ005_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་ཀྱི༔ སོགས་ལས་གཞུང་ལས་བྱུང་བ་ལྟར་གྱིས་མཆོད་དོ། །དྲུག་པ་ཁྱད་པར་གྱི་ནོངས་བཤགས་ནི། སྟོབས་བཞིའི་དག་པ་དྲན་པའི་ངང་ནས་ཐལ་མོ་སྙིང་གར་སྦྱར་ལ། ཀྱེ་དུས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ སོགས་དང་དབྱངས་གསལ་ལ་ཡི་གེ་བརྒྱ་པ་སྤྱི་འགྲེའམ། པདྨའི་རིགས་ཀྱི་ཡིག་བརྒྱ་བཏགས་པ་གསལ་དག་ཐོན་པར་བཟླ། བདུན་པ་ཤིས་བརྗོད་ནི། འཁོར་གསུམ་རྣམ་པར་དག་པའི་གདེང་གིས་ཟིན་པའི་ངང་ལས། མཁའ་དབྱིངས་གང་བའི་རིག་འཛིན་བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པས་བཀྲ་ཤིས་ཀྱི་བདེན་ཚིག་འགོག་པ་མེད་པའི་སྒྲ་དབྱངས་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟར་སྒྲོག་ཅིང༌། དེ་དང་ཆབས་གཅིག་པར་ཕུན་སུམ་ཚོགས་པ་མནྡ་ར་བའི་མེ་ཏོག་གི་ཆར་ཆེན་པོས་གནམ་ས་བར་སྣང་ཁྱབ་པར་ཕབ་པས། སྣོད་བཅུད་ཀུན་གྱི་བཀྲག་མདངས་ཉམས་པ་ཐམས་ཅད་སྐད་ཅིག་ལ་གསོས་ཏེ་དགེ་ལེགས་ཀྱི་གཟི་བྱིན་མཆོག་ཏུ་འབར་བར་བལྟས་ལ། འཐོར་ནས་དང་བཅས། ཧཱུྃ་ཧྲཱིཿ རྒྱལ་བའི་སྐུ་ནི་རི་རྒྱལ་ལྷུན་པོར་ལྟར༔ སོགས་བརྗོད། བརྒྱད་པ་དཀྱིལ་འཁོར་བསྡུ་བ་ལ་གཉིས། མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་གསོལ་


JLAZ005_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང༌། རྫོགས་རིམ་བསྡུས་ཏེ་སྤྲོས་བྲལ་གྱི་གནས་ལུགས་ལ་གཞོལ་བའོ། །དང་པོ་ནི། མངོན་རྟོགས་ཆེན་མོ་ནས་གསུངས་པ་ལྟར། ཨཱོྃ་སྔར་ཤིན་ཏུ་བསྡུས་པའི་མདུན་བསྐྱེད་བཅུག་ནས་ཆོ་ག་ཆ་ལག་ཚང་ཙམ་བྱས་པའི་དབང་དུའོ། །ལུགས་གཞན་ལྟར་ན་བསྡུ་བའི་གནས་མེད་པར་འདི་ཅི་བྱ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད༔ རྗེས་སུ་མཐུན་པའི་དངོས་གྲུབ་ཞུ༔ སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ༔ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་༔ ཁྱེད་ཀྱི་བརྩེ་བའི་ཐུགས་རྗེ་ཡིས༔ སེམས་ཅན་རྣམས་ལ་དགོངས་ནས་ཀྱང་༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ འགྲོ་རྣམས་བདེ་ལ་བཀོད་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ༔ བཛྲ་མུཾཿ ཞེས་པས་མདུན་བསྐྱེད་ཀྱི་ཡེ་ཤེས་པ་གདོད་མའི་འཁོར་ལོར་བསྲེས། གཉིས་པ་ནི། ཕྱི་སྣོད་བཅུད་ཀྱི་སྣང་བ་རགས་པ་ཐམས་ཅད་སྲུང་གུར་ལ་བསྡུ། སྲུང་གུར་ཁྲོ་བཅུ་དང་བཅས་པ་རྣམས་གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་བསྡུ། འཁོར་ལོས་སྒྱུར་བ་གཞལ་ཡས་ཁང་ལ་བསྡུ། དེ་ལྷ་ཚོགས་རྣམས་ལ། ལྷ་དེ་དག་ཐམས་ཅད་ཀྱང་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ། ཡབ་ཀྱང་སྔགས་ཕྲེང་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཐུགས་སྲོག་ཧྲཱིཿཡིག་ལ། ཧྲཱིཿཡིག་ལུས་དཀྱིལ་གྱི་ཐུགས་ཀར། ལུས་དཀྱིལ་ཀྱང་མཐའ་ནས་རིམ་པར་སྔ་མ་བཞིན་དུ་


JLAZ005_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་ཐུགས་སྲོག་ལ་བསྡུ། ཐུགས་སྲོག་དེ་ཉིད་ཀྱང་བར་སྣང་ལ་འཇའ་ཡལ་བའམ། ནམ་མཁའ་ལ་སྤྲིན་དངས་པ་ལྟ་བུར་དངོས་མེད་དུ་ཡལ་ནས་སྔར་ཏིང་འཛིན་རྣམ་གསུམ་གྱི་བསྐྱེད་གཞི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྤྲོས་པའི་མཐའ་བཞིའམ་བརྒྱད་དང་བྲལ་བའི་རང་བཞིན་སྤྲོས་བྲལ་གྱི་གནས་ལུགས་རྫོགས་པ་ཆེན་པོའི་ངང་ལ་བཅོས་བསླད་མེད་པར་མཉམ་པར་འཇོག་ཅིང༌། སྣོད་བཅུད་སྐྱེ་འགྲོ་ལྷ་དང་བཅས་པ་རྣམས༔ སོགས་བརྗོད་འདི་ལ་ཁ་ཅིག་ན་རེ། ཆོ་ག་གཞན་དུ་རྟག་ལྟ་གཞིག་པའི་ཕྱིར་དུ་མཉམ་གཞག་གི་ངང་ལ་རྫོགས་རིམ་བསྡུས། ཆད་ལྟ་གཞིག་པའི་ཕྱིར་དུ་རྗེས་ཐོབ་སྟོང་གཟུགས་ཀྱི་ལྷ་སྐུར་ལྡང་བ་ཡིན་པ་ལ། འདི་ཕྱི་མ་མ་བྱུང་བས་ལུང་གཞན་གྱིས་གནོད་དོ་ཞེ་ན། མི་གནོད་དེ། གཞུང་འདི་ལུང་ཨ་ནུའི་ཐེག་པ་དབྱིངས་དང་ཡེ་ཤེས་དབྱེར་མེད་རྫོགས་རིམ་གཙོ་བོར་བཏོན་པའི་དབང་གིས་དོན་དམ་ལྷན་སྐྱེས་འོད་གསལ་བྱར་མེད་ཀ་དག་བདེ་བ་ཆེན་པོའི་ཀློང་དུ་སྒོམ་མེད་ཡེང་མེད་ཀྱི་གནས་ལུགས་སྐུ་གསུམ་རང་ཆས་ཀྱི་ངང་ནས་ཆོས་ཉིད་ཟད་སར་བསྐྱེལ་བ་ལ་དགོངས་པ་སྟེ། འདི་ཉིད་ལས། རང་དགར་རང་གཞག་བཅོས་བསླད་མི་བྱ་བར། ཆ་མེད་རྒྱ་ཡན་ཅོག་གཞག་ལྷུག་པར་བོར༔ རང་ལུགས་བབས་ནས་


JLAZ005_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རིག་མ་བུ་འདྲེས༔ གདོད་མའི་སངས་རྒྱས་ཉིད་དང་མཇལ་བར་འགྱུར༔ ཞེས་གསུངས་པ་སྟེ། ཁ་ཅིག་སྔགས་ལམ་ལ་བསྐྱེད་རིམ་མེད་ན་སངས་རྒྱས་ལ་སྐུ་དང་ཡེ་ཤེས་མེད་པར་འདོད་པའི་ལོག་རྟོག་ཅན་དུ་འགྱུར་བས་མི་འཐད་དོ་ཟེར་བའང་རིགས་པ་མ་ཡིན་ཏེ་རྒྱུད་སྡེ་འོག་མའི་སྐབས་སུ་གང་ཟག་གི་ཤེས་རྒྱུད་དང་བསྟུན་ནས་ཐ་མལ་གྱི་ཞེན་པ་དགག་པའི་ཕྱིར་རིག་པའི་གསལ་ཆ་ལྷ་སྐུར་ལྟ་བས་ལམ་བགྲོད་པ་ཡིན་མོད། འདི་ནི་དེ་བས་ཀྱང་དབང་པོ་ཆེས་ཆེར་རྣོ་བའི་རྣལ་འབྱོར་པ་ལ་དགོངས་ནས་རྫོགས་རིམ་གཙོ་བོར་འདོན་པའི་ལུགས་ཡིན་པའི་ཕྱིར་རོ། །བློ་ཆུང་ཞིང་ཐེག་པ་འདི་ལ་འཇུག་པའི་སྐལ་པ་ཕྲ་བ་དག་ནི་འདི་སྐད་དུ། རྒྱུད་སྡེ་བཞི་ཐམས་ཅད་ནས་བསྐྱེད་རྫོགས་ཟུང་འབྲེལ་ཤ་སྟག་གིས་ལམ་བགྲོད་པར་གསུངས་པས་བསྐྱེད་རིམ་གྱི་གསལ་ཆ་སྟོར་ན་ཆད་ལྟར་འགྱུར་རོ། །ཞེས་ཟེར་བ་ཡོད་དེ། ལྷའི་ཞལ་ཕྱག་ལ་ལྟ་བའི་འཛིན་པ་མ་ཟད་ན་ས་བཅུའི་བྱང་ཆུབ་སེམས་དཔའི་ཤེས་སྒྲིབ་ཏུ་འགྱུར་བ་ལ་དགོངས་ནས་ལུགས་འདི་ལ་སྤྲོས་བྲལ་གྱི་རིག་པ་དྲི་མེད་དེ་ཀ་ལ་བསྐྱེད་རྫོགས་དབྱེར་མེད་དུ་གྲུབ་པའི་སྒྲ་བཤད་ཁྱད་དུ་འཕགས་པ་འདི་ཉིད་ཀྱི་ལམ་འབྲས་སྐོར་ལས། ལྷ་བསྐྱེད་པ་ཡང་སེམས་ཀྱིས་ཆོ་འཕྲུལ་རིག་པ་ཡེ་ཤེས་ཀྱི་རོལ་རྩལ་མ་འགགས་པ་སྟེ༔ སྒྲིབ་གཡོགས་དང་བྲལ་བ་


JLAZ005_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རྗེན་པ་ལྷང་གིས་མཐོང་བ་དེ་ཀ་ཡིན་པས༔ དེ་ལ་བཅོས་བསླད་མེད་པར་གསལ་ལམ་མེར་འཇོག་པ་བསྐྱེད་རིམ༔ དེའི་རང་བཞིན་མ་གྲུབ་གྲུབ་པ་མེད་པ་རྫོགས་རིམ༔ དེའི་ངོ་བོ་གསལ་སྟོང་གི་ངང་དུ་གཡོ་བ་མེད་པར་འཇོག་པ་བོགས་དབྱུང་བར་བྱེད་པ་སྟེ༔ ཞེས་བསྐྱེད་རིམ་ལ་རྫོགས་རིམ་གྱིས་རྒྱས་ཐེབས་པའི་དབང་དུ་གསུངས་པ་སྟེ། སྐུ་དང་ཡེ་ཤེས་ཡིན་ཕྱིན་ཆད་གཟུགས་སྐུ་ཁོ་ན་ལ་ལྟོས་དགོས་པ་མ་ཡིན་མོད། ཆོས་སྐུ་སྟོང་པ་ཉིད་ཀྱི་ངང་ལས་གསལ་ཆའི་རིག་མདངས་ཡེ་ཤེས་སུ་འཆར་བ་དེ་ནི་དོན་དམ་པའི་སྐུ་དང་ཡེ་ཤེས་ཅིའི་ཕྱིར་མ་ཡིན། རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་ལུང་ལ་སྐྲག་པར་གྱུར་ན། ཐེག་ཆེན་ཐུན་མོང་གི་མདོ་སྡེ་ལས། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་ལ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཞེས་པས་གོ་ལ། འོན་ཏེ་བསྐྱེད་རྫོགས་ཟུང་འཇུག་སྒོམ་ནས་དེའི་འབྲས་བུར་ཐོབ་བྱའི་མཐར་ཐུག་ཀྱང་དེ་ལྟ་བུའི་སྐུ་ཞིག་ཡོད་པར་འདོད་ན་ནི་རཱུ་ཏྲ་ཡང་གོལ་ས་མ་ཡིན་པར་ཐལ་ཏེ། དེས་ན་ཚུལ་འདི་ལྟ་བུ་ཁོང་དུ་ཆུད་པའང་གདོད་མའི་མགོན་པོའི་བྱིན་རླབས་སོ། །འདི་ལྟར་ལས་དང་པོ་པས་རྫོགས་རིམ་ལ་


JLAZ005_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་གྱིས་རྒྱས་འདེབས་པ་གཙོ་ཆེ་བས་སྣང་ཆ་ལྷར་གསལ་བ་ཉིད་མི་འདོད་པར་ཁས་བླངས་པ་མ་ཡིན་ཏེ། འདི་ཉིད་ལས། །སྣང་བ་དང་སྟོང་པ་ཟུང་འཇུག༔ བསྐྱེད་པ་དང་རྫོགས་པ་ཟུང་འཇུག༔ རྣལ་འབྱོར་པ་དང་རྣལ་འབྱོར་པའི་སེམས་ཟུང་འཇུག༔ ལྷ་དང་ལྷའི་དགོངས་པ་ཟུང་འཇུག༔ ཕྱག་རྒྱ་དང་ཆེན་པོ་ཟུང་འཇུག༔ ཉོན་མོངས་དང་ཡེ་ཤེས་ཟུང་འཇུག༔ ཐབས་དང་ཤེས་རབ་ཟུང་འཇུག༔ དབྱིངས་དང་རིག་པ་ཟུང་འཇུག༔ གཞི་དང་གཞིར་ཤེས་ཟུང་འཇུག༔ ལམ་དང་ལམ་སྣང་ཟུང་འཇུག༔ ལས་དང་འབྲས་བུ་ཟུང་འཇུག༔ དེ་ལྟར་ཟུང་འཇུག་ཐམས་ཅད་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ༔ ཞེས་གསུངས་པ་ལྟར་གང་ཟག་གི་བློ་མཐུ་དང་བསྟུན་ནས་ལམ་པ་བྱིངས་ལ་འདི་ལ་ཡང་མན་ངག་གི་དགོངས་པས་རྫོགས་རིམ་གྱི་རྗེས་ཐོབ་ལྷ་སྐུར་ལྡང་བར་གསུངས་ཏེ། སྣ་ཚོགས་རང་གྲོལ་གྱིས་མཛད་པའི་དཀྱིལ་ཆོག་ཁོག་འབུབས་རགས་བསྡུས་ལས། བཤད་མ་ཐག་པའི་རྫོགས་རིམ་གྱི་མཇུག་ཏུ་སླར་སྣོད་བཅུད་རང་གི་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་སུ་ཤེས་པའི་གདེང་དང་མ་བྲལ་བར་བྱའོ། །ཞེས་གསུངས་པས་ད་ལྟ་བྱིངས་ཀྱི་ཉམས་ལེན་དེ་ཁོ་ན་ལྟར་བྱ་དགོས་པ་ཡིན་ཞིང༌། དེ་ལྟར་ནང་རྒྱུད་ཁྱད་པར་ཅན་འདི་དག་ལ་དབང་པོ་རྣོ་རྟུལ་གྱི་གནད་ཟབ་མོས་ཟིན་པའི་ཚོད་འདི་ལྟ་


JLAZ005_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡོད་པ་མ་རྟོགས་བཞིན་དུ་རྫོགས་པ་ཆེན་པོ་ལྷ་མེད་འདྲེ་མེད་ཅེས་དམོད་པ་སོགས་མནར་མེད་པའི་དམྱལ་བ་ཁོ་ནའི་ས་བོན་ལས་མ་འདས་པ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་འདོར་བར་བྱ་ལ། འདི་ལྟར་གྲུབ་ཐོབ་ཆེན་པོ་ས་ར་ཧས་ཀྱང་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ནས་སྤྲོས་བྲལ་དོ་ཧའི་རྒྱང་གླུ་བླངས་པ་དང༌། སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོ་མི་བདེན་པ་དྲུག་ཏུ་ལ་བཟླ་བ་ལྟར། རྫོགས་ཆེན་རང་གིས་ལྷུན་གྲུབ་ཀྱི་ལམ་ལ་ཞུགས་སྐབས་ལྟ་བུར་ནི་ལྷ་མེད་འདྲེ་མེད་ཁས་ཀྱང་བླང་པས་ཆོག་སྟེ། དེ་ཉིད་ཀྱི་སྣང་བ་བཞི་མཐར་སོན་ནས་ཕུང་པོ་འཇའ་སྐུར་གྲོལ་བ་འཕགས་ཡུལ་དུ་དགའ་རབ་འཇམ་དཔལ་བཤེས་གཉེན་ལ་སོགས་པ་དང༌། བོད་དུ་གྲུབ་ཆེན་མེ་ལོང་རྡོ་རྗེ་ལ་སོགས་ཏེ་མང་སྔ་རབས་སུ་ཉིང་ཏིང་འཛིན་བཟང་པོ་དང༌། ལྕེ་བཙུན་སེང་གེ་དབང་ཕྱུག་རྒྱུད་ཉི་ཟླ་ཁ་སྦྱོར་ལས་གསུངས་པ་ལྟར་ཉང་ལྷས་བྲག་ལྷའི་ཕུག་དང༌། ལྕེ་བཙུན་འོ་ཡུག་ཕྱི་གོང་གི་རྫའི་ཐད་ཀྱི་ནམ་མཁའ་ལ་འོད་ཕུང་དུ་གཤེགས་པས་མཚོན་ཏེ་གྲགས་པ་དང་སྦས་པ་བསམ་གྱིས་མི་ཁྱབ་ལ། གཞན་ཡང་ཀུན་སྤངས་རྡོ་རིང་བ་ཆེན་པོས་རྙིང་མ་བ་འཇའ་ལུས་སུ་སོང་བ་བདུན་གཟིགས་པའི་ལོ་རྒྱུས་དང༌། དེ་ལྟར་སྔོན་ཆད་བྱུང་གི་ཕྱིས་མ་བྱུང་བའང་མིན་ཏེ། ད་ལྟའི་རབ་བྱུང་བཅུ་གསུམ་པ་ཤར་མ་ཐག་གི་གོང་ཙམ་དུའང་གཙང་སྟོད་དུ་སྣང་བཞི་མཐར་ཕྱིན་པའི་ལྷག་མེད་གཅིག་དང་ཉི་འོག་ལྗོན་པའི་ཚལ་དུ་གཅིག་བཅས་འཇའ་ལུས་སུ་གཤེགས་མ་རག་པ་


JLAZ005_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཕྱིར་ཐེག་པ་འདིའི་དགོངས་པ་བསམ་གྱིས་མི་ཁྱབ་པ་ཤེས་པར་བྱའོ། །ཟད་ཅིག །ལྷ་མེད་འདྲེ་མེད་ཀྱི་ལྟ་བས་སངས་རྒྱས་པ་ཡིན་ཕྱིར་མི་ཤེས་པའི་ཀླན་ཀ་ལ་བརྒལ་བརྟག་བྱེད་པ་ལས་གསོག་པ་ཙམ་ལས་མ་འདས་ཕྱིར་ཁ་ནང་དུ་ལོག་ནས་སྙིང་པོ་ལེན་པ་ལ་བརྩོན་པར་བྱའོ། །དགུ་པ་བསྔོ་བའི་ཡན་ལག་ལ་གཉིས། བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་དབྱེ་བ། བསྔོ་བའི་རྣམ་གཞག་རགས་བསྡུས་བརྗོད་པའོ། །དང་པོ་ནི། བཟང་སྤྱོད་ཀྱི་འགྲེལ་པ་ཕྱོགས་གླང་གི་གཞུང་ལ་མ་འཚལ་ཡང་བོད་ཊཱིཀ་ཁ་ཅིག་ཏུ། མཁས་པ་ཕལ་ཆེ་བ་དག་སྨོན་ལམ་སྤྱི་དང་བྱེ་བྲག་ཁྱད་ཡོད་དེ། སྨོན་ལམ་ལ་རྒྱུ་དགེ་བ་ལྟ་བུ་ཞིག་གཞིར་བྱས་ནས་སྨོན་དགོས་པས་མ་ཁྱབ་ལ། བསྔོ་བ་ནི་རྒྱུ་དགེ་བ་ལྟ་བུ་ཞིག་གཞིར་བྱས་ནས་བསྔོ་བ་ཡིན་ནོ། །ཞེས་གསུངས་མོད་ཀྱི་དཔྱད་དགོས་པ་ཞིག་གོ །ཞེས་ལུང་མ་བསྟན་གྱིས་འཐད་དཀའ་བར་བསྒྲུབས་པ་ལྟར་རྟོག་རིག་གིས་གཞིགས་ན། རྒྱལ་པོ་བྱམས་པའི་སྟོབས་ཀྱིས་སྐུ་ལུས་བྱིན་པའི་དགེ་རྩར་བརྟེན་ནས་སྨོན་པ་ལྟ་བུས་མཚོན་ཏེ་རྒྱུ་མི་དགོས་པས་མ་ཁྱབ་ཀྱང༌། ཕལ་ཆེར་དུ་དེ་ལྟར་མི་སྟོན་པས་གཙོ་ཆུང་བར་བཞག་ལ། དེ་བཞིན་དུ་བསྔོ་བ་ཁོ་ན་ལའང༌། དུས་གསུམ་ཀའི་དགེ་ཚོགས་བསྔོ་གཞིར་རུང་བར་བཤད་པ་ཡང་སྣང་སྟེ། དོན་ལ་ཞིང་བསམ་དངོས་པོར་རྣམ་


JLAZ005_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དག་རྟེན་དུ་བྱུང་བས་རང་ལུགས་ལ་སྔ་མའི་ལུང་བཞིན་ཁས་ལེན་པ་སྟེ། གཏེར་ཆོས་འདི་ཉིད་ཀྱི་རང་སྐད་ལས། དེ་ལྟར་ཞིང་དང་དངོས་པོ་བསམ་པ་གསུམ་འཛོམ་པས་ཚོགས་བསགས་པ་རྣམས་བསྔོ་རྒྱུའི་དགེ་བ་ཡིན་ཞིང་༔ ཞེས་པ་དང༌། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། རྒྱུ་དགེ་བ་སྔོན་དུ་སོང་ནས་ཚིག་དང་སྨོན་པ་བསྡོམས་པ་ནི་བསྔོ་བ། རྒྱུ་དགེ་རྩ་མ་སོང་བར་སྨོན་པ་ནི་སྨོན་ལམ་མོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་བཞི། བསྔོ་རྒྱུའི་དགེ་རྩ། བསྔོ་བྱའི་ཞིང༌། སྔོ་བྱེད་ཀྱི་མཁན་པོ། བསྔོ་བའི་ཚུལ་ལོ། །དང་པོ་ལ་གཉིས། བསྔོར་རུང་བ་དང་མི་རུང་བའོ། །དང་པོ་ནི། གཏེར་ཁ་འདི་ཉིད་ཀྱི་བསྔོ་བ་ནོར་བུ་བསམ་འཕེལ་ལས། དངོས་པོ་རྣམ་པར་དག་པ་རྣམས་བསམ་པ་རྣམ་པར་དག་པས༔ ཡུལ་གོང་མ་ལ་དད་པ་དང་༔ འོག་མ་ལ་སྙིང་རྗེ༔ ཐུན་མོང་དུ་བྱང་ཆུབ་སེམས་ཀྱི་ཀུན་ནས་བསླང་བར་བྱ་སྟེ༔ ཞེས་གསུངས་པས་དངོས་པོ་རྣམ་པར་དག་པ་ནི་འོག་ཏུ་འཆད་མ་རག་པའི་སྐྱོན་གྱིས་མ་གོས་པ་དང༌། བསམ་པ་རྣམ་པར་དག་པ་ནི་གཡོ་རྒྱུ་དང་ཁེ་གྲགས་ཀྱི་དྲི་མས་མ་གོས་པ་ཞིག་དགོས་པར་གསུངས་སོ། །གཉིས་པ་ནི། མདོ་ལས། དངོས་པོ་བརྐུས་འཕྲོག་དཀོར་རྫས་དང༌། །གཞན་ལ་གནོད་པ་མ་ཡིན་པ། །རབ་


JLAZ005_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གཅེས་དང་ཡིད་འོང་རྫས། །མཁོ་བར་གྱུར་ན་མཆོད་སྦྱིན་ནོ། །ཞེས་དང༌། སྡིག་དང་དུག་སོགས་ལོག་འཚོའི་རྫས། །མཚོན་ཆ་ལ་སོགས་མ་འདྲེས་པར། །སྦྱིན་པ་རྣམ་པ་བཞི་དང་ནི། །འདོད་ཡོན་མཐུན་རྐྱེན་སྣ་ཚོགས་ཀྱིས། །དབུལ་ཕོངས་མ་ནུས་པ་ལ་སྐྱོང༌། །ཞེས་གསུངས་པ་ལྟར་མདོར་ན་གཞན་གྱི་ལག་ནས་དབང་མེད་དུ་ཕྲོགས་པ་དང་བརྐུས་པ། དགེ་བའི་ཆེད་ཅེས་སེམས་ཅན་གྱི་སྲོག་བཅད་པའམ། ཁྲག་འབྱིན་པ་ལ་སོགས་ཏེ་འཚེ་བ་བགྱིས་པས་མཚོན་ཏེ་ལོག་འཚོའི་རྫས་ཀྱི་རིགས་བསྔོ་བར་མི་རུང་བར་གསུངས་སོ། །གཉིས་པ་བསྔོ་བྱའི་ཞིང་ལ་གསུམ་སྟེ། མདོ་ལས་བཤད་ཚུལ་དང༌། སྔགས་ལས་བཤད་ཚུལ་དང༌། ཐུན་མོང་དུ་བཤད་ཚུལ་ལོ། །དང་པོ་ནི། མདོ་སྡེ་རྒྱན་ལས། ཆོས་རྣམས་ཀུན་གྱི་གཏེར་ཡིན་ཕྱིར། །རྣམ་པའི་སྒོ་ནི་རྣམ་འབྱེད་པ། །དགེ་འདུན་ཞེས་ནི་བྱ་བ་སྟེ། །དགེ་འདུན་ལ་ནི་ཀུན་གྱིས་བྱིན། །ཞེས་གསུངས་པ་ལྟར་བསླབ་པ་གསུམ་ལྡན་གྱི་དགེ་འདུན་ཉིད་ལ་ཚོགས་ཞིང་གི་གཙོ་བོར་གསུངས་པའོ། །གཉིས་པ་ནི། དཔལ་གསང་བ་འདུས་པ་ལས། མཆོད་པ་ཀུན་གྱི་ཐོག་མ་ལ། །མཆོད་པ་ཐམས་ཅད་རབ་སྤངས་ཏེ། །བླ་མ་མཆོད་པ་རབ་ཏུ་བརྩམ། །དེ་མཉེས་པ་ལས་དངོས་གྲུབ་ནི། །ཀུན་མཁྱེན་དམ་པ་ཐོབ་པར་འགྱུར། །ཞེས་གསང་སྔགས་པ་ལ་བླ་མ་ཉིད་ལས་ལྷག་པའི་ཚོགས་


JLAZ005_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གཞན་དུ་མ་གྱུར་པ་འདིས་མཚུངས་པར་ཆེས་ཆེར་མང་བར་གསུངས་སོ། །གསུམ་པ་ནི། ཇི་སྐད་དུ། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་སྐྱོབ་པ་མེད། །དགེ་འདུན་འདྲ་བའི་ཞིང་ས་མེད། །དེ་ཕྱིར་དཀོན་མཆོག་གསུམ་ལ་དབུལ། །ཞེས་ཐུན་མོང་དུ་ནི་དཀོན་མཆོག་གསུམ་ལས་ལྷག་པའི་ཞིང་ས་གཞན་མ་མཆིས་སོ། །དེ་ཡང་སྤྱི་ཁྱབ་ཏུ་ཐེག་པ་འོག་མ་དང་སོ་སོ་སྐྱེ་བོ་ལ་སོགས་པས་ཞིང་ས་རྣམ་པར་དག་པ་ལ་རྒྱུའི་དངོས་པོ་ཕུན་སུམ་ཚོགས་པས་བཀུར་སྟི་དང་ཞབས་ཏོག་ཁོ་ན་ལ་བརྩོན་ཞིང༌། མ་འབྱོར་པ་རྣམས་ཀྱིས་ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་པས་རྒྱལ་བ་མཉེས་པའི་ཐབས་ལ་བརྩོན་པར་བྱ། དེ་ནི་ཞིང་བཟང་ལ་ས་བོན་ལེགས་པ་བཏབ་ནས་འབྲས་བུ་ཡར་ལྡན་དུ་འཕེལ་བ་ལྟར་བསོད་ནམས་ལྷག་པར་སྐྱེ་བར་གསུངས་མོད། ཐེག་པ་ཆེན་པོ་པ་རྣམས་ཀྱིས་ཡུལ་འོག་མ་ལ་གཅེས་པར་འཛིན་ཅིང་གཞན་དོན་འབའ་ཞིག་ལྷུར་ལེན་དགོས་པར། ལུང་ལས། གང་ལ་རེ་དང་བཤེས་མེད་དང༌། །ནད་པ་དང་ནི་མ་ནུས་པ། །རྒས་ཤིང་འཁོགས་པ་དབང་པོ་ཉམས། །དབུལ་ཕོངས་བཀྲེས་དང་མུ་ཏོ་བ། །བྱང་ཆུབ་སེམས་ལྡན་རྣམས་ཀྱིས་ནི། །མགོན་མེད་དེ་དག་དང་དུ་བླང༌། །ཞེས་གསུངས་པ་ལྟར་བདག་བས་གཞན་གཅེས་ཀྱི་བསམ་པ་བཟང་པོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚུལ་


JLAZ005_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བསླབ་པ་ལ་བརྩོན་པར་བྱའོ། །གསུམ་པ་ལ་གཉིས། སྔོ་བྱེད་ཀྱི་མཁན་པོ་དང༌། བསྔོ་བའི་དུས་ཚོད་དོ། །དང་པོ་ནི། སློབ་དཔོན་མཚོ་སྐྱེས་ཀྱི་ཞལ་ནས། ལྟ་བ་གནས་ལུགས་དོན་རྟོགས་ཤིང༌། །སྒོམ་པ་ཏིང་འཛིན་ལས་སུ་རུང༌། །སྙིང་རྗེ་བྱང་ཆུབ་སེམས་སུ་ལྡན། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །བཤེས་གཉེན་དམ་པ་རྣམས་ཀྱིས་ནི། །ཡོན་རྣམས་བསྔོ་བའི་སློབ་དཔོན་མཆོག །ཅེས་གསུངས་པའི་མཚན་ཉིད་ཚང་ལ་ཡེ་ཤེས་གཟིགས་པའི་འཕགས་ཆེན་བདེན་ཚིག་འགྲུབ་པ་འཛོམ་ན་རབ། མ་འཛོམ་ན་འདི་ཉིད་ལས། གང་གིས་དད་པས་འདུན་བྱས་པས། །བླ་མ་དེ་ནི་སྟོན་པ་དངོས། །ཞེས་གསུངས་པ་ལྟར་བསླབ་པ་གསུམ་དང་ལྡན་ཞིང་ཚངས་པར་མཚུངས་སྤྱོད་ཀྱི་བཤེས་གཉེན་ཚུལ་ལྡན་ལ་ཡོན་གྱི་བདག་པོས་ཀྱང་དད་འདུན་ཚུལ་བཞིན་དུ་ནུས་ན་རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བའི་བདེན་པ་ཆེན་པོའི་མཐུ་ལས་ཇི་བཞིན་འགྲུབ་པར་བཤད་ཅིང༌། གལ་ཏེ་དེ་ཡང་དཀའ་ན། འདི་ཉིད་ལས། རང་གི་དད་པ་ཐོབ་པ་དང་༔ དཀོན་མཆོག་དྲུང་དུའང་རུང་བར་བཤད༔ ཅེས་གསུངས་པས། རང་ཉིད་ཀྱིས་ཀྱང་རྟེན་གསུམ་ཁྱད་འཕགས་ཀྱི་དྲུང་དུ་ཤིན་ཏུ་དད་པའི་སྒོ་ནས་བསྔོར་རུང་བར་གསུངས་སོ། །གཉིས་པ་ནི། སྔ་མའི་འཕྲོ་ལས། ཉ་སྟོང་བརྒྱད་གསུམ་ལ་སོགས་དུས༔ དགེ་རྩ་


JLAZ005_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་དྲུང་དུ་བསྔོ༔ ཞེས་པས་བྱུང་ངོ་ཅོག་སྤྱིར་བཏང་གི་དུས་ཆེན་ཁྱད་པར་ཅན་ཉ་ཞེས་བདེ་འབྱུང་གི་གཙུག་རྒྱན་ཆ་ཤས་རིལ་པོར་གང་བ་ལ་སྒྲ་བཤད་བཞག་པ་ཚེས་བཅོ་ལྔ་སྟེ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དུས་བཟང་དང༌། དེ་བཞིན་དུ་སྟོང་ཞེས་ཉི་ཟླ་སྐར་ཁོངས་གཅིག་ཏུ་ཚོགས་པས་མཚན་མོའི་སྣང་བྱེད་མེད་པ་ལ་སྟོང་གི་སྒྲ་བཤད་བཞག་པ་སྟེ་ཚེས་གནམ་གང་ནི་བཅོམ་ལྡན་འདས་ཐུབ་དབང་གི་དུས་ཆེན་དང༌། ཚེས་བརྒྱད་ནི་སངས་རྒྱས་སྨན་རྒྱལ་གྱི་དུས་ཆེན་དུ་གསུངས་པ་འདི་རྣམས་ཀྱི་དུས་ཁྱད་པར་ཅན་ལ་དགེ་བའི་ལས་མཐའ་དག་བརྩི་ཞིང་བསྔོ་བར་བྱ་བའི་དུས་ཚོད་དུ་གསུངས་པ་ནི་འཕེལ་འགྱུར་གྱི་སྟོབས་ལ་དགོངས་པའོ། །བཞི་པ་བསྔོ་བའི་ཚུལ་ལ་གསུམ། འབྲས་བུ་ཅི་ལྟ་བུའི་རྒྱུར་བསྔོ་བ་དང༌། ཚོགས་ཞིང་ལ་དཔང་པོ་འཚོལ་བ། བསྔོ་བ་དངོས་སོ། །དང་པོ་ལ་གཉིས། བསྔོ་བའི་ས་དང་གང་གི་ཆེད་དུ་བྱ་བའོ། །དང་པོ་ནི། ཡུམ་བར་མ་ལས། རབ་འབྱོར་དགེ་བའི་རྩ་བ་འདི་ནི་སངས་རྒྱས་ཀྱི་ས་ཁོ་ནར་བསྔོ་བར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང་དེ་གཞན་གྱི་སར་བསྔོ་བར་མི་བྱ་སྟེ། ཞེས་གསུངས་པ་ལྟར་རྣམ་པ་ཐམས་ཅད་མཁྱེན་པའི་ས་ཁོ་ན་མ་གཏོགས། ཚེ་འདིའི་ཕུན་སུམ་ཚོགས་པ་ཙམ་དང་ཐེག་དམན་གྱི་བློས་བསྔོ་བར་མི་བྱའོ། །གཉིས་པ་ནི། དེ་ཡང་


JLAZ005_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི་ཕྱིར་བསྔོ་ཡི། རང་ཡོངས་སུ་ཐོབ་པ་ཙམ་གྱི་དོན་དུ་ནི་མ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལྷག་པའི་བསམ་པ་དཀར་པོས་བསྔོ་བ་ལས། རང་ཉིད་གཅིག་པུ་ཞི་བདེའི་ཆེད་དུ་བསྔོ་བ་བྱ་ན། བྱང་སེམས་ཀྱི་བསླབ་པ་ཉམས་པར་བཤད་པས་ཚུལ་བཞིན་དུ་བྱའོ། །གཉིས་པ་ཚོགས་ཞིང་གསལ་འདེབས་པ་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ནི། དུས་ངེས་མེད་ལྟ་བུའི་ཚེ་བསྔོ་བ་བྱ་ན། ཚོགས་ཞིང་གི་དཔང་པོ་གལ་ཆེ་བར་བཤད་པས་བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་མཁའ་ཁྱབ་ཏུ་གསལ་འདེབས་པའམ། ཡང་ན་རྟེན་གསུམ་བྱིན་རླབས་ཅན་ཡོད་ཚེ་དེ་དག་གི་སྤྱན་སྔར་བྱེད་པའོ། །གཉིས་པ་བྱེ་བྲག་གི་གནས་སྐབས་སྒྲུབ་དཀྱིལ་ཞལ་ཕྱེ་བ་ལ་སོགས་ཏེ་འདི་ལྟ་བུའི་གནས་སྐབས་ན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མདུན་བསྐྱེད་ཚོམ་བུའི་དཀྱིལ་འཁོར་གྱི་ལྷག་པའི་འཁོར་ལོར་ཤར་བ་ལ་དཔང་པོ་གསོལ་བས་འཐུས་ཀྱང༌། ཁ་ཅིག་ཨ་འཐས་ཀྱི་བློས་རྣམ་པར་སྒྲོ་བཏགས་ནས་ཚོགས་ཞིང་གསལ་འདེབས་ཀྱི་སྟོང་མཐུན་བརྗོད་པ་ནི། མདུན་དུ་དཀྱིལ་འཁོར་ཡོད་པ་ཐུགས་ཀྱིས་གཡེངས་བའམ། ཡང་ན་དཀྱིལ་


JLAZ005_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དེ་ཉིད་ཀྱིས་ཚོགས་ཞིང་གི་གོ་མ་ཆོད་པར་མངོན་ནོ། །ཁ་ཅིག་ན་རེ། ཆོ་གའི་ས་བཅད་ལ་གཞིགས་ནས་བསྡུ་ཆོག་སྔོན་དུ་གྲུབ་པས་སོ་ཞེ་ན། སྒྲུབ་མཇུག་ལྟ་བུའི་ཐུན་ཐ་མ་ལ་དེ་བཞིན་འཐད་ཀྱང༌། སྒྲུབ་པའི་ཐུན་མཚམས་ཐམས་ཅད་ལ་བསྔོ་བས་རྒྱས་འདེབས་དགོས་པར་མ་ཟད། སྒྲུབ་པ་ཚུགས་ནས་མ་གྲོལ་གྱི་ཁོངས་སུ་ཡོན་བདག་ཐ་དད་པས་བསྙེན་བཀུར་པ་ལྟ་བུའི་ཚེ་བསྔོ་བ་བྱ་སྐབས་བསྡུ་ཆོག་མ་ཟིན་ནོ། །གསུམ་པ་ནི། བསྔོ་བ་དངོས་བསྟན་དང༌། འཁོར་གསུམ་ཡོངས་དག་གི་རྒྱས་འབེབས་པའོ། །དང་པོ་ལ་གཉིས། གཞུང་འདིའི་སྒོས་ཆོས་ཀྱི་དམིགས་གནད་ཁྱད་པར་ཅན་བཤད་པ་དང༌། མཚམས་སྦྱོར་དངོས་གཞིའོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་དེས་གཞན་དོན་དུ་བསྔོ་བ་བྱེད་པའི་ཚེ། ཡོན་བདག་གསོན་པོ་ཡིན་ཚེ་སྔར་གྱི་སྟོང་མཐུན་རྣམས་ཁོའི་རྣ་བར་ཐེབས་པར་གདབ་ལ་ཚོགས་སྒྲུབ་ལྟ་བུའི་སྐབས་གྲལ་གཤམ་དུ་བཞག་ལ་རྗེས་ཟློས་བྱར་བཅུག །ཚེ་འདས་ཀྱི་དོན་དུ་ཡིན་ན་ཏིང་ངེ་འཛིན་གྱིས་རྣམ་པར་ཤེས་པ་བཀུག་ལ་སྔ་མ་ལྟར་རྗེས་ཟློས་བྱེད་པར་བསམ་མོ། །དེ་ལྟར་རྗེས་ཟློས་བྱ་ཚུལ་འདི་ལ་ནོར་ས་ཡོད་དེ། མཐུན་འགྱུར་ནི་མ་ཡིན་ཏེ། ཀུན་མཁྱེན་ཆེས་པོས། དེ་ཡང་བསྔོ་བ་སྦྱིན་བདག་གི་སེམས་


JLAZ005_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདུན་པ་ཚིག་གི་ནུས་པས་བྱང་ཆུབ་ལ་སོགས་པར་བསྒྱུར་བ་ཡིན་ནོ། །དེ་ཡང་སློབ་དཔོན་རྣམས་ཀྱི་བྱེད་པ་ནི་དེས་མི་ཤེས་པའི་དབང་དུ་བྱས་ཏེ་གཞན་དུ་ན་དཔང་པོ་ཡིན་པས་བླ་མ་དང་དགེ་འདུན་རྣམས་ཀྱིས་ཁོའི་ཚིག་གི་རྗེས་སུ་སེམས་ཕྱོགས་པས། འགྲུབ་པར་གྱུར་ཅིག་པའི་མཐུན་འགྱུར་བརྗོད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། སྔར་བཤད་པ་ལྟར་དུས་མ་ཡིན་པའི་ཚེ་གཞུང་ནས་གསུངས་པ་ལྟར་མདུན་གྱི་ནམ་མཁར་ཚོགས་ཞིང་གསལ་འདེབས་བྱ་ཞིང༌། ཡན་ལག་བདུན་པས་མཆོད་ཅིང་བརྡ་སྦྱོར་སྤྱི་ལྟར་བྱེད། གནས་སྐབས་འདི་ཉིད་དུ་ནི་བསྔོ་བའི་དཔང་པོ་དཀྱིལ་འཁོར་རྒྱ་མཚོའི་ལྷ་ཚོགས་འདི་ལྟ་བུ་བཞུགས་པ་ལ་སྔར་གྱི་འདུན་པ་རྩེ་གཅིག་ཏུ་གཏོད་ཅེས་བརྡ་སྦྱར་ལ་རང་ཡང་དེ་ལྟར་དུ་བསམ་ཞིང༌། མཉམ་གཞག་ནམ་མཁའ་ལྟ་བུར་གཡོ་མེད་ཀྱི་ངང་ལས། རྗེས་ཐོབ་སྙིང་རྗེའི་གསལ་སྣང་སྒྱུ་མ་ལྟ་བུའི་རང་བཞིན་དུ། བསྔོ་གཞུང་ནས་བྱུང་བ་ལྟར། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་བརྗོད་ཅིང༌། འདུས་པ་རྒྱ་མཚོ་དང་བཅས་པས་མཐུན་འགྱུར་བྱེད། བསྔོ་མཁན་རང་ཉིད་ལས་དགོངས་པ་ལྷག་པའི་སྐྱེས་བུ་ཁྱད་པར་ཅན་གྱི་དགོངས་རྫོགས་ལྟ་བུའི་ཚེ་ན་དེ་ཉིད་


JLAZ005_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གསོལ་གྱི་དཔང་པོར་བྱས་ནས། དགེ་རྩ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་ཞིང་དེས་མཚོན་པའི་བསྔོ་ཚིག་དང་སྨོན་ལམ་ལ་མཐའ་བསྒྱུར་བྱ་བར་གསུངས་ལ། དེ་བཞིན་དུ་ཤི་གསོན་གྱི་བསྔོ་བ་ཡང་འགག་ཕྱེད་པར་བྱ། གང་གི་ཚེ་ཡང་མཐར་སློབ་དཔོན་གྱིས་བསྐུལ་ལ་འདུས་པ་རྒྱ་མཚོས་ཀྱང་ཆབས་གཅིག་པས། དེ་ལས་བྱུང་དང་གཞན་ཡང་དགེ་བའི་རྒྱུན༔ སོགས་ནས། བླ་མེད་ཐེག་པ་ཆེན་པོར་བསྔོ་བར་བགྱི༔ ཞེས་པའི་བར་བརྗོད་རྗེས་དཀྱིལ་འཁོར་རམ། བསྔོ་བའི་དཔང་པོ་དམིགས་བསལ་གང་ཡིན་དེའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་དཀར་ལ་དངས་པ་ཞིག་ཡེར་གྱིས་བྱུང་ནས། གང་གི་དོན་དུ་བསྔོ་བའི་འགྲོ་བ་དེ་དག་གི་སྒོ་གསུམ་ལ་ཕོག་པས། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཉི་མས་བ་མོ་བཞུ་བ་ལྟར་སངས་ཀྱིས་དག །ལུས་འོད་ཀྱི་གོང་བུར་གྱུར་ནས་དམིགས་ཡུལ་གསོན་པོ་ཡིན་ཚེ་རིག་འཛིན་གྱི་གྲལ་དུ་འཁོད་པར་བསམ། གཤིན་པོ་ཡིན་ཚེ་འོད་གོང་དེ་ཡང་རིག་པའི་ངོ་བོ་ཨཱཿདཀར་པོ་ཞིག་ཏུ་དངས་མར་འདྲིལ་ཏེ་མེ་སྟག་ཡར་བ་ལྟར་སོང་ནས་དཀྱིལ་འཁོར་ལྷག་པའི་གཙོ་མཆོག་གི་ཡེ་ཤེས་སེམས་དཔའི་ཐུགས་སྲོག་དང་འདྲེས་པར་བལྟ་བའམ། ཚོགས་ཞིང་གསལ་པ་ཡིན་ཚེ་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཐིམ།


JLAZ005_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བདེ་བར་གཤེགས་པ་འཁོར་བཅས་ཀྱང་ནམ་མཁའ་ལ་འཇའ་སྤྲིན་དེངས་པ་ལྟར་མི་མངོན་ཆོས་ཀྱི་དབྱིངས་སུ་གཤེགས་པར་བསམ་མོ། །དམིགས་པ་འདི་ནི་གཞུང་འདི་ཉིད་ཀྱི་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན་ཞིང༌། དེས་ན་བསྔོ་བའི་རིགས་མཐའ་དག་ལ་སྦྱར་དུ་ཡོད་ལ། ཤི་གསོན་གྱི་དབྱེ་བ་འབྱེད་པ་གཞུང་ལ་ཧ་ཅང་མི་གསལ་ཡང་ལུང་རིག་གཉིས་ཀའི་སྒོ་ནས་འཐད་ཕྱོགས་བསྒྲུབ་རྒྱུ་ཡོད་དོ། །གཉིས་པ་ལ་གཉིས། འཁོར་གསུམ་མི་དམིགས་པའི་ཀློང་དུ་རྒྱས་གདབ་པ་དང༌། ལྡན་འབྲས་ཀྱི་ཕན་ཡོན་བཤད་པའོ། །དང་པོ་ནི། ལུང་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ཏེ། །དེ་ཡང་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་དང༌། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། དགེ་བ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུའི་ཚུལ་གྱིས་ཡོངས་སུ་བསྔོ་བར་བྱ་སྟེ། ཞེས་དང༌། ཀུན་མཁྱེན་གྱིས། དམིགས་པའམ་ཞེན་པས་དགེ་རྩ་བདེན་བདེན་པོར་ཤེས་པ་ནི་མི་བཟང་སྟེ་ཞེས་པའི་རྗེས་ལ་མདོ་སྡུད་པའི་ལུང་འདྲེན་མཛད་པ་དང༌། ད་དེ་དག་གི་དོན་སྙིང་པོར་ཧྲིལ་གྱིས་དྲིས་ནས་གོ་བདེ་བར་བརྗོད་ན། དགེ་བ་རྨི་ལམ་ལྟ་བུ། གསོག་པ་པོ་རྨི་ལམ་ལྟ་བུ། ལེན་པ་པོ་རྨི་ལམ་ལྟ་བུ།


JLAZ005_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཚུལ་མ་འགགས་ལ་དོན་དུ་བདེན་པར་མི་འཛིན་པ་དག་ལ་འཁོར་གསུམ་ཡོངས་དག་གི་བསྔོ་བ་ཟེར་གྱི། ལ་ལས་འདི་དོན་མ་གོ་བར་ཅི་ཡང་མེད་པར་སྒོམ་པ་ནི་མུ་སྟེགས་ཆད་པར་ལྟ་བ་རྣམས་དང་ཁྱད་པར་མེད་པས་འདིའི་དོན་ལ་ཐོས་པ་དང་བསམ་པ་གཉིས་ཀས་སྒྲོ་འདོགས་ཆོད་པར་བྱ་སྟེ། དེ་ཡང་ཀུན་མཁྱེན་རིན་པོ་ཆེས། སྤྱིར་དགེ་བ་གང་བྱེད་ཀྱང་སྦྱོར་བ་བྱང་ཆུབ་སེམས་ཀྱིས་ཟིན་པ། དངོས་གཞི་ལ་དམིགས་པ་དང་མཚན་མ་མེད་པའི་ཤེས་རབ་ཀྱིས་ཟིན་པ། རྗེས་སྒྱུ་མ་རྨི་ལམ་ལྟ་བུའི་བསྔོ་བ་དམ་པས་ཟིན་པ་སྟེ། དམ་པ་གསུམ་དང་འབྲེལ་ན་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱ་ལ། སངས་རྒྱས་ཀྱི་ལམ་མམ་རྒྱུ་བྱེད་པ་ཡིན། ཞེས་གསུངས་ཤིང༌། དེ་ལྟ་བུའི་གནད་ཀྱིས་མ་ཟིན་པ་སོགས་ལ་འཛད་པའི་རྒྱུ་བཞི་གསུངས་ཏེ། ལུང་ལས། དགེ་བའི་རྩ་བ་བསགས་ནས་ནི། །མ་བསྔོས་ཡང་ན་ལོག་པར་བསྔོས། །གཞན་ལ་བསྒྲགས་དང་འདོད་པ་སྐྱེས། །དེ་ནི་ཟད་པའི་རྒྱུ་བཞི་ཡིན། །ཞེས་གསུངས་པ་ལྟར་འདུས་བྱས་ཀྱི་དགེ་བ་མཐའ་དག་མ་བསྔོས་པར་ལུང་མ་བསྟན་དུ་ལུས་པ་དང༌། བསྔོས་ཀྱང་འབྲས་བུ་ཕྱིན་ཅི་ལོག་ཏུ་བསྔོས་པ་དང༌། བདག་གིས་དགེ་བ་འདི་ལྟ་བུ་བྱས་སོ་ཞེས་ང་རྒྱལ་གྱི་བསམ་པས་གཞན་ལ་བསྒྲགས་པ་དང༌། འདོད་པའི་དབང་གིས་འགྱོད་སེམས་དང་སེར་སྣ་སྐྱེས་


JLAZ005_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ལ་བསོད་ནམས་ཆ་མཐུན་གྱི་འབྲས་བུ་ལན་ཅིག་ཐོབ་ནས་སླར་འཛད་པར་འགྱུར་ཏེ། ཀུན་མཁྱེན་གྱིས་སྔ་མའི་འཕྲོར། དེས་མ་ཟིན་ན་བསོད་ནམས་ཆ་མཐུན་ཞེས་བྱ་སྟེ། རང་རང་གི་དགེ་འབྲས་ལན་ཅིག་བྱུང་ནས་ཟད་པར་འགྱུར་བ་ཉིད་དུ་ཤེས་པར་བྱའོ། །ཞེས་གསུངས་པ་སོགས་འདི་ནི་ཤིན་ཏུ་ཁག་ཆེའོ། །གཉིས་པ་དེ་ལྟར་ཚུལ་བཞིན་དུ་བགྱིས་པའི་ཕན་ཡོན་ནི། བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །རྒྱ་མཚོ་མ་བསྐམས་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་སེམས་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་རྒྱ་མཚོ་ཆེན་པོའི་ནང་དུ་ཆུ་ཐིགས་པ་གཅིག་སོང་ཡང༌། རྒྱ་མཚོ་མ་བསྐམས་ཀྱི་བར་དུ་ཐིགས་པ་དེ་ཟད་པར་མི་ནུས་པ་བཞིན་དུ། འདི་ལྟར་དགེ་བའི་རྩ་བ་རྣམས་འཁོར་གསུམ་ཡོངས་དག་ཆེན་པོའི་ཀློང་དུ་བསྔོས་པ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འཛད་པ་མེད་ཅིང་ལམ་གྱི་སྟེགས་ཁྱད་པར་ཅན་དུ་འགྱུར་བར་གསུངས་སོ། །བཅུ་པ་ལ་གཉིས། སྨོན་ལམ་གདབ་པ་དང༌། རྗེས་ཆོག་བྱ་བའོ། །དང་པོ་ནི། ལས་གཞུང་ལས། ལྷའམ་བླ་མ་ལ་སོགས་པ༔ དཀོན་མཆོག་གསུམ་གྱི་རྟེན་དྲུང་དུ༔ བསམ་འདུན་དག་པས་ཚོགས་བསགས་ཤིང་༔ སྨོན་ལམ་རྒྱ་ཆེར་གདབ་པར་བྱ༔ དེ་ཡི་ཡོན་ཏན་


JLAZ005_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ལས་འདས༔ ཞེས་གསུངས་པ་ལྟར་སྤྱིར་བོད་གངས་ཅན་གྱི་སའི་ཐིག་ལེ་གཙུག་ལག་ཁང་རྣམ་པ་གསུམ་དང་སྒྲུབ་གནས་རྣམས་སུ་དུས་རྟག་པར་འདོད་པ་དང་བྲལ་བའི་སྨོན་ལམ་རྒྱ་ཆེན་པོ་བཏབ་ན་འགྲུབ་པར་གདོན་མི་ཟ་སྟེ། སློབ་དཔོན་ཆེན་པོས། ལྷ་ས་བསམ་ཡས་ཁྲ་འབྲུག་གནས་རྣམས་སུ༔ རང་འདོད་སྤངས་པའི་སྨོན་ལམ་གང་བཏབ་འགྲུབ༔ ཅེས་གསུངས་པ་དང༌། གཞན་ཡང་དཀྱིལ་འཁོར་ཞལ་ཕྱེ་བ་དང་བླ་མ་དཀོན་མཆོག་ལ་སོགས་པའི་དྲུང་དུ་གང་གི་ཚེ་ཡང་སྨོན་ལམ་རྒྱ་ཆེན་པོ་གདབ་ཅིང༌། དེ་ཡང་ཚེ་འདི་རྨི་ལམ་ཙམ་ཡིན་ཞིང་ཕྱི་མ་ཤུལ་ཐག་རིང་པར་ཤེས་པར་བྱས་ལ། སྨོན་ལམ་ཕྱིན་ལོག་གི་རིགས་དང༌། ཚེ་འདིའི་ཁེ་གྲགས་དཔལ་འབྱོར་སོགས་ཀྱི་སྨོན་ལམ་མི་གདབ་པར། སྔོན་རྒྱལ་པོ་བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་སྤུན་ལྔ་ལ་སྐུ་ལུས་སྦྱིན་པར་བཏང་ནས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་པའི་ཤློ་ཀ་གསུངས་པ་ལྟར་འགྲོ་བ་ཐམས་ཅད་ཕ་མར་མ་གྱུར་པ་མེད་ཅིང༌། ཚུལ་དེ་ལྟ་བུའི་དྲིན་ལན་བསབ་པའི་སླད་དུ་བདག་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་དུ་མའི་སྒོ་ནས་བསགས་ཏེ་དོན་གཉིས་ལྷུན་གྲུབ་ཏུ་གྱུར་ནས། ཁམས་གསུམ་འཁོར་བ་དོང་ནས་སྤྲུག་ནུས་པའི་མཐུ་ཅན་དུ་གྱུར་ཅིག་སྙམ་པ་ཞེ་


JLAZ005_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་པ་ནས་བསམ་ཞིང་ཐལ་མོ་སྙིང་གར་སྦྱར་ལ། བདག་དང་མཐའ་ཡས་འགྲོ་བ་མ་ལུས་ཀུན༔ སོགས་བརྗོད་ཅིང་གཞུང་ལས། ཞེས་པ་ལ་སོགས་བསྔོ་བ་སྨོན་ལམ་རིགས༔ ཇི་ལྟར་འདོད་བཞིན་མཆེད་ལྕམ་རྣམས་ཀྱིས་བྱ༔ ཞེས་གསུངས་པ་ལྟར་ཅི་ལྟར་རིགས་པའི་སྨོན་ལམ་རྒྱ་ཆེར་གདབ་པར་བྱ་བའོ། །གཉིས་པ་ལ་གཉིས། ལས་མཇུག་བསྡུ་བ་དང༌། ཐུན་མཚམས་ཀྱི་རྣལ་འབྱོར་རོ། །དང་པོ་ནི། གཞུང་ལས། གཞན་ཡང་རྗེས་ཀྱི་བྱ་བ་སྤྱི་མཐུན་བྱ༔ ཞེས་གསུངས་པ་ལྟར་སྒྲུབ་པ་དང་སྒྲུབ་ཆེན་ལྟ་བུའི་ཚེ་དང༌། ཁྱད་པར་མངོན་སྤྱོད་ལ་མན་ངག་སྙིང་གཟེར་ནག་པོ་ལས། ཆ་གསུམ་དག་ཏུ་བགོ་བ་ནི༔ གནོན་བསྲེག་འཕངས་པའི་ལས་གསུམ་ཡིན༔ ཞེས་གསུངས་པ་ལྟར་གབ་ཚིག་ཏུ་རྒྱ་མཚོར་སྦ་བ། རླུང་ལ་བསྐུར་བ། བུད་ཤིང་བྱ་བ་སྟེ་གསུམ་དང༌། སྤྱིར་བུམ་གཏེར་སྦ་བ། ཁ་བསྐང་གི་བསྲེག་བླུགས། ཡི་དམ་དང་ཆོས་སྲུང་ལ་གཏང་རག །སྐོང་བཤགས། ཐོ་བཀྲོལ། གནས་བསྲུང༌། དགའ་སྟོན་ལ་སོགས་མཐའ་རྒྱས་ཀྱི་ལས་རྣམས་སོ་སོའི་མཚམས་སུ་བྱ་ཚུལ་སྒྲུབ་ཁོག་གི་ཡི་གེ་དང་མན་ངག་གི་གནད་ལ་བརྟེན་པར་བྱ་ཞིང་གཤིན་ཆོག་ལ་སོགས་པའི་སྐབས་ན་ལས་རྗེས་མི་མངོན་པར་ཅིག་ཆར་དུ་བསྡུ་བར་བྱའོ། །གཉིས་པ་ལ་གཉིས། ཐུན་མཚམས་ཀྱི་བྱ་བ་


JLAZ005_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དང༌། བརྩམས་པ་དོན་ལྡན་དུ་བྱ་བའོ། །དང་པོ་ནི། དེ་ལྟར་བསྐྱེད་རྫོགས་ཀྱི་ལམ་ལ་ཞུགས་ཕྱིན་ཆད་ཐུན་མཚམས་ཐམས་ཅད་དུ་ཅིར་སྣང་ལྷ་སྐུ་སྒྱུ་མའི་རྣམ་རོལ་སྒྲར་གྲག་སྔགས་ཀྱི་རང་སྒྲ། དྲན་རིག་ཡེ་ཤེས་ཀྱི་འཁོར་ལོར་རྒྱས་གདབ་ཅིང༌། བླ་མ་ལ་སངས་རྒྱས་སུ་མཐོང་བ། གདམས་ངག་ལ་བདུད་རྩིར་མཐོང་བ། དམ་ཚིག་ལ་སྲོག་ཏུ་མཐོང་བ་སྟེ། མཐོང་བ་རྣམ་གསུམ་ལ་མི་གཡོ་བར་བྱེད་ཅིང༌། དེ་ལྟར་མ་ཡིན་པར་དབང་བསྐུར་དང་ལུང་ཁྲིད་ལ་ཐོབ་གྲངས་གཙོ་བོར་བྱས་ཀྱང་སྐྱོན་ལས་ཡོན་ཏན་ཅི་ལ་སྲིད་དེ། གྲུབ་ཐོབ་གོང་མས། དམ་ཚིག་མེད་ན་དབང་མང་དུ་ཐོབ་ཀྱང་དམྱལ་བར་ཡུན་རིང་རོགས་བྱེད་གསུངས་པ་ལྟར་བླང་དོར་གོ་མ་འཛོལ་བར་བྱེད་ཅིང༌། དུས་རྟག་པར་གང་དུ་འདུག་པའི་གནས་ཀྱང་པདྨ་འོད་ལ་སོགས་དག་པའི་ཞིང་ཁམས་འབའ་ཞིག་ཡིན་ནོ་སྙམ་པ་ལས་ཐ་མལ་དུ་མི་བལྟ། དེ་ལྟར་བགྱིས་ན་མཐར་ཐུག་ཞིང་ཁམས་རྣམ་པར་དག་པ་ལ་དབང་བར་གསུངས། ཟླ་གྲོགས་ཉེ་འཁོར་ལ་སོགས་པས་མཚོན་ཏེ་བཅུད་ཀྱི་སེམས་ཅན་རྣམས་ཀྱང་ལྷ་དང་ལྷ་མོའི་རང་བཞིན་དུ་བསམས་ནས་དག་སྣང་སྦྱང༌། བཟའ་བཏུང་ལ་རོལ་པའི་ཚེ་ཡང་སྔར་བཤད་པ་ལྟར་བཟའ་བའི་རྣལ་འབྱོར་ཁོ་ན་ལ་བརྟེན་ནས་ལོངས་སྤྱོད་


JLAZ005_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ཚོགས་ཀྱི་དབུས་ན་གསང་སྔགས་མོས་སྤྱོད་ཙམ་ལས་སྣང་སེམས་བདེན་མེད་དུ་མ་རྟོགས་ཤིང་ཉོན་མོངས་པ་ལམ་དུ་སློང་བའི་ནུས་པ་དམན་པའི་ཚངས་སྤྱོད་ཀྱི་ཁྲིམས་ལ་གནས་པ་དག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པའི་འདོད་ཆགས་ལ་མི་གཙང་བའི་འདུ་ཤེས་དགུ། ཞེ་སྡང་ལ་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད། གཏི་མུག་ལ་སྤྱོད་ཡུལ་ཡོངས་སུ་དག་པའི་གཉེན་པོ་བརྟེན་པ་ལ་སོགས་པས་སྒོ་གསུམ་ཐ་མལ་དུ་སྐད་ཅིག་ཀྱང་མ་གོལ་བ་ལ་བསླབ་པ་མདོ་སྡེ་དང་མཐུན་པའི་སྤྱོད་ལམ་ཡིན་ལ། སྐབས་སུ་སྣང་སྲིད་སྣོད་བཅུད་ཐམས་ཅད་རྩ་བའི་བླ་མར་གསལ་ནས་གསོལ་བ་ཕུར་ཚུགས་སུ་འདེབས། ཉལ་བའི་ཚེ་ཉམས་ལེན་ལ་བརྟན་པ་ཆེར་ཐོབ་པའི་རྣལ་འབྱོར་པ་ཡིན་ཚེ་རྫོགས་རིམ་གྱི་ཉེར་བསྡུའི་ངང་ལས་གཉིད་འོད་གསལ་དུ་འཇུག །འདིའི་འོད་གསལ་གྱི་འཆར་ཚུལ་ཡང་རྒྱུད་ལུང་མན་ངག་གསུམ་གྱི་བསྟན་པའི་བདག་པོ་ཀུན་མཁྱེན་ཀློང་ཆེན་པ་ཚད་མར་གྱུར་ལ། དེའི་རྒྱུ་མཚན་ནི་འོད་གསལ་རང་རྒྱུད་ལ་ཤར་བའི་རྣམ་འབྱོར་དབང་ཕྱུག་ཆེན་པོ་ཞིག་གིས་སྤྱད་ན་མཁའ་འགྲོ་ཡང་ཏིག་གི་མཐོང་སྣང་རིན་ཆེན་འོད་ཀྱི་དྲྭ་བ་དང༌། འོད་གསལ་སྦུབས་འཇུག་སོགས་ཀྱིས་ཡིད་ཆེས་སྐྱེ་བར་འགྱུར་ལ། ཚིག་ཙམ་ལ་ཞེན་པའམ། རྨོངས་པ་མངོན་པའི་ང་རྒྱལ་གྱི་མཐུ་བརྟས་པས་


JLAZ005_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དཔྱད་ཀྱང་ཉམས་མྱོང་གི་རྩི་དང་བྲལ་བའི་ཕྱིར་ཕྱོགས་འཛོལ་བའི་གོ་བ་སྐྱེས་པས་ཆུ་ཤིང་གི་སྙིང་པོ་ལྟ་བུར་ཟད་ལ། སྤྱིར་འོད་གསལ་ལ་དགོངས་འདུས་རང་སྐད་ལའང་ཉམས་ཀྱི་འོད་གསལ། རྟོགས་པའི་འོད་གསལ། དུམ་བུའི་འོད་གསལ། མཆོག་གི་འོད་གསལ་ཞེས་གང་ཟག་གི་རྩ་གཟུགས་དང་ཉམས་ལེན་གྱི་སྟོབས་ཆེ་ཆུང་ལ་ཇི་སྙེད་ཅིག་འཆར་བར་གསུངས་ཀྱང༌། གཞུང་ཆེན་རྣམས་སུ་བཤད་པའི་དགོངས་པ་མྱོང་བ་ཚད་མས་དཔག་པར་མ་ནུས་པའི་བསམ་གཏན་པ་ལ་ལའི་ཡིག་ཆ་དང༌། ད་དུས་ཀྱི་གང་ཟག་ལ་ལས་འོད་གསལ་གྱི་ཡིན་ལུགས་བཤད་པ་དག་ནི་མི་རྟོག་པའི་གཞི་གནས་ཀྱི་འོད་གསལ་ཡུལ་ལྔའི་གཟུང་ཡུལ་ནུབ་པ་དེ་ཉིད། ལྷག་མཐོང་གསལ་བའི་འོད་གསལ་གྱིས་སད་པར་མ་བྱས་པས་གཟུགས་མེད་དུ་འཁོར་བའི་རྒྱུ་དང༌། ལ་ལ་ནི་གསལ་བའི་འོད་གསལ་ལ་ཞེན་ཅིང་མཐའ་གྲོལ་ཀློང་ཡངས་ཆེན་པོའི་རྩིས་མ་ཟིན་པས་གཟུགས་ཁམས་སུ་སྐྱེ་བའི་ས་བོན་དུ་བཤད་ཅིང༌། སྒོམ་ཉིན་མཚན་འདྲེས་པའི་ལོ་རྒྱུས་སྨྲ་བ་ཁ་ཅིག་ནི་རྩེ་གཅིག་ཆེན་པོའི་བག་ཆགས་ཉིན་མཚན་བརྟས་པ་ལ་མགོ་འཁོར་བས་འོད་གསལ་གྱི་དྲི་མས་གོས་པར་མ་གྱུར་ལ། ཀྱེ་མ་སྙིགས་དུས་ཀྱི་སེམས་ཅན་སོམ་ཉི་དང་ལོག་


JLAZ005_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལྟའི་འདུ་ཤེས་རགས་ཤིང་རང་རྩིས་ཁོ་ན་ལྷུར་ལེན་པས་ཤེས་རབ་གསུམ་ལ་ཡིད་མི་རྟོན། ཀུན་ཏུ་ཉོན་མོངས་པའི་གཏི་མུག་གི་ར་བར་སྲིད་པའི་སྟོབས་འབྱོར་གྱི་ལང་ཚོ་བསྒྱིངས་ཤིང་རྣོ་མཐོང་དང་གྱེར་ཆོག་ཕྲ་མོས་གློ་བ་ཁེངས་ནས་གདོད་མའི་མགོན་པོའི་ཞལ་ཚབ་ཏུ་ཁས་འཆེ་བ་ལ་ཚམ་ཚོམ་མེད་པའི་མུན་སྤྲུལ་བརྟུན་ངས་ཀྱི་བདག་པོ་དག །རྒྱལ་བའི་བཀའ་ཚད་མ་དང་འབྲེལ་བའི་བླ་མའི་མན་ངག་ཚད་མ། དེ་རང་གིས་མྱོང་བ་དང་འབྲེལ་བའི་ཚད་མ་གསུམ་གྱིས་གཏན་ལ་ཕབ་པ་དག་ལ་དེ་ནི་ཚིག་གོ་ཞེས་སུན་འབྱིན་དང༌། ག་ཞར་སྨྲ་ཞིང༌། གསང་རྒྱུད་རྒྱ་མཚོ་ལྟ་བུའི་གྲུབ་པའི་མཐའ་སློང་ནུས་པའི་དུས་གསུམ་གྱི་བསྟན་པའི་རྒྱལ་ཚབ་རྣམས་ལ་དགྲ་ལྟར་གཤེ་ཞིང་ཆུ་སྲིན་རྒྱལ་མཚན་གྱི་གནས་མལ་སྙིང་ལ་བཅས་པའི་གང་ཟག་དགྲ་སྟའི་དུམ་བུ་རྣམས་ཀྱི་རྣམ་པར་ཐར་པ་ལ་དཔྱད་ན་མཚར་ཆེ་སྟེ། ཀྱི་ཧུད། ཕྱི་མཐའི་དུས་འདིར་སྙིང་ཐིག་མོས་པས་སྤྱོད་པའི་ལུང་བསྟན་མངོན་དུ་གྱུར་པས་ཡིད་ཁོང་དུ་ཆུད་པར་གྱུར་ཏོ། །དེ་ལྟ་ནའང་རྙིང་བསྟན་འཇུག་པ་བཅུ་པའི་ཐུགས་ཀར་རྒྱས་བཏབ་སྟེ་བསྐལ་པའི་བར་དུ་བསུབ་ཏུ་མེད་པར་བྱིན་གྱིས་བརླབས་པའི་བདག་པོའི་རྐྱེན་རྡོ་རྗེ་གདན་གྱི་ནམ་མཁའ་ལ་སོགས་པར་མཁའ་འགྲོ་མས་བཟུང་སྟེ་གནས་པའི་བསྟན་པའི་བཙས་གསུམ་གྱི་རང་བཞིན་གྱི་ནུས་མཐུ་དང༌། རྒྱལ་སྲས་


JLAZ005_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པད་འབྱུང་ཡབ་ཡུམ། ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པའི་བཀའ་དྲིན་ལ་རྡོ་རྗེ་ཐེག་པའི་དགོངས་པའི་ཞེ་ཕུགས་ཀྱི་ལྟད་མོ་ཅུང་ཟད་མཐོང་བས་རྣལ་འབྱོར་པ་ཉམས་མྱོང་ཅན་དང་མཇལ་ན་ངོ་མཚར་གཏམ་གྱི་མཆོད་སྤྲིན་སྤྲོ་རྒྱུར་ཡོད་དོ། །དེས་ན་འདིར་རེ་ཞིག་དེ་ཙམ་གྱིས་མཐའ་བསྡུས་ནས། བྱིངས་རྣམས་ནི་འོད་གསལ་དང་རྨི་ལམ་འཛིན་པའི་མན་ངག་རང་རང་གི་ལུགས་དང་ཡང་ན་ཡི་དམ་གང་ལ་བྱེད་པའི་ལྷ་དེ་ཉིད་ཀྱི་ཐུགས་སྲོག་ལ་རིགས་པ་གཏད་དེ་སྔགས་བཟླ་བཞིན་པར་གཉིད་ལོག་པར་བྱ། སང་ཞོགས་ལྡང་བའི་ཚེ་ན་ཡང་ནམ་མཁའ་ལས་གྲག་སྟོང་གི་སྔགས་སྒྲ་ཅང་ཏེའུ་དཀྲོལ་བ་ལྟ་བུའི་སྒྲས་བསྐུལ་ཏེ་ཆུ་ལས་ཉ་འཕར་བ་ལྟ་བུར་སྟོང་གཟུགས་ཀྱི་ལྷ་སྐུར་ལངས་ཏེ་ལས་གནད་དྲང་པོར་བསྲང༌། རང་གི་སྣ་སྒོར་ཡེ་ཤེས་ཀྱི་མེ་གསལ་ལ་ངར་ལྡན་བྱ་སྒོང་ཙམ་ཞིག་གསལ་བཏབ། རླུང་རོ་དགུ་ཕྲུགས་སུ་བུས་པས་ནད་གདོན་སྡིག་སྒྲིབ་བག་ཆགས་རྟོག་ཚོགས་དང་བཅས་པ་སྡིག་པ་རྭ་ཅན་གྱི་རྣམ་པར་འཐོན་ནས་གཞོབ་ཐུལ་གྱིས་ཚིག་པར་བསམ་ལ་དྲན་དང་ཤེས་བཞིན་གྱི་རང་མདངས་སོ་སོའི་རྒྱུད་ཚོད་ལ་དཔགས་པ་སྐྱོང་ཞིང་དགེ་སྦྱོར་བསྒྲིགས་མ་ལ་འཇུག །དེ་ཡང་འདི་ཉིད་ཀྱི་གཏེར་སྟོན་ལ་བསླབ་བྱའི་སྐབས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱད༔ གདུལ་བྱ་ལམ་ལ་ཞུགས་པའི་དགོས་པ་ཡོད༔ ནང་


JLAZ005_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གསང་སྔགས་སྤྱི་ཡི་ལུགས་སུ་སྤྱད༔ ལུང་རིག་རྒྱབ་དང་འབྲེལ་བའི་དགོས་ཆེད་ཡོད༔ གསང་བ་ཨོ་རྒྱན་བཀའ་སྲོལ་ལུགས་སུ་སྤྱད༔ ཟབ་གཏེར་བསྟན་པ་ཚུགས་པར་དགོས་ཆེད་ཡོད༔ ཡང་གསང་དགོངས་པ་འདུས་པའི་ལུགས་སུ་སྤྱོད༔ ཚེ་གཅིག་སངས་རྒྱས་འགྲུབ་པའི་དགོས་ཆེད་ཡོད༔ ཅེས་དང༌། ཉིན་དང་མཚན་མེད་ཆོས་ལ་འབད་པར་བྱ༔ ཐ་མ་རང་དགར་མི་ལུས་དགོས་ཆེད་ཡོད༔ འཇིག་རྟེན་འཁྲུལ་ཕྱིར་མི་འབྲེང་བློ་ཐག་བཅད༔ རྒྱལ་བའི་དགོངས་པ་ལོན་པའི་དགོས་ཆེད་ཡོད༔ ཅེས་གསུངས་པ་ལྟར་ཕྱི་འདུལ་བ་དང་མཐུན་ཞིང་ཞི་དུལ་གྱི་སྤྱོད་པས་ལས་འབྲས་ལ་རྩིས་སུ་བྱ། ནང་གསང་སྔགས་པ་སྤྱི་དང་མཐུན་པར་བསྐྱེད་རྫོགས་ཟུང་འབྲེལ་གྱི་དོན་ལ་རྩལ་སྦྱང༌། གསང་བ་རྫོགས་ཆེན་པོའི་ལུགས་སུ་གཟུང་འཛིན་ལ་ཐོག་བརྫིས་བྱ་ཞིང་གནས་ལུགས་ཀྱི་རྟོགས་པ་རྒྱ་ཡན་ཅོག་བཞག་བཅིངས་གྲོལ་གཉིས་ཀའི་མཐའ་དང་བྲལ་བ་དེ་ཉིད་ལ་བློ་བཟོ་མི་འཆོས་པར་གཞག །མདོར་ན་དུས་དང་རྣམས་པ་ཐམས་ཅད་དུ་ཐ་མལ་རང་དགར་མི་སྡོད་པར་དལ་འབྱོར་གྱི་སྙིང་པོ་ལེན་པའི་ཐབས་ཁོ་ན་ལ་འབད་དགོས་ཏེ། སློབ་དཔོན་ཆེན་པོས། ད་ཁྱོད་ཆགས་སྡང་དགོས་པ་མེད༔ བཟོད་ཀའི་ངན་སོང་ཐར་མེད་དུ༔ རང་ཉིད་བསྐྱུར་བར་མ་བྱེད་ཅིག༔ དོན་དུ་བཙན་ས་མ་ཟིན་ན༔ ཚེ་འདིའི་


JLAZ005_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་མ་ཀུན་གྱིས་བསླུ༔ དེ་དོན་ཚེ་འདིའི་དགྲ་གཉེན་གྱི༔ མཐར་ཡང་རང་ཉིད་བརླག་པར་བྱེད༔ ཆགས་མེད་ཞེན་པ་དང་བྲལ་བས༔ དགའ་དང་སྤྲོ་བའི་སེམས་ཀྱིས་ཀྱང་༔ རྒྱུན་དུ་དམ་པའི་ཆོས་ལ་སོམས༔ གལ་ཏེ་ན་ཚ་སྡུག་བསྔལ་གྱིས༔ སེམས་ཉིད་བཀོལ་དུ་མ་ཐུབ་ན༔ ལས་ངག་སྒྲིབ་པའི་བུད་ཤིང་དུ༔ བསམ་ལ་ཟད་པའི་དགའ་བ་སྒོམས༔ ཉམས་དང་རྟོག་པ་ཅི་བྱུང་ཡང་༔ ཀུ་སཱ་ལ་ཡིས་དུས་འདའ་བྱ༔ འདི་རྣམས་ལམ་གྱི་གེགས་སེལ་དང་༔ བོགས་འདོན་གནད་ཀྱི་གདམས་ངག་གོ༔ ཞེས་གསུངས་པ་ལྟར་ལ་གནད་ཐམས་ཅད་འདུ་ཞིང༌། དེ་ལས་ཕྱིན་ཅི་ལོག་ཏུ་འགོམས་པའི་རྫོགས་པ་ཆེན་པོ་སྤང་བླང་དང་བྲལ་བ། བྱ་རྩོལ་ལས་འདས་པ། སྒྱུ་མ་དང་རྨི་ལམ་ཡིན་ཞེས་གྱ་ཚོམས་ཀྱི་སྤྱོད་པས་བླ་མ་དང་དམ་ཆོས་ཀྱི་ཞབས་མི་སྡུད། ད་ཧྲིལ་གྱིས་དྲིལ་ན། རྒོད་ཚང་རིན་པོ་ཆེས། དེང་སང་གི་ཆོས་པ་དང་སྒོམ་ཆེན་པར་རློམ་ཡང༌། ཉིན་པར་ཚེ་འདིའི་བྱ་བ་དང་འཇིག་རྟེན་འཁྲུལ་འབྱམས་ལ་གཡེངས། ཅུང་ཟད་དལ་བའི་དུས་ཀྱང་ལོང་གཏམ་ཟ་འཐུང་རྩེད་མོ་སོགས་མི་ཚེ་ཟད་ཐབས་ལ་སྐྱིད་པོ་ཡིན་པར་བརྩི། མཚན་མོ་ནི་གཏི་མུག་གི་ངང་ལ་རོ་དང་ཁྱད་མེད་པས་ཚེ་ཕྱེད་ཟད། ནངས་པར་གཉིད་སད་པ་དང་འཁྲུལ་བ་ཨ་འཐས་ཀྱི་རྣམ་རྟོག་སླེབས་པ་དུས་


JLAZ005_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་དུ་བྱེད་ཅིང༌། ཆོས་ཞུས་ཞུས་དང་ཐོབ་ཐོབ་འདྲེན་ཀྱང་ལག་ལེན་ཚེ་འདི་དོན་འབའ་ཞིག་ལ་དྲིལ་མཁན་ཚོས། བློ་ཆོས་མཐུན་ལ་ལྷུག་པ་རྫི་མེད་དུ་བརྩི་ཞིང༌། གཡོ་སྒྱུ་ཟོལ་ཟོག་སུ་ཆེ་ལ་ཕེར་ཡོད་གྲུང་པོར་བརྩི་བའི་དུས་འདི་འདྲར་རང་མགོ་རང་གིས་འདོན་པ་ལ་འབད་པར་བྱའོ། །ཞེས་བཀའ་སྩལ་པ་ཤིན་ཏུ་དགོངས་མད་པར་སྣང་ཞིང༌། དེས་ན་དག་སྣང་ཕྱོགས་མེད་དུ་འབྱོངས་པའི་སྐལ་མཉམ་གྱི་གྲོགས་པོ་དག་ཚེ་ཐར་ལ་འགྲོ་བའི་ཐུགས་བསམ་མི་བཞེས་པར་འཇུག་བསྡོམས་ཀྱི་ཚུལ་སྙིང་པོར་དྲིལ་བ་འདི་དོན་ལ་དཔྱད་པར་འཚལ་ལོ། །དེས་ནི་ཆོ་གའི་དགོངས་འགྲེལ་ལེ་ལག་དང་བཅས་པ་ལྷག་མ་མ་ལུས་པར་རང་གི་བློ་ནུས་དང་འཚམས་པར་བཤད་ཟིན་ཏོ། །གཉིས་པ་ནི། དེ་ལྟར་བཤད་པ་རྣམས་དོན་ཡོད་པར་བྱ་བའི་སླད་དུ་ངལ་བའི་དགེ་བ་གང་དག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་བྱ་སྟེ། ཨ་ཧོ། རྒྱུ་རློམ་སྒྲིབ་པའི་བློ་ཡིས་མ་གོས་ཤིང༌། །ཁེ་དང་གྲགས་པའི་ཆེད་དུ་མ་ཡིན་པར། །སྙིགས་དུས་བསྟན་པའི་བཙས་སུ་སྨོན་བཙུགས་ནས། །འདི་བརྩམས་ངལ་བའི་དགེ་བ་བསྔོ་བྱའི་གཞི། ༡ །དེ་ཡང་སྲིད་པའི་ཕུན་ཚོགས་སླད་དང་ཉན་རང་ཞི་བདེའི་ཆེད་དུ་མིན། །དམིགས་པ་ཅན་དང་དམིགས་མེད་སྟོང་པའི་ཕྱོགས་སུའང་མིན། །ཀུན་ཏུ་བཟང་དང་འཇམ་དཔལ་གཞོན་ནུའི་ཡོངས་བསྔོ་བཞིན། །


JLAZ005_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གསུམ་ཡོངས་དག་གདོད་མའི་མགོན་པོའི་གྲོང་ཁྱེར་དུ། ན༢ །རྒྱལ་བའི་བཀའ་ལུང་ཀཻ་ལ་ཤ་རིར་གནས་བཅས་ཤིང༌། །བླ་མའི་མན་ངག་གཡུ་རལ་སྔོན་མོའི་རྒྱན་བཏགས་ནས། །འཆོལ་པོའི་ལག་ལེན་ཅེ་སྤྱང་དྲེགས་པའི་སྲོག་བཅད་པས། །དེ་ཡི་དགེ་བ་མ་རྒན་འགྲོ་བའི་དོན་ཕྱིར་བསྔོ། ༣ །བདག་གི་སྒོ་གསུམ་སྒྲིབ་ཚོགས་མ་ལུས་དང༌། །ངག་འཁྱལ་ཅ་ཅོ་ལ་བརྟེན་མི་དགེའི་ལས། །སྐྱེ་དང་སྐྱེ་བར་བསགས་པ་འདིས་བྱང་ནས། །སློབ་དཔོན་དཔའ་བོའི་རྣམ་ཐར་ཐོབ་པར་ཤོག །༤ །།ཅེས་སྨྲས་ནས། ད་ནི་ས་བཅད་ཡོངས་སུ་རྫོགས་པའི་གནས་སྐབས་ན་བསྟན་བཅོས་ཀྱི་མཚན་ཉིད་རྣམས་ཚིག་གིས་ལེགས་པར་བཀྲལ་ཏེ་རངས་པའི་གནས་སུ་བྱ་བ་ལ། དེ་ཡང་སྤྱིར་བྱཉྫ་ན་འདི་ཉིད་ཀྱི་མགོ་མཇུག་ཚང་མར་དགག་བསྒྲུབ་དང་སྐྱོན་ཡོན་གྱི་གླེང་སློང༌། ཡིན་མིན་གྱི་གཤགས་འགྱེད་སོགས་ཅི་རིགས་པར་སྣང་བ་དག་ལ། རང་འདོད་དང་ང་རྒྱལ་ཤེས་རློམ། དམིགས་པ་དང་བཅས་པའི་སུན་འབྱིན་དུ་དོགས་པར་མི་བྱ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས། གཞན་གྱི་སྐྱོན་ནི་བརྗོད་མི་བྱ། །གཞན་གྱི་སྐྱོན་ནི་སུས་བརྗོད་པ། །དེ་བཞིན་བདག་ལའང་ཡོད་པ་སྟེ། །དཔེར་ན་ཝ་དང་བུད་མེད་བཞིན། །ཞེས་དང༌། བདག་ལ་ཕུན་སུམ་ཚོགས་ཡོད་ཀྱང༌། །


JLAZ005_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་བརྙས་པར་མི་བྱ་སྟེ། །ཞུན་མར་ལྟ་བུའི་སེམས་ཀྱིས་སུ། །ཡོན་ཏན་མཐའ་དག་ཁོང་དུ་སྦ། །ཞེས་གསུངས་ལྟར་ལ་ནནྟིའི་རང་མདངས་ལུང་མ་བསྟན་གྱི་སྡང་ཞེན་གྱི་ནའི་དབང་དུ་སོང་བ་ནི་མ་ཡིན་ལ། འདི་ལྟར་གྲུབ་མཐའི་ཀོ་ལོང་གིས་བསྟན་པ་གཞན་ལ་སུན་ཕྱུང་བ་དང༌། རང་ཉིན་ཁོ་ནའི་ཕ་ཕོར་དངོས་གཙང་གཙོར་འདོན་དུ་མ་བྱས་པའི་རྗེས་ལ་སྐྱོན་ངོས་བཟུང་ཞིང༌། མཚང་ཡུལ་ནས་མ་ཕུད་ན་ཆོས་དང་ཆོས་མ་ཡིན་པ་ཤན་མི་ཕྱེད་ཅིང་སྤང་བླང་མི་ཤེས་པའི་སྐྱོན་ཡོད་ལ། དེའི་ཕྱིར་ཡང་དག་པའི་ཐོས་པས་དྲང་དོན་དང་ཕྱོགས་ཞེན་གྱི་ཚིག་ལ་འཆེལ་བ་དག་ཚར་གཅོད་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་གསུངས་པས་མུན་སྤྲུལ་དང་གཟུ་ལུམ་ཐམས་ཅད་གཅིག་ཏུ་མི་བསྲེ་བར་ལུང་རིག་གི་སྒོ་ནས་བྱི་དོར་བྱས་པ་ལ་ཉེས་པས་མི་གོས་ཤིང༌། ཡོན་ཏན་མངོན་གྱུར་དུ་མཐོང་ནས་ཉེས་སྐྱོན་རང་ཞིག་ལ་འགྲོ་བའི་གནད་འགག་ཡོད་ཅིང་བསྟན་བཅོས་ཀྱི་མཚན་ཉིད་ཀྱང་ཡིན་ཏེ། རྣམ་བཤད་རིག་པ་ལས། དགོངས་པ་འདུས་པའི་དོན་བཅས་དང༌། །བརྒལ་ལན་བཅས་དང་མཚམས་སྦྱར་བཅས། །ཚིག་དོན་བཅས་ཏེ་བསྙད་པར་བྱ། །


JLAZ005_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ཤིང་དེ་ཡང་ཉོན་མོངས་པའི་དགྲ་རྣམས་འཆོས་པ་དང༌། ངན་འགྲོའི་སྲིད་ལས་སྐྱོབ་པ་སྟེ་འཆོས་སྐྱོབ་གཉིས་དང༌། ནང་པའི་ཚུལ་གསུམ་དང་ལྡན་ཞིང༌། ཕྱི་རོལ་པའི་ངན་པ་དྲུག་དང་བྲལ་བས་གནས་སྐབས་བདེ་ཞིང་དྲང་ངེས་ལྡེམ་དགོངས་ཀྱིས་གབ་པ་དང་མངོན་དུ་ཕྱུང་བས་མཐར་ཐུག་གྲོལ་བ་འགྲུབ་པའི་དོན་ཆེན་པོ་དང་ལྡན་པ་ཡིན་ལ། འདི་ལྟར་མི་ཤེས་པའི་རྨོངས་པ་མངོན་པའི་ང་རྒྱལ་ཅན་ནམ། སྣང་བ་གདོང་འདེད་ཙམ་གྱིས་ལ་བཟླ་ཞིང༌། བློ་གྲོས་ཀྱི་མིག་ཟུམ་པ་དག་གིས་གསལ་སྣང་གི་དབང་དུ་ཕྱར་ཀ་དང་སྤྱོ་བ་རུ་མི་འགྱུར་པའི་ཐབས་ནི་སུས་ཀྱང་བྱ་རུ་མེད་ཅིང༌། སེམས་ཅན་རང་རང་གིས་ལས་དབང་གིས་མནར་དགོས་པ་དག་ལ་སངས་རྒྱས་དང་བྱང་སེམས་ཀྱང་ལོག་པ་ཅན་དུ་མཐོང་བ་སེར་སྐྱ་ལ་སོགས་པ་དང༌། མཁན་སློབ་ཆོས་གསུམ་གྱིས་དུས་བོན་དང་སྡིག་བློན་ལྟ་བུས་མཚོན་པ་དང༌། དེ་བཞིན་དུ། དཔེར་ན་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་གནས་མན་ཆད་ནས། འཛམ་བུའི་གླིང་ཡན་ཆད་མཐོ་རིས་ཀྱི་གནས་རྣམས་སུ་འདོད་པའི་ཡོན་ཏན་གྱི་རྐྱེན་ཆར་སོ་སོར་འབབ་པ་ཡང༌། རྒྱ་མཚོའི་ལྷའི་དབང་དང༌། གནས་སོ་སོའི་ནམ་མཁའི་དབང་དང༌། འགྲོ་བ་སོ་སོའི་ལས་ཀྱི་རྒྱུད་ལས། ཆར་སོ་སོར་འབབ་པར་འགྲུབ་པ་ཡིན་ཡང༌། རྒྱ་མཚོའི་


JLAZ005_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡང་འདི་སྙམ་དུ། བདག་གིས་ནི་གནས་འདི་རྣམས་སུ་སོ་སོའི་ལས་དང་སྐལ་བ་དང་འཚམ་པར་སྤྲིན་འདི་ལྟ་བུ་བསྡུ་བར་བྱའོ། །གློག་འདི་ལྟ་བུར་དབྱུང་བར་བྱའོ། །འབྲུག་འདི་ལྟ་བུ་བསྒྲག་པར་བྱའོ། །ཆར་འདི་ལྟ་བུ་དབབ་པར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག །མངོན་པར་མི་རྩོལ་བཞིན་དུ་སོ་སོའི་ལས་དང་སྐལ་བ་དང་འཚམ་པའི་འབྲུག་གློག་དང༌། ཆར་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དང༌། མཚོན་ཆའི་ཆར་དང༌། ཆུ་དང་སའི་ཆར་གྱི་བར་དུ་འབྱུང་བ་བཞིན་དུ། འདིར་ཡང་གྲུབ་པའི་རིག་འཛིན་དང་ལུང་གིས་ཕྱུག་པ་དང༌། སྨྲ་བར་མཁས་པ་དང༌། བསྟན་ལ་དད་པ་དང༌། དཔྱད་བཟོད་པ་དང༌། བར་མ་དང༌། ཀུན་ནས་ཉོན་མོངས་པ་དག་རང་རང་གི་ངོ་ཁ་ལ་ཐ་དད་དུ་སྣང་བ་སྟེ། དོན་ལ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་བསྟན་པ་ལ་སྲི་ཞུ་དང་རྡོ་རྗེ་ཐེག་པའི་གྲུབ་པའི་མཐའ་ཅུང་ཟད་སློང་ནུས་པ་ཡིན་པས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཨ་ལ་ལ་ཧོ་གསུང་བར་གདོན་མི་ཟའོ། །སླར་སྨྲས་པ། སངས་རྒྱས་གཉིས་པ་ཐོས་པ་ལྷུན་ལེན་པའི་བསྟན་བཅོས་མ་ཡིན་པའི་དནྜའི་འཁྱོག་ཚིག་གི་སྤྲོས་


JLAZ005_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉེ་བར་ཞི་བས་ཤེས་པ་རྟོག་མེད་ཀྱི་ངང་ནས་འབོལ་རྩོམ་བྱུང་རྒྱལ་དུ་སྨྲས་པ། པདྨཱ་ཀཱ་ར་ཡི། །ཐུགས་ཀྱི་ཐིག་ལེ་ས་འོག་གཏེར་གཅིག་མ། །དགོངས་འདུས་གསེར་ཆོས་མཐའ་བྲལ་ནམ་མཁའི་ཁྱོན། །རྐང་པ་དྲུག་པའི་སྤྱོད་ཡུལ་མ་ལགས་སོ། ༡ །བློ་གྲོས་ན་ཚོད་ཕྲ་བས་བྱིས་པ་འགས། །རློམས་སེམས་ཁྲོན་པའི་ལག་འགྲོའི་བརྟུལ་ཞུགས་ཀྱིས། །གསང་སྔགས་རྩེད་མོར་བྱེད་ལ་ཡིད་འཕམ་ནས། །ཤ་ཝ་ར་པས་རུས་སྦལ་བློ་ལྡན་བྱས། ༢ །ཀ་ཡེ་ཚུར་ཤོག་ཤེས་ལྡན་གྲོགས་པོ་དག །ཕྱོགས་ལྷུང་མྱོས་བྱེད་རོ་ལ་མ་ཆགས་པར། །དཀའ་གནད་བཞིན་སྟོན་མཁྱེན་བརྩེའི་མེ་ལོང་ལ། །འདྲེན་བྱེད་ཅུང་ཟད་གཡོས་ལ་ལྟད་མོ་བྱོས། ༣ །འོན་ཏེ་མ་རིག་གདོན་ཞུགས་འབྱུང་པོའི་བྱ། །ལེགས་བཤད་འོད་ཟེར་བརྒྱ་པའི་མདངས་ཤར་ཚེ། །གནག་དཀའ་མུན་པའི་སྨག་རུམ་བྱུང་སྙམ་ནས། །ལོག་རྟོག་ས་ཕག་ཡིབས་ལ་འདི་མ་འཚལ། ༤ །དགེ་སློང་ལྷས་བྱིན་སྨོན་ལམ་མ་དག་པས། །བདེ་གཤེགས་ལ་ཡང་ནནྟིའི་གོང་བུར་མཐོང༌། །བླུན་པོ་དྲུག་སྟོན་ལ་ཡང་འདུད་བྱེད་ན། །ཀུན་ཡིད་མགུ་བའི་ནུས་པ་བདག་ལའང་དམན། ༥ །དེ་ཕྱིར་མི་གཙང་རོལ་པའི་ཁྭ་ཏ་ཡིས། །འགྱུར་བྱེད་མཆུ་སྒྲོས་བཏེག་ནས་འབྲེལ་མེད་ཀྱི། །ཅལ་སྒྲོག་བྱེད་པ་སྙིང་རྗེའི་ཡུལ་ཡིན་པས། །གང་ལ་དེ་ཡིས་སྒྲིབ་པར་མ་གྱུར་ཅིག ༦ །ཡུལ་དུས་གང་ཟག་བསོད་ནམས་དམན་པ་བདག་འདྲ་ཡིས། །རྡོ་རྗེའི་ཚིག་ལ་འགྲེལ་བཤད་གཉེར་བ་ག་ལ་རིགས། །གནོང་བ་བཀུར་རོ་ནོངས་པའི་ཆ་རུ་གྱུར་ཏོ་


JLAZ005_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ། །མཁས་དང་འཕགས་ཆེན་དམ་པའི་སྤྱན་སྔར་སྙིང་ནས་འཆགས། ༧ །ཁེངས་དང་རློམ་སེམས་དྲེགས་པ་ཐག་ཁྲའི་གཟུགས། །དྲན་དབང་ལྟོ་འགྲོའི་གོ་སར་ཞུགས་མིན་ཡང༌། །གཞན་གྱིས་བསྐུལ་བའི་བཞིན་རས་མཚར་སྡུག་མས། །ཡིད་ཀྱི་ཆོམ་རྐུན་བྱས་ཏེ་གླུ་འདི་བླངས། ༨ །ཀྱེ་ཧོ་འདམ་བུའི་ཁྲོད་ནས་པདྨ་བཞིན། །མང་པོར་བཤད་པའི་སྙིང་པོ་ནི་ཏཱརྠ། །ལ་འབབ་དགོངས་འགྲེལ་མཁྱེན་བརྩེའི་མེ་ལོང་གི །འོད་ཟེར་བརྒྱ་པ་ནོར་འཛིན་རྒྱན་དུ་ལོངས། ༩ །སྲིད་འདིར་བཤེས་གཉེན་མ་བསྟེན་འཁྲུལ་ཡང་སྲིད། །དགོངས་པའི་གསང་མཛོད་རྡོལ་བས་མ་འཁྲུལ་སྲིད། །འཁྲུལ་ན་ལྷ་དང་བླ་མའི་སྤྱན་སྔར་བཤགས། །མ་འཁྲུལ་གྱུར་ན་བསྟན་པའི་བཙས་སུ་སྨོན། ༡༠ །ཁོ་བོའི་རྣམ་རྟོག་དུག་ལྔའི་རི་མོ་མཁན། །པདྨའི་ཐུགས་རྗེས་བྱིན་གྱིས་བརླབས་དེའི་མཐུས། །འདྲི་བར་སྤོབས་པ་ཐོབ་སོ་ཅོག་རྣམས་ཀྱིས། །ནམ་ཞིག་གཞན་ཕན་རྒྱ་ཆེར་འགྲུབ་པར་ཤོག ༡༡ །ཐོས་དང་ཤེས་རློམ་དྲེགས་པའི་མཆེ་སྡེར་ཅན། །ལྟ་གྲུབ་ཕྱོགས་ལྷུང་ནགས་སུ་མི་ཡན་པར། །ཆོས་ཀུན་ཤྭ་མོའི་སུལ་ལྟར་དབྱེ་ནུས་ལ། །ཤྭ་མོའི་ཡུ་ལྟར་གཅིག་ཏུ་གཟུང་ནུས་ཤོག ༡༢ །སྲིད་འདིའི་ཕུན་ཚོགས་ཨེ་རན་ཌི་ཤིང་ལྟར། །སྙིང་པོ་མེད་པར་གོ་བའི་ངེས་འབྱུང་གིས། །གྱོང་


JLAZ005_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རང་རྒྱུད་སྦྱངས་ནས་རི་སུལ་དང༌། །གངས་སྟོང་འགྲིམ་པའི་སྙིང་སྟོབས་སྐྱེ་བར་ཤོག ༡༣ །འཇིག་རྟེན་སྐྱེ་བོས་བརྙས་ཀྱང་དམ་པས་མིན། །སྙན་གྲགས་བྲག་ཅའི་སྒྲ་རུ་རབ་གོ་ཞིང༌། །འདོན་ཡོན་བདུད་ཀྱི་ཞགས་པས་མི་བསླུ་བར། །སྤྲང་པོའི་སྤྱོད་པས་མི་ཚེ་འདའ་བར་ཤོག ༡༤ །རྩ་བརྒྱུད་བླ་མའི་ཡེ་ཤེས་གཟིགས་པ་ཡི། །བརྩེ་བ་ཆེན་པོས་རྗེས་སུ་བསྐྱངས་པའི་མུར། །བཟོད་ཀའི་རྐྱེན་ངན་དང་དུ་ལེན་པ་དང༌། །འཁོར་བར་ཕྱི་ཕྱག་འཚལ་ལ་བརྩོན་པར་ཤོག ༡༥ །ཨེ་མ་ཁས་ལེན་བྲལ་བ་ལྟ་བའི་རྫོང༌། །རིག་སྟོང་ཡིད་ལ་བྱར་མེད་སྒོམ་པའི་ཕྲང༌། །ཆུ་ལ་རལ་གྲི་བསྣུན་འདྲ་སྤྱོད་པའི་སྲོག །ལྡོམ་བུ་བདག་གི་སྙིང་ལ་གནས་པར་ཤོག ༡༦ །རང་བཞིན་འོད་གསལ་རྫོགས་པ་ཆེན་པོའི་དོན། །རྒྱས་འདེབས་མཛུབ་རིས་ཙམ་དུ་མི་ལུས་པར། །ཅིར་སྣང་ལམ་དུ་ལྷོངས་པའི་དྲན་རིག་དང༌། །མཉམ་རྗེས་གཉིས་ཀྱི་སྤུ་རིས་དག་པར་ཤོག །༡༧ །ཚོགས་དྲུག་སྣང་བ་གྲ་ཆགས་གྲུ་མ་ཉམས། །སེམས་ཀྱི་རང་བཞིན་གཞི་རྩ་ཆོད་པ་དང༌། །རྨི་ལམ་འཁྲུལ་པ་གཞོན་ནུ་བུམ་སྐུའི་ཀློང༌། །ཐུམ་ནས་འོད་གསལ་ངང་ལ་གནས་པར་ཤོག ༡༨ །རྩེ་གཅིག་ཀློང་དུ་རང་རྒྱུད་དབུ་མ་ཆམ་ལ་ཕེབས། །སྤྲོས་བྲལ་ཀློང་དུ་ཁས་ལེན་མེད་པའི་ཐལ་འགྱུར་མཇལ། །


JLAZ005_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

རོ་གཅིག་ཀློང་དུ་འཁོར་འདས་ཕྱག་རྒྱ་ཆེན་པོ་དག །སྒོམ་མེད་ཀློང་དུ་རྫོགས་ཆེན་སྣང་བཞི་ཟད་པར་ཤོག ༡༩ །བདག་གི་དོན་དུ་སྤངས་རྟོགས་ཡོན་ཏན་མཐར་ཕྱིན་ནས། །གཞན་གྱི་དོན་དུ་འགག་མེད་སྙིང་རྗེའི་བརྟུལ་ཞུགས་ཀྱིས། །སྔོན་གྱི་རྒྱལ་བས་ཐུགས་བསྐྱེད་སྨོན་ལམ་མཛད་པ་ལྟར། །མ་རྒན་འགྲོ་རྣམས་བདག་ཉིད་གཅིག་པུས་འདྲོངས་པར་ཤོག ༢༠ །ཐུབ་བསྟན་སྤྱི་དང་ཁྱད་པར་རྡོ་རྗེ་སྙིང་པོ་ཡི། །བསྟན་པ་རིན་ཆེན་མི་ཉམས་དབྱར་མཚོ་ལྟར་འཕེལ་ཞིང༌། །དེ་འདྲའི་མཐུ་ལས་གངས་རིས་བསྐོར་བའི་རྒྱལ་ཁམས་འདིར། །དུས་འཁྲུག་ནད་མཚོན་མུ་གེའི་དུཿཁ་ཞི་བར་ཤོག ༢༡ །བདག་དང་གཞན་གྱིས་བསམ་གཏན་སྒོམ་པའི་དགེ་བ་ཡིས། །འགྲོ་ཀུན་འོད་གསལ་རྡོ་རྗེ་སྙིང་པོའི་གྲུར་ཆུད་དེ། །ཤིན་ཏུ་བརྒལ་དཀའ་འཁོར་བའི་རྒྱ་མཚོ་རབ་སྒྲོལ་ནས། །རྒྱལ་བའི་གོ་འཕང་རིན་ཆེན་གླིང་དུ་ཕྱིན་པར་ཤོག ༢༢ །འདི་བརྩམས་དགེ་བས་བསྐྱེད་རྫོགས་མན་ངག་ལ། །ལྟ་བའི་རབ་རིབ་མིག་གི་དྲི་ཕྱིས་ནས། །སྐད་ཅིག་ཡུད་ལ་བརྩོན་པ་མ་དགོས་པར། །ཆོ་ག་ཀུན་གྱི་སྙིང་པོ་མཐོང་བར་ཤོག ༢༣ །ཁྱད་པར་ཉམ་ཐག་བར་དོའི་སེམས་ཅན་གྱི། །སྐྱབས་གཅིག་འདི་ལས་གཞན་དུ་མ་དམིགས་པས། །བདག་གི་ལྷག་བསམ་དག་པའི་དགེ་འབྲས་ཀྱིས། །འདི་


JLAZ005_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གནད་ལ་ཀུན་གྱིས་རྟོགས་པར་ཤོག །༢༤ །དེ་མཐུས་མ་གཅིག་ཡེ་ཤེས་མཚོ་རྒྱལ་གྱིས། །ལྕགས་ཁང་དྲུང་དུ་དོང་སྤྲུགས་མཛད་པ་ལྟར། །ངན་སོང་སེམས་ཅན་ཕ་མའི་རང་བཞིན་ཀུན། །ཆོ་ག་འདི་ཡི་སྒོ་ནས་འདྲོངས་པར་ཤོག ༢༥ །དགོངས་ཤིག་མཁའ་ཁྱབ་རིག་འཛིན་རྒྱ་མཚོས་དགོངས། །རློབས་ཤིག་སྨོན་ལམ་འགྲུབ་པར་བྱིན་གྱིས་རློབས། །མཛོད་ཅིག་བདེན་ཚིག་འགྲུབ་པའི་མཐུན་འགྱུར་མཛོད། །སྲུངས་ཤིག་ཤ་ཟ་ཌཱིཀྐིས་བྱིན་གྱིས་བརླབས་བཀའ་འདི་སྲུངས། ༢༦ །བདག་གིས་བསྐལ་བར་བསགས་པའི་སྡིག་སྒྲིབ་ཀུན། །བདག་གི་སྨོན་ལམ་རྣམ་དག་འདིས་བྱང་ནས། །བདག་གིས་ཀུན་བཟང་ས་ལ་ཕྱིན་ནས་ཀྱང༌། །བདག་གིས་འཁོར་བ་དོང་ནས་སྤྲུག་ནུས་ཤོག ༢༧ །དེ་ལྟར་བླ་མ་དགོངས་པ་འདུས་པའི་ན་རཀ་སྐོང་བཤགས་གཙོར་བཏོན་གྱི་ཆོ་གའི་རྣམ་གཞག་དང་འབྲེལ་བའི་བསྐྱེད་རྫོགས་ཟུང་འཇུག་གི་སྒྲོམ་ཁོག་མཁྱེན་བརྩེའི་མེ་ལོང་འོད་ཟེར་བརྒྱ་པ་ཞེས་བྱ་བ་འདི་ནི། སྔ་ལོའི་དུས་ནས་བླ་མ་གྲོལ་མཆོག་ལགས་ཀྱིས་ངོས་དང་གསུང་ཤོག་གི་ལམ་ནས་ཉམས་ལེན་གྱི་གནད་ཁྲོལ་བ་ཞིག་ཅིས་ཀྱང་འབྲི་དགོས་ཞེས་བསྐུལ་འདེབས་གནང་རིགས་བྱུང་ཡང༌། གནས་སྐབས་


JLAZ005_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྣང་ཚུལ་ལ་འཕྲོ་རྒོད་སྣ་ཚོགས་ཤར་ཏེ་རིམ་འགྱངས་སུ་སོང་ཐོག །ཉེ་ཆར་འདི་ལོར་སྐུ་ཚེ་བློས་བཏང་གིས་སྙིང་པོའི་སྒྲུབ་པ་ལྷུར་ལེན་ལ་བརྩོན་པའི་དོན་ལྡན་གྱི་སྙིང་སྟོབས་ཅན་སྒོམ་ཆེན་དྷརྨའི་མཚན་ཅན་གྱིས་དྲི་མེད་ཀྱི་ལྷ་རྫས་གངས་རིའི་མདངས་ལྡན་བཅས་སྐུ་དངོས་དང་གསུང་ཤོག་གི་ལམ་ནས་ནན་ཏན་ཆེན་པོས་བསྐུལ་འདེབས། ཤིན་ཏུ་ཉེ་བའི་གམ་དུ་འཁོད་པའི་ཡིད་བཞིན་རེ་སྐོང་གི་རྡོ་རྗེའི་སྤུན་གྲོགས་དག་པའི་སྣང་བ་ཅན་སྨན་མཁྱེན་གཉིས་ཀྱི་རིང་ལུགས་ལ་བཟང་པོའི་བག་ཆགས་སད་པ་ཝ་གིནྡྲའི་མཚན་ཅན་གྱིས་ཡིག་འཕྲིན་གྱི་ལམ་ནས་དོ་གལ་ཆེན་པོས་བསྐུལ་འདེབས་པ་དང༌། ཤོག་ལས་སོགས་མཐུན་རྐྱེན་ཚུལ་བཞིན་དུ་སྦྱར་བ་རྣམས་འཛོམ་པ་ལས། རང་བློར་ཡང་གཏེར་ཆོས་འདི་ཉིད་ཁྱབ་གདལ་དུ་གྲགས་ཆེ་བས་ལག་ལེན་བཟང་ངན་གྱི་སྤུ་རིས་ཅི་ལ་ཕྱེད་ཀྱང༌། ཅུང་ཟད་མཐོང་བ་དག་ཆོ་ག་རང་རང་གི་ཐད་ཀར་དགག་སྒྲུབ་ཀྱི་གླེང་སློང་བ་ལྟར་ཅི་རིགས་པར་མཐོང་བས་སྙིགས་དུས་སུ་བསྟན་པ་རིན་པོ་ཆེའི་བཙས་སུ་སྨོན་པ་བཙུགས་ནས་ལྷག་པའི་ལྷ་དང་དམ་ཅན་གཏེར་བདག་རྣམས་ལ་གནང་བ་ཞུས་པ་ལས་བགྱིར་རུང་བའི་ལྟས་ཁྱད་པར་ཅན་མཐོང་བ་ལ་བརྟེན། བདག་ཅག་གི་སྟོན་པ་དྲག་པོ་ཞེས་པ་ལྕགས་ཕོ་སྤྲེའུའི་ལོ།


JLAZ005_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་མ་ས་གའི་ཉ་བའི་དཀར་ཕྱོགས་ཀྱི་བཟང་པོ་གཉིས་སྟོན་པ་འཁྲུངས་པའི་ལོ་ཟླ་ལ་རྒྱ་བལ་ཁ་ཆེའི་པཎྜི་ཏ་མང་པོ་ཞལ་མ་འཆམས་པའི་འདོད་ཕྱོགས་ཐ་དད་ཡོད་ཀྱང་འདི་ནི་དཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་དྷྲཱུ་ཝ་ཡར་ཀློག་གི་དུས་ཚིགས་བརྟག་པའི་བགྲོས་ཅན་དང་སྒོ་བསྟན་རྣམ་པར་དཔྱད་པའི་རྗེས་སུ་འབྲངས་པའི་ལེགས་བཤད་བཻཌཱུར་དཀར་པོ་ཞེས་པད་དཀར་ཞལ་ལུང་ལ་ཅོ་འདྲི་བ་དང༌། འཇིག་རྟེན་མིག་གཅིག་ལྔ་བ་ཆེན་པོའི་བསྟན་བཅོས་རྒྱལ་རབས་དཔྱིད་ཀྱི་རྒྱལ་མོ་སོགས་ཀྱིས་རྗེས་སུ་འབྲངས་པའི་མན་ངག་རྣམ་དག་ཡིན་ནོ། །པའི་ཚེས་ཀྱི་མཚན་མོའི་དགུང་ཐུན་གྱི་ཆ་ན་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་ཡོན་དུ་ཐོབ་པ་ནས་ལོ་ཚིགས་ཀྱི་བགྲོད་པ་ཟུང་ལྡན་སྐྱོན་དང་རྒྱུ་སྐར་གྱི་འཁོར་ལོའི་གྲངས་སུ་སླེབས་ཤིང༌། སངས་རྒྱས་གཉིས་པ་པདྨཱ་ཀཱ་ར་བསིལ་ལྡན་ཕན་བདེའི་བྱེད་པོར་ཕེབས་ནས་བགྲང་བྱའི་འཁོར་ལོ་དུས་མེ་བུ་གའི་ཐོག་ཏུ་སླེབ་པ། འཕགས་པའི་ཡུལ་དུ་ཨི་ཤྭ་ར་ཞེས་འབོད་ཅིང་སྟོད་འགྲེལ་ལས་གངས་ཅན་པའི་སྐད་དུ་དབང་ཕྱུག་ཅེས་པ་དང༌། ཤར་ཕྱོགས་རྒྱ་ནག་ཏང་འཁུན་གྱི་གྲོང་ཁྱེར་དུ་དིང་ཚིའུ། འབྱུང་རྩིས་པས་དབང་ཐང་དང་བསྟུན་ནས་མེ་གླང་དུ་འཛམ་གླིང་ཆུང་ངུ་འདིའི་ཡུལ་ཆེན་དྲུག་གི་ནང་ཚན་ཆ་བསགས་ཀྱི་གྲོང་ཁྱེར་ཆེན་པོར་ས་བཅུའི་བྱང་ཆུབ་སེམས་དཔའ་སའི་དབང་ཕྱུག་གི་རྣམ་པས་ལོ་བརྒྱ་བརྒྱར་ཆོས་སྟོན་པ་འབྲས་ཐོབ་ཆོས་རྒྱལ་བདུན་དང་རིགས་ལྡན་ཉི་ཤུ་རྩ་ལྔ་ལས།


JLAZ005_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྡན་རྒྱལ་མཚོ་རྣམ་རྒྱལ་མིག་ཀླུ་རི་བོང་༡༨༢ཅན་དང༌། རྒྱལ་དཀའ་གཟུགས་༢༢༡མིག་ཧསྟིའི་གྲངས་གཉིས་བསྡོམས་པས་མེ་མཁའ༤༠༣རྒྱ་མཚོའི་བགྲང་བྱར་གྲུབ་པ་ཟད་པ་མེ་སྟག་ལ་རྫོགས་པའི་མེ་ཡོས་ལོར་ག་ལ་ཙཀྲ་བོད་དུ་ཐོག་མར་ཕེབས་པར་རབ་བྱུང་དང་པོར་ཟུང་སྟེ་རིམ་པར་བགྲང་བའི་ལོ་རྒན་དྲུག་ཅུ་བཅུ་གཉིས་ཕུད་པའི་རབ་བྱུང་བཅུ་གསུམ་པའི་ནང་ཚན་ཡིན་ལ། གཎྜ་ལ་རི་མོ་གཉེར་བའི་གཏི་མུག་ཅན་ཁ་ཅིག་གིས་བགྲང་གཞིའི་རྩ་བ་མ་ཕིགས་པས་རབ་བྱུང་བཅུ་གསུམ་ཟེར་བ་འོང་མི་ཐང་ཟེར་བ་མུས་སྤྲུལ་ལོ། །འབོད་ཅིང༌། བདུན་པ་ཆེན་པོ་རི་བོ་ཏ་ལར་ཞལ་གཟིགས་པའི་ལོ། རང་ལོ་ཉེར་དགུ་པ་སྟེ་བགྲང་བྱའི་འཁོར་ལོ་རྩེ་མོའི་གྲངས་མཉམ་ལ་བསྐྱེད་རྫོགས་ཀྱི་དམ་བཅས་མི་གཡེལ་བའི་གནས་སྐབས། དཔྱིད་འབྲིང་ས་ག་ཟླ་བའི་དཀར་ཕྱོགས། ཉིན་བྱེད་དབང་པོ་གླང་གི་ཁྱིམ་ན་དགའ་མགུར་རོལ་པའི་དུས། ཚེས་ལ་འཆར་བའི་དབྱངས་ཡིག་མ། གསལ་བྱེད་ཛྫུ། རྟེན་འབྲེལ་ལེན་པ། དར་གུད་སྨིན་པ། རྣམ་དག་གྲུབ་པའི་རེས་གཟའ་བུ་དྷྱཿ རེས་འགྲོགས་ཀྱི་ཟླ་སྐར་ཨ་ནུ་ར་དྷྱ་དང་དགའ་མགུར་སྤྱོད་པའི་ཉིན་ནས་མགོ་བརྩམས་ཏེ་གུང་ཐུན་གྱི་བསྲུབས་སུ་ཟེ་གསོག་བྲིས་པ་ལས། ལོ་དེ་ཉིད་ཀྱི་དབྱར་སྨད་སྐྱེ་བོ་རྣམས་རང་རང་གི་ལོ་ཏོག་གི་འབྲས་བུ་གཡུར་དུ་ཟ་བའི་ཕྱོགས་ལ་ཉེ་ཞིང༌། རྒྱལ་མོ་བཞི་ལས་སྟོན་གྱི་བྱེད་པ་


JLAZ005_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཁུ་ཚུར་ན་ཤིང་འབྲས་ཐོགས་ནས་རྣམ་པར་དགོད་པའི་བཞིན་རས་སྟོན་པའི་གནས་སྐབས། ཉིན་བྱེད་དབང་པོ་ན་ཆུང་མའི་ཁྱིམ་ན་རླུང་ཁམས་ཨུཏྟར་ཕལྐུ་ནའི་དགའ་མ་དང་རོལ་ཞིང༌། ལེགས་བྲིས་ཀྱི་བདེན་ཚིག་གྲུབ་པའི་དྲང་སོང་ཆེན་པོ་རྀ་ཥྀའི་འོད་ཟེར་གྱིས། ཉལ་འགྲོ་མའི་རྒྱུན་ཐམས་ཅད་ཡན་ལག་བརྒྱད་ལྡན་གྱི་བདུད་རྩིའི་ནུས་པ་བྱིན་པས་སྐྱེ་བོ་ཐམས་ཅད་མཱ་མ་ཀཱིའི་མཁའ་དབྱིངས་སུ་སྦྱོར་ཞིང༌། ཚེས་ཀྱི་འཁོར་ལོ་འདོད་པའི་གྲངས་ལ་སླེབ་པའི་ཉིན་རྣམ་དག་གྲུབ་པའི་རེས་གཟའ་ཁྱུང་སྔོན་སྐྱེས་དང༌། ཟླ་སྐར་མོན་གྲུ་ལྷན་ཅིག་ཏུ་ཚོགས་ཤིང༌། ལེགས་ལྡན་གཟའ་ལྔའི་སྤྱོད་འགྲོས་དལ་མྱུར་འབྱུང་འཁྱོག་ཅི་རིགས་པར་རྩོམ་པ་དང༌། མཁའ་ལ་ན་ཀྲའི་ཏརྐ་ལ་འཆར་ཞིང་ཐུར་གྲིབ་རང་ཆ་དང་བཅས་བཅོ་ལྔ་འཆར་བའི་ཚེ་ན་ཡོངས་སུ་གྲུབ་པ་སྟེ། འདི་ལ་ཉེས་པ་བཤད་གང་བདག་གི་སྐྱོན། །ཡོན་ཏན་ཅུང་ཟད་མཆིས་ན་བླ་མའི་དྲིན། །ཅི་ཕྱིར་ཞེ་ན་པདྨཱ་ཀ་ར་ཡི། །མཁྱེན་བརྩེ་ནུས་པའི་མཐུ་ཡིན་བདག་འདྲས་མིན། ༡ །འོད་གསལ་དབུ་མའི་རྒྱལ་ཁབ་ཆེན་པོ་ལ། །གཟུང་འཛིན་རྣམ་རྟོག་ཀུན་གྱིས་ཕྱག་


JLAZ005_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས། །དཔལ་རི་གསང་སྔགས་ཐེག་ཆེན་གླིང་མཆོག་གི །སྒོམ་མལ་འོད་གསལ་ཀློང་ནས་འདི་བྱུང་ངོ༌། ༢ །ཐུགས་ཀྱིས་བྱིན་གྱིས་བརླབས་པས་ཤཱ་རིའི་བུ་དང་སྤྱན་རས་གཟིགས་ཀྱིས་འདྲི་བ་དང་ལན་ལྡོན་པའི་ཚུལ་དུ་ཤེས་རབ་སྙིང་པོ་བྱུང་བ་ལྟ་བུ། དགའ་བར་བྱོས་ཤིག་ཤ་ཟ་རལ་གཅིག་མ། །མགུ་བར་བྱོས་ཤིག་རྡོ་རྗེ་སྤུན་གྲོགས་ཚོ། །མཉམ་གཞག་དྲན་པ་ནམ་མཁའི་ངང་སྒོམ་ནས། །རྗེས་ཐོབ་སྒྱུ་མའི་རྩལ་གྱིས་འདི་བྲིས་སོ། ༣། ད་ནི་རྨི་ལམ་ཙམ་གྱི་མི་ཚེ་འདིར། །རྣམ་གཡེང་ཆོས་སུ་མིང་བཏགས་དེས་ཅི་བྱ། །ཀུན་བརྟགས་རྟོག་དཔྱོད་རྣོན་པོ་ཅི་དགར་ཐོང༌། །རིག་པ་འོད་གསལ་ཀློང་དུ་ངལ་བསོས་ཤིག །༤། འདི་ནི་གངས་རིའི་ཁྲོད་ཀྱི་བསྒྲུབ་པ་པོ། །སྲོག་རྩོལ་དབུ་མར་ཡན་པའི་གྲོང་ཁྱེར་ནས། །སྣང་བཞིའི་ལྟད་མོར་གཡེངས་པའི་རྣལ་འབྱོར་བ། །པདྨ་དབང་ཆེན་མཁྱེན་བརྩེའི་འོད་ཀྱིས་སྦྱར། ༥ །གཞི་ཡི་རིག་པ་ནང་གསལ་ཆོས་དབྱིངས་འཁོར་འདས་ཀུན་གྱི་བྱེད་པ་པོ། །ལམ་གྱི་རིག་པ་གཞི་སྣང་ཆེན་པོ་གཞོན་ནུ་བུམ་སྐུའི་སྤྲོས་བྲལ་ངང༌། །གཉུག་མའི་གཤིས་ལ་གོམས་པ་མཐར་ཕྱིན་ས་


JLAZ005_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཡོན་ཏན་རང་ངོར་རྫོགས། །གཞི་ལམ་འབྲས་གསུམ་རྣམ་དབྱེར་མེད་པ་གདོད་མའི་ངང་དུ་གྲོལ་གྱུར་ཅིག ། ༦ །།དགེའོ། །


previousཤོག་ལྷེབ་ ༤༠༡ ནས་ ༥༣༥ བར།next