Nitartha Digital Library
Tibetan
 
previousསྔ་འགྱུར་རྙིང་མ་ལ་རྒོལ་ངན་ལོག་རྟོག་བཟློག་པའི་བསྟན་བཅོས་ཀུན་མཁྱེན་ངག་གི་དབང་པོས་མཛད་པ།no next

སྔ་འགྱུར་རྙིང་མ་ལ་རྒོལ་ངན་ལོག་རྟོག་བཟློག་པའི་བསྟན་བཅོས་ཀུན་མཁྱེན་ངག་གི་དབང་པོས་མཛད་པ།


JLAZ006_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་འགྱུར་རྙིང་མ་ལ་རྒོལ་ངན་ལོག་རྟོག་བཟློག་པའི་བསྟན་བཅོས་ཀུན་མཁྱེན་ངག་གི་དབང་པོས་མཛད་པ་བཞུགས། །


JLAZ006_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་པྲ་ཛ་བྷྱ། ལོག་རྟོགས་ངན་པ་བཟློག་པའི་བསྟན་བཅོས་འཁྲུལ་པ་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བ། གསུང་གི་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་གཞོམ་དུ་མེད་པའི་སྒྲ་དབྱངས་ཅན་མཐའ་ཡས་པ་མཐའ་ཡས་པའི་གསུང་གིས་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་སྣ་ཚོགས་པ་རྣམས་ལ། མཐའ་ཡས་པ་མཐའ་ཡས་པའི་ཆོས་སྟོན་པར་མཛད་པའི་སྟོན་པ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཉི་ཚེ་བའི་ཚིག་འབྲུ་ལ་བརྟེན་ནས་ཅིག་ཤོས་སུན་འབྱིན་པས་ཆོས་སྤང་བའི་རྒྱུས་ངན་འགྲོར་ལྟུང་བ་རྣམས་ཐུགས་རྗེས་གཟུང་དུ་གསོལ། ༧ སྣ་ཚོགས་སྐུར་སྟོན་འདི་ནི་ཚངས་སྐུ་མ་ཡིན་སྐུ་ཡི་རྡོ་རྗེ་སྒྱུ་འཕྲུལ་དྲྭ་བ་སྤྲུལ་པའི་སྐུ། །རང་རང་སྐད་


JLAZ006_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལེགས་པར་འདོམས་འདི་དབང་ཕྱུག་མ་ཡིན་གསུང་གི་རྡོ་རྗེ་གཞོམ་མེད་ལོངས་སྤྱོད་རྫོགས། །ཇི་ལྟ་ཇི་སྙེད་མཁྱེན་འདི་ཁྱབ་འཇུག་མ་ཡིན་ཐུགས་ཀྱི་རྡོ་རྗེ་མཁའ་དབྱིངས་ཀུན་ཁྱབ་ཆོས་ཀྱི་སྐུ། །སྐུ་གསུམ་སོ་སོར་སྟོན་ཀྱང་དེ་བཞིན་ཉིད་ལས་མ་གཡོས་ལྷན་ཅིག་སྐྱེས་པ་ངོ་བོ་ཉིད་ཀྱི་སྐུ། །གང་ཡིན་དེ་ལ་དང་པོར་བཏུད་ནས་མ་རྟོགས་ལོག་རྟོགས་ཚིག་ལ་རབ་འཁྲུལ་འཁྲུལ་འཇོམས་བརྗོད་པར་བྱ། །དེ་ལ་འདིར་དོན་ལ་རྟོན་པའི་ཤེས་རབ་དང༌། གཟུ་བོར་གནས་པའི་བློ་དང་ནི་མི་ལྡན། ཕྱོགས་འཛིན་ཡིད་ཀྱི་མུན་སྟུག་གིས་ནི་བསྒྲིབས། ཉི་ཚེ་བའི་སྒྲ་ཚིག་ཡི་གེ་ལ་ནི་རྟོན་ཞིང་མཁས་པ་དང༌། ཤེས་པར་རློམ་པའི་མངོན་པའི་ང་རྒྱལ་ཅན་གྱི་གང་


JLAZ006_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་ཁ་ཅིག་གིས། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་དང་སྙིང་པོ་དམ་པར་གྱུར་པའི་དམ་ཆོས་རྫོགས་པ་ཆེན་པོ་དང༌། སྔགས་རྙིང་མའི་མདོ་རྒྱུད་དགོངས་འགྲེལ་གདམས་པ་དང་བཅས་པ་རྣམས་དང༌། དེ་རྣམས་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ལ་སྐུར་པ་བཏབ་ནས་ཆོས་སྤོང་བའི་ལས་བསགས་པའི་ལོག་རྟོག་གི་ཕྲེང་བ་འདི་ལ་བརྗོད་པར་བྱ་སྟེ། ཕྱོགས་ཞེན་གྱི་དྲི་མས་མ་བསླད་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་གཟིགས་པར་ཞུའོ། །དེ་ལ་ལོག་རྟོག་གི་ཕྲེང་བར་འདི་སྐད་ལོ། །དབུ་རུ་སྟོད་ཀྱི་དཔལ་འཛིན་ན་རེ། ༢ འདི་ལྟར་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་དེས་མ་འོངས་པའི་དུས་ན་རང་གི་བསྟན་པ་ལ་བདུད་ཀྱི་ཆོས་ཕྱིན་ཅི་ལོག་འབྱུང་བར་མཁྱེན་ནས་ཆོས་ལ་བརྟག་པའི་ཆོས་འདུལ་བ་དང༌། མདོ་སྡེ་དག་ལས་རྒྱ་ཆེར་བཤད། ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་མ་བརྟགས་པར་བླུན་དད་ཀྱིས་ཞུགས་ནས་ཆོས་ཕྱིན་ཅི་ལོག་པའི་རྒྱུས་དམྱལ་བར་འགྲོ་བས། ཆོས་དང༌། བླ་མ་དང༌། སློབ་མ་གསུམ་ལ་བརྟགས་ཤིང་དཔྱད་ནས་གསུམ་ཀ་ལ་ཡིད་ཆེས་ནས་གདོད་འཆད་ཉན་བྱ་བར་གསུངས། ཟེར་རོ། ། འདི་ལྟའི་རྟགས་བར་དུ་བཞུགས་པ་རྣམས་ཀུན་མཁྱེན་རང་བྱུང་རྡོ་རྗེས་གསར་བསྣན་ཡིན་ནོ། །༧ འདི་ནི་རང་ཉིད་ལུང་སྟོན་པའི་མེ་ལོང་སྟེ། རང་རྒྱུད་


JLAZ006_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་མ་ཡིན་ཡང་དགེ་སློང་ལྷ་ཆེན་པོ་དང༌། ཀླ་ཀློའི་སྟོན་པ་གཞོན་ནུ་སྡེའི་རྣམ་ཐར་ལ་ཞུགས་ནས་རང་གི་སློབ་དཔོན་དང་འཁོན་པས་རྩ་ལྟུང་དང་པོ་ལ་བདག་གིར་བྱས་ཤིང༌། དེའི་འབྲས་བུའང་མཐོང་ཆོས་སུ་མྱོང་གྱུར་དགེ་སློང་ལྷས་བྱིན་ལྟར། ཆོས་ལ་སྡང་བའི་ཉེས་པས། དབུར་སྟོད་བྱང་གི་ས་ནས་སུ། །རྡོ་རྗེ་དམྱལ་བར་ཨ་ལ་ལ། །ཞེས་ཁྲག་གིས་བྲིས་པའི་རྡོ་ཆར་དང་བཅས་ལུས་རྟེན་དེ་ཉིད་ས་འོག་ཏུ་དིམ་པའི་ཕྱིར་རོ། །དེ་ལ་རྗེ་བཙུན་རིན་པོ་ཆེ་རྒྱ་སྟོན་པ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ལན་དུ། ༈ ཐོག་མར་རང་ཚིག་དང་ཡང་འགལ་ཏེ། རང་གི་བསྟན་པ་ལ་བདུད་ཀྱི་ཆོས་ཕྱིན་ཅི་ལོག་འབྱུང་བར་མཁྱེན་ནས་ཆོས་ལ་བརྟག་པ་བཤད་ན། བོད་ལྟ་བུའི་ཡུལ་ཆུང་རེ་རེར་ཆོས་ལོག་གང་བྱུང་ལུང་སྟོན་གྱིས་མི་ལངས་པ་འགལ་ལོ། །དེ་ལུང་སྟོན་གྱིས་མི་ལངས་ན་ཐམས་ཅད་མཁྱེན་པས་སེམས་ཅན་མོས་པའི་དབང་གིས་ཡུལ་སོ་སོའི་སྐད་ཀྱིས་སེམས་ཅན་སྣ་ཚོགས་པ་རྣམས་ལ་ཆོས་སྣ་ཚོགས་པ་སྟོན་པ་འགལ། ཆོས་སྣ་ཚོགས་པ་མ་བསྟན་ན་ནི་ཐམས་ཅད་མཁྱེན་པ་ཡིན་པར་འགལ་ལོ། །སྤྱིར་ཡང་ཆོས་ལ་བརྟག་པའི་ཆོ་ག་ཡང་སྤྱིར་བཏང་ཙམ་ལ་ཡིན་གྱི། དམིགས་ཀྱིས་བསལ་བ་ལ་དེ་ཙམ་གྱིས་ཆོས་མིན་དུ་མི་འགྲུབ་སྟེ་འོག་ནས་འཆད་དོ། །བརྟག་པ་གསུམ་ནི་ཤིན་ཏུ་ནས་ཀྱང་


JLAZ006_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དེ། སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས། བླ་མས་སློབ་མ་མ་བརྟགས་སྣོད་མེད་ཆོས་ཀྱི་འབྲེལ། །སློབ་མས་བླ་མ་མ་བརྟགས་བཅུད་མེད་ཆོས་ཀྱིས་འབྲེལ། །གཉིས་ཀས་དམ་ཚིག་མ་བསྲུངས་བེ་སྦྲེལ་གཡང་སར་ལྟུང༌། །དེ་འདྲའི་དཔོན་སློབ་དུས་ཀྱི་མཐའ་ལ་འབྱུང༌། །ཞེས་གསུངས་སོ། །ཞེས་ཆོས་རྗེ་བུ་སྟོན་རིན་པོ་ཆེས་དུས་འཁོར་གྱི་བླ་མའི་མཚན་ཉིད་བརྟག་པའི་སྐབས་སུ་དྲངས་ནས་གསུངས་ཤིང༌། གཞན་ཡང་དཔོན་སློབ་ཀྱི་འབྲེལ་དང༌། སྣོད་བརྟག་པ་ལ་སོགས་པ་བླ་མ་ལྔ་བཅུ་པ་ནས། ལོ་བཅུར་འགྲོགས་པས་བརྟག་ཐུབ་བུ་ལ་སྟོན། ཞེས་སོགས་རིན་ཆེན་གླིང་པ་ཅན་བཤད་པ་ལ་སོགས་ལས་ཀྱང་རྒྱས་པ་ཡོད་པས། བླ་མ་དང་སློབ་མའི་བརྟག་པ་མེད་པའི་ཤེས་བྱེད་ཅི་ཡང་ཁྱོད་ལ་མེད་དོ། །ཆོས་ལ་བརྟག་པ་ལ། རྩོམ་པའི་ཉམས་དང༌། སྒྲ་ཚིག་དང་འགལ་བ་ལྟ་བུ་དང༌། མ་འབྲེལ་བ་དང༌། ཟློས་པ་དང༌། མ་ཚང་བ་ལྟ་བུ་ནི་ཆོས་མིན་དང་བཀའ་མིན་དུ་མི་འགྲུབ་པར་དུས་འཁོར་རྩ་འགྲེལ་དང༌། བདེ་མཆོག་སྟོད་འགྲེལ་སོགས་སེམས་འགྲེལ་རྣམས་དང༌། ནཱ་རོ་འགྲེལ་ཆེན་སོགས་ལས་གསལ་བར་གསུངས་པ་འདི་ཡིན། ཚིག་ལ་མི་རྟོན་དོན་ལ་རྟོན་པའི་དབང་དུ་བྱས་ཏེ་བརྟག་པས་འགྲུབ་ན་ནི། རྒྱ་གར་གྱི་པཎ་ཆེན་དང༌། གྲུབ་ཐོབ་པདྨ་འབྱུང་གནས་དང༌། དགའ་


JLAZ006_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིང་ཧ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། ཨིནྡྲ་བྷོ་ཏི། ཀུ་ཀུ་རཱ་ཙ། རྒྱལ་པོ་ཛ། སྲས་མོ་གོ་མ་དྷེ་བི། ཨུ་པ་རཱ་ཙ། སེང་ཧ་རཱ་ཙ། པྲ་བྷ་ཧ་ཏི། སྒེག་པའི་རྡོ་རྗེ། སངས་རྒྱས་གསང་བ། དམ་པ་རྒྱ་གར། པཎ་ཆེན་ཤཱཀྱ་ཤྲཱི་ལ་སོགས་པ་རྣམས་དང༌། བོད་ཀྱི་བཻ་རོ་ཙ་ན། སྐ་ཅོག་གཉིས། རྗེ་འབངས་ཉི་ཤུ་རྩ་ལྔ། ཀུན་གྱི་མཚན་བྲིས། རྨ་རིན་ཆེན་མཆོག ཨ་རོ་ཡེ་ཤེས་འབྱུང་གནས། སོ། ཟུར། གནུབས། རྩག་ལ་སོགས་པའི་མཁས་གྲུབ་རྣམས་དང༌། འཁོན་ཀླུ་དབང་བསྲུངས་པ་ནས་ཆོས་རྗེ་བསོད་ནམས་རྒྱལ་མཚན་ཡན་ཆད་ཀྱི་ས་སྐྱ་པ་རྣམས་དང༌། རྔོག་ལེགས་ཤེས་ལ་སོགས་པའི་བཀའ་གདམས་པ་རྣམས་དང༌། འབྲི་ཕག་མཚུར་སྟག་འཚལ་འབྲུག་ལ་སོགས་དྭགས་པོ་བཀའ་བརྒྱུད་པ་རྣམས་དང༌། ཤངས་པ་བཀའ་བརྒྱུད་པའི་བླ་མ་བོད་ཀྱི་གསེར་སྟེང་པ་ཆོས་འོད། འཕགས་འོད། ཀུན་སྤངས་རྒྱལ་ཡེ། ཡོན་ཏན་རྒྱ་མཚོ། ཅི་སྙེད་ཅིག་གིས་ཐོས་བསམ་སྒོམ་གསུམ་མཛད་པ་འདི་ཁོ་ནས་ཀྱང་ཡིད་ཆེས་པར་འགྲུབ་སྟེ། བློ་ཆུང་སྐལ་མེད་ལོག་རྟོག་ཅན་གྱིས་སྤྱོད་ཡུལ་དུ་མ་གྱུར་པ་འདི་ཞེ་རེ་འགྱོད། ཁྱོད་རང་ལ་ཡང་མཚུངས་སོ། །དེ་ལྟར་བརྟག་པ་གསུམ་དང་ཡིད་ཆེས་གསུམ་གྱིས་འཇུག་པ་ནི་ཤིན་ཏུ་ནས་ཀྱང་ཡོད་ལ། ད་


JLAZ006_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ཁ་ཅིག་གི་ཐུན་མོང་དུ་མ་གྱུར་པ་ནི་མེད་པར་མི་འགྲུབ་སྟེ། ༢ དེ་ལ་བོད་ཀྱི་ཡུལ་འདིར་དེང་སང་རྫོགས་པ་ཆེན་པོ་ཞེས་བྱ་བའི་རྒྱུད་གཞུང་མཐའ་ཡས་པ་ཞིག་འདུག འདི་ནི་ཀུན་ཏུ་བཟང་པོས་གསུངས། དགའ་རབ་རྡོ་རྗེ་དང༌། འཇམ་དཔལ་བཤེས་གཉེན་དང༌། ཤྲཱི་སིང་ཧ་དང༌། ཀླུ་སྒྲུབ་སྙིང་པོ་དང་། ཀུ་ཀུ་རཱ་ཙ་སོགས་ཨུ་རྒྱན་དང༌། རྒྱ་གར་གྱི་མཁས་གྲུབ་ཐམས་ཅད་ཀྱིས་ཉམས་ལེན་གྱི་གཙོ་བོ་འདི་ཡིན། སློབ་དཔོན་པདྨ་དང༌། བི་མ་ལ་མི་ཏྲ་དང༌། བཻ་རོ་ཙ་ནས་བོད་དུ་ཁྱེར་ཏེ་བྱོན་ནས་སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དུས་སུ་བསྒྱུར་བ་ཡིན་ཟེར་བ་འདུག །ཅེས་པ་འདི་ལ་རྒྱ་བོད་ཀྱི་པཎ་གྲུབ་དེ་རྣམས་ཀྱི་ཉམས་ལེན་མིན་པ་དང༌། རྒྱལ་བློན་དེ་རྣམས་ཀྱི་སྐུ་རིང་ལ་མ་བསྒྱུར་བའི་ཤེས་བྱེད་དང་ལུང་རིག་ཚད་མ་ཅི་ཡང་མེད། བོད་ཀྱི་སྐྱེས་ཆེན་དམ་པ་སྔ་ཕྱིར་བྱོན་པ་ཐམས་ཅད་དང༌། ས་པཎ་དང༌། བུ་དོལ་ལ་སོགས་པ་རྣམས་ཀུ་ཀུ་རཱ་ཙའི་སངས་རྒྱས་མཉམ་སྦྱོར་སྐོར། རིན་ཆེན་རྡོ་རྗེ་མཉམ་སྦྱོར། སྒྱུ་འཕྲུལ་སྐོར་སྔ་འགྱུར་གསང་སྔགས་རྙིང་མ་ཞེས་དང༌། སྔགས་རྙིང་མ་རྣམས་འདི་ལྟར་བཞེད་ཅེས་གསུང་གཅིག་ཏུ་བསྙད་པ་ལ་བསྙོན་དུ་མེད་དོ། །གལ་ཏེ་དེ་རྣམས་ཀྱིས་ཉམས་སུ་མ་བླངས་པ་དང༌། མ་བསྒྱུར་ཡང༌། བོད་བླུན་པོ་རྣམས་ཀྱིས་དེ་རྣམས་ལ་ཁ་འཕངས་


JLAZ006_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་བཟོར་བྱས་པར་འདོད་ན་ནི་ཧ་ཅང་ཐལ་ཏེ། གོང་དུ་སྨོས་པའི་ས་སྐྱ་པ་ལ་སོགས་རྣམས་ཀྱང་རང་བཟོའི་རྫུན་གྱི་རྗེས་སུ་འབྲངས་ནས་ཆོས་ལོག་སྤྱོད་ཅེས་སྐུར་པ་བཏབ་པར་ཤུགས་ལ་འགྲུབ་པའི་ཕྱིར་རོ། །༢ ཡང་རྩོམ་པའི་ཉམས་ངན་པས་འགལ་བ་དང༌། མ་འབྲེལ་བ་དང་། མ་ཚང་བ་དང༌། ཟློས་པ་དང༌། ནང་རིག་པའི་ཆོས་སྐད་ལ་བླུན་ཚིག་མང་ཚུལ་དང༌། མི་མ་ཡིན་གྱི་མིང་རྒྱ་སྐད་ལ་མེད་པ་མང་པོ་འདུག་སོགས། ངན་སྨྲས་མང་དུ་ཟེར་རོ། །དེ་ལྟར་ན་གསང་སྔགས་གསར་མ་རྣམས་ཀྱང་འགྱུར་བཅོས་མ་བྱས་གོང་ནས་བརྗོད་བྱར་གཙང་པོ་ཡོད་པའི་ངེས་པ་ཅི་ཞིག །སྔོན་ནས་དེ་ལྟར་ཡོད་ན་མདོ་རྒྱུད་རེ་རེའི་གཤམ་དུའང་གང་ཟག་ཆེ་གེ་མོ་དང་ག་གེ་མོས་སླད་ཀྱི་བསྒྱུར་ཞིང་ཞུས་ཏེ་བཅོས་ནས་གཏན་ལ་ཕབ་པའོ་ཟེར་བ་མང་ཤོས་ལ་བཅོ་ལྔ་སྐོར་འདུག་པ་བཅོས་དགོས་པ་དང༌། ཞུས་དགོས་པའི་རྒྱུ་དེ་གང་ཡིན་ལེགས་པར་བསམ་འཚལ། རྙིང་རྒྱུད་རྣམས་ནི་སྔ་འགྱུར་བསྒྱུར་དུས་སྔོན་ཆད་བསྟན་པའི་ལམ་སྲོལ་མེད་པས་ཆོས་སྐད་སྒྲོགས་མ་ཙམ་ལ་ཡང་དཀའ་བའི་གནས་སུ་ཡོད་ན་དམ་པའི་ཆོས་ལ་སྨོས་ཅི་དགོས། ཐ་ན་འཇིག་རྟེན་གྱི་བྱ་བ་དང༌། བཟོ་གནས་ཙམ་ལའང་ཕྱི་ནས་རིམ་གྱིས་རྣམ་རིག་ཇེ་གསལ་ལ་སོང་ནས་སྔ་མ་སྔ་མ་ལས། ཕྱི་མ་ཕྱི་མའི་ལེགས་པ་མངོན་སུམ་ན། དུས་དེར་ཆོས་སྐད་ལ་མ་


JLAZ006_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིས་ཤིང་ལོ་པཎ་གཉིས་སྐད་བརྡ་མ་འཕྲོད་པ་དང༌། ཡུལ་སྐད་ཀྱི་ཤན་ཤོར་བ་སོགས་ཡོད་དུ་ཆུག་ཀྱང་སྒྱུར་བྱེད་དེ་དག་སྤྲུལ་པའི་སྐུ་ཡིན་ཞིང་བཅོས་བསླད་གང་ཡང་མ་སོང་བས་བྱིན་རླབས་གཞན་ལས་ཆེ་བ་ནི་རྙིང་རྒྱུད་བཀའ་གཉན་པས་གླེགས་བམ་བྲིས་ན་འཚུབ་ས་ཆེ་ཟེར་བ་དང༌། འཇིག་རྟེན་མི་བདེ་བའི་དམག་འཁྲུག་དང་ནད་མཚོན་བཀྲ་མི་ཤིས་པ་སོགས་བྱུང་ཚེ་འདི་ཉིད་ཀློག་ན་ཕན་པ་ཆེ་ཟེར། ལ་ལས་ལུང་སྟོན། ལ་ལས་དྲིལ་སྒྲོག་པ་འདི་ཆོས་དེ་དག་ངན་ངོན་དུ་གྱུར་པ་ལས་བྱུང་བ་ཡིན་ནམ་ལེགས་པར་སོམས་ཤིག །དེ་ལ་རྩོམ་པའི་ཉམས་ངན་པ་དང༌། འགལ་བ་དང༌། མ་འབྲེལ་བ་དང༌། མ་ཚང་བ་དང༌། ཟློས་པ་སོགས་རྣམས་མེད་པས་སངས་རྒྱས་ཀྱི་བཀའ་ཚད་མ་ཡིན་པར་འདོད་ན་དེ་ནི་ཤིན་ཏུ་ནས་ཀྱང་མི་འཐད་དེ། དེ་ལྟ་ན་ཕྱི་རོལ་མུ་སྟེགས་བྱེད་ཀྱི་གཞུང་རྣམས་རྩོད་པ་དང་བྲལ་བའི་གཞུང་ལུགས་རྣམ་དག་ཏུ་འགྱུར་ཏེ། ཕྱི་རོལ་པའི་སྟོན་པ་དབང་ཕྱུག་དང༌། ཁྱབ་འཇུག་དང༌། སྒྲ་ཚིག་ཡི་གེ་ལ་རྟོན་ཞིང་ལེགས་སྦྱར་གྱི་སྐད་གཅིག་པུས་མཐོ་རིས་སུ་འགྲོ་བར་འདོད་པའི་བྲམ་ཟེ་དང༌། སྒྲ་སྨྲ་བའི་དྲང་སྲོང་རྣམས་ཀྱིས་བྱས་བའི་གཞུང་ལུགས་རྣམས་རྩོམ་པའི་ཉམས་བཟང་བས་འགལ་འདུ་མེད་པ་དང༌། ཚིག་གི་སྡེབ་སྦྱོར་ལེགས་


JLAZ006_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

པས་འབྲེལ་ཆགས་པ་དང༌། ཟློས་པ་རྣམས་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་ལ་རྟོན་པ་ཉིད་ལ་བརྟེན་ནས་ཡུལ་སོ་སོའི་སེམས་ཅན་སྣ་ཚོགས་པ་རྣམས་ལ་རང་རང་གི་ཡུལ་གྱི་སྐད་ཀྱིས་ཆོས་སྣ་ཚོགས་པ་རྣམས་སྟོན་པའི་ཕྱིར་ན་ལྕེ་རྐན་གྱིས་རྩོལ་བས་བསྐྱེད་པའི་ལྷའི་སྐད་གཅིག་པུ་དང༌། སྒྲ་ཚིག་ཡི་གེ་རྣམས་ལ་རྟོན་པ་མ་ཡིན་པས་སོ། །དེས་ན་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མེད་འོད་ལས། སྒྲ་བཟང་པོ་སྨྲ་བ་རྣམས་ཀྱིས་སྒྲ་བཟང་པོ་ལ་ཞེན་པ་སྤང་བའི་སླད་དུ། དོན་ལ་རྟོན་པ་ཉིད་ལ་བརྟེན་ཏེ། ཚིགས་སུ་བཅད་པ་ཁ་ཅིག་ཏུ་སྒྲ་ཉམས་དང༌། ཁ་ཅིག་ཏུ་གཅོད་མཚམས་ཉམས་པ་དང༌། ཁ་ཅིག་རྣམ་དབྱེ་མེད་པའི་ཚིག་དང༌། ཁ་ཅིག་ཏུ་དབྱངས་དང་གསལ་བྱེད་ཕྱིས་པ་དང༌། ཁ་ཅིག་ཏུ་རིང་པོ་ལ་ཐུང་ངུ་དང༌། ཐུང་ངུ་ལ་རིང་པོ་དང༌། ཁ་ཅིག་ཏུ་ལྔ་པའི་དོན་ལ་བདུན་པ་དང༌། བཞི་པའི་དོན་ལ་དྲུག་པ་དང༌། གཞན་གྱི་ཚིག་ལ་བདག་ཉིད་ཀྱི་ཚིག་དང༌། བདག་ཉིད་ཀྱི་ཚིག་ལ་གཞན་གྱི་ཚིག་དང༌། ཁ་གཅིག་ཏུ་གཅིག་གི་ཚིག་ལ་མང་པོའི་ཚིག་དང༌། མང་པོ་ལ་གཅིག་གི་ཚིག་དང༌། ཁ་ཅིག་ལ་ཕོ་ཡི་རྟགས་ཅན་ལ་མ་ནིང་གི་རྟགས་ཅན་དང༌། མ་ནིང་གི་རྟགས་ཅན་ལ་མོའི་རྟགས་ཅན་དང༌། ཁ་ཅིག་ཏུ་ནི་རྐན་ལས་བྱུང་བ་ལ་སོ་དང་


JLAZ006_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོ་ལས་འབྱུང་བ་དང༌། ཁ་ཅིག་ཏུ་སྤྱི་བོ་ལས་འབྱུང་བ་ལ་སོ་དང་རྐན་ལས་བྱུང་བ་དང༌། ཁ་ཅིག་ཏུ་སོ་ལས་བྱུང་བ་ལ་རྐན་དང་སྤྱི་བོ་ལས་བྱུང་བ་སྟེ། དེ་ལྟ་བུ་གཞན་ཡང་རྒྱུད་སྟོན་པ་པོའི་མན་ངག་གི་རྗེས་སུ་འབྲང་བར་བྱའོ། །ཞེས་པ་དང༌། དེ་བཞིན་དུ་འགྲེལ་བཤད་ལའང་སྒྲ་བཟང་པོ་མངོན་པའི་ང་རྒྱལ་ཉམས་པར་བྱ་བའི་སླད་དུ་བདག་གིས་དོན་ལ་རྟོན་པ་ཉིད་ལ་བརྟེན་ཏེ་བྲི་བར་བྱའོ། །ཞེས་གསུངས་ཤིང་བདེ་མཆོག་སྟོད་འགྲེལ་དུ་ཡང༌། འདིར་མ་འོངས་པའི་དུས་ན་བྱིས་པའི་སྐྱེ་བོ་ཚིག་འབྲུ་ལ་རབ་ཏུ་རྟོན་པ་ལ་བརྟེན་པ་རྣམས་ཀྱིས་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པ་དང༌། བྲལ་བའི་རྒྱུད་ཀྱི་རྒྱལ་པོ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་ནོ། །ཞེས་གང་ཞིག་སྨྲ་བར་འགྱུར་བ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་གཞན་དུ་རྟོན་པ་བཞི་གསུངས་པའི་ཕྱིར་རོ། །འདི་ལྟར་ཏེ། དོན་ལ་རྟོན་པར་བྱ་བའི་ཚིག་འབྲུ་ལ་རྟོན་པ་མ་ཡིན་པ་དང༌། ཡེ་ཤེས་ལ་རྟོན་པ་བྱའི་རྣམ་ཤེས་ལ་རྟོན་པར་བྱ་བ་མ་ཡིན་པ་དང༌། ངེས་པའི་དོན་ལ་རྟོན་པར་བྱའི་དྲང་བའི་དོན་ལ་རྟོན་པ་མ་ཡིན་པ་དང༌། ཆོས་ལ་རྟོན་པར་བྱའི་གང་ཟག་ལ་རྟོན་པར་བྱ་བ་མ་ཡིན་པའོ། །བཅོམ་ལྡན་འདས་ཀྱི་གསུང་འདི་ཡི་ཕྱིར་ཚིག་འབྲུ་ལ་རབ་ཏུ་རྟོན་པ་ནི་ཐེག་པ་གང་དུ་ཡང་བཅོམ་ལྡན་འདས་ཀྱིས་མ་


JLAZ006_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཞེས་དང༌། དུས་འཁོར་རྩ་རྒྱུད་དུ། རང་རང་སྐད་ཀྱི་ཁྱད་པར་རྣམས་ཀྱིས་ནི། །སྲིད་གསུམ་མ་ལུས་ལམ་ལ་ལེགས་བཀོད་ནས། །ཀུན་མཁྱེན་གསུང་འདི་ཞི་བདེའི་འབྲས་བུ་སྟེར། །ལྷ་ཡི་སྐད་ལས་དེ་དག་གང་དུ་འགྱུར། །ཅེས་དང༌། བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ལེའུ་ལས་ཀྱང༌། དུད་འགྲོ་ཡི་དྭགས་ལྷ་མིན་རྣམས་དང་ལྟོ་འཕྱེ་ལྷ་མི་འཕགས་པ་བོད་ལ་སོགས་རྣམས་ལ། བྱུང་དང་འབྱུང་འགྱུར་ད་ལྟར་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་གསུངས་ཤིང༌། །རང་རང་སྐད་གཞན་རྣམས་ཀྱིས་སྲིད་གསུམ་མ་ཚང་མེད་པ་ལམ་ལ་ཡང་དག་འགོད་བྱེད་པ། །འདི་ནི་བདེ་ཉམས་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་སྐད་ཀྱིས་མིན། །ཞེས་དང༌། དྲི་མེད་འོད་ཀྱི་འཇིག་རྟེན་ཁམས་ལེའི་མདོར་བསྡུས་དང་པོར། ཀུན་མཁྱེན་ལམ་དོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱད་ཆེན་པོ་མེད། །སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག །སེམས་ཅན་རྣམས་ཀྱིས་མོས་པའི་སེམས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་གསུང་མཆོག་ལ། །བརྡ་སྤྲོད་པ་ལ་ཀླུས་བཀོད་སྒྲ་བརྩེགས་རྩོད་པ་དོན་གཉེར་རྣམས་ཀྱིས་དེ་ལས་གཞན། །སྒྲ་ཉམས་པ་དང་ཡུལ་གྱི་སྐད་ལས་ཀྱང༌། རྣལ་འབྱོར་ལྡན་པས་དོན་ནི་འཛིན་


JLAZ006_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་དེ། །ངང་པས་རབ་ཏུ་ཕྱུང་སྟེ་འཐུང་བར་བྱེད། །དོན་དམ་དེ་ཉིད་ཡུལ་ལ་རྟག་ཏུ་ནི། །ཆེན་པོ་དག་རྣམས་ཚིག་ལ་རྟོན་པ་མིན། །ཡུལ་གྱི་སྐད་རྣམས་ཀྱིས་ནི་དོན་ཤེས་ན། །བསྟན་བཅོས་སྒྲ་དག་གིས་ནི་ཅི་ཞིག་བྱ། །གང་ཞིག་ཟུར་ཆག་སྒྲ་དང་སྒྲར་གྱུར་པ། །བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་ཞིང༌། །གང་ཞིག་འགྲོ་བ་དག་ལས་ཉི་ཚེ་བ། །དེ་ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན། །ཞེས་དང༌། མདོར་བསྡུས་བཞི་པར། འདིར་མ་འོངས་པའི་དུས་ན་བྱིས་པའི་སྐྱེ་བོ་མིང་ཚིག་ཡི་གེ་ལ་རྟོན་པ་ལ་བརྟེན་པ་དག་གིས་རྒྱུད་ཐམས་ཅད་དུ་འདི་སྐད་བདག་གིས་ཞེས་སོགས་ཀྱིས་སངས་རྒྱས་ཀྱི་བཞུགས་གནས་ངེས་པར་བསྟན་པར་དེ་བཞིན་གཤེགས་པས་གསུངས་པར་གང་བརྗོད་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ཆོས་སྟོན་པ་པོའི་སངས་རྒྱས་དོན་ལ་རྟོན་པ་ལ་བརྟེན་པ་ཉིད་ཀྱི་ཕྱིར་དང༌། སྡུད་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་ཡུལ་སྣ་ཚོགས་ཀྱི་སྐད་གཞན་གྱིས་ཡང་དག་པར་བྱེད་པའི་ཕྱིར་རོ། །འདིར་གལ་ཏེ་འདི་སྐད་བདག་གིས་ཐོས་པ་ལ་སོགས་ལེགས་པར་སྦྱར་བའི་ཚིག་མགྲིན་པ་དང༌། རྐན་ལ་སོགས་པའི་འབད་རྩོལ་གྱིས་བསྐྱེད་པ་ཉི་ཚེ་བས་དེ་བཞིན་བཤེགས་པ་ཆོས་སྟོན་པར་བྱེད་པ་དེ་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུས་དུ་མར་ཡང་དེ་བཞིན་གཤེགས་


JLAZ006_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྟན་པ་དང། སྡུད་པ་པོས་ཀྱང་བྲི་བར་མི་ནུས་ཏེ། ཉི་ཚེ་བ་ལེགས་པར་སྦྱར་བའི་ཚིག་གཅིག་པུ་མ་ཡིན་པའི་ཕྱིར་རོ། །འདིར་སྤྲུལ་པའི་སྐུ་མཐའ་ཡས་པ་མེད་པའི་ཕྱིར་མཐའ་ཡས་པ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་སྒྲ་དག་གིས་ཅིག་ཆར་དུ་ཆོས་སྟོན་པ་ཡང་མེད་པར་འགྱུར་རོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པར་བྱེད་པ་མེད་པའི་ཕྱིར། ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ཏེ། དེ་ལྟ་མ་ཡིན་ནོ། །འདིར་སངས་རྒྱས་ཚད་མེད་པ་དང༌། ཆོས་ཚད་མེད་པ་དང༌། དགེ་འདུན་ཚད་མེད་པར་དེ་བཞིན་གཤེགས་པས་གསུངས་པ་འདི་ཡིས་ཕྱིར། ཆོས་སྟོན་པ་པོ་ཐམས་ཅད་མཁྱེན་པ་ནི་གཅིག་མ་ཡིན་ནོ། །ཐམས་ཅད་མཁྱེན་པའི་སྐད་གང་སེམས་ཅན་ཐམས་ཅད་ཀྱི་སྐད་རྣམས་དོན་རྟོགས་པར་བྱེད་པ་གཅིག་མ་ ཡིན་ནོ། །བཞུགས་པའི་གནས་ངེས་པར་བསྟན་པ་གཅིག་མ་ཡིན་ནོ། །དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དང༌། གསོལ་བ་འདེབས་པ་པོ་གཅིག་མ་ཡིན་ནོ། །འདིར་སེམས་ཅན་རྣམས་ཀྱིས་མོས་པ་སྣ་ཚོགས་ཀྱིས་དབང་གིས་ཐམས་ཅད་མཁྱེན་པ་དུ་མ་དང༌། ཐམས་ཅད་མཁྱེན་པའི་སྐད་དུ་མ་དང༌། བཞུགས་པའི་གནས་དུ་མ་དང༌། ཆོས་བསྟན་པ་དུ་མའོ། །


JLAZ006_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་དེ་བཞིན་གཤེགས་པས། མགྲིན་པ་དང་རྐན་ལ་སོགས་པའི་འབད་རྩོལ་གྱིས་བསྐྱེད་པའི་ལྷའི་སྐད་གཅིག་པུས་རྒྱུད་ཐམས་ཅད་བསྟན་པ་མ་ཡིན་ནོ། །ཞེས་དང༌། ཡང་དེ་ཉིད་དུ། བཅོམ་ལྡན་འདས་མཐའ་ཡས་པའི་ཆོས་སྟོན་པ་པོ་ཡིན་པ་འདིའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་བཞུགས་པའི་གནས་ངེས་པར་བསྟན་ཅེས་སངས་རྒྱས་པ་རྣམས་ཀྱིས་བརྗོད་པར་མི་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་རང་བཞིན་ཐམས་ཅད་མཁྱེན་པའི་སྐད་མེད་པར་ལེགས་པར་སྦྱར་བའི་སྐད་ཉི་ཚེ་བ་གཅིག་པུ་འདི་ཡིས་ཡིན་ན་སངས་རྒྱས་ཀྱང་ཉི་ཚེ་བར་འགྱུར་རོ། །འཕགས་ཡུལ་འདིར་སྒྲ་སྨྲ་བ་པོ་མུ་སྟེགས་པ་མཁས་པ་མངོན་པའི་ང་རྒྱལ་དང་ལྡན་པ་རྣམས་མཐོང་ནས། ཇི་ལྟར་བྲམ་ཟེ་དང༌། ཁྱབ་འཇུག་པ་དང༌། ཞི་བ་པ་ལ་སོགས་པ་རྣམས་ཀྱིས་འདོད་པའི་ལྷ་ཚངས་པ་དང༌། ཁྱབ་འཇུག་དང༌། དྲག་པོ་ལ་སོགས་པ་རྣམས་ལེགས་པར་སྦྱར་བའི་སྨྲ་བ་པོ་ཡིན་པ་དེ་བཞིན་དུ་བདག་ཅག་གི་འདོད་པའི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ལེགས་པར་སྦྱར་བའི་སྨྲ་བ་པོ་ཡིན་ནོ། །ཞེས་པ་ནི། སངས་རྒྱས་པ་བྱིས་པའི་བློ་ཅན་རྣམས་ཀྱི་བསམ་པ་སྟེ། འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་


JLAZ006_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པའི་སྐད་མེད་པར་ལེགས་པར་སྦྱར་བའི་སྐད་ཉི་ཚེ་བ་འདི་ཡིས་མ་ཡིན་ཏེ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པར་བྱེད་པ་པོ་དང་ཡང་དག་པར་སྡུད་པར་བྱེད་པ་པོ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ལྷའི་སྐྱེ་བ་དང་འབྲེལ་བ་ཉི་ཚེ་བ་མ་ཡིན་ཏེ། སེམས་ཅན་སྣ་ཚོགས་ཀྱི་སྐད་ཀྱིས་ཆོས་སྟོན་པ་པོ་ཡིན་པའི་ཕྱིར་རོ། །ཞེས་དང༌། ཡང་དེ་ཉིད་ལས། སྒྲ་གཅིག་པུ་ལེགས་པར་སྦྱར་བའི་སྐད་ཀྱིས་མཐོ་རིས་སུ་འདོད་པ་འཇོའོ་ཞེས་པ་ནི་ལོག་པའི་ང་རྒྱལ་གྱི་ཟིལ་གྱིས་གནོན་པ་རྣམས་ཀྱི་བསམ་པ་སྟེ་ཐམས་ཅད་མཁྱེན་པའི་སྐད་མེད་པའི་ཕྱིར་རོ། །ཞེས་དང༌། འདིར་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱིས་བསྟན་པའི་ཆོས་ཉི་ཚེ་བ་སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་བྲལ་བ། འཁོར་བའི་སྡུག་བསྔལ་སྟེར་བར་བྱེད་པ། ལོག་པའི་ང་རྒྱལ་བསྐྱེད་པར་བྱེད་པ། རིགས་སུ་སྨྲ་བ་མངོན་པར་ཁེངས་པར་བྱེད་པ་དག་ལ་སངས་རྒྱས་པ་རྣམས་ཀྱིས་རྗེས་སུ་ཡི་རང་བར་མི་བྱའོ། །ཞེས་གསུངས་སོ། །སྒྲ་ཚིག་ཡི་གེ་ལ་རྟོན་པ་རྣམས་ལྟར་ན། དེ་རྣམས་ལ་སྙིང་པོ་རབ་མཆོག་དམ་པ་བྱེད་ནས་རྗེས་སུ་ཡི་རང་བར་བྱ་དགོས་པར་འདུག་སྟེ། དེ་རྣམས་དང་རྗེས་སུ་མཐུན་པའི་ཕྱིར་རོ། །གཞན་


JLAZ006_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་ཉིད་དུ། རེ་ཞིག་ཡུལ་གྱི་ཁྱད་པར་གཞན་ལྟ་ཞོག་གི །དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་འཕགས་ཡུལ་འདིར། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན། སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། དེ་བཞིན་གཤེགས་པས་ངེས་པའི་སྡེ་སྣོད་གསུམ་མ་ག་དྷཱའི་སྐད་ཀྱིས་སོ། །མདོ་སྡེ་ནི་སིནྡྷུའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དང༌། སྔགས་ཀྱི་ཚུལ་ནི་ལེགས་སྦྱར་གྱི་སྐད་ཀྱིས་སོ། །རྒྱུད་དང་རྒྱུད་གཞན་ནི་ལེགས་སྦྱར་དང༌། ཐ་མལ་བའི་སྐད་དང༌། ཟུར་ཆག་དང་ལེགས་སྦྱར་མ་ཡིན་པ་རི་ཁྲོད་པ་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་ཏེ། དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་རྣམས་སྡུད་པར་བྱེད་པ་པོ་དག་གིས་བྲིས་སོ། །དེ་བཞིན་དུ་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། རྒྱ་ནག་ཏུ་རྒྱ་ནག་གི་སྐད་ཀྱིས་སོ། །དེ་བཞིན་དུ་རྒྱ་ནག་ཆེན་པོ། པར་སི་ཀ །ཙམ་པ་ཀ །སྤྲེའུ་ཡི་ཡུལ། གསེར་ཞེས་བྱ་བ། ཏུག་མ། བུ་རམ་མའི་ཡུལ་གྱི་སྐད་ཀྱིས་སོ། །དེ་ལྟར་གྲོང་ཁྱེར་བྱེ་བའི་བདག་ཉིད་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་དགུ་བཅུ་རྩ་དྲུག་གི་སྐད་ཀྱིས་སོ། །དེ་བཞིན་དུ་དུམ་བུ་བཅུ་གཉིས་དང༌། མཐོ་རིས་དང༌། མིའི་ཡུལ་དང༌། ས་འོག་རྣམས་སུ་སེམས་ཅན་སྣ་


JLAZ006_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་སྐད་ཀྱིས་སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་བྲིས་ཏེ། ཉན་ཐོས་རྣམས་ཀྱིས་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་སྣམས་ཀྱིས་རང་སངས་རྒྱས་ཀྱི་ཐེག་པ་དང༌། བྱང་སེམས་རྣམས་ཀྱིས་ཐེག་པ་ཆེན་པོ་ཕར་ཕྱིན་དང༌། ཐེག་པ་ཆེན་པོ་གསང་སྔགས་རྒྱུ་དང་འབྲས་བུ་བཅས་པའི་བདག་ཉིད་དེ། སྡུད་པར་བྱེད་པ་པོ་སྣ་ཚོགས་སེམས་ཅན་རྣམས་གདུལ་བར་བྱ་བའི་དོན་དུའོ། །སྡུད་པར་བྱེད་པ་སྣ་ཚོགས་ཀྱིས་ཡུལ་སྣ་ཚོགས་ཀྱི་སྐད་ཀྱིས་བྲིས་པའི་ལུང་དང་རིག་པ་འདིས། རྣམ་པར་དཔྱད་པས་ན་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཐམས་ཅད་མཁྱེན་པའི་སྐད་ཀྱི་ཆོས་སྟོན་པ་པོ་ཡིན་གྱི། ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་གཞན་ནི་མ་ཡིན་ནོ། །ཅི་སྟེ་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱི་ནང་ན་ཡོན་ཏན་འདི་དག་ཡོངས་སུ་རྫོགས་པ་འགའ་ཞིག་ཡོད་ན། དེ་ཡང་བདག་ཅག་གིས་རྣམ་པ་ཐམས་ཅད་དུ་ཕྱག་བྱ་བ་དང༌། མཆོད་པ་དང༌། བཀུར་བར་བྱ་བ་ཡིན་ནོ། །ཞེས་ལེགས་པར་གསུངས་པས་སོ། །དེར་མ་ཟད་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང༌། བཅོམ་ལྡན་འདས་སངས་རྒྱས་ནས་མྱ་ངན་ལས་མ་འདས་ཀྱི་བར་དུ་ལྕེ་རྐན་གྱིས་རྩོལ་བ་ལས་བྱུང་བའི་ཐ་ན་ཡིག་འབྲུ་གཅིག་ཀྱང་མ་གསུངས་སོ། །


JLAZ006_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱུ་མཚན་དབུགས་འབྱུང་རྔུབ་མི་མངའ་ཞིང་རྣམ་པར་མི་རྟོགས་པས་སོ། །དེ་ལྟར་ཡིན་ཡང་སེམས་ཅན་གྱི་བསམ་པ་དང་མཐུན་པར་སྐད་མཐའ་ཡས་པས་ཐེག་པ་མ་ལུས་པ་ཐམས་ཅད་སེམས་ཅན་གྱི་སེམས་པ་བཞིན། སྟོན་པའི་སྒྲ་འབྱུང་སྟེ། ནམ་མཁའ་ཇི་སྲིད་ཁྱབ་པར་གསུང་གི་སྒྲས་ཁྱབ་ཅིང་ཆོས་སྟོན་པ་ཡིན་ཏེ། བྱ་རྒོད་ཕུང་པོའི་རི་ལས་བྱམས་པ་ལ་བརྟེན་ནས་དབྱངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཞེས་བྱ་བའི་ཆོས་སྟོན་པའི་ཚེ། མོའུ་གལ་གྱི་བུས་གསུང་གི་མཐའ་དཔོག་པར་འདོད་ནས་འཇིག་རྟེན་གྱི་ཁམས་འོད་ཟེར་རྒྱལ་མཚན་དུ་ཕྱིན་པ་ན། དེ་བཞིན་གཤེགས་པ་འོད་ཟེར་རྒྱལ་མཚན་གྱིས་བཀའ་སྩལ་པ། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ནས་ཁྱོན་འདིར་འོངས་སོ། །ནམ་མཁས་ཅི་ཙམ་ཁྱབ་པ་དེ་ཙམ་དུ། དེ་བཞིན་གཤེགས་པའི་གསུང་གིས་ཁྱབ་བོ། །ཞེས་གསུངས་པས་གདུལ་བྱའི་བསམ་པ་དང་མཐུན་པར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མ་ལུས་པར་འཆད་པ་ནི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཕལ་པོ་ཆེའི་བྱང་སེམས་ཆེན་པོ་ཀུན་ཏུ་བཟང་པོར་སྤྱོད་པའི་སྨོན་ལམ་ལས་ཀྱང༌། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་སྐད་ཅི་ཙམ་པར། །


JLAZ006_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །ཞེས་གསུངས་ཤིང༌། རྫོགས་པ་ཆེན་པོ་ལ་སོགས་པའི་རྒྱུད་ཀྱི་ཡི་གེ་དང༌། སྔགས་དང༌། སྒྲ་ཚིག་ཁ་ཅིག་ལེགས་པར་སྦྱར་བ་ལ་སོགས་པའི་རྒྱ་གར་གྱི་སྒྲ་སྐད་ཡི་གེ་དང་མ་མཐུན་ཡང་སྐྱོན་མེད་དོ། །སྤྱོད་འཇུག་ལས། ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང༌། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །ཅེས་པ་ལྟར། རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུ། ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་བཞིན་དུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་གཞོམ་དུ་མེད་པའི་རང་སྒྲ་ཡིན་པས་སཾ་སྐྲྀ་ཏའི་ཡི་གེ་ལ་སོགས་དང་འགལ་བའི་སྐྱོན་ནི་ཐམས་ཅད་མཁྱེན་པས་ཀྱང་མི་ཁེལ་ལོ། །ཁ་ཅིག་ནི་འཇིག་རྟེན་དང་བསྟན་བཅོས་གང་ལ་ཡང་མ་གྲགས་པར་དེ་བཞིན་གཤེགས་པའི་བརྡས་བཏགས་ནས་གསུངས་པ་ཡིན་ཏེ། སྒྲོན་གསལ་དུ། ཀོ་ཌ་ཀྵ་ལ་སོགས་པའི་སྒྲ། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །འཇིག་རྟེན་བསྟན་བཅོས་ལས་མ་གྲགས། །ཞེས་པས་རླུང་བཅུ་པོ་མིང་བཅུའི་བརྡའི་སྒོ་ནས་བཏགས་པ་ལྟ་བུ་ཡིན་པས་ཚིག་ལ་རྟོན་པ་ནི་སྙིང་པོ་མེད་པ་ཁོ་ནའོ། །ཟློས་པ་ལྟ་བུའི་ཚིག་ཁ་ཅིག་ཀྱང༌། དུས་འཁོར་དུ། ཐམས་ཅད་མཁྱེན་པ་


JLAZ006_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྐུ་དང༌། ཞེས་པ་རྣམས་ཟློས་པ་གསུངས་པ་ལྟ་བུར་ཏེ། ཁྱབ་འཇུག་ལ་སོགས་པ་ཁ་ཅིག་གིས་ཐམས་ཅད་མཁྱེན་པ་ཉིད་དུ་བཏགས་པ་དང༌། ཉན་རང་དང་རྣམ་ཤེས་སྨྲ་བའི་སངས་རྒྱས་དང༌། ཡེ་ཤེས་ཀྱི་སྐུ་གཟུགས་ཅན་དུ་དགོས་པ་བསལ་བའི་ཕྱིར་དུ། ཐམས་ཅད་མཁྱེན་པ་དང༌། ཡེ་ཤེས་སྐུ་དང༌། ཉིན་མོར་བྱེད་པ་དང༌། པདྨ་འདབ་མ་རྒྱས་པའི་སྤྱན་ཞེས་པའི་སངས་རྒྱས་ཀྱི་མིང་ཟློས་པ་གསུངས་པ་ལྟ་བུ་སྟེ། སྐྱོན་མེད་ཀྱི་ཟློས་པ་ཡོད་པས་ཐམས་ཅད་དུ་སྐྱོན་ཡོད་པས་མ་ཁྱབ་བོ། །མིང་གི་མངོན་བརྗོད་སོགས་ཀྱང༌། དྲི་མེད་འོད་ལས། སྔགས་ཀྱི་ཚུལ་འདི་ལ་ཨེ་ཝཾ་ཉིད་མིང་མ་ཡིན་ཏེ། ངོ་བོ་གཅིག་ལ་མིང་དུ་མའོ། །མིང་མང་པོ་ཉིད་ཀྱི་ཕྱིར་མིང་གཅིག་ཁོ་ན་གཙོ་བོ་ཡིན་ཏེ། མིང་ཐམས་ཅད་ཀྱི་དངོས་པོ་གཅིག་གོ་བར་བྱེད་པའི་ཕྱིར་རོ། །དཔེར་ན་བུད་མེད་དང༌། མི་མོ་དང༌། ན་ཆུང་མ་རྣམས་ལས་བུད་མེད་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་ཀྱང་ནུ་མ་སྐྲར་ལྡན་པའི་དངོས་པོ་གོ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་པས། གཟའ་སྒྲ་གཅན་ལ་ཁྱབ་འཇུག་དང༌། ལྷ་ཁྱབ་འཇུག་ལ་སྐོས་རྗེ་དྲང་དཀར་དུ་བཏགས་པ་ལ་འགལ་བ་ཅི་ཡང་མེད་ལ། ལྷ་ཀླུ་འབྱུང་པོ་ཐམས་ཅད་ལ། རེ་རེ་ལ་ཡང་མིང་གི་རྣམ་གྲངས་མང་པོར་སྣང་


JLAZ006_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། ཁ་ཅིག་ཡུལ་སོ་སོའི་འདོད་རྒྱལ་གྱི་སྒྲས་བཏགས་པ་ཡིན་ཏེ། རྒྱུ་སྐར་ཉེར་བརྒྱད་པོ་ལ་བསྟན་བཅོས་ཀྱི་སྐད་དང༌། ཡུལ་སོ་སོ་པས་བཏགས་པའི་མིང་གི་རྣམ་གྲངས་མང༌། དབང་ཕྱུག་ཆེན་པོ་གཅིག་པུ་ལ་ཡང༌། དབང་ཕྱུག་དང༌། ཕྱུགས་བདག་བདག །མགྲིན་སྔོན་དང༌། ཨུ་མའི་བདག་པོ་དང༌། གུ་ལང་དང༌། བདེ་བྱེད་དང༌། དྲག་པོ་ཆེན་པོ་ལ་སོགས་མང་བས་མིང༌གཅིག་ལ་ཞེན་པ་ནི་འཁྲུལ་ཚབ་ཆེ་ཞིང༌། ལར་ཡང་འདི་འདྲ་བའི་མིང་ཚིག་ལ་རྟོན་པ་ནི་སྙིང་པོ་མེད་པ་ཁོ་ནའོ། །དེ་ལྟར་ན་དོན་ལ་རྟོན་ཞིང་ཚིག་ལ་མི་རྟོན་པ་ནི་ཤེས་ལྡན་རྣམས་ཀྱིས་བསྒྲུབ་བྱའོ། །དེ་ལ་ལེགས་སྦྱར་གྱི་སྐད་ཀྱིས་སྐབས་འགའ་ཞིག་ཏུ་གསུངས་པ་ནི་དགོངས་པ་ཅན་ཏེ། འདི་ལྟར་ལྷ་རྣམས་ཀྱི་ཡུལ་དུ་ནི་ལྷ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང༌། འཕགས་པའི་ཡུལ་མ་ག་དྷཱར་ནི་སྒྲ་སྨྲ་བའི་དྲང་སྲོང་ཕྱི་རོལ་པ་རྣམས་ཡོད་པས་དེ་རྣམས་ཀྱི་ལེགས་སྦྱར་གྱིས་སྨྲ་ཞིང་མཁས་པའི་ང་རྒྱལ་དང་ལྡན་པ་རྣམས་འདུལ་བའི་ཕྱིར་དང༌། གཞན་ཡང་ནང་བའི་བྱིས་པ་ཁ་ཅིག་ཀྱང་དེ་རྣམས་ཀྱི་སྨྲ་བའི་རྗེས་སུ་འབྲངས་ནས། བདག་ཅག་གི་སྟོན་པ་སངས་རྒྱས་སྲས་བཅས་ཀྱིས་ཀྱང་ལེགས་སྦྱར་གྱིས་སྨྲ་བར་རིགས་སོ་སྙམ་དུ་རྟོག་པ་རྣམས་ལ་གསུངས་པའོ། །དེ་ལྟར་སངས་


JLAZ006_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཀྱིས་ཀྱང་ཡུལ་སོ་སོའི་སེམས་ཅན་རྣམ་པ་སྣ་ཚོགས་པ་སོ་སོའི་སྐད་ཀྱིས་བསྟན་ནས། སྡུད་པ་པོ་རྣམས་ཀྱིས་ཀྱང་ཡུལ་སོ་སོའི་སྐད་དང༌། བརྡ་དང་སྦྱར་ནས་བསྡུས། པདྨ་འབྱུང་གནས་དང་བི་མ་ལ་མི་ཏྲ་ལ་སོགས་པས་ཀྱང་བོད་ལ་སོགས་པའི་ཡུལ་སོ་སོའི་བརྡ་དང༌། སྐད་དང༌། སྒྲ་དང་། མིང་ཚིག་གི་ཡི་གེ་དང་བསྟུན་ནས་བསྒྱུར་ཞིང་བཤད་པས། ཉི་ཚེ་བའི་མིང་ཚིག་ཡི་གེ་ལ་བརྟེན་པའི་ཕྱོགས་ལྷུང་ཐམས་ཅད་ཕྱོགས་མེད་རིས་མེད་ཀྱི་མཁས་པ་རྣམས་ཀྱིས་དོར་ནས་དོན་ལ་རྟོན་པར་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་ལ་སོགས་པའི་གསུང་རབ་ཐམས་ཅད་དུ་དགོངས་པ་གཅིག་དང་དབྱངས་གཅིག་གིས་གསུངས་པ་རྣམས་ལ་ལྟོས། ཡང་དཀྱིལ་འཁོར་གྱི་ལྷ་ལ་བོད་ཀྱི་ལྷ་འདྲེ་བཅུག་པ་མི་འཐད་ཟེར་བ་ལ། དཀྱིལ་འཁོར་གྱི་འཁོར་ལ་ལྷ་འདྲེ་རྣམས་བསྒྲིགས་པས་ལོག་པ་ཡིན་ན། དུས་འཁོར་ལ་སོགས་པའི་བླ་མེད་ཀྱི་རྒྱུད་མང་པོ་དང༌། རྣལ་འབྱོར་གྱི་རྒྱུད་དཔལ་མཆོག ། ཆོས་དབྱིངས་གསུང་དབང༌། གནོད་སྦྱིན་ཤིང་རྟ། སྐུའི་རྒྱུད་རྡོ་རྗེ་གཙུག་ཏོར་གཙུག་དགུ་སོགས་མང་པོར་སྲིད་པ་གསུམ་གྱི་ལྷ་འདྲེ་མང་པོ་བཀོད་པར་བཤད་ཅིང༌། སྤྱོད་རྒྱུད་ལས། ཕྱི་ཡི་དཀྱིལ་འཁོར་ཕྱི་རོལ་དུ། །གླིང་བཞི་པོ་ཡང་བྲི་བར་བྱ། །འཛམ་བུ་


JLAZ006_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་དུ་ཚངས་པ་བྲི། །བྱང་ཕྱོགས་སུ་ནི་དབང་ཕྱུག་ཆེ། །ཤར་དང་ནུབ་ཀྱི་གླིང་དུ་ནི། །བརྒྱ་བྱིན་གཏོགས་འདོད་ཐམས་ཅད་ཀྱང༌། །འཁོར་དང་བཅས་པ་བྲི་བར་བྱ། །གཞན་དག་ཀྱང་ནི་དེ་བཞིན་ཏེ། །ལྷ་མིན་དྲི་ཟ་ནམ་མཁའ་ལྡིང༌། །གནོད་སྦྱིན་སྲིན་པོ་ལྟོ་འཕྱེ་ཆེ། །འབྱུང་པོ་ཡི་དྭགས་འདྲེ་རྣམས་དང༌། །ཀླུ་དང་སྦལ་སྦྲུལ་རི་རྣམས་དང༌། །རྒྱལ་པོ་བཞི་རྣམས་བྲི་བར་བྱ། །གཟའ་དང་སྐར་མ་རྒྱུ་སྐར་དང༌། །ཁྲོ་བོ་མ་རུངས་འཚེ་བ་ཡི། །བགེགས་དང་བྱི་ན་ཡ་ག་རྣམས། །སེམས་ཅན་ཀུན་ལ་ཕན་བྱེད་པའི། །དྲང་སྲོང་བསྐལ་པ་ཆེན་པོ་རྣམས། །མཁའ་འགྲོ་མ་དང་བུད་མེད་བྲི། །དེ་བཞིན་སྲིང་མོ་རྣལ་འབྱོར་མ། །འབྱུང་བ་བཞི་ཡི་ལྷ་ཆེན་པོ། །ཁྱིམ་དང་རི་ལ་གནས་པ་དང༌། །ཤིང་དང་ཀུན་དགའི་ནགས་ལ་སོགས། །དུར་ཁྲོད་གྲོང་ཁྱེར་གནས་པ་རྣམས། །མིང་དང་བརྡ་འམ་ཡང་ན་ནི། །ཐིག་ལེ་རྣམས་ཀྱང་བྲི་བར་བྱ། །ཞེས་གསུངས་པས། ཐག་བཟང་རིས་ནི་ལྷ་མིན་དང༌། །དྲི་ཟ་ཟུར་ཕུད་ལྔ་པ་དང༌། །ནམ་མཁའ་ལྡིང་གསེར་མིག་ཅན་དང༌། །གནོད་སྦྱིན་ཀུ་བེ་ར། སྲིན་པོ་ལ་མགྲིན་བཅུ་དང༌། ལྟོ་འཕྱེའི་རྒྱལ་པོ་ས་བདག་སྔོན་པོ་དང༌། འབྱུང་པོ་དབང་ལྡན་དང༌། ཡི་དྭགས་དང༌། གཤིན་རྗེ་དང༌། འདྲེ་ནི་དྲུག་སྟེ།


JLAZ006_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་འདྲེན་ནག་པོ་དང༌། ཆུ་ལྟར་གཡོ་དང༌། གཉེ་ཐུང་གནས་གནོན། སྤྱིའུ་ཚུགས་ཐུར་ལྟ་སོགས་དྲུག་དང༌། ཁ་ཅིག་གིས་ཡི་དྭགས་ཕྱི་ནང་སྒོ་ཁུད་ཅན་རྣམས་ལ་བཞེད་པ་དང༌། འབྱུང་པོའི་འཁོར་ལ་གདོན་ཆེན་བཅོ་ལྔ་དང༌། ཁྲོ་བོ་མ་རུངས་འཚེ་བ་ནི་དམྱལ་སྲུང་རྣམས་དང༌། བུད་མེད་ནི། འབྲུ་འབྲེལ་རྒན་པོ་སོགས་ནས་ཁ་རག་ཁྱུང་བཙུན་རྡོ་རྗེ་ཡུམ་གཅིག་མ། ཤ་མེད་གངས་དཀར་རྡོ་རྗེ་སྤྱན་གཅིག་མ་སོགས་བདུན་བོད་ཀྱི་ཡུལ་ན་གནས་པ་བཀོད་པ་དང༌། དེ་ལ་སོགས་པའི་འབྱུང་པོ་ལྷ་འདྲེ་མཐའ་ལས་འདས་པ་ཞིག་བསྒྲིགས་པར་འདུག་པ་དང༌། སྤྱོད་རྒྱུད་ཀྱི་འཁོར་ལོས་སྒྱུར་བའི་སྐབས་སུ་ཡང༌། དེ་ཡི་ཕྱི་རོལ་དམྱལ་ཀུན་དང༌། །འདོད་ཆགས་ལ་སོགས་བྱོལ་སོང་བྲི། །ཞེས་གསུངས་པས། ངན་སོང་གསུམ་དང༌། དུག་གསུམ་གྱི་མཚན་མ་རྣམས་དང༌། ཕྱི་རོལ་གྱི་ཕྱོགས་མཚམས་རྣམས་སུ་རིགས་དྲུག་གི་འགྲོ་བ་པ་རྣམས་ཀྱང་བཀོད་པར་གསུངས་ཤིང༌། མཁའ་འགྲོ་རྒྱ་མཚོར་ཡང༌། འཇིག་རྟེན་གྱི་འབྱུང་པོ་མང་པོ་དང༌། དུར་ཁྲོད་བརྒྱད་དུ་དམྱལ་སྲུང་གི་གཤིན་རྗེ་རྣམས་ཀྱང་དགོད་པར་བཤད་པས་རྒྱུད་དེ་རྣམས་དང༌། དེ་དག་གི་ཆོ་ག་རྣམས་ཀྱང་ལོག་པར་འགྱུར་རོ། །དེས་ན་སྲིད་པ་གསུམ་གྱི་འབྱུང་པོ། མ་མོ། མཁའ་འགྲོ། ཤ་ཟ། སྲིན་པོ། གནོད་


JLAZ006_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ལ་སོགས་པའི་སྡེ་བརྒྱད་དང༌། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་དྲེགས་པ་ཅན་གྱི་ལྷ་འདྲེ་རྣམས་དཀྱིལ་འཁོར་གྱི་འཁོར་དུ་བཞག་ནས་གཏོར་མ་བྱིན་ཏེ་ལས་ལ་བསྐུལ། བསྟན་པ་བསྲུང་བར་བཀའ་བསྒོ་བ་རྣམས་བྱེད་པ་ལ་སྐྱོན་དུ་བལྟ་ན་ནི། སྔགས་གསར་རྙིང་གཉིས་ཀྱི་རྒྱུད་སྡེ་མཐའ་ཡས་པ་ཅིག་དོར་བ་མིན་ལ་དེ་དག་མ་བཤད་པའི་དཀྱིལ་འཁོར་སྲིད་ཙམ་མོ། །གལ་ཏེ་བོད་འདྲེ་ཡིན་པས་དཀྱིལ་འཁོར་ལ་བཀོད་དུ་མི་རུང་ན་ནི། རྒྱ་འདྲེ་ཡང་བཀོད་དུ་མི་རུང་དགོས་ཏེ། སྲིད་གསུམ་ཁྱབ་པའི་ལྷ་འདྲེ་ལ་རྒྱ་བོད་ཁྱད་མེད་པའི་ཕྱིར་རོ། །བདེ་མཆོག་རྩ་རྒྱུད་དུ། ཐམས་ཅད་བླ་མའི་གནས་ལ་སོགས། །མཁའ་འགྲོ་མས་ནི་ཐམས་ཅད་ཁྱབ། །ཅེས་པས། རླུང་གི་དཀྱིལ་འཁོར་ཚངས་པའི་འཇིག་རྟེན་མན་ཆད་དང༌། ཁྱད་པར་འཛམ་བུ་གླིང་གི་རྒྱ་གར། རྒྱ་ནག ། ལི་ཡུལ། བལ་ཡུལ། ཨོ་རྒྱན། ཏ་ཟིག་བོད་ལ་སོགས་པ་ཐམས་ཅད་དུ་མཁའ་འགྲོ་མ་དང༌། ལྷ་འདྲེས་ཁྱབ་པར་བཤད་པས། ཁྱོད་རང་ལྟར་ན་ནི། བདེ་མཆོག་གི་དཀྱིལ་འཁོར་སྒོམ་པའི་ཚེ་ན། ཧི་མ་ལ་ཡར་ཁ་བའི་རི་ཏི་སེར་གནས་པའི་དཔའ་བོ་མིག་མི་བཟང་དང༌། མཁའ་འགྲོ་མ་བྱ་གདོང་མ་ལ་སོགས་ཀྱང་བསྒོམ་པ་དང་བཀོད་དུ་མི་རུང་དགོས་ཏེ། བོད་དུ་


JLAZ006_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཕྱིར་རོ། །བོད་འདྲེ་བཀོད་དུ་མི་རུང་ན། སྦྱོང་རྒྱུད་ཀྱི་འདྲེ་དྲུག་དང༌། ཁྱིམ་དང༌། རི་དང༌། གོང་དང༌། དུར་ཁྲོད་དང༌། ནགས་ཚལ་དང༌། འབྱུང་བ་བཞིའི་ལྷ་རྣམས་ཀྱང༌། རྒྱ་གར་གྱི་རི་ཁྱིམ་གྲོང་ལ་གནས་པའི་ལྷ་འདྲེ་རྣམས་མིན་པ་བོད་དུ་གནས་པའི་རི་ཁྱིམ་ལ་གནས་པ་རྣམས་ནི་མི་རུང་བའི་སྒྲུབ་བྱེད་བསྟན་དགོས་སོ། །གཞན་ཡང་བོད་ཀྱི་ཚེ་རིང་མ་དཔོན་གཡོག་དང༌། བསྟན་མ་བཅུ་གཉིས་ལ་སོགས་པ་ཐམས་ཅད་ཀྱང་བོད་དུ་གནས་ཀྱང༌། རྒྱ་གར་དང་ཨོ་རྒྱན་ལ་སོགས་པ་ཐམས་ཅད་དུ་ཁྱབ་པར་རྒྱུ་ཞིང་ཕན་ཚུན་དུ་ཚོགས་འཁོར་བགྲོད་པ་ལ་སོགས་མང་དུ་བཤད་པ་རྒྱ་གར་གྱི་ལྷ་འདྲེ་དཀྱིལ་འཁོར་ལ་བསྒྲིག་ཏུ་རུང་ཞིང༌། བོད་འདྲེ་མི་རུང་བའི་ཤེས་བྱེད་ཅི་ཡང་མེད་དོ། །དེ་ཡང་འཇིག་རྟེན་གྱི་ལྷ་འདྲེ་རྣམས་སྔོན་སངས་རྒྱས་ཀྱིས་དམ་ལ་བཞག་ནས་སྲུང་མར་ཁས་བླངས་པ་དང༌། ཁ་ཅིག་ནི་པདྨ་འབྱུང་གནས་ལ་སོགས་པས་དམ་ལ་བཏགས་ནས་སྲོག་སྙིང་ཕུལ་བས་དམ་ཚིག་བྱིན། དབང་བསྐུར་ནས་སྤངས་རྟོགས་ཀྱི་ཡོན་ཏན་མང་པོ་རྫོགས་ཀྱང་ཆ་ལུགས་དེ་ཉིད་ཀྱིས་བསྟན་པ་སྲུང་བར་མཛད་ཅིང་དཀྱིལ་འཁོར་ལ་བཞག་ནས་སྲུང་མར་བཀའ་བསྒོས་གཉེར་ཏེ། ལས་སྒྲུབ་ཅིང་འཁོར་དུ་གནས་པ་ལ་སྐྱོན་མེད་དོ། །སྤྱིར་ཡང་གདུལ་བྱའི་སྣང་བ་ལ་དཀྱིལ་འཁོར་གྱི་གཙོ་བོ་འཇིག་


JLAZ006_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལས་འདས་པ་དང༌། འཁོར་འཇིག་རྟེན་པའི་ལྷ་འདྲེའི་ཆ་ལུགས་སུ་སྣང་བའི་ཚུལ་སྟོན་པ་ལ་སྐྱོན་དུ་བལྟ་ན། རྒྱུད་དང་སྒྲུབ་དཀྱིལ་མཐའ་ཡས་པ་ཅིག་དོར་དགོས་པར་འགྱུར་རོ། །གཞན་ཡང་བོད་འདྲེ་དཀྱིལ་འཁོར་དུ་བཞག་པ་ལ་སྐྱོན་དུ་བྱེད་ན། རྒྱུད་སྡེ་རྣམས་ནས་རྒྱ་བོད་ལ་སོགས་ཡུལ་སོ་སོའི་མི་མ་ཡིན་དང༌། འཇིག་རྟེན་པའི་ལྷ་འདྲེ་རྣམས་ཀྱི་མིང༌། རྡོ་རྗེ་གསུམ་དང་སྭཱ་ཧཱ་ལ་སོགས་པའི་བར་དུ་གཏེམ་ནས་བྱིན་གྱིས་བརླབས་ཏེ། འཇིག་རྟེན་གྱི་དངོས་གྲུབ་སྟེར་བ་སོགས་བཤད་པ་རྣམས་ལའང༌། བོད་ཀྱི་ཡུལ་དུ་གནས་པའི་ལྷ་འདྲེ་རྣམས་ཀྱི་མིང་སྤེལ་ནས་ལས་སྒྲུབ་པ་སོགས་ཀྱང་མི་འཐད་དམ། དེ་མི་འཐད་ན་དུས་འཁོར་རྒྱུད་འགྲེལ་སོགས་རྣམས་ཀྱང་ལོག་པར་འགྱུར་རོ། །དེས་ན་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་ལྷ་ཚོགས་ཀྱང༌། གདུལ་བྱ་ལྷ་འདྲེ་དེ་དང་མིང་དང༌། གཟུགས། ཆ་ལུགས་མཐུན་པར་བསྟན་པ་རྣམས་ལ་འགལ་བར་བཟུང་བ་ནི་གཏོལ་མེད་ཀྱི་ཚིག་ཡང་དག་པའོ། །སངས་རྒྱས་ཀྱི་གཟུགས་སྐུ་སྒྱུ་འཕྲུལ་རོལ་པའི་རྣམ་འཕྲུལ་མིག་འཕྲུལ་ལྟ་བུ་གང་ལ་གང་འདུལ་དུ་བསྟན་པ་ལ་སྐུར་པ་བཏབ་པ་ཁོ་ནའོ། །༢ གསང་སྔགས་བསྟན་པའི་སྣོད་མ་ཡིན་པའི་འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་མགོ་བྲེགས་ཤིང༌། གསང་བ་བསྟན་པ་


JLAZ006_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་སྒྲོགས་པས་ས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡང་མགོ་བྲེགས་ནས་དཔལ་ཆེན་པོའི་སྐུ་ལ་བརྒྱན་ཟེར་བ་སོགས་དོན་ལ་རྟོན་པའི་མཚན་ཉིད་མི་ཤེས་པ། ཚིག་གི་སྒྲ་ཙམ་སྒྲ་ཇི་བཞིན་པར་འཛིན་པའི་ངན་སྨྲས་བྱེད་ཅིང་བསྐྱེད་རིམ་གྱི་ཆོ་ག་ལོག་པ་མཐའ་ཡས་པ་འདུག །ཅེས་པ་ལ། འདི་རྣམས་ཕལ་ཆེར་རྒྱུད་འདིར་བཤད་ཀྱི་ངེས་པ་ཁུངས་དང་བཅས་པ་ཡང་མི་སྣང་བས། རྙིང་མའི་རྒྱུད་གཞུང་ཁུངས་མ་རྣམས་ནས་བཤད་པའི་ངེས་པ་མེད་ལ། གལ་ཏེ་འདི་འདྲའི་ཚིག་བྱུང་ཡང་བསྐྱེད་རིམ་ནོར་པར་ཇི་ལྟར་འགྱུར་ཏེ། རྒྱུད་ཐམས་ཅད་རྡོ་རྗེའི་ཚིག་གིས་སྦས་ཏེ་དགོངས་པ་ཅན་དུ་གསུངས་པ་དང༌། མདོ་བསྟན་བཅོས་ཕལ་ཆེར་ལྡེམ་པོར་དགོངས་ཏེ་གསུངས་པ་རྣམས་ལ་སྒྲ་ཇི་བཞིན་པར་བཟུང་ནས་ལོག་པར་སྒྲུབ་ན་ཀྱེ་རྡོ་རྗེ་ལས། དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང༌། །སྤྱན་ལ་སོགས་པ་ཡང་བསྲེག་སྟེ། །ཞེས་དང༌། དུས་འཁོར་རྩ་རྒྱུད་དུ་ཡང༌། སངས་རྒྱས་ལྷ་མོ་བཅུ་གསད་ནས། །ཞེས་དང༌། ཀྱེ་རྡོ་རྗེ་ལས། ཁྱོད་ཀྱིས་སྲོག་ཆགས་གསད་པར་གྱིས། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོངས། །རྫུན་གྱི་ཚིག་ཀྱང་སྨྲ་བར་གྱིས། །ཕ་རོལ་བུད་མེད་བསྟེན་པར་གྱིས། །ཞེས་དང༌། རྡོ་རྗེ་གུར་ལས། རྡོ་རྗེ་སེམས་དཔའ་ཞེ་སྡང་ཆེ། །ཐུབ་པ་རྣམ་པར་སྣང་མཛད་རྨོངས། །འདོད་


JLAZ006_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞེན་པ་འཇིག་རྟེན་བདག །སེར་སྣ་རྡོ་རྗེ་སྣང་བྱེད་དོ། །ཡོད་ཡོད་སྐྱོན་ནི་ཐམས་ཅད་བྱེད། །འདྲེན་པ་ལྔ་ནི་སྐྱོན་ལྡན་ནོ། །ཞེས་སངས་རྒྱས་རིགས་ལྔ་ནི་ཉོན་མོངས་པ་དུག་ལྔའི་སྐྱོན་དང་ལྡན་པར་བཤད་པ་དང༌། སངས་རྒྱས་དངོས་གྲུབ་འདོད་པ་ཡིས། །སྟོབས་ཀྱིས་སངས་རྒྱས་ཕུར་བུས་གདབ། །ཅེས་དང༌། གལ་ཏེ་དངོས་གྲུབ་མི་སྟེར་ན། །རྡོ་རྗེ་སེམས་དཔའ་གསད་པར་བྱ། །ཞེས་དང༌། ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ལས། སྲོག་གཅོད་པ་ཡི་མཆོད་སྦྱིན་ནི། །འབད་པས་དེ་རུ་དབུལ་བར་བྱ། །ཞེས་དང༌། སྲོག་གཅོད་པ་ཡི་མཆོད་སྦྱིན་ནི། །མཆོག་གི་མཆོག་ནི་ཡང་དག་རྙེད། །ཅེས་དང༌། མཐར་ཕྱག་རྒྱ་ཆེན་པོའི་རང་བཞིན་བཤད་པ་ཐོས་ནས་འཁོར་མཁའ་འགྲོ་རྣམས་ཀྱིས་བསྐོར་བ་དང་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་ཁྲག་དྲོན་མོས་མཆོད། ཅེས་སོགས་དང༌། རྒྱུད་གསང་བ་འདུས་པ་ལས། སྲོག་གཅོད་པ་ཡི་སེམས་ཅན་གང༌། །རྫུན་དུ་སྨྲ་ལ་དགའ་བ་དང༌། །གཞན་གྱི་ནོར་ལ་ཆགས་པ་དང༌། །རྟག་ཏུ་འདོད་པ་སྤྱོད་པ་གང༌། །བཤང་ལྕི་ཟས་སུ་ཟ་བ་སྟེ། །དེ་དག་སྒྲུབ་པའི་སྣོད་དུ་འགྱུར། །ཅེས་དང༌། མ་དང་སྲིང་མོ་བུ་མོ་ལ། །འདོད་པ་བས་ནི་མཉེས་བྱས་ན། །ཐེག་ཆེན་མཆོག་གི་ཆོས་ཉིད་ཀྱི། །དངོས་གྲུབ་རྒྱ་


JLAZ006_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དེས་ཐོབ་བོ། །ཞེས་དང༌། དེ་བཞིན་གཤེགས་པའི་ཚོགས་གསད་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །དེ་བཞིན་གཤེགས་དང་བདག་གི་ལུས། །བླ་མ་བཤང་དང་ལྕི་བས་མཆོད། །ཅེས་དང༌། འདི་ནི་གསུངས་མ་ཐག་ཏུ་ཡང༌། །སངས་རྒྱས་གྲགས་པ་ཆེན་པོ་ཀུན། །བརྒྱལ་ཞིང་རབ་ཏུ་འཇིགས་གྱུར་ནས། །རྡོ་རྗེའི་སྐུ་ནི་རྗེས་སུ་དྲན། །སྔགས་རྣམས་ཀྱིས་ནི་སྦྱོར་བ་དང༌། །རྡོ་རྗེ་བསྐྲད་པའི་ལས་རྣམས་ལ། །སངས་རྒྱས་ཉིད་ཀྱི་གསུང་དག་ཀྱང༌། །ཚུལ་གཞན་བྱས་ན་བསྐྲོད་པར་འགྱུར། །ཅེས་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སྐྱེ་བོ་གདུག་པ་གཞན་དག་ཀྱང༌། །སྔགས་འདིས་སྐྲག་པར་བྱས་ནས་ནི། །འཆི་བར་འགྱུར་བའང་གདོན་མི་ཟ། །ཞེས་དང༌། དུས་འཁོར་ལས། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱས་ཏེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་རིགས་ལ་གཞན་ནོར་འཕྲོག་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་ཕྲོགས། ཞེས་སོགས་ཤིན་ཏུ་མང་བ་དག་རྒྱུད་རྣམས་སུ་རྡོ་རྗེའི་ཚིག་གིས་སྦས་ཏེ་བསྟན་པ་རྣམས་དང༌། མདོ་རྣམས་སུ་ཡང༌། ཕ་དང་མ་གཉིས་གསད་བྱ་ཞིང༌། །རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ན། །མི་དེ་དག་པར་འགྱུར་བ་ཡིན། །ཞེས་པ་ལ་སོགས་ཤིན་ཏུ་


JLAZ006_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

མང་བས། ཚིག་དེ་དག་འབྱུང་བའི་རྒྱུད་གཞུང་རྣམས་དང་དེ་དག་ནས་བཤད་པའི་བསྐྱེད་རྫོགས་ཀྱི་ཆོ་ག་རྣམས་ལོག་པར་མི་འགྱུར་རོ། །༢ སོ་སྐྱེ་ལ་འདི་ལྟར་སྣང་བའི་རི་རྭ་བ་ཁྱིམ་ལ་སོགས་པ་ལས་ཀྱི་འཁྲུལ་སྣང་འདི་ཐམས་ཅད་ཆོས་ཉིད་ཆོས་དབྱིངས་དོན་དམ་པའི་བདེན་པ། སངས་རྒྱས་ཀྱི་ཡེ་ཤེས་མཐར་ཐུག་པ་དེ་ཉིད་འདི་ལྟར་སྣང་བ་ཡིན་ཟེར་བ་ལ་སོགས་པ་ལྟ་བའི་ནོར་བ་དང༌། ཞེས་པ་ལ། སྤྱིར་རྫོགས་པ་ཆེན་པོ་ལ་ཡང་སྡེ་གསུམ་སྐོར་བཞི་ལ་སོགས་པའི་རྣམ་གྲངས་མཐའ་ཡས་པ་ཞིག་ཡོད་པ་ལས་གསང་བ་མན་ངག་གི་སྡེ། ཡང་གསང་བླ་མེད་ཀྱི་སྐོར། བི་མ་སྙིང་ཐིག །མཁའ་འགྲོ་སྙིང་ཏིག །སངས་རྒྱས་མཉམ་སྦྱོར་སོགས་རྣམས་ནས་ནི། ཆོས་སྐད་འདི་ལྟ་བུ་རི་བོང་གི་རྭ་འདྲ་ཞིང༌། གཞི་ལྟ་བ་ཀ་དག་དང་ལྷུན་གྲུབ་ཀྱིས་གཤིས་ཀྱི་གནས་ལུགས་གཏན་ལ་དབབ། ལམ་སྒོམ་པ་ཁྲེག་ཆོད་དང་ཐོད་རྒལ་གྱིས་ཉམས་སུ་བླང་པས། མ་དག་པ་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དག་ནས་དྭངས་མ་ཡེ་ཤེས་ཀྱི་སྐུའི་རང་བཞིན་འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་གཉིས་ཟུང་འཇུག་མངོན་དུ་མཛད་ནས། དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ལ་གཞོལ་བ་སོགས་ཤིན་ཏུ་མང་ཡང༌། གསང་བ་བས་ཀྱང་གསང་ཆེན་གྱི་མན་ངག་ཡིན་


JLAZ006_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

པས་གསང་སྒྲོགས་སུ་འགྲོ་བས་ཞིབ་ཏུ་མ་སྤྲོས་སོ། །ཕྱི་སེམས་སྡེ་སྣང་བ་སེམས་སུ་སྟོན་པའི་སྐོར་རྣམས་སུ་གལ་ཏེ་དེ་ལྟར་ཡོད་ན་ཡང་ནོར་བའི་ཁྱབ་པ་མེད་དེ། དེ་ལྟ་བུ་བྱུང་བས་ལྟ་བ་ནོར་ན་རྒྱ་བོད་ཀྱི་ཕྱག་ཆེན་པ་མང་པོ་དང༌། ཤངས་པ་བཀའ་བརྒྱུད། དྭགས་པོ་བཀའ་བརྒྱུད་པ། ཞི་བྱེད་པ་སོགས་ཐམས་ཅད་ཀྱིས་འདི་ལྟར་བཞེད་ཅིང་ཆོས་རྗེ་ཡང་དགོན་པས། འདི་ཀ་སྣང་བ་འདི་ཉིད་སོ་མ་ཉམས། མདོག་མ་བསྒྱུར་བ་འདི་ཀ་ཆོས་ཉིད་ཆོས་ཀྱི་སྐུའི་རོལ་པ་ཡེ་ཤེས་ཀྱི་སྣང་བ། ཞེས་དང༌། འཁྲུལ་ལུགས་ཕྱག་རྒྱ་ཆེན་པོ་ཞེས་གསུངས་ཤིང༌། འཁྲུལ་ལུགས་ཕྱག་རྒྱ་ཆེན་པོ་འདི་ཉིད་རྟོགས་པས་འཁོར་བ་ལ་ཁྱུར་མིད་བརྒྱབ། སངས་རྒྱས་ལ་ཉིང་འགུགས་བྱས། ཞེས་སོགས་མང་དུ་གསུངས་པ་དང༌། ས་སྐྱ་པའི་འཁོར་འདས་དབྱེར་མེད་ཀྱི་ཁྲིད་དང༌། སྦྱོར་དྲུག་པ་ཡང་འགྲོ་བའི་བླ་མ་གོང་མ་རྣམས་ཀྱིས་ཀྱང་ཕྱི་སྣང་བ་སྣ་ཚོགས་དམིགས་པ་དང་བཅས་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་སོགས་མང་དུ་གསུངས་པ་དང༌། གཞན་ཡང་སེམས་ཅན་གྱི་ལས་སྣང་སྣ་ཚོགས་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཞེས་སོགས་དང༌། དེར་མ་ཟད་རྒྱུད་དུ་ཡང༌། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །


JLAZ006_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་འདས་པ་རྟོགས་མི་འགྱུར། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམ་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན་འདས། །ཞེས་པ་དང༌། དབུས་མཐར། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་དང༌། ཤ་ཝ་རིས་ཀྱང༌། གང་གཱ་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། །བ་ཚ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར། །བཏགས་པའི་སེམས་དང་སེམས་བྱུང་སྣ་ཚོགས་ཀུན། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་བྱོས། །ཞེས་དང༌། གཞན་ཡང་སེམས་སྣང་གཅིག་པུ་འདི་ཉིད་རིགས་དྲུག་གི་སེམས་ཅན་རྣམས་ལ་འཁྲུལ་པའི་སྣང་བ་སོ་སོའི་ལས་སྣང་སྣ་ཚོགས་སུ་མཐོང༌། རྣལ་འབྱོར་པ་རྣམས་ཀྱིས་ཉམས་ཀྱི་སྣང་བ་སྒྱུ་མའི་རྣམ་པ་ལྟ་བུར་གཟིགས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དག་པ་ཡེ་ཤེས་ཀྱི་སྣང་བ་འབའ་ཞིག་ཏུ་གཟིགས་པར་བཤད་ཅིང་ཐམས་ཅད་ཆོས་ཀྱི་དབྱིངས་ལས་མ་འདས་པར་བཤད་པས། བཤད་སྒྲུབ་ཀྱི་བརྒྱུད་པ་དེ་རྣམས་དང་གཞུང་དང་གདམས་པ་དེ་རྣམས་ཀྱི་ལུགས་ཀྱི་ལྟ་བ་ཡང་ནོར་བར་མཛད་པ་ནི་ངོ་མཚར་ཆེའོ། །༢ སེམས་གློ་བའི་ནང་ན་གནས་ཤིང་རིག་པ་སྙིང་དང་ཀླད་པའི་ནང་ན། སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་གྱི་ལྷའི་གཟུགས་


JLAZ006_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གནས་པར་འདོད་པ་ལ་སོགས་པ་གཞིའི་ནོར་བ་ཡིན། ཞེས་པ་ལ། སྤྱིར་ལུས་ཅན་ཐམས་ཅད། སྒོས་རྡོ་རྗེ་ཐེག་པའི་རྟེན་དལ་འབྱོར་གྱི་ལུས་སྐྱོན་མེད་མཚན་ཉིད་དང་ལྡན་པ་ཐོབ་པ་ཐམས་ཅད་ལ་དངོས་པོ་གཤིས་ཀྱི་གནས་ལུགས། གཉུག་མ་སེམས་ཀྱི་རང་གདངས། བདེ་གཤེགས་སྙིང་པོའམ། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དེ་ཉིད་གདོད་མ་ནས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི་རང་བཞིན་ལུས་ལ་གནས་པར་འདོད་པ་དེ་གཞིའི་ནོར་བ་ཡིན་ན། དུས་གསང་བདེ་དགྱེས་ལ་སོགས་པའི་རྒྱུད་སྡེ་ནས་བཤད་པའི་གཉུག་མའི་ལྷ་སྔགས་ཐམས་ཅད་དང༌། ཁྱད་པར་དུ་འཁོར་ལོ་སྡོམ་པར་གདོད་མ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་ལུས་ཀྱི་དཀྱིལ་འཁོར་ཕུང་ཁམས་སྐྱེ་མཆེད་རྩ་ཐིག་རླུང་གསུམ་ལྷའི་རང་བཞིན་ཅན་དུ་གདོད་མ་ནས་གྲུབ་པར་བཤད་པ་ཐམས་ཅད་དང༌། བརྟག་གཉིས་ལས། རྟོག་པ་ཐམས་ཅད་རྣམ་པར་སྤངས། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །དངོས་པོ་ཀུན་ལ་ཁྱབ་པའོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་དང༌། དུས་འཁོར་ལས་ཀྱང༌། ལུས་ལས་མ་རྟོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་འགའ་ཡང་ཡོད་མ་ཡིན། །སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །


JLAZ006_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང༌། དྲི་མེད་འོད་ལས། འདིར་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་ནང་དུ་གནས་པ་ནི་ཡེ་ཤེས་སོ། །དེ་ཡང་གཞོམ་དུ་མེད་པའི་སྒྲ་སྟེ་ནཱ་དའི་མཚན་ཉིད་དོ། །ཞེས་དང༌། སཾ་བྷུ་ཊི་ལས། སྙིང་གའི་དབུས་གྱུར་པདྨ་ནི། །འདབ་མ་བརྒྱད་ནི་ལྟེ་བ་བཅས། །དེ་ཡི་དབུས་སུ་གྱུར་པའི་རྩ། །མར་མེ་ལྟ་བུའི་གཟུགས་ཅན་དེ། །ཆུ་ཤིང་མེ་ཏོག་ལྟ་བུའི་དབྱིབས། །ཁ་ནི་ཐུར་དུ་བལྟས་ནས་ཀྱང༌། །དེ་ཡི་དབུས་ན་དཔའ་བོ་ནི། །ཡུངས་དཀར་སྦོམ་པོ་ཚད་ཙམ་སྟེ། །ཧཱུྃ་གིས་ས་བོན་མི་ཤིགས་པ། །ཁ་བ་ལྟ་བུར་འཛག་པ་ཡིན། །བྷ་བན་ཏ་ཞེས་བཤད་པ་སྟེ། །ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། །ཅེས་དང༌། ཤིན་ཏུ་མཛེས་པའི་རྩ་ལ་ནི། །བྱུང་བ་རྡུལ་བྲལ་ཞེས་བྱར་གྲགས། །དྲི་མེད་ཤེལ་དང་མཚུངས་པའི་འོད། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཡུངས་དཀར་སྦོམ་པོའི་ཚད་ཙམ་དང༌། །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་རང་བཞིན་ཅན། །ཆ་མེད་མཆོག་ཏུ་ཕྲ་བ་སྟེ། །ཐིག་ལེའི་གཟུགས་ཅན་ཡིད་ཀྱི་དངོས། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །རྟག་ཏུ་སྙིང་གི་དབུས་ན་གནས། །ཞེས་དང༌། རྒྱུད་རྣམས་ཀུན་གྱི་རྩ་བ་སྟེ། །གྲུ་གསུམ་ཤིན་ཏུ་ཡངས་པའི་གཟུགས། །སེམས་ཅན་ཀུན་གྱི་ཐུན་


JLAZ006_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

མོང་བ། །ལྷ་མིན་ལྷར་བཅས་ཚངས་སོགས་ཀྱི། །གནས་སུ་དེ་ནི་གྱུར་པ་སྟེ། །ཀུན་རྫོབ་ཚུལ་དུ་རང་བཞིན་གྱིས། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །དེ་ཉིད་ཡུལ་ལས་འདས་པ་སྟེ། །སྲོག་ཆགས་ཀུན་གྱི་སྙིང་ལ་གནས། །ཞེས་དང༌། གཉིས་མེད་རྣམ་རྒྱལ་ལས། སེམས་ཅན་ཀུན་གྱི་སྙིང་ལ་ནི། །ཐུགས་ཀྱི་གསང་བ་སྙིང་པོ་བཞུགས། །དེ་ཉིད་སྙིང་པོ་གསུམ་ལྡན་པ། །བདེ་གཤེགས་སྙིང་པོ་འཇུག་པ་ཉིད། །ཅེས་སོགས་རྒྱུད་སྡེ་རྣམས་ལ་ཤིན་ཏུ་མང་ཞིང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོར་ཡང༌། དེ་བཞིན་གཤེགས་པའི་སྤྱན་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་ཇི་བཞིན་མི་གཡོ་བར་བཞུགས་སོ། །ཞེས་སོགས། མདོ་རྣམས་སུ་ཡང་མང་ཞིང༌། རྒྱུད་བླ་མ་ལས་ཀྱང༌། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལས། །སྤུན་པ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལས་གསེར་དང་མྱུག་སོགས་འབྲས་ཆུ་དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། །ས་ནང་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སོགས་དང༌། དྭགས་པོ་བཀའ་བརྒྱུད་པའི་མན་ངག་ཀུན་ཏུ་ཡང༌། ལྟ་སྟངས་ཀྱིས་རིག་པ་གཅུན་པའི་དགོས་པ་ནི།


JLAZ006_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་གནད་རླུང་ལ་ཡོད། རླུང་གི་གནད་རྩ་ལ་ཡོད། རྩའི་གནད་མིག་ལ་ཡོད་དེ། མིག་བཙུམ་ན་གློ་སྲོལ་གཉིས་ཀྱི་བར་དུ་བསུབ་ནས་འགྲོ། མིག་ཕྱེ་ཙ་ན་གློ་སྲོལ་གཉིས་ཀྱི་བར་དུ་སྙིང་ཡོད་པ་ཡང་རྗེན་འགྲོ་ལ། རྩ་བྷ་བན་ཏ་ཡང་གྱེན་ལ་ལྟ་ཞིང་ཁ་བྱེ་ནས་ཤེས་པ་གསལ་ལ་རྟོག་པ་མེད་པའི་གཉུག་མ་ཅིག་འོང་བ་ཡིན་ཏེ། དེས་ན་ལྟ་སྟངས་གལ་ཆེ་གསུངས་པའི་དོན་ཡང་གནད་འདི་ལྟ་བུ་ཡོད་པའི་དོན་གྱིས་གསུངས་པས་ན། གཞི་ལ་དེ་ལྟར་མི་གནས་པར་འདོད་པ་རྣམས་ཀྱིས་ནི་གཞི་དངོས་པོའི་གནས་ལུགས་བླ་མེད་རྡོ་རྗེ་ཐེག་པའི་དོན་ལ་རྒྱབ་ཀྱིས་ཕྱོགས་པའི་རྟགས་ཡིན་ནོ། །༢ བསྐལ་པ་གསུམ་དང་མི་ཚེ་བདུན། །ཟླ་དྲུག་ལོ་གཅིག་ཟླ་དྲུག་བཅུ། །རྩོལ་བར་བྱེད་པའི་ཐེག་པ་ཅན། །བྱར་མེད་ངོ་བོ་འདི་བསྟན་པས། །མི་རྩོལ་ལྷུན་གྲུབ་བདེ་ལ་གནས། །ཞེས་མདོ་སྔགས་གཉིས་ཀའི་ལམ་ཐམས་ཅད་ཁྱད་དུ་བསད་ནས་རྫོགས་པ་ཆེན་པོ་ཐོབ་པ་ཙམ་འཚང་རྒྱ་ཟེར་བ་དང༌། ཞེས་པ་ལ། སྤྱིར་ཆོས་ཐམས་ཅད་ཀྱི་རང་གཞུང་ལ་ཆེ་བའི་ཡོན་ཏན་བརྗོད་པ་ལུགས་ཡིན་ཞིང༌། ཞི་བ་ལྷས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་ཤིང་དམ་པ་སངས་རྒྱས་ཀྱི་ཞི་བྱེད་དང༌། ཕྱི་མར་ཡང༌། མཚན་


JLAZ006_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཐེག་པ་དང༌། སྔགས་ཀྱི་ལམ་ཐམས་ཅད་ཀྱི་གོང་མ་ཕྱག་ཆེན་ནམ། རྫོགས་པ་ཆེན་པོ་ཡིན་པར་བཤད་པ་དང༌། རྗེ་བཙུན་ཆེན་པོ་ཏེ་ལོ་པས། བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང༌། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྟོགས། །བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །རང་སེམས་རྩད་ཆོད་རིག་ལ་གཅེར་བུར་ཞོག །རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ཆུག །སྣང་བ་དགག་སྒྲུབ་མ་བྱེད་རང་སར་ཞོག །སྤང་བླང་མེད་ན་ཕྱག་རྒྱ་ཆེན་པོར་གྲོལ། །ཅེས་དང༌། འདུལ་བའི་སྡེ་སྣོད་ལ་སོགས་ཆོས་རྣམས་དང༌། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། །རྟོག་པའི་སྲུང་སྡོམ་དམ་ཚིག་དོན་ལ་ཉམས། །ཞེས་དང༌། ཞང་རིན་པོ་ཆེས། ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །ས་ལམ་བརྩི་བ་རྨོངས་པ་འཁྲུལ། །ཞེས་གསུངས་པ་རྣམས་ཀྱིས་ཀྱང་མདོ་སྔགས་ཀྱི་ལམ་ཐམས་ཅད་ཁྱད་དུ་གསད་པར་འགྱུར་ཞིང༌། ཐོས་པ་ཙམ་གྱིས་གྲོལ་བ་དང་འཚང་རྒྱ་བ་འགོག་ན། སྔོན་སངས་རྒྱས་ཀྱི་དུས། འཁོར་མཐའ་ཡས་པ་མང་པོས་ཆོས་ཚིག་རེ་ཐོས་པ་ཙམ་གྱིས་བདག་མེད་རྟོགས་པ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང༌། བདེན་པ་མཐོང་


JLAZ006_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བ་ལ་སོགས་ཤིན་ཏུ་མང་ཞིང༌། རྒྱ་གར་དུ་ཡང་བྲམ་ཟེ་ཆེན་པོ་ཡབ་སྲས། ཤ་བ་རི། རྒྱལ་བུ་ས་ཀ་ར་སོགས་མང་པོ་དང༌། བོད་དུ་ཡང་དཔལ་ཕག་མོ་གྲུ་བ། གླིང་རས། ཞང་རིན་པོ་ཆེ། སོ་ཆུང་བ་སོགས་ཅིག་ཆར་བའི་གང་ཟག་མང་པོ་གདམས་པ་ཚིག་རེ་ཐོས་པ་ཙམ་གྱིས་རྟོགས་གྲོལ་དུས་གཅིག་ཏུ་གྱུར་པ་ཀུན་གྱིས་མདོ་སྔགས་ཀྱི་ལམ་ཁྱད་དུ་བསད་ནས་ལམ་ལོག་པའི་གྲུབ་ཐོབ་ཏུ་འགྱུར་རོ། །༢ ཡི་གེ་དང་འཁོར་ལོ་བཏགས་པས་སྐྱེ་བ་འདིའམ་བར་དོ་ཚུན་ཆད་དུ་གྲོལ་ཟེར་བ་དང༌། ཞེས་པ་ལ། ཡི་གེ་དང་འཁོར་ལོ་གཟུངས་སྔགས་བཏགས་པས་གྲོལ་བ་ཐོབ་པ་རྣམས་འགོག་ན་གསུང་རབ་མདོ་སྔགས་ཕལ་ཆེར་ལས་དེ་ལྟར་བཤད་པས། དེ་དག་ཐམས་ཅད་དགག་དགོས་ཏེ། ཀྱེ་རྡོར་དང་སམྦུ་ཊི་ལས། གླེགས་བམ་སོར་ནི་བཅུ་གཉིས་པ། །གྲོ་གར་དམ་ཚིག་ཅན་གྱིས་བྲིས། །བྲིས་སྐུ་དང་ནི་གླེགས་བམ་དག །གལ་ཏེ་སྐལ་མེད་མཐོང་བ་ན། །སྐྱེ་བ་འདིར་ནི་དངོས་གྲུབ་མེད། །ཅེས་དང༌། གླེགས་བམ་ལམ་གྱི་སྤྱོད་ཡུལ་དུ། །སྐྲ་དང་མཆན་ཁུང་ཉིད་དུ་སྦ། །ཞེས་དང༌། སྤྱོད་རྒྱུད་ལས། ལྷའི་དབང་པོ་དེ་བཞིན་གཤེགས་པ་ངན་


JLAZ006_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

སོང་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་གསང་བའི་སྙིང་པོ་འདི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་གང་ཡང་རུང་བས་མིང་ཙམ་ཡང་ཉན་དེ་བཅང་བདེ་མཆོག་རྩ་རྒྱུད་ཀྱི་ཕན་ཡོན། གསང་འདུས་རྒྱུད་ཕྱི་མ།ངམ། བཀླག་གམ། བྲིས་ནས་ཀྱང་མགོ་བོའི་གཙུག་གམ། དཔུང་པའམ། མགུལ་དུ་བཏགས་ན་ཚེ་འདི་ཉིད་ལ་དུས་མ་ཡིན་པར་འཆི་བ་བརྒྱད་དམ། དུས་མ་ཡིན་པར་འཆི་བ་དང་འབྲེལ་བའི་རྨི་ལམ་གྱི་རྣམ་པའམ། ངན་སོང་དང་འབྲེལ་བའི་མཚན་མ་དེ་དག་རྨི་ལམ་དུ་ཡང་མི་འབྱུང་ངོ༌། །ཞེས་སོགས་མང་པོ་དང༌། ངན་འགྲོ་ཐམས་ཅད་སྦྱོང་བའི་གཙུག་ཏོར་རྣམ་རྒྱལ་ལས། ལྷའི་དབང་པོ་དགེ་སློང་ཕོ་མོའམ། དགེ་བསྙེན་ཕོ་མོའམ། དེ་ལས་གཞན་པ་གང་ལ་ལས། གཟུངས་འདི་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་བཞག་པ་མཐོང་ངམ། དེ་དང་ཉེ་བར་གནས་པར་གྱུར་པ། ཐ་ན་དེའི་གྲིབ་མས་ཕོག་གམ། དེའི་རྡུལ་རླུང་གིས་ཁྱེར་བས་འཕོག་ན་ཡང༌། ལྷའི་དབང་པོ་སེམས་ཅན་དེ་དག་ལ་སྡིག་པ་ཐམས་ཅད་དང་ངན་འགྲོར་འགྲོ་བའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ༌། །སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། གཤིན་རྗེའི་འཇིག་རྟེན་དང༌། ཡི་དྭགས་དང༌། ལྷ་མ་ཡིན་གྱི་རིགས་ཐམས་ཅད་དུ་མི་སྐྱེ་བར་རིག་པར་བྱའོ། །ལྷའི་དབང་པོ་སེམས་ཅན་དེ་དག་ནི། དེ་བཞིན་


JLAZ006_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་ཅིང་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་དང༌། སོ་སོ་འབྲང་མའི་མདོ་ལས། བྲམ་ཟེ་ཆེན་པོ་གང་ལ་ལ་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་མ་འདི། ཆོ་ག་བཞིན་དུ་བྲིས་ཏེ་ལག་པའམ། མགུལ་དུ་བཏགས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་རིག་པར་བྱའོ། །རྡོ་རྗེའི་ལུས་ཡིན་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཡིན་པར་རིག་པར་བྱའོ། །རྡོ་རྗེའི་ལུས་སུ་རིག་པར་བྱའོ། །དེ་འབར་བའི་འོད་འཕྲོ་བའི་ལུས་དང་ལྡན་པ་དང༌། དེ་མི་ཤིགས་པའི་གོ་ཆ་ཅན་དང༌། དེ་དགྲ་ཐམས་ཅད་རབ་ཏུ་འཇོམས་པ་དང༌། དེ་སྡིག་པ་དང་སྒྲིབ་པ་ཐམས་ཅད་འཇོམས་པར་རིག་པར་བྱའོ། །དེ་སེམས་ཅན་དམྱལ་བའི་འགྲོ་བ་རྣམ་པར་སྦྱོང་བར་རིག་པར་བྱའོ། །ཞེས་སོགས་དང༌། གཞན་ཡང་ཕན་ཡོན་གཏམ་རྒྱུད་དང་བཅས་པ་ཆེས་མང་བ་སྣང་བས། མདོ་རྒྱུད་དེ་རྣམས་ཀྱང་དོར་དགོས་པར་སྣང་ཞིང༌། ཇོ་བོ་རྗེ་ནས།


JLAZ006_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

རྔོག་ལེགས་ཤིས། བློ་ལྡན་ཤེས་རབ་ ༢ གྲོང་ཁྱེར་སྒྲོལ་འཁོར་གྱི་ལུང༌། ནས། ཕྱ་བ་ཆོས་ཀྱི་སེང་གེ་སོགས་ཀྱི་དགེ་བའི་བཤེས་གཉེན་རྣམས་ལས་བརྒྱུད་དེ། གྲོང་ཁྱེར་སྒྲོལ་འཁོར་བྱ་བའི་གདམས་པ་གྲོང་ཁྱེར་གཅིག་ལ་འཁོར་ལོ་གཅིག་ཡོད་ན་དེ་ཐམས་ཅད་འཁོར་བ་ལས་བསྒྲལ་ནས་ཐར་པ་ཐོབ་པར་བཤད་པ་དེ་དག་ཀྱང་དོར་དགོས་སམ། དེ་ལ་སོགས་པ་ཆེས་མང་སྟེ་མཐའ་མེད། སྤྱིར་སངས་རྒྱས་ཐམས་ཅད་མཁྱེན་པ་གང་ཡང་མི་མཁྱེན་པ་མེད་པ་ཡིན་ན་ནི། ཡི་གེ་དང་འཁོར་ལོ་བཏགས་པས་གྲོལ་བ་ཡང་མཁྱེན་དགོས་ཤིང༌། གསང་སྔགས་ཐབས་མང་བ་དང༌། ཐབས་མཁས་པ་དང༌། ཐབས་ཚུལ་གྱི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ནའང་དེ་ལྟར་དགོས་སོ། །༢ ཉི་མ་དང་ཟླ་བ་དང་མར་མེ་ལ་མིག་ཟིམ་བུར་བལྟས་པས་མཐོང་སྣང་འབྱུང་བ་དང༌། མིག་མཐེབ་འཛུབ་ཀྱིས་བཙིར་བའི་འོད་དཀར་པོ་ལ་བལྟས་ན་ལོ་གསུམ་གྱི་འཁྲུལ་སྣང་འགག་པར་འདོད་པ་དང༌། ཞེས་པ་ལ། དེ་ལྟ་བུ་ཡོད་པ་རྣམས་སྒོམ་པའི་ནོར་བ་ཡིན་ན་སྤྱིར་དེ་ལྟ་བུ་ལ་མཐའ་ཡས་ཤིང༌། འདི་རྣམས་སྒོམ་ཏིང་ངེ་འཛིན་གྱི་ངོ་བོ་ནི་མ་ཡིན་མོད། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་དང༌། དེ་ཡང་མྱུར་དུ་སྐྱེ་བ་དང༌། བོགས་འདོན་གྱི་ཐབས་བྱེད་བཅིང་གི་སྦྱོར་བ་ལྟ་བུ་ཡིན་མོད། ཐབས་དེ་ལྟ་བུ་རྣམས་ཡོད་པས་ནོར་ན། སྦྱོར་དྲུག་སྒོམ་


JLAZ006_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་བསམ་གཏན་གྱི་ཁང་པ་སྒོ་ཁྱོགས་གསུམ་དང་ལྡན་པ། གསེང་སྐར་མེད་པ་དང༌། ལུས་གནད་ལྟ་སྟངས་དང་བྱེད་བཅིང༌། རྡོར་བཟླས། དགང་གཏོར། བུམ་པ་ཅན་སོགས་དང༌། ཀྱེ་རྡོ་རྗེ་ལས། ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལས། །རང་གི་གཡས་དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། །དེ་ལ་ཡེ་ཤེས་སྐྱེ་བར་འགྱུར། །དེ་ལ་ཅི་ཞིག་སྐྱེ་ཞེ་ན། །གཞོན་ནུའི་དགའ་བ་ཇི་ལྟའམ། །ལྐུགས་པའི་རྨི་ལམ་ཇི་ལྟའོ། །མཆོག་དགའི་དགའ་བ་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་སོགས། དྲག་རླུང་གི་སྦྱོར་བ་ལ་བརྟེན་ནས་ཉམས་མྱོང་སྐྱེ་བའི་ཐབས་དང༌། སྟོན་པའི་སྦྱོར་དྲུག་བཙན་ཐབས་ཀྱི་ཉམས་ཁྲིད་སྐོར་རྣམས་ཀྱང་འདི་ལྟ་བུའི་ཐབས་ཁོ་ན་ཡིན་པས་འདི་རྣམས་ཐམས་ཅད་ཀྱང་ནོར་བ་ཡིན་མི་ཟེར་རམ། གཞན་ཡང་སྣོད་ཆུས་བཀང་བ་ལ་ལྟ་སྟངས་ཡུན་རིང་དུ་བལྟས་ན་འོད་ཟེར་སྣ་ཚོགས་ཆུ་ནང་དུ་མཐོང་བ་དང༌། དེ་ནས་ནམ་མཁའ་ལ་བལྟས་ན་སྟོང་གཟུགས་གསལ་བའི་ཐབས་དང་མུན་ཁང་གི་རང་གི་ཐད་དུ་བུག་པ་ལྷུང་བཟེད་ལྟར་བྲུས་ནས་རྩི་ནག་པོས་བྱུག་པ་ལ་ཡུན་རིང་བལྟས་པས་སྟོང་གཟུགས་གསལ་བའི་ཐབས་དང་གཞན་ཡང་ཆོས་དྲུག་གཉིས། ལམ་འབྲས་ལམ་སྐོར་དགུ་


JLAZ006_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ། རིམ་ལྔ་གཉིས་ལ་སོགས་པའི་མན་ངག་ཐམས་ཅད་ནས་སྒོམ་མ་སྐྱེས་པ་བསྐྱེད། སྐྱེས་པ་བོགས་དབྱུང་བ་སོགས་ཀྱི་གདམས་པ། ལུས་གནད་འཁྲུལ་འཁོར་བྱེད་བཅིང་སོགས་ཐབས་དུ་མ་སྣ་ཚོགས་གསུང་པ་རྣམས་དང༌། ཐ་ན་འོག་སྒོ་འབྱེད་འཛུམ་གྱི་ཐབས་དང༌། སྦྱོར་བ་ལ་བརྟེན་ནས་གཏུམ་མོའི་བདེ་དྲོད་སྐྱེ་བ་སོགས་ཀྱི་ཐབས་དང༌། བུད་མེད་བསྟེན་ནས་ལམ་ཉམས་སུ་བླང་བའི་ཐབས་དུ་མ་སྟོན་པའི་རྒྱུད་གཞུང་མན་ངག་ཐམས་ཅད་དང༌། གཞན་ཡང༌། ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པའི་གཞུང་དེ་དག་ཐམས་ཅད་ཀྱང་དོར་དགོས་སོ། །༢ ཀུན་བྱེད་པ་རྣམས་ལུས་གནད་ལྟ་སྟངས་དང༌། སེམས་ནང་དུ་མཉམ་པར་འཇོག་པ་ཐམས་ཅད་བཀག་ནས་སྤྱོད་ལམ་ཐ་མལ་དུ་གནས་པས་སྣང་གྲག་ཆོས་ཉིད་དུ་ཤེས་པར་བྱས་ནས་གྲོལ་བ་ཡིན་ཟེར་བ་ལ་སོགས་པ་བསྒོམ་པའི་ནོར་བ་མཐའ་ཡས་པ་དང༌། ཞེས་པ་ལ། སྤྱིར་གནས་ལུགས་ཀྱི་རྟོག་པ་མཐར་ཐུག་པ་མངོན་དུ་གྱུར་ནས་ཡིད་བྱེད་ཐམས་ཅད་དང་བྲལ་བའི་ལྟ་བ། ཡིད་ལ་མི་བྱེད་པར་རང་གྲོལ་ཀློང་ཡངས་སུ་ལ་བཟླ་བ་ལ་དགོངས་པ་ཡིན་མོད། དེ་ལྟ་མིན་ན། ས་ར་ཧས། ཁ་ཅིག་དབང་བསྐུར་བ་ཡིས་ཡོངས་སུ་གདུང་བར་


JLAZ006_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །ཁ་ཅིག་ཧཱུྃ་ཕཊ་ཟེར་ཞིང་ཕྲེང་བ་ཡོངས་སུ་བགྲང༌། །ཁ་ཅིག་བཤང་གཅི་ཁུ་བ་ཁྲག་དང་ཤ་རྣམས་ཟ། །ཁ་ཅིག་རྩ་དང་རླུང་གི་རྣལ་འབྱོར་སྒོམ་དེ་ཡོངས་སུ་འཁྲུལ། །ཞེས་དང༌། མི་སྤང་མི་བསྒྲུབ་མི་ཞེན་མི་བསྐྱོད་མི་འགོག་པར། །རང་ལུས་ཅི་བདེར་སྤྱོད་པ་རབ་མཆོག་དམ་པའོ། །ཞེས་དང༌། ཤ་བ་རིས། རླུང་ནི་མི་བཟུང་ཡིད་ནི་མི་བཅིང་པར། །མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་ཞོག །ཅེས་དང༌། ཏིལླི་པས། ལུས་ཀྱི་བྱ་བ་ཡོངས་ཐོང་རྣལ་མར་ཞོག །ངག་གི་སྨྲ་བརྗོད་མ་མང་བྲག་ཆ་འདྲ། །ཡིད་ལ་མི་བསམ་ལ་ཟླའི་ཆོས་ལ་ལྟོས། །ཞེས་དང༌། གཞན་ཡང་བྲམ་ཟེ་ཆེན་པོའི་དོ་ཧ་སྐོར་གསུམ་སོགས་རྒྱ་གར་རྒྱུད་གཞུང་མང་པོ་དང༌། བོད་ཀྱི་ཡང་དྭགས་པོ་བཀའ་བརྒྱུད་ལ་སོགས་ཕྱག་ཆེན་གྱི་རྣལ་འབྱོར་པ་རྣམས་དང༌། མ་གཅིག་ལབ་སྒྲོན་སོགས་ཞི་གཅོད་པ་མང་པོས་སྤྱོད་ལམ་མ་བཅོས་ཐ་མལ་རང་ཀ །ཤེས་པ་མ་བཅོས་ཐ་མལ་ཤེས་པ། བློས་བྱས་ཡིད་ཀྱི་བཟོ་བྱ་བའི་ཆོས་དང་བྲལ་བའི་ཆོས་མེད་ཁྲེས་སེ་བ་ཞེས་གསུང་གཅིག་དབྱངས་གཅིག་ཏུ་བསྙད་པ་འདི་རྣམས་ཐམས་ཅད་ཀྱིས་ཀྱང་སྒོམ་ནོར་བར་འགྱུར་རོ། །༢ བེམ་པོ་ལ་རིག་པ་བཅུག་པས་འགུལ་བར་ནུས་པའི་དུས་སུ། མི་སུམ་སྟོང་ལ་རང་གི་རིག་པ་བཅུག་གནས་


JLAZ006_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས། མི་སུམ་སྟོང་པོ་དེས་ཆོས་བྱ་མི་དགོས་པར་སྐྱེ་བ་འདི་ལ་སངས་རྒྱས་སུ་འགྱུར་ཟེར་བ་དང༌། ཞེས་པ་ལ། རྒྱ་བོད་ཀྱི་གྲུབ་ཐོབ་མང་པོས་སྐུ་ལྡེར་ལ་སོགས་བེམ་པོ་ལ་རིག་པ་གཏད་པ་ཙམ་གྱིས་ལངས་ནས་འགྲོ་བ་དང༌། དམ་པ་ཆུང་བ་ལྷ་སར་བྱོན་ནས་བར་སྣང་གི་དྲིལ་བུ་ལ་རིག་པ་གཏད་པའི་ཚེ་སྒྲ་རང་ཁྲོལ་དུ་བྱུང་བར་སྣང་ཞིང༌། སྔོན་རྒྱལ་པོ་ཨིནྡྲ་བྷོ་དྷི་མཁའ་སྤྱོད་དུ་གཤེགས་པའི་ཚེ། ཨོ་རྒྱན་གྱི་འཁོར་འབངས་ཐམས་ཅད་ཀྱང་དུས་གཅིག་ལ་མཁའ་སྤྱོད་དུ་གཤེགས་པ་དང༌། དམ་པ་སངས་རྒྱས་ཀྱི་བླ་མ་བདག་ཉིད་ཆེན་པོ་དཔལ་ལྡན་སུམ་ཅུ་སོ་དྲུག་པོ་རེ་རེ་མཁའ་སྤྱོད་དུ་གཤེགས་པའི་ཚེ། རྒྱལ་པོ་དྲུག །བཙུན་མོ་དྲུག །བྲམ་ཟེ་དྲུག །དྲང་སྲོང་དྲུག །ཁྱིམ་བདག་དྲུག ། དེད་དཔོན་དྲུག་སྟེ། དྲུག་ཚན་དྲུག་རེ་དུས་གཅིག་ལ་མཁའ་སྤྱོད་དུ་གཤེགས་པ་དང༌། རྗེ་བཙུན་ས་སྐྱ་བའི་ལམ་འབྲས་སུ་ཡང་འཁོར་ཚོམ་བུ་ལྔ་ལྡན་གཅིག་དང་བཅས་ཏེ་སངས་རྒྱ་པར་བཤད་པ། བདག་ཉིད་འཚང་རྒྱ་བའི་ཚེ། རྟེན་འབྲེལ་གྱི་ཆེ་བས་རྒྱུད་གཉིས་ཅིག་ཆར་དུ་གྲོལ་པའི་དུས་ཡིན་པས་རིག་མ་དང༌། བར་ཆད་སེལ་བའི་ཆོས་སྐྱོང་དང༌། དངོས་གྲུབ་སྟེར་བའི་བླ་མ་དང༌། གསོལ་བ་འདེབས་པའི་སློབ་མ་དང་བཞི་སྟེ། ལྔ་ཚན་གཅིག་སངས་རྒྱས་པར་


JLAZ006_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དེ་དག་ཀྱང་སྐྱོན་ཅན་དུ་འགྱུར་རོ། །༢ སྣང་བ་ཐམས་ཅད་ཆོས་ཉིད་དུ་རྟོགས་ན་མི་དགེ་བ་བྱས་ཚད་སངས་རྒྱས་ཀྱི་ལམ་དུ་འགྱུར་ཟེར་བ་ལ་སོགས་སྤྱོད་པའི་ནོར་བ་མཐའ་ཡས་པ་དང༌། ཞེས་པ་ཟེར་མོད་ཀྱང༌། དེ་ལ་སྤྱིར་གནས་ལུགས་ཀྱི་ལྟ་བ་དང་རྟོགས་པ་མཐར་ཐུག་མངོན་དུ་གྱུར་ནས་ཐེ་ཚོམ་མེད་པར་ངེས་ཤེས་སྐྱེས་ནས་བྱང་ཆུབ་ཀྱི་སེམས་ཀྱིས་བསླངས་པའི་བྱམས་སྙིང་རྗེ་དང༌། ཐབས་ཟབ་མོས་ཟིན་པའི་དགེ་མི་དགེ་གང་ཡང་ལམ་གྱི་གྲོགས་སུ་འགྲོ་ལ་ཐབས་ཀྱིས་མ་ཟིན་ན་ནི་དགེ་བ་ལྟར་སྣང་བ་རྣམས་ཀྱང་ལམ་དུ་ཅི་འགྱུར་ཅི་ཆ་སྟེ། དེ་ཡང༌། ཀྱེ་རྡོ་རྗེ་ལས། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པར་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ལྡོག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་དང༌། སམྦུ་ཊིར། དཔེར་ན་ཆུ་ཡིས་གང་བའི་ཀླུང༌། །བརྒལ་འདོད་སྐྱེ་བོ་ཤིང་དང་ནི། །རྩྭ་སོགས་བསྡུས་ཏེ་འཇུས་ནས་སུ། །རྐྱལ་ཏེ་ཕ་རོལ་བརྒལ་བ་ན། །དོར་ནས་བདེ་བར་འགྲོ་བར་འགྱུར། །དེ་བཞིན་ཆོས་དང་ཆོས་མིན་ལ། །བརྟེན་


JLAZ006_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཁོར་བའི་ཕ་རོལ་འགྲོ། །བདེ་བའི་བྱང་ཆུབ་ཐོབ་གྱུར་ནས། །ཆོས་དང་ཆོས་མིན་རབ་ཏུ་སྤོང༌། །ཞེས་དང༌། མཻ་ཏྲི་བས། དགེ་དང་སྡིག་པའི་ལས་རྣམས་ཀུན། །དེ་ཉིད་ཤེས་པས་གྲོལ་བར་འགྱུར། །ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། །ཞེས་དང༌། འོད་སྲུང་ཀྱིས་ཞུས་པའི་མདོར་ཡང༌། དཔེར་ན་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔེའི་ཉོན་མོངས་ལུད། །དེས་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་དང༌། འོད་སྲུང་འདི་ལྟ་སྟེ་དཔེར་ན། སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་ཤི་བར་བྱེད་མི་ནུས་སོ། །འོད་སྲུངས་དེ་བཞིན་དུ་ཤེས་རབ་དང་ཐབས་མཁས་པས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་དེའི་ཉོན་མོངས་པའི་དུག་གིས་ཀྱང་ལོག་པར་ལྷུང་བར་བྱེད་མི་ནུས་སོ། །ཞེས་དང༌། དཔལ་མཆོག་ལས་ཀྱང༌། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །གསུམ་པོ་འདི་དག་དུག་ཉིད་ལ། །མི་མཉམ་པ་ཡིས་བརྟེན་ན་ནི། །འདི་དག་དུག་ནི་ཉིད་དུ་འགྱུར། །བདུད་རྩི་ཉིད་ཕྱིར་བརྟེན་ན་ནི། །བདུད་རྩི་ཉིད་དུ་འགྱུར་བ་ཡིན། །ཞེས་གསུངས་ཤིང༌། ཤེས་རབ་དང་ཐབས་ཟབ་མོས་ཡོངས་སུ་ཟིན་པའི་ཉོན་མོངས་པར་སྣང་


JLAZ006_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ཉིད་བྱང་ཆུབ་ཀྱི་རྒྱུར་གྱུར་པ་ཡིན་ལ། གསང་ཆེན་ཐབས་མཁས་ཀྱི་མདོར། ཚོང་དཔོན་ཐབས་ལ་མཁས་པས་ཚོང་པ་གཡོན་ཅན་མདུང་ཐུང་གིས་བསད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བཤད་པ་དང༌། བྲམ་ཟེའི་ཁྱེའུ་སྐར་མས་ཚོང་དཔོན་གྱི་བུ་མོ་ལ་སྤྱད་པས་བསྐལ་པ་མང་པོའི་ཚོགས་འདུམས་པ་སོགས་ཤིན་ཏུ་མང་བས་དེ་རྣམས་ཀྱང༌་སྤྱོད་པའི་ནོར་བར་འགྱུར་རོ། །༢ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀའ་བགྲོས་མཛད་ནས། རཱུ་ཏྲ་ནག་པོ་བཀྲག་མེད་འདུལ་བ་ལ་ཤཱཀྱ་ཐུབ་པ་བཏང་ཚུལ་ནི་རྫུན་གཏམ་འབའ་ཞིག་ཡིན་ཞེས་པ་ལ། འདི་ལྟ་བུའི་ཚིག་རྙིང་མའི་རྒྱུད་གཞུང་ཁུངས་མ་རྣམས་སུ་མེད། གལ་ཏེ་ཡོད་དུ་ཆུག་ཀྱང་ནོར་བར་ཅི་ཤེས་ཤཱཀྱ་ཐུབ་པ་རབ་བྱུང་སྤྲུལ་སྐུའི་ཆ་ལུགས་ཞི་བའི་ཚུལ་ཅན་གྱིས་མི་ཐུལ་བར་བསྟན་པའི་ཚུལ་མཛད་པས་འགལ་བ་ཅི་ཡོད། སྔོན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉིད་བྱང་ཆུབ་སྙིང་པོ་རྡོ་རྗེའི་གདན་ལ་བཞུགས་ཏེ་བྱང་ཆུབ་བརྙེས་པར་མཛད་པ་ལ་བདུད་སྡེ་དཔུང་དང་བཅས་པས་བྱང་ཆུབ་ལ་བར་ཆད་རྩོམ་པའི་དུས་ན་ཡང་སྐུ་དེ་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང༌། མི་གཡོ་བ་དང༌། གཤིན་རྗེའི་གཤེད་དམར་ནག་རྣམས་སུ་བསྟན་ནས་བདུད་དཔུང་ཐམས་ཅད་བཅོམ་པར་


JLAZ006_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་སོགས་རྒྱུད་སྡེ་རྣམས་སུ་གསལ་མོད། གཞན་ཡང་འཇིགས་བྱེད་རྒྱུད་ཀྱི་བཤད་པ་ཁུ་སྐྱོ་གཉོས་གསུམ་གྱི་ལོ་རྒྱུས་རྣམས་སུ་དྲག་པོ་འཇིགས་བྱེད་བྱ་བ་འཁོར་བཅས་ཀྱིས་ལྷ་མ་ཡིན་གྱི་རྒྱལ་པོ་བ་སུ་དྷ་རི་བསད་ནས་ཟོས། དེ་ནས་ཁོའི་བསམ་པ་ལ་འཛམ་བུ་གླིང་ན་ད་ང་བས་དབང་ཆེ་བ་མེད་སྙམ་ནས་དྲག་པོ་འཁོར་བཅས་ཀྱིས་ཡུལ་ལྷོ་ཕྱོགས་ཀྱི་སམ་ཏ་པ་ཀང་ཀའི་མི་ཐམས་ཅད་བསད་ནས་ཤ་ཁྲག་ལ་ལོངས་སྤྱོད་པ་ལས། དེའི་ཚེ་བཅོམ་ལྡན་འདས་ཡུལ་མ་ག་དྷཱའི་གྲོང་ཁྱེར་སེར་སྐྱར་བཞུགས་པས་གཟིགས་ནས་གམ་དུ་བྱོན་ཏེ་བདེན་བཞིའི་ཆོས་བཤད་པས། གཽ་ཏ་མ་ཁྱོད་རང་རིའི་རྩྭ་ལ་ཟོ། ལུང་གི་ཆུ་ལ་འཐུང༌། བྱ་རྒོད་ཀྱི་ཕུང་པོའི་རི་ལ་སོང་ལ་གསོ་སྦྱོང་གྱིས་ཟེར་ནས་མ་ཐུལ་ཏེ་སླར་ལོག །དེ་ནས་སྤྱན་རས་གཟིགས་བྱོན་ནས་ཕ་རོལ་ཕྱིན་བཅུའི་ཆོས་བཤད་པས། མི་དཀར་པོ་ཁྱོད་རང་སོང་ལ་ཡིག་དྲུག་ཟློས་ཟེར་ནས་མ་ཐུལ། དེ་ནས་རྟ་མགྲིན་གྱིས་ཕྱག་རྒྱ་བཞིའི་ཆོས་བསྟན་པས། ཁྱོད་རང་ལོགས་སུ་སོང་ལ་རྟ་སྐད་འཚེར་ཟེར་ནས་མ་ཐུལ་ཟེར་བའི་ལོ་རྒྱུས་མང་དུ་སྣང་བས། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་མན་ངག་དང་བཅས་པ་ཐམས་ཅད་ཀྱང་ལོག་པར་མི་བྱེད་དམ། ལེགས་པར་སོམས་ཤིག །གུར་མགོན་གྱི་རྒྱུད་ཀྱི་ལོ་རྒྱུས་བྲམ་ཟེ་མཆོག་སྲེད་ནས་ལོ་ཙཱ་བ་གྱི་ལྗང་


JLAZ006_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྒྱུད་པའི་ལོ་རྒྱུས་སུ་ཡང༌། དབང་ཕྱུག་གི་བུ་ནག་པོ་ཆེན་པོས་མི་རྣམས་ཐམས་ཅད་ནང་བརྒྱ་ཟ། ནུབ་བརྒྱ་རེ་བཟའ་ཞིང་འཇིག་རྟེན་གྱི་ཁམས་བརླག་ལ་ཁད་པ་དང༌། རྟ་མགྲིན་གྱིས་འདུལ་དུ་ཕྱིན་པས། ནག་པོས་ཞལ་དུ་ཁྱུར་མིད་བྱས་ཏེ་ཕྱིར་ཕྱུང་ནས། ཁྱོད་ལ་ང་འདུལ་བའི་གཉེར་མེད་ཀྱིས་ཁྱོད་རང་རང་གནས་སུ་རྩྭ་ཟོ་ཟེར་ནས་མ་ཐུལ་ཞེས་བཤད་པ་དང༌། དེ་ཉིད་འདུས་པ་དང༌། རྡོ་རྗེ་རྩེ་མོའི་རྒྱུད་དུ། ཧཱུྃ་མཛད་ཀྱིས་རྡོ་རྗེ་ཞགས་པ། ལྕགས་སྒྲོག་སོགས་བཏབ་ནས་ལྷ་ཆེན་པོ་བཀུག་ཅིང་བསྡམས་པ་རྣམས་བྱས་པ་ལ་ཞགས་པ་སོགས་བཅད་ནས་བྲོས་པ་དང༌། རྡོ་རྗེ་ལྕགས་ཀྱུས་བཀུག་པ་ལ་ཧཱུྃ་མཛད་ཀྱིས་བཀའ་ཉན་པར་བསྐུལ་བ་ལ་ལྷ་ཆེན་པོ་ཁྲོས་ཏེ་ཀྱེ་གནོད་སྦྱིན་དང་འཇིག་རྟེན་གསུམ་གྱི་བདག་པོ་ཡིན་ན་ཁྱོད་ཀྱི་ངག་ལ་ང་ཅིའི་ཕྱིར་ན་ཉན། ཁྱོད་དང་ཁྱོད་ཀྱི་གནས་ནི་སྔར་མ་མཐོང་ངོ༌། །ཞེས་སྨྲས་པས། ཧཱུྃ་མཛད་ཀྱིས་ང་ནི་གནོད་སྦྱིན་ཐམས་ཅད་ཟ་བར་བྱེད་པ་སྟེ། ཞེས་དམ་ལ་གནས་པར་བསྐུལ་བས། ལྷ་ཆེན་ན་རེ། གནོད་སྦྱིན་ངས་ངོ་མི་ཤེས་ཏེ། བསྟན་པ་ལ་ཡང་ང་མི་གནས། ང་འཇིག་རྟེན་གསུམ་གྱི་བདག་པོ་ཡིན་པས་མཐུ་སྟོབས་འགྲན་ནོ་ཟེར་ནས་ལྷ་རྣམས་ཀྱིས་རང་རང་གི་མཚོན་ཆ་སྟོང་ཕྲག་རེ་སྤྲུལ་ནས་ཧཱུྃ་


JLAZ006_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ལ་འཐབས་སོ། །དེ་ནས་ཧཱུྃ་མཛད་ཀྱིས་མཚོན་ཆ་རྣམས་དུམ་བུར་བྱས་ཏེ། ཁྱོད་བཀའ་ལ་ཉོན་ཅིག་དེ་ལྟ་མ་ཡིན་ན་ཐལ་བར་གཞོམ་པར་བཀའ་སྩལ་པས། ང་འཇིག་རྟེན་གསུམ་གྱི་བདག་པོ་ཡིན་པས་ཁྱོད་ངའི་བཀའ་ལ་ཉོན་ཟེར་བ་དང༌། དེ་ནས་ཧཱུྃ་མཛད་ཀྱིས་བཅོམ་ལྡན་འདས་ལ་ལྷ་ཆེན་པོ་འདི་རང་གི་སྟོབས་ཀྱིས་དྲེགས་ནས་བསྟན་པ་ལ་འདུད་དུ་མི་བཏུབ་ན་ཇི་ལྟར་བགྱི་ཞུས་པ་སོགས་མང་དུ་མཆིས་པ་སྣང་བས་རྒྱུད་དེ་དག་ཐམས་ཅད་ཀྱང་དོར་དགོས་པར་འགྱུར་རོ། །༢ མི་ཡུལ་ན་ཐུབ་པ་ཟས་གཙང་གི་སྲས་ཡིན་པ་བཞིན་དུ། ལྷ་ལ་བརྒྱ་བྱིན། ལྷ་མ་ཡིན་ལ་ཐགས་བཟང་རིས་དང༌། དུད་འགྲོ་ལ་སེང་གེ་རབ་བརྟན་དང༌། ཡི་དྭགས་ལ་ཁ་ལས་མེ་འབར་དང༌། དམྱལ་བ་ན་ཆོས་ཀྱི་རྒྱལ་པོ་རྣམས་ཀྱིས་མཆོག་གི་སྤྲུལ་པའི་མཛད་པ་བཅུ་གཉིས་སྟོན་པ་ཡིན་ཟེར་བ་ལ་སོགས་པའི་འབྲས་བུའི་ནོར་བ་མཐའ་ཡས་པ་སྣང༌། ཞེས་ཟེར་མོད། དེ་ལ་བརྒྱ་བྱིན་སོགས་ཐུབ་པ་ལྔ་པོ་གཞན་རྣམས་ཀྱང་མཆོག་གི་སྤྲུལ་སྐུ་མཛད་པ་བཅུ་གཉིས་སྟོན་པ་ཅན་ཡིན་ཞེས་པའི་བཤད་པ་མེད། སྤྱིར་གདུལ་བྱ་དེ་ལྟ་བུ་རྣམས་ལ་འདུལ་བྱེད་སྤྲུལ་སྐུ་ཐུབ་པ་དྲུག་ཏུ་བསྟན་པ་ཡིན་པས་འགལ་བ་མེད་ལ། ༈ འགྲོ་བའི་གནས་རིགས་དྲུག་པོར་སངས་རྒྱས་ཀྱི་ཐུགས་རྗེའི་སྤྲུལ་པ་གང་ལ་གང་འདུལ་དུ་སྟོན་པ་


JLAZ006_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཕྱིར་དཀྱིལ་འཁོར་གྱི་ལྷའི་རྣམ་པ་བཀོད་པའི་ཚེ་མཚོན་དོན་དེ་ལྟར་དུ་བསྟན་པ་ཡིན་ནོ། །མཆོག་གི་སྤྲུལ་སྐུ་མཛད་པ་བཅུ་གཉིས་སྟོན་པ་ཅན་བཤད་པ་ཡོད་དུ་ཆུག་ཀྱང་འགལ་བར་མ་མཐོང་སྟེ། དུས་འཁོར་གྱི་ཡེ་ཤེས་ལེའུར། ཇི་ལྟར་ཆུ་འཛིན་ལས་ནི་བསིལ་ཞིམ་དྭངས་ཤིང་འཇམ་ལ་ཡང་བའི་ཆུ་བྱུང་བ། །དེ་ནི་ས་གཞིར་རྒྱུ་དང་གནས་ཀྱིས་དབྱེ་བས་རྣམ་པ་མང་པོའི་རོ་ཉིད་འགྱུར། །དེ་བཞིན་ལེགས་ཡངས་ཐུགས་རྗེའི་སྤྲིན་གྱི་སྙིང་པོ་ལས་བྱུང་ཡན་ལག་བརྒྱད་ལྡན་ལ། །རྒྱུད་དང་གནས་ཀྱིས་དབྱེ་བས་སྐྱེ་དགུ་རྣམས་ལ་རྣམ་པ་མང་པོའི་རོ་ཉིད་འགྱུར། །ཅེས་གསུངས་པས། དེའི་ཕྱིར་སེམས་ཅན་གྱི་དོན་གྱི་ངོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངལ་དུ་རབ་ཏུ་འཇུག་པ་རྣམས་དང༌། དམྱལ་བར་གཤེགས་པ་ཡང་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྟག་པར་ནུས་པ་མ་ཡིན་ཏེ། དཔལ་ཨ་ར་ལིའི་རྒྱུད་ཆེན་པོར། དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་རྐང་གཉིས་ཀྱི་མཆོག་ཉིད་ཐོབ་སྟེ། སངས་རྒྱས་ཀྱི་ཟློས་གར་སྟོན་པར་མཛད་དོ། །ཞེས་དང༌། དེ་བཞིན་དུ། ལ་ལར་རྫོགས་པའི་བྱང་ཆུབ་མཛད། །ལ་ལར་དཀའ་བ་སྤྱོད་པ་དང༌། །ལྷ་ལས་བབས་པར་སྤྲུལ་པ་དང༌། །དེ་བཞིན་ཁབ་ནས་ངེས་འབྱུང་


JLAZ006_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། །ལ་ལར་རབ་ཏུ་འབྱུང་བར་མཛད། །འདུལ་བ་སྟོན་མཛད་དེ་བཞིན་དུ། །བསམ་གྱིས་མི་ཁྱབ་མངོན་པའི་ཆོས། །ལ་ལར་སྔགས་ཀྱི་ཚུལ་འཆད་མཛད། །ལ་ལར་ཕ་རོལ་ཕྱིན་པའི་ཚུལ། །ལ་ལར་བྱེ་བྲག་སྨྲ་བའི་ལམ། །ལ་ལར་མདོ་སྡེ་སྟོན་པ་སྟེ། །ལ་ལར་རྣམ་ཤེས་སྨྲ་བ་དང༌། །ལ་ལར་དེ་བཞིན་དབུ་མའོ། །ལ་ལར་དམྱལ་བར་གཤེགས་པ་དང༌། །ལ་ལར་སེམས་ཅན་རྗེས་བཟུང་བ། །སེམས་ཅན་གདུལ་བ་རྒྱུར་བཅས་ནས། །སྙིང་རྗེའི་བསམ་པས་གར་མཛད་དོ། །ཞེས་དང༌། མཚན་བརྗོད་ལས། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་དང༌། གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་ཡང༌། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པས། སྤྲུལ་པའི་སྐུ་ནི་གདུལ་བྱ་མཐའ་ཡས་པའི་བསམ་པ་དང་མཐུན་པར། སྒྱུ་འཕྲུལ་རོལ་བའི་རྣམ་འཕྲུལ་སྣ་ཚོགས་པས་སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་མཛད་པ་སྟེ། མངོན་རྟོགས་རྒྱན་ལས། གང་གི་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་


JLAZ006_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཆད། །ཅེས་པ་ལྟར་ཡིན་པས། རིགས་དྲུག་སོ་སོ་དང་མཐུན་པའི་སྤྲུལ་སྐུ་ཐུབ་དྲུག་འགོག་པ་ནི་སངས་རྒྱས་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་དང༌། སྐུ་རྣམ་པ་སྣ་ཚོགས་དང༌། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམས་དང་གཞན་ཡང་སེམས་ཅན་གྱི་ལས་ཚུལ་བསམ་གྱིས་མི་ཁྱབ་པ་དང༌། རྟེན་འབྲེལ་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་དང༌། སངས་རྒྱས་ཀྱི་མཛད་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་རྣམས་འགོག་པ་སྟེ། གཏོལ་མེད་ཀྱི་ཚིག་ཡང་དག་པའོ། །༢ མདོར་ན་བླ་མའི་བརྒྱུད་ཚུལ། ཐེག་པའི་རྣམ་དབྱེ༌། རྒྱུད་སྡེའི་དབྱེ་བ། བསྐྱེད་རིམ། མཆོད་ཕྲེང༌། སྦྱིན་སྲེག །གཏོར་ཆོག་རྣམས་དང༌། ཁྱད་པར་དབང་བཞིའི་བསྐུར་ཚུལ། ཁྲིད་རིམ། རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་ཀྱང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་གཞུང་ཁུངས་མ་གང་དང་ཡང་མི་མཐུན་པའི་ཆོས་སྐད། ཆོ་གའི་གོ་རིམ་ནོར་བ་དང༌། ཆོ་ག་ཕྱིན་ཅི་ལོག་འབའ་ཞིག་སྣང༌། ཟེར་བ་ནི། ༈ རང་ཉིད་མོས་པ་ཐོབ་པ་ཁུངས་མ་ཡིན་ལ་གཞན་ནི་སྡིག་ལྟའོ་སྙམ་པའི་ལོག་རྟོག་སྨྱོན་པའི་གཏམ་ལྟ་བུ་སྟེ་གཞན་དུ་ན་རང་ལུགས། ༈ བླ་མ་བརྒྱུད་པའི་ལོ་རྒྱུས་བརྒྱུད་ཚུལ་ལ་སོགས་ནི་རྫོགས་ཆེན་སོགས་སུ་ཡང་ཤེས་བྱེད་ཀྱི་ལུང་དང་བཅས་པ་ཤིན་ཏུ་ནས་ཀྱང་ཡོད་དེ། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་


JLAZ006_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཅེས་གསུངས་ནས། རྒྱལ་བ་སྐུ་གསུམ་ནས་རང་གི་བླ་མའི་བར་དུ་བརྒྱུད་པའི་རིམ་པ་ལོ་རྒྱུས་དང་བཅས་པ་ནི་ཤིན་ཏུ་མང་བས་འདི་ལ་སྐྱོན་འགལ་འདུ་ཐམས་ཅད་མཁྱེན་པས་ཀྱང་མི་རྙེད་མོད། གལ་ཏེ་ལོ་རྒྱུས་སོ་སོར་མི་འདྲ་བས་སྐྱོན་ཆེ་ན། སྔགས་གསར་མའི་ལོ་རྒྱུས་བརྒྱུད་ཚུལ་རྣམས་ལ་ཡང་མི་འདྲ་བ་མཐའ་ཡས་ཏེ། དུས་འཁོར་གྱི་རྒྱུད་འགྲེལ་དབང་ཁྲིད་དང་བཅས་པ་ལ། རྭ་འབྲོ་རྩ་མི་སོགས་ཀྱིས་བརྒྱུད་ཚུལ་ལོ་རྒྱུས་མི་འདྲ་བ་འདི་ཙམ་ཞིག་སྣང་བ་དང༌། གཞན་ཡང་བདེ་དགྱེས་གསང་འདུས་གཤེད་སྐོར་སོགས་ཀྱི་ལོ་རྒྱུས་བརྒྱུད་ཚུལ་ལ། མར་རྔོག་ས་སྐྱ་པ་སོགས་ཁ་མི་འཆམ་པར་སོ་སོ་ན་མི་འདྲ་བ་མཐའ་ཡས་པ་སྣང་བ་དང༌། བསྟན་པ་ཕྱི་དར་གྱི་འདུལ་བ་སྨད་དར་གྱི་མཁན་བརྒྱུད་གཅིག་པུར་རང་ལ་འདོད་ཚུལ་མི་མཐུན་པ་མཐའ་ཡས་པ་ཞིག་འདུག་པས། རང་གི་ཆོས་དང་བླ་མ་བརྒྱུད་པ་དང་བཅས་པ་ལ་སྐུར་པ་འདེབས་པ་འདི་ཡང་འཐད་དམ་སོམས་ཤིག །ཐེག་པ་དང་རྒྱུད་སྡེའི་དབྱེ་བ་རྣམས་ཀྱང༌། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་པའི་མཚན་ཉིད་ཅན་མ་ཡིན་པས། ཐེག་པ་དགུར་བྱས་པ་ལ་འགལ་བ་ཅི་ཡང་མེད། ཐེག་པ་དགུ་ཕག་མོ་གྲུ་པའི་མདོ་ལུང་འདྲེན། ལང་གཤེགས་ལུང༌།


JLAZ006_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང༌། ཐེག་པ་གཅིག་ལ་སོགས་པ་མཐའ་ཡས་པ་ཞིག་གདུལ་བྱའི་ཁམས་དང་མཐུན་པར་སྣང་བས། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ །།ཞེས་མ་སྨྲ་ཞིག །སྔགས་གསར་མར་ཡང༌། རྒྱུད་སྡེ་བཞི་རང་ལ་ཡང་གྲངས་ངེས་གོ་རིམ་དབྱེ་བསྡུ་མཐའ་ཡས་པ་ཡོད་པ་འདི་ཉིད་རང་ཡང་མ་མཐོང་ངམ་བརྫུ་བ་ལགས། དེ་ལྟར་མིན་ན་སྤྱིར་ཐེག་པ་དགུ་ཞེས་མ་བརྗོད་པ་མ་གཏོགས་དོན་ལ་ཁྱད་མེད་དེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་གསུམ། རྒྱུད་སྡེ་བཞི་ལ་བྱ་སྤྱོད་རྣལ་འབྱོར་གསུམ་ལ་ཕྱིའི་རྒྱུད་སྡེ་གསུམ། བླ་མེད་ལ་ཐབས་ཤེས་རབ་གཉིས་མེད་དང་གསུམ་ལ། ནང་རྒྱུད་སྡེ་གསུམ་དུ་གྲགས་མོད། རྒྱུད་སྡེ་བཞིར་རང་ལ་ཡང་དབྱེ་བསྡུ་དཔག་ཏུ་མེད་པ་ཞིག་རྒྱུད་དང་འགྲེལ་བ་རྒྱ་བོད་ཀྱི་སློབ་དཔོན་སོ་སོའི་བཞེད་ཚུལ་འདི་ཙམ་དུ་སྣང་བས་ཕྱོགས་གཅིག་ཏུ་ཀེར་ལང་བྱེད་པ་ནི་ཟུ་བོར་གནས་པའི་བློ་ལྡན་རྣམས་ཀྱིས་བཞད་བགད་ཀྱི་གནས་སོ། །དེ་ཡང་སམྦུ་ཊི་སོགས་ཁ་ཅིག་ཏུ། ཕྱི་ནང་གསང་བ་ཐེག་པ་གསུམ། །ཞེས་པས། རྒྱུད་སྡེ་བཞི་པོ་ཕྱི་ནང་གསང་བ་གསུམ་དུ་ཕྱེ་བ་དང༌། འཇིག་རྟེན་གསུམ་རྒྱལ་གྱི་རྟོགས་པའི་འགྲེལ་བ་དང༌། རྡོ་རྗེ་བདུད་རྩིའི་རྒྱུད་འགྲེལ་གཉིས་སུ་རྒྱུད་སྡེ་གསུམ་དུ་དབྱེ་བ་དང༌། སངས་རྒྱས་གསང་པས་ཀྱང༌། རྣལ་འབྱོར་སྤྱོད་དང་བྱ་དབྱེ་བས། །ཞེས་


JLAZ006_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་དབྱེ་བ་དང༌། སྔགས་དོན་རྣམ་གཟིགས་ལས་ཀྱང༌། རྣལ་འབྱོར་སྤྱོད་དང་བྱ་བའི་རྒྱུད། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ཞེས་གསུམ་དུ་དབྱེ་བ་དང༌། བཞིར་དབྱེ་བ་ནི་ཡོངས་སུ་གྲགས་ལ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། རྡོ་རྗེ་འཕྲེང་བའི་འགྲེལ་པ་ཨ་ལང་ཀ་དེ་བས་མཛད་པ། ཤཱནྟི་པ། རྒྱ་གར་ཕྱག་ན། རབ་ཏུ་སྒྲོན་གསལ། ཨ་བྷ་ཡ་ཀཱ་ར། པཎྜི་ཏ་གཞན་ཡང་མང་པོས་རྒྱུད་ཐམས་ཅད་ལྔར་དབྱེ་བ་དང༌། བདེ་མཆོག་ཉུང་ངུའི་རྒྱུད་དུ། ཇི་སྲིད་མདོ་བྱ་སྤྱོད་པ་དང༌། །རྣལ་འབྱོར་གསང་མཐའི་དབྱེ་བ་ལས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། །ཞེས་པ་ལ། ལ་བ་པ་ལ་སོགས་པས་དྲུག་ཏུ་དབྱེ་བ་གསུངས་ཤིང་ཇོ་བོ་རྗེ་ལམ་སྒྲོན་འགྲེལ་པར་བདུན་དུ་དབྱེ་བ་ཡང་གསུངས་པས། ཐེག་པ་དང་རྒྱུད་ཀྱི་དབྱེ་བ་ལ་རྩོལ་པ་ཡང༌། བློ་ཆུང་ཁྲོན་པའི་སྦལ་བ་ཡིས། །རྒྱ་མཚོའི་གཏིང་ཚོལ་མི་མཚུངས་སམ། །བསྐྱེད་རིམ་སོགས་ལ་ཡང༌། གསར་མ་ལ་ཡང་ལྷའི་བསྐྱེད་ཆོག་མཆོད་བསྟོད་གཏོར་ཆོག་སྤྱིན་སྲེག་རྣམས་ལ་མཐའ་ཡས་པ་མི་འདྲ་བ་སོ་སོའི་བརྒྱུད་པ་རེས་མཛད་སྲོལ་ལ་འདི་ལྟར་མཐའ་ཡས་པ་རྣམས་ཀྱང་ལོག་པ་ཡིན་ནམ། དབང་བཞི་བསྐུར་བའི་ཚུལ་ཡང༌། དུས་འཁོར་ལ་སོགས་པའི་སེམས་འགྲེལ་སྐོར་གསུམ་པོ་དང༌།


JLAZ006_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རྒྱུད་རྗེས་འབྲངས་དང་བཅས་པ་ཐམས་ཅད་ཀྱི་དབང་བསྐུར་ཚུལ་དང༌། གཞན་ཐམས་ཅད་ཀྱི་བསྐུར་ཚུལ་ཐམས་ཅད་མི་མཚུངས་པས། ཡང་ན་དུས་འཁོར་སོགས་རྩ་རྒྱུད་རྗེས་འབྲངས་དང་བཅས་པ་ལོག་པ་ཡིན་ནམ། ཡང་ན་ཐམས་ཅད་ཆོས་ལོག་ཡིན། གཞན་བསྡུས་བརྒྱུད་པ་ཐམས་ཅད་ལ་ཡང་རྒྱ་བོད་སོ་སོའི་བླ་མ་རྣམས་ཀྱིས་ཕྱག་བཞེས་མི་འདྲ་བ་འདི་ཙམ་ཞིག་ཡོད་པ་ལ། ཡང་ན་ཐམས་ཅད་ནོར་རམ། ཡང་ན་དེ་རྣམས་ཀྱི་ནང་ནས་གང་གང་ནོར་བ་ཡིན་བསྟན་དགོས། དམ་པ་སངས་རྒྱས་ཀྱི་ཞི་བྱེད་བརྒྱུད་པ་ཕྱི་མའི་ལམ་ལྔ་གསུམ་སོགས་ཀྱི་དབང་ཐམས་ཅད་ཀྱང་ལོག་པར་འགྱུར་ཏེ། གཞན་གང་དང་ཡང་མི་མཐུན་པའི་ཕྱིར་རོ། །ཁྲིད་རིམ་ལ་ཡང་རྒྱ་བོད་ཀྱི་བླ་མ་སོ་སོས་བཞེད་སྲོལ་རྒྱུད་འགྲེལ་མདོ་བསྟན་བཅོས་ཀྱི་འཁྲིད་ལུགས་མི་འདྲ་བ་ཐམས་ཅད་མཚུངས་དགོས་པར་གྲུབ་པ་ཡང་ངོ་མཚར་ཆེ། རྩ་བ་ཡན་ལག་གི་དམ་ཚིག་སྲུང་མཚམས་ཐམས་ཅད་ལ་ཡང་སོ་སོའི་བཞེད་དགོངས་མཐའ་ཡས་ཤིང༌། དོན་ལ་རྟོན་ན་ནི། བཟའ་བསྲུང་མི་འབྲལ་སྒྲུབ་པའི་དམ་ཚིག་ཐམས་ཅད་དོན་གནས་ལ་ནི་འདྲ། ཚིག་གི་ཆ་ཙམ་ལ་མི་འདྲ་བས་ལོག་པ་ཡིན་ན། གསར་མ་རང་ལ་ཡང༌། དུས་འཁོར་གཤིན་རྗེའི་གཤེད་དམར་ནག །གུར་མགོན་


JLAZ006_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས་བཤད་པ་རྣམས་དང༌། རྩ་ལྟུང་གི་རྒྱ་བོད་ཀྱི་འགྲེལ་པ་རྣམས་ཀྱང་ཐམས་ཅད་མི་མཐུན་པ་མང་བར་སྣང་ཞིང༌། དུས་འཁོར་ནས་བཤད་པའི་རྩ་ལྟུང་རྣམས་དང༌། རྒྱུད་དང་བསྟན་བཅོས་གཞན་ནས་བཤད་པ་ཐམས་ཅད་ཀྱང་མི་འདྲ་ལ། གང་ཕྱོགས་དེ་ཆོས་ལོག་ཡིན་སྟོན་ཅིག ། ༢ མདོས་ཀྱི་ཆོ་ག་དང༌། སྐོང་གསོ་དང༌། མདངས་སྐོང་དང༌། སྐོང་མདོས་དང༌། གཏོང་མདོས་བྱ་བ་ལ་སོགས་པ་མདོ་རྒྱུད་གང་དང་ཡང་མི་མཐུན་པ་འདུག ། ༈ ཟེར་བ་ནི་ར་སྤུའི་འུར་རྡོའི་དཔེ་ལྟ་བུ་སྟེ། ད་ནི་ཁྱོད་ཀྱི་མདོ་རྒྱུད་རྣམ་པར་དག་པ་དེ་རིམ་པས་ཇེ་ཉུང་ལ་འགྲོ་བའི་ཚུལ་མདོས་ཆོག་ཡོད་པས་རྣམ་དག་མིན་ན། །༈ གཙུག་ཏོར་གདུགས་དཀར་གྱི་སྐོར་ལ། དྷིརི་ཝརྨ་ལ་སོགས་པས་མཛད་པའི་བཟློག་མདོས་ཟོར་མདོས་ལ་སོགས་ཆེས་མང་བ་དང༌། མགོན་པོ་ཕྱག་བཞི་བའི་ཆོས་སྐོར་རྣམས་ལ་སྐོང་གསོ། སྐོང་མདོས། རྩང་མདོས་ལ་སོགས་མང་པོ་རྒྱ་བོད་ཀྱི་བླ་མ་མང་པོས་མཛད་པ་དང༌། དེ་བཞིན་དུ་གུར་མགོན། ཕྱག་དྲུག་པ། ཏྲག་ཤད་གཉོས་ལུགས་ལ་སོགས་པ་དང༌། རྣམ་སྲས་ཞི་དྲག་རྣམས་དང༌། མདུང་དམར་ཅན་ལ་སོགས་མང་པོ་ལ་རྒྱ་བོད་ཀྱི་མཁས་གྲུབ་མང་པོས་མཛད་ཟིན་པ་རྣམས་དང༌། དེ་དག་འཁོར་བཅས་ཐམས་ཅད་ཀྱང་ཆོས་ལོག་ཏུ་འགྱུར་མོད།


JLAZ006_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

༢ དཔེར་ན་གཤེན་དགུར་ཀླུ་དགའ་ནས་བརྩམས་ཏེ་དེང་སང་གི་བར་དུ་བོན་པོ་དེ་དག་གིས་ཆོས་ཀྱི་མིང་ལ་བོན་དུ་བཏགས་པའི་མདོ་རྒྱུད་དང་བསྟན་བཅོས་རང་བཟོར་བྱས་པ་འདི་རྣམས་དམ་པའི་ཆོས་དང་འདྲ་ལ་མི་མཐུན་པར་གནས་པ། དེ་བཞིན་དུ་རྫོགས་ཆེན་གྱི་རྒྱུད་རྣམས་ཀྱང་ཕྱག་རྒྱ་ཆེན་པོའི་མིང་ལ་རྫོགས་ཆེན་དུ་བཏགས་ནས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང༌། བསྟན་བཅོས་ཁུངས་མ་རྣམས་དང་འདྲ་ལ་མི་མཐུན་པ་བོན་གྱི་གཞུང་རྣམས་དང་མཐུན་ཤས་ཆེ་བ་ཕྱིན་ཅི་ལོག་འགའ་ཞིག་ཏུ་འདུག ། ཅེས་པ་ལ། གལ་ཏེ་ཕྱག་ཆེན་ལ་རྫོགས་ཆེན་དུ་བཏགས་པས་སྐྱོན་ཆེ་ན། ཕྱག་ཆེན་ལ་རྣལ་འབྱོར་ཡན་ལག་དྲུག་རིམ་ལྔ་ལ་སོགས་པའི་ཟབ་ལམ་དུ་བཏགས་པ་དེ་དག་ཀྱང་བོན་དང་འདྲའམ། དེ་ལྟ་མིན་ན་ནི་ཟབ་ལམ་གྱི་ཆོས་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོར་གྲགས་བདོ་བས། ཕྱག་ཆེན་ལ་རྫོགས་ཆེན་དང༌། རྫོགས་ཆེན་ལ་ཕྱག་ཆེན་དུ་བཏགས་པས་སྐྱོན་ཅི་ཡང་མ་མཐོང་ངོ༌། །༢ གལ་ཏེ་འདི་རྣམས་རྒྱུད་གཞུང་རྣམ་དག་ཡིན་ན། གསང་འདུས་ལ་སོགས་པ་ཚིག་དོན་ལ་ནོར་བ་མེད་པ། རྩོམ་པའི་ཆ་ལུགས་བརླིང་བ། ཟབ་ཅིང་རྒྱ་ཆེ་བ་ཆོས་སྐད་རིགས་མཐུན་པའི་རྒྱུད་སྡེ་ཁུངས་མ་རྣམས་ཡང་དག་མིན་དགོས་པར་སྣང་ཟེར། སྔགས་རྙིང་མ་རྫོགས་ཆེན་དང་བཅས་པ་ཐམས་ཅད་དང༌། གསང་འདུས་ལ་སོགས་པའི་རྒྱུད་སྡེ་གཞན་ཡང་དོན་ལ་ཤིན་ཏུ་


JLAZ006_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་མཐུན། བརྗོད་བྱ་ཚིག་གི་ཟུར་ལ་མཐུན་པར་སྣང་བས་གང་ཡིན་ཅིག་ཡང་དག་དང༌། ཅིག་ཤོས་ཡང་དག་མིན་པར་སྨྲ་བ་ནི། དོན་ལ་རྟོན་པའི་བློ་དང་བྲལ་བའི་ཚིག་ཡིན་ནོ། །རྩོམ་པའི་ཆ་ལུགས་བརླིང་བ་ལ་སོགས་པས་རྒྱུད་རྣམ་དག་ཡིན་པར་མི་འགྲུབ་སྟེ། དུས་འཁོར་རྒྱུད་འགྲེལ་ལ་སོགས་སེམས་འགྲེལ་རྣམས་སུ་ཡང་སྒྲ་བཟང་པོ་དང་ལེགས་སྦྱར་གྱི་སྐད་གཅིག་པུ་དང༌། ཚིག་གི་བརྗོད་པ་ལེགས་པས་རྒྱུད་རྣམ་དག་ཡིན་པར་མ་བཤད་ཅིང༌། སངས་རྒྱས་ཐམས་ཅད་མཁྱེན་པས་ནི་སེམས་ཅན་གདུལ་བྱའི་དབང་གིས་ཐམས་ཅད་མཁྱེན་པའི་སྐད་ཀྱིས་ཆོས་སྟོན་པ་ཡིན་གྱིས་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ནོ། །ཅི་སྟེ་ཁྱབ་འཇུག་སོགས་ཀྱི་ནང་དུ་ཡོན་ཏན་འདི་དག་ཡོངས་སུ་རྫོགས་པ་འགའ་ཞིག་ཡོད་ན། དེ་ཡང་བདག་ཅག་གིས་རྣམ་པ་ཐམས་ཅད་དུ་ཕྱག་མཆོད་བསྙེན་བཀུར་བ་བྱ་བ་ཡིན་ནོ། །གསུངས་པས་ཚིག་གི་ཆ་དང་སྡེབ་སྦྱོར་སོགས་མི་ལྡན་ཡང་དོན་ལ་རྟོན་པ་གཅིག་པུས་ཆོག་མོད། གལ་ཏེ་དེས་མི་ཆོག་ན་ཕྱི་རོལ་པའི་གཞུང་ལུགས་རྣམས་རྒྱུད་རྣམ་དག་རྩོད་མེད་དུ་འགྱུར་ཏེ། རྩོམ་ཚུལ་བཟང་ཞིང་ལེགས་པའི་ཕྱིར་རོ། །༢ འདི་རྣམས་རྒྱུད་སྡེ་ཁུངས་མ་གང་དུ་ཡང་མིང་ཙམ་ཡང་མ་གྲགས་འདུག་ཅིང༌། རྒྱ་གར་དང་ཨོ་རྒྱན་ལ་སོགས་པའི་མཁས་གྲུབ་ཀྱི་གཞུང་


JLAZ006_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་མ་གང་དུ་ཡང་མ་གྲགས་འདུག་པས་མཁས་གྲུབ་དེ་རྣམས་ཀྱིས་དཔང་དུ་མཛད་པའི་རྒྱུད་སྡེ་ཁུངས་མ་མིན་ངེས་པར་འདུག་གོ །།༈ དེ་ལ་མིང་ཙམ་མ་གྲགས་ན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་འགྲོལ་པའི་ཐིག་ལེར། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཞེས་དང༌། ༈ གཞུང་གཅིག་གི་ནང་དུ་ཅིག་ཤོས་མ་གྲགས་པའི་རྒྱུ་མཚན་གྱིས་རྫུན་མ་ཡིན་ན། མཚན་ཉིད་ཐེག་པ་གསུམ་གྱི་ཡང་ཐེག་པ་འོག་མར་ཐེག་ཆེན་གྱི་མིང་ཙམ་ཡང་མ་གྲགས་པའི་ཕྱིར་ཐམས་ཅད་རྫུན་ཡིན་ནམ། རྒྱུད་སྡེ་བཞིའི་འོག་མ་གསུམ་གྱི་ནང་དུ་བླ་མེད་ཀྱི་གསང་བ་ཟབ་མོ་རྣམས་ཀྱི་མིང་ཙམ་ཡང་མེད་པའི་ཕྱིར། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐམས་ཅད་རྫུན་དུ་བྱེད་དམ། རྒྱུད་གཞུང་ཁ་ཅིག་ཏུ་མ་གྲགས་པས་རྫུན་ཆོས་སུ་བྱེད་ན་དམ་པ་སངས་རྒྱས་ཀྱི་ཞི་བྱེད་སྐོར་གསུམ་གཅོད་ཡུལ་དུ་གྲགས་པ་རྣམས་ཀྱི་ཡང་མིང་ཙམ་ཡང་ཁུངས་མར་འདོད་པ་དེ་རྣམས་སུ་མ་གྲགས་པའི་ཕྱིར། ཁྱོད་ཀྱི་དབང་དུ་བྱེད་པར་ཁས་བླངས་པའི་ཞི་བྱེད་ཀྱི་མདོ་རྒྱུད་མན་ངག་དབང་ཁྲིད་རྣམས་ཀྱང་ལོག་པའི་ལམ་གྱི་ཆོས་སུ་འགྱུར་རོ། །༢ ཀྲི་ཡ་ས་མུཉྪ་དང་རྡོ་རྗེ་ཕྲེང་བ་ལ་སོགས་པ། དབང་ཆོག་ཕྱོགས་གཅིག་ཏུ་བསྡེབས་པ་དང༌། ཁ་ཡར་ཐམས་ཅད་དང༌། རྣལ་འབྱོར་རྫོགས་ཕྲེང་དང༌། སྒྲུབ་ཐབས་རྒྱ་མཚོ་ལ་སོགས་པ་ཕྱོགས་གཅིག་ཏུ་བསྡེབས་པ་དང༌།


JLAZ006_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཡར་བ་དང༌། རྣལ་འབྱོར་ཡན་ལག་དྲུག་པ་དང༌། རིམ་ལྔ་གཞི་ཐིག་རིམ་བཞི་གྲུབ་པ་སྡེ་བདུན། ལྕམ་དཔལ་མོའི་མིང་སྲིང་གི་ལྷན་སྐྱེས་གྲུབ་རྩ་འགྲེལ་ལ་སོགས་པ་རྫོགས་རིམ་གྱི་རྒྱ་གཞུང་གང་དུ་ཡང༌། བཀའ་བརྒྱད་དང༌། བདེ་འདུས་ལ་སོགས་པའི་རྫོགས་ཆེན་རྗེས་འབྲང་དང་བཅས་པའི་དབང་དང་སྒྲུབ་ཐབས་ཁྲིད་ཡིག་རྣམས་ཀྱི་མིང་ཙམ་ཡང་མ་གྲགས་འདུག་ཅིང་ཚིག་དོན་གྱི་ནོར་བ་ཆོ་ག་ལོག་པ་མཐའ་ཡས་པ་འདུག་པས་རྫོགས་ཆེན་འདི་ཨོ་རྒྱན་པདྨ་དང༌། བི་མ་ལ་སོགས་པའི་མཁས་གྲུབ་རྣམས་ཀྱིས་མཛད་པའི་གཞུང་མིན་ངེས་སུ་འདུག་སྐད། ༈ དེ་ལྟར་ན་ཀྲི་ཡ་ས་མུཉྪ་ལ་སོགས་པའི་དབང་ཆོག་དེ་དག་སློབ་དཔོན་པདྨ་དང༌། བི་མ་ལ་སོགས་ཀྱིས་མཛད་དམ། ཡིན་མིན་གྱི་དཔང་པོ་དེ་ལ་བཅོལ་བའི་ཕྱིར་རོ། ། ༈ བསྐྱེད་རྫོགས་དབང་ཆོག་དང་བཅས་པ་དེ་རྣམས་སུ་རྫོགས་ཆེན་སོགས་ཀྱི་མིང་མ་གྲགས་ནས་ཆོས་མིན་དུ་སྒྲུབ་པ་ནི་ཆེར་མ་འོས་སོ། །དེར་གྲགས་པས་རྣམ་དག་ཏུ་སྒྲུབ་ན་བོན་དང་མུ་སྟེགས་བྱེད་ཀྱི་གཞུང་ལུགས་རྣམས་ཆོས་རྣམ་དག་ཏུ་འགྱུར་ཏེ། སངས་རྒྱས་པའི་གཞུང་རྣམ་དག་ཐམས་ཅད་དུ་དེ་རྣམས་ཀྱི་གཞུང་དང་གྲུབ་མཐའི་རྣམ་གཞག་མང་དུ་དྲང་ཞིང་གྲགས་པའི་ཕྱིར་རོ། །དབང་སྒྲུབ་མན་ངག་དེ་དག་རྣམས་ཀྱང་གཞན་དུ་མ་གྲགས་པས་ཁུངས་མ་མིན་པར་ཡང་འགྱུར་ཅིང༌། སྤྱིར་འདི་རྣམས་སུ་མ་གྲགས་པས་ཆོས་མིན་ཡིན་ན་ནི། འདི་རྣམས་ཀྱི་ནང་དུ་རྫོགས་


JLAZ006_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལས་གཞན་པའི་མར་པ། མི་ལ་སོགས་ཀྱི་ཟབ་ཆོས་བདེ་མཆོག་སྙན་བརྒྱུད་སོགས་མང་པོ་དང༌། ཤངས་པའི་གསེར་ཆོས་བཞི་སོགས་མང་པོ་དང༌། དམ་པའི་ཞི་གཅོད་སྐོར་སོགས་མང་པོ་རྣམས་ཀྱི་ཡང་མིང་ཙམ་ཡང་མ་གྲགས་པས་དེ་རྣམས་ཕན་ཚུན་དུ་གང་ལོག་པ་ཡིན། བཀའ་བརྒྱད་དང་བདེ་གཤེགས་འདུས་པ་བཞེས་སོགས་ཀྱི་རྒྱུ་མཚན་གྱི་མིང་གི་ཆ་ཙམ་ཡང་ཡིད་ལ་མ་ངེས་བཞིན་དུ་དགག་པ་ལྟར་སྣང་བ་ཁ་ནས་མཐོ་ཚད་བྱེད་པའི་རྫུན་དང་བསྙོན་བརྟོལ་བྱེད་པ་འདི་རིགས་སམ་ཤེས་བརྫུ་ཅན་དག །ཨོ་རྒྱན་པདྨ་དང་བི་མ་ལ་སོགས་ཀྱིས་མཛད་པའི་གཞུང་མིན་ན་དེ་རྣམས་ཀྱི་བོད་དུ་ས་སྐྱ་པའི་འཁོན་ཀླུ་དབང་བསྲུངས་པ་སོགས་མང་པོ་དང༌། རྗེ་བཙུན་པ་སོགས་ལ་བཤད་ཅིང་གདམས་པའི་ཆོས་དེ་གང་ཡིན་ད་གཟོད་ཁྱོད་ཀྱིས་བསྟན་དགོས་སོ། ། ༢ སྔོན་གྱི་དཀར་ཆག་ལྡན་དཀར་མ་དང༌། འཕང་ཐང་མ་དང༌། སྦ་བཞེད། བླ་བཞེད་གང་དུ་ཡང་མིང་ཙམ་ཡང་མ་གྲགས་འདུག་པས་སྔོན་གྱི་རྒྱལ་བློན་དེ་རྣམས་ཀྱི་རིང་ལ་འགྱུར་བའི་རྙིང་མའི་རྒྱུད་ཡང་དག་མིན་ངེས་སུ་འདུག །ཅེས་ཟེར་མོད། དཀར་ཆག་དེ་རྣམས་སུ་གལ་ཏེ་མ་ཐེབས་པས་རྒྱལ་བློན་དེ་རྣམས་ཀྱི་རིང་ལ་མ་འགྱུར་བ་དང་མ་གསུངས་བའི་ཤེས་བྱེད་ཅི་ཡང་མེད་ཅིང་དཀར་ཆག་དེ་དག་ཐམས་ཅད་ལ་ཡང་འདྲ་མིན་སྔ་ཕྱི་གོ་རིམ་ཆད་


JLAZ006_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག ། ༈ མདོ་སྔགས་སོ་སོའི་ཕྱོགས་འཛིན། ༈ སོགས་འདོད་པ་མི་འཐུན་པ་སྣ་ཚོགས་ཡོད་པས། དེ་རྣམས་སུ་མེད་པ་ཁ་ཡར་གྱིས་སྔ་འགྱུར་མིན་པར་མི་འགྲུབ་བོ། །གལ་ཏེ་དེར་མེད་དུ་ཆུག་ཀྱང་དཀར་ཆག་དེ་དག་ནི་བཀའ་བསྟན་བཅོས་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པ་རྣམས་ཡིན་པས། གསང་ཆེན་གྱི་རྒྱུད་དང་མན་ངག་ཐུན་མོང་མ་ཡིན་པ་རྣམས་དཀར་ཆག་དེ་རྣམས་སུ་མ་གྲགས་མོད། དེས་ན་དཀར་ཆག་གསུམ་དུ་མ་གྲགས་པས་ཆོས་མིན་དུ་སྒྲུབ་པ་ནི། རྒྱལ་བ་ནས་རྒྱལ་ཚབ་མཁས་གྲུབ་ཐམས་ཅད་ཀྱི་མན་ངག་ཐུན་མོང་ མ་ཡིན་པ་སྙན་ནས་སྙན་དུ་བརྒྱུད་པའི་ཆོས་ཟབ་ཐམས་ཅད་ཆོས་མིན་དུ་གཏོང་སྙིང་འདོད་པའི་སྔ་ལྟས་སོ། །༢ ནཱ་རོ་པ་དང༌། ཤཱནྟི་པ་དང༌། མཻ་ཏྲི་བ་དང༌། དམ་པ་རྒྱ་གར། ཨ་ཏི་ཤ།།ག་ཡ་དྷ་ར། རིན་ཆེན་བཟང་པོ། འབྲོག་མི། འགོས། མར་པ་ལོ་ཙཱ། རྔོག་ལོ་ལ་སོགས་དུས་ཕྱིས་ཀྱི་མཁས་གྲུབ་དེ་རྣམས་ཀྱི་རྫོགས་པ་ཆེན་པོའི་གཞུང་ཤླཽཀ་གཅིག་ཏུ་ལངས་པ་ཡང་བསྒྱུར་རྒྱུ་མ་རྙེད་སྣང་བས་ཨོ་རྒྱན་དང༌། རྒྱ་གར་དུ་དར་བའི་ཆོས་མིན་ངེས་པར་འདུག །ཅེས་ཟེར་མོད། ༈ བདེན་པ་ནི་མ་ཡིན་ཏེ། དེ་ལྟར་ན་གྲུབ་ཐོབ་ཨོ་རྒྱན་པས། ཐད་བཻ་ཧ་རའི་གཙུག་ལག་ཁང་ན་རྙིང་མའི་རྒྱུད་ཀྱི་མཚན་ཐོ་རང་ཡང་པོད་ཆེན་དུ་ལངས་པ་འདུག་ཅེས་རྣམ་ཐར་དུ་ཐེབས་པ་ཁྱོད་ཀྱིས་ཕྱིས་ཤིག །


JLAZ006_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཇོ་བོས་ཨ་རོའི་ཐེག་ཆེན་རྣལ་འབྱོར་ལ་བསྔགས་བརྗོད་ཤིན་ཏུ་ཆེ་བ་དང༌། དམ་པས་རྫོགས་ཆེན་གྱི་གྲུབ་མཐའ་འཛིན་པ་དང༌། རྔོག་ལོས་བསམ་ཡས་ཀྱི་རྒྱ་དཔེ་ལ་བསྔགས་པ་སོགས་མ་མཐོང་བའི་རྫུན་གཏམ་མོ། །༈ ཕྱིས་ཀྱི་ལོ་པཎ་དེ་དག་གིས་རྙིང་མ་དང་རྫོགས་ཆེན་གྱི་གཞུང་ཅུང་ཟད་ཀྱང་མ་བསྒྱུར་ཞིང་བསྒྱུར་རྒྱུ་འཕགས་ཡུལ་ནས་མ་རྙེད་པའི་ཤེས་བྱེད་ཅི་ཡང་མེད༌། ཨོ་རྒྱན་དང་རྒྱ་གར་གཉིས་མིན་པ་གཞན་དུ་དར་བའི་ཆོས་ཐམས་ཅད་ཆོས་མིན་ཡིན་ནམ། དེ་ལྟ་ན་རྩ་བརྒྱུད་ཆེན་པོ་རྣམས་འཕགས་ཡུལ་དུ་མེད་ཅིང་དར་བྱེད་ཀྱི་གླིང་དང༌། ཤམ་བྷ་ལ་ལ་སོགས་པ་རྣམས་སུ་དར་བར་བཤད་ཅིང་རྩ་རྒྱུད་དེ་རྣམས་ལོ་པཎ་དེ་དག་གིས་མ་རྙེད་པས་ཆོས་མིན་ཡིན་ནམ། འཕགས་ཡུལ་དུ་ཡོད་པ་ལ་དུས་འཁོར་རྒྱུད་འགྲེལ་ལ་སོགས་སེམས་འགྲེལ་སྐོར་གསུམ་རྣམས། ག་ཡ་དྷ་ར། འབྲོག་མི། མར་འགོས་རྣམས་ཀྱིས་ཅུང་ཟད་ཀྱང་མ་བསྒྱུར་བས་ཆོས་མིན་དུ་བྱེད་དམ། ལོ་པཎ་དེ་དག་རེ་རེས་མ་རྙེད་པ་དང༌། མ་བསྒྱུར་བས་ཆོས་མིན་ཡིན་ན། ལོ་ཆེན་རིན་བཟང་གིས་སློབ་དཔོན་ཀུན་སྙིང་གིས་མཛད་པའི་དེ་ཉིད་འདུས་པའི་རྒྱུད་འགྲེལ་དེ་ཉིད་སྣང་བ་དང༌། སྦྱོང་རྒྱུད་ཀྱི་འགྲེལ་པ། ཆོ་ག་སོགས་རྣམས་ཀྱང་རྒྱ་གར་དུ་མ་


JLAZ006_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པར་སྣང་བས་འགྲེལ་བ་དེ་དག་ཀྱང་ཆོས་མིན་ཡིན་ནམ། རྒྱ་གར་འཕགས་པའི་ཡུལ་དུ་བར་སྐབས་སུ་ནུབ་པའི་མདོ་རྒྱུད་དཔག་ཏུ་མེད་པ་ཅིག་བཤད་པས་ལོ་པཎ་དེ་དག་གིས་དེ་རྣམས་ཀྱང་མ་མཐོང་མོད། དེ་དག་ཀྱང་ཆོས་མིན་དུ་བྱེད་དམ་རྒྱ་གར་ནས་འགྱུར་ངེས་པའི་མདོ་རྒྱུད་ཕལ་ཆེར་ཞིག་ལོ་པཎ་དེ་དག་གི་དུས་རྒྱ་གར་དུ་མེད་པར་བཤད་པས་དེ་དག་ཀྱང་ཆོས་མིན་དུ་བྱེད་དམ། གཞན་ཡང་ལོ་པཎ་དེ་དག་གིས་རྫོགས་ཆེན་རྒྱ་གར་ནས་མ་རྙེད་པ་མ་གཏོགས། རྒྱལ་བའི་གསུངས་རབ་དགོངས་འགྲེལ་དང་བཅས་པ་རྒྱ་གར་དུ་གང་བཞུགས་ཐམས་ཅད་ལོ་པཎ་རེ་རེས་ཀྱང་རྫོགས་པར་བསྒྱུར་བ་ཡིན་ནམ། ཡང་ན་ཕྱོགས་རེ་བ་དང་ཁ་ཡར་ཙམ་ལས་མ་བསྒྱུར་བ་ཡིན། ཕྱོགས་རེ་བ་ལས་ཐམས་ཅད་མ་བསྒྱུར་ན་ནི། དེ་རྣམས་ཀྱིས་རྫོགས་ཆེན་མ་བསྒྱུར་བར་ཟད་དོ། །དེ་ལས་གཞན་པའི་པདྨ་སམ་བྷ་ཝ། སངས་རྒྱས་གསང་བ། བི་མ་ལ་སོགས་སྔ་ཕྱིར་བྱོན་པའི་ལོ་པཎ་ཆེས་མང་བ་རྣམས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པས་ཆོག་མོད། ཇོ་བོ་རྗེ་བོད་དུ་བྱོན་ནས་བསམ་ཡས་སུ་ཕྱགས་ཕེབས་པའི་དུས་ཇོ་བོས་བེ་ཀར་དཀོར་མཛོད་ནས་རྒྱ་དཔེ་མང་པོ་གཟིགས་པས། ཇོ་བོས་གསན་གཟིགས་མ་མཛད་པའི་རྒྱུད་སྡེ་མང་པོ་བཞུགས་གདའ་བ་དང༌། ཇོ་བོའི་ཞལ་ནས།


JLAZ006_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཡུལ་ན་ཐེག་ཆུང་གི་འདུལ་བ་ཉུང༌། དེ་ལས་ཐེག་པ་ཆུང་ངུའི་མདོ་སྡེ་མང༌། དེ་ཚོ་བས་ཐེག་ཆེན་གྱི་མདོ་སྡེ་མང༌། དེ་བས་ཐེག་ཆེན་གྱི་མངོན་པ་མང༌། དེ་ཐམས་ཅད་པས་ཀྲི་ཡ་མང༌། དེ་ཐམས་ཅད་པས་ཡོ་ག་མང༌། དེ་ཐམས་ཅད་པས་ཕ་རྒྱུད་མང༌། དེ་ཐམས་ཅད་པས་མ་རྒྱུད་མང་སྟེ། མི་ཡུལ་མ་གཏོགས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གནས་ན་ཡང་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ཤིང་འགྲོ་བ་མཐོ་དམན་མ་ལུས་པའི་དོན་ཡང་འདི་ཡི་སྒོ་ནས་མཛད་པ་མང་གསུངས་ཤིང༌། མི་ཡུལ་ན་བཞུགས་པའི་གསང་སྔགས་འདི་ལ་ང་ལས་མཁས་པ་མེད་སྙམ། མཁའ་འགྲོ་མ་རྣམས་ཀྱིས་ནམ་མཁའ་ནས་གཞལ་ཡས་ཁང་གི་སྒོ་ཕྱེ་ནས་རྒྱུད་མང་པོ་བསྟན་པ་ཡིན་ཡང་འདི་རྣམས་མི་གདའ། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མཐའ་མངོན་རྒྱུ་ཡོད་ཡོད་མི་འདུག་གསུངས་ནས་ཐུགས་རྒྱལ་ཆག །བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་མཛད་ནས། བོད་ཀྱི་བསྟན་པ་དར་དུས་དེ་འདྲ་བ་རྒྱ་གར་ཏུ་ཡང་མ་བྱུང་འདུག་གསུངས། རྒྱ་གར་དུ་མེས་དགྲ་ལན་མང་དུ་བྱུང་བས་ཚིག་པ་འདྲ། རྒྱ་གར་ན་མེད་པའི་རྒྱུད་མང་པོ་འདིར་སྣང་གསུངས་ནས་ཕལ་ཆེར་བཞེངས་ནས་རྒྱ་གར་དུ་བསྐུར་བར་བཤད་མོད། པཎ་ཆེན་ཤཱཀྱ་ཤྲཱིས་ཀྱང་ཁོ་བོ་ལ་སྔར་མ་གྲགས་པའི་གདམས་


JLAZ006_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་ཡོད་གསུངས་ནས་དེའི་ནང་ནས་ཡ་གྱལ་གཅིག །ཡང་དག་མེ་གཅིག་ཐོད་གཅིག་དང༌། དེ་ལ་བརྟེན་པའི་གཏུམ་མོའི་གདམས་པ་སོགས་རྣམས་ཀྱང་སྔགས་རྙིང་མ་ཡིན་མོད། དམ་པ་རྒྱ་གར་གྱི་བླ་མ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་ནང་ནས་ནམ་མཁའ་ལྟ་བུའི་སྐུ་ཐོབ་པའི་བླ་མ་བཞི་ཡིས་སློབ་དཔོན་པདྨ་འབྱུང་གནས་ལས་རྡོ་རྗེ་ཕུར་བའི་དབང་བརྒྱུད་མན་ངག་ཐམས་ཅད་དང༌། རྫོགས་པ་ཆེན་པོ་ལ་སོགས་པ་མང་དུ་གསན། དམ་པས་བོད་དུ་སྐུ་ཚེ་འདི་ལ་ལན་གསུམ་དུ་བྱོན་པའི་དང་པོ་ལ་སློབ་དཔོན་པདྨ་འབྱུང་གནས་དང་སྟབས་གཅིག་ཏུ་མངའ་རིས་སྟོད་ནས་བྱོན། གངས་ཏི་སེར་གད་པ་གསེར་གྱི་བྱ་སྐྱིབས་སུ་ཞག་གསུམ་བཞུགས། བྱང་ལམ་ནས་བརྒྱུད་དེ་བསམ་ཡས་སུ་བྱོན་ནས་སློབ་དཔོན་ཆེན་པོ་པདྨས་མི་དབང་ཁྲི་སྲོང་ལྡེའུ་བཙན་སྲས་དང་བཙུན་མོར་བཅས་པ་ལ་ཕུར་བའི་དབང་སྐུར་དུས་ཁོ་བོས་ལས་སློབ་བྱས། དེ་དུས་ཁོ་བོ་ལ་ཀ་མ་ལ་ཤཱི་ལར་གྲགས་ནས། ཧཱ་ཤང་གི་ལྟ་བ་སུན་ཕྱུང༌། མཚན་མོའི་དུས་སུ་སློབ་དཔོན་པདྨས་བསམ་ཡས་ཀྱི་དབུ་རྩེར་རྒྱལ་པོ་ཉིད་དང༌། མཁན་པོ་ཧཱ་ཤང་ལ་སོགས་ལ་སྙིང་པོ་བླ་ན་མེད་པ་རྫོགས་པ་ཆེན་པོ་གསུངས། ཁོ་བོས་ཉིན་པར་དབུ་མ་སྣང་བ་སྒོམ་རིམ་གསུམ་ལ་སོགས་པ་མཚན་ཉིད་ཀྱི་ཆོས་མང་དུ་བཤད་ཅེས་གསུངས་


JLAZ006_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། གཞན་ཡང་དམ་པ་ལ་ཀུན་དགས་ཞུས་པ། དམ་པ་རྫོགས་པ་ཆེན་པོ་འདི་ལྟ་བ་མཐོ་བ་ལགས་སམ་ཞུས་པས་རྫོགས་པ་ཆེན་པོ་ནམ་མཁའ་དང་འདྲ་གསུངས། སེམས་འཛིན་ཡང་མང་ལགས་སམ་ཞུས་པས། ནམ་མཁའ་ཁབ་མིག་ཏུ་འོང་བ་ཡང་ཤེས་གསུངས་སོ། །ཕ་རྒྱུད་གཡོ་བ་རླུང་གི་བླ་མ་རྣམས་ཀྱི་ནང་ནས་ཡོ་གའི་མཁས་པ་གསུམ་ལས་སངས་རྒྱས་གསང་བ་ཡང་དམ་པའི་བླ་མ་ཡིན་ཞིང༌། དེ་ལས་གསང་སྙིང་ལ་སོགས་སྒྱུ་འཕྲུལ་གྱི་གདམས་པ་རྣམས་གསན་པ་ཡིན་ཏེ། དེ་ཡང་སྤྱིར་སྔགས་ཀྱི་རྒྱུད་སྡེ་རྣམས་ལས། བྱ་སྤྱོད་ཡོ་ག་གསུམ་ནས་དབང་ནི་བུམ་དབང༌། ལམ་ནི་གཞི་དམ་རྒྱ་བསྐྱེད་རིམ་གཙོ་ཆེ། རྣལ་འབྱོར་བླ་མེད་ཟླ་གསང་ཐིག་ལེ་སོགས་ཕ་རྒྱུད་རྣམས་ནས་དབང་ནི་གསང་དབང༌། ལམ་ནི་དོན་ཆོས་རྒྱ། རྫོགས་རིམ་རླུང་གཙོ་བར་བྱེད། མ་རྒྱུད་ནས་དབང་ནི་གསུམ་པ། ལམ་ནི་དེའི་ལས་ཀྱི་ཕྱག་རྒྱ། རྫོགས་རིམ་ཐིག་ལེ་གཙོ་ཆེ། སྙིང་པོ་དོན་གྱི་རྒྱུད་འགྲེལ་དཔལ་རྙོག་མེད་ལ་སོགས་ནས་དབང་ནི་བཞི་པ། ལམ་ནི་ཕྱག་རྒྱ་ཆེན་པོའམ། རྫོགས་པ་ཆེན་པོ་གཙོ་བོར་བྱེད་ཅེས་དང༌། དེ་ལྟར་བཞི་པོ་དེ་ཐེག་པ་མཆོག་དམན་དང༌། ཟབ་མི་ཟབ་ཀྱི་སྒོ་ནས་གོང་འོག་ཏུ་ཕྱེ་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་རྡོ་རྗེ་སེམས་དཔའ་སྒྱུ་


JLAZ006_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་དྲྭ་བ་འདི་ལ་རྩ་རྒྱུད་གསང་བ་སྙིང་པོ་ལ་སོགས་པའི་རྒྱུད་འགྲེལ་གདམས་པ་ལག་ལེན་དང་བཅས་པ་དཔག་མེད་ཅིག་བཞུགས་ཀྱང༌། ཉམས་སུ་ལེན་པ་ལ་ཚིག་གསུམ་པོ་འདིས་ཆོག་སྟེ། དག་སྣང་ཡིད་ལ་བྱས་པས་དངོས་འཛིན་ཡིད་ཀྱི་སྤུ་རིས་སུབས་ནས། སྣང་བ་སྤྲུལ་སྐུར་འཆང་བ་འདི་ནི། བུདྡྷ་གུ་ཧྱའི་གདམས་པ་ཡིན། ཞེས་གསུངས་ནས་འདིའི་ཉམས་སུ་ལེན་ལུགས་སངས་རྒྱས་གསང་བའི་རྣམ་ཐར་དང་བཅས་པ་གསུངས་ཤིང༌། སངས་རྒྱས་གསང་བ་འདིས་བོད་དུ་ཡང་གངས་ཏི་སེར་བྱོན་ནས་དེར་བཞུགས་པ་ལ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་འདྲེན་དུ་བཏང་བ་ལ། ང་དེར་ཡོང་ན་སྲོག་གི་བར་ཆད་དུ་འགྲོ་བས་མི་ཡོང་གསུངས་ནས། བསམ་གཏན་ཕྱི་མའི་རིམ་པ་དང༌། དཔུང་བཟང༌། ལེགས་གྲུབ་རྣམས་ཀྱི་བསྡུས་འགྲེལ་རེ་མཛད་ནས་བསྐུར། དེ་ལ་རྒྱལ་པོ་དགྱེས་ནས་འབུལ་བ་མང་པོ་བསྐུར་བས། སློབ་དཔོན་ཡང་མཉེས་ནས། སྒྱུ་འཕྲུལ་གསང་སྙིང་གི་འགྲེལ་བ་དང༌། སྒྱུ་འཕྲུལ་ཞི་ཁྲོའི་སྒྲུབ་དཀྱིལ་རྡོ་རྗེ་ལས་རིམ། དཀྱིལ་འཁོར་ཆོས་དོན་བྱ་བ་གཞན་ཡས་ཁང་གི་གསལ་བྱེད། རྣམ་སྣང་མངོན་བྱང་བསམ་གཏན་ཕྱི་མ་རྣམས་ལ་ཚིག་འགྲེལ་མཛད་པ་དང༌། རྒྱལ་པོ། བཙུན་མོ། བློན་པོ། འབངས། བོད་ཀྱི་རབ་


JLAZ006_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་སོགས་རྣམས་ལ་ཞལ་ཏའི་སྤྲིང་ཡིག་དང་བཅས་པ་བསྐུར་བས་རྒྱལ་པོ་ཡང་ཤིན་ཏུ་དགྱེས་སོ། །གཞན་ཡང་སྒེག་པའི་རྡོ་རྗེ། ཧཱུྃ་ཀཱ་ར། བྷ་སུ་དྷ་ར། པདྨ་བཛྲ་རྣམས་ལ་སྔགས་རྙིང་མར་གྲགས་པ་རྣམས་ཀྱི་རྒྱུད་གཞུང་དབང་གདམས་ངག་ཐམས་ཅད་དམ་པས་གསན་པར་བཤད་ཅིང༌། ལོ་རྒྱུས་ལ་སོགས་ཤིན་ཏུ་མང་བས་དམ་པ་རྒྱ་གར་ཀྱིས་ཀྱང་རྫོགས་ཆེན་དང་རྙིང་མའི་ཆོས་སྐོར་མ་བསྒྱུར་བ་དང་མ་བཤད་པའི་ཤེས་བྱེད་ཡང་དག་པ་རྙེད་ན་སྟོན་ཅིག །དེ་ལྟར་མིན་ན་དམ་པ་རྒྱ་གར་གྱིས་མཛད་པའི་ཞི་བྱེད་ཅེས་ཡོངས་སུ་གྲགས་པའི་བཀའ་བབས་སྙན་བརྒྱུད་བཞིའི་གདམས་པ་ལ་ཐུན་མོང་གི་གདམས་པ་གྲུབ་ཐོབ་ཕོ་མོ་ལྔ་བཅུའི་གདམས་པ། གཞུང་གི་གནད་བསྡུས་པ་ལམ་དངུལ་སྒོང་དག་པ། ངོ་སྤྲོད་ཀྱི་གནད་བསྡུས་པ་ལམ་དྲི་མེད་གསེར་སྒོང་དག་པ། གདམས་པའི་གནད་བསྡུས་པ་ལམ་དྲི་མེད་ཤེལ་སྒོང་དག་པ་རྣམས་ཀྱི་ཕལ་ཆེ་བ་ཞིག་རྫོགས་ཆེན་སོགས་རྙིང་མའི་བླ་མ་པདྨ་འབྱུང་གནས། སངས་རྒྱས་གསང་བ། སྒེག་པའི་རྡོ་རྗེ། པདྨ་བཛྲ། ངག་དབང་གྲགས་པ། ཀོ་ཤ་པ་བལ་པོ་བ་སུ་དྷ་ར་རྣམས་ལས་གསན་པའི་རྫོགས་ཆེན་དང་རྙིང་མ་རྣམས་ཀྱི་གདམས་པ་ཡིན་པས་ཡང་ན་དམ་པ་དང༌། ཆོས་ཞི་བྱེད་རྣམས་ཆོས་ལོག་ཡིན་ནམ།


JLAZ006_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་དེའི་ནང་གི་རྫོགས་ཆེན་སོགས་རྣམས་ལོག་པ་ཡིན་པ་སྟོན་ཅིག །དེས་ན་དམ་པ་རྒྱ་གར་གྱིས་རྫོགས་ཆེན་མ་བསྒྱུར་བ་ལ་སོགས་པའི་ཚིག་འདིས་མ་བྱོན་པའི་སངས་རྒྱས་གཉིས་པར་ཞལ་གྱིས་བཞེས་པའི་དམ་པ་སངས་རྒྱས་ཀྱང་སྐྱོན་ཅན་དུ་མ་བཏང་ཞིག ། ༢ སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའི་སྐུ་རིང་ལ་བསྒྱུར་བའི་ཆོས་མིན་པས། རྫོགས་ཆེན་འདི་གསང་སྔགས་རྙིང་མའང་མ་ཡིན། དུས་ཕྱིས་ལོ་པཎ་མཁས་གྲུབ་རྣམས་ཀྱིས་མ་བསྒྱུར་བས་གསང་སྔགས་གསར་མ་ཡང་མ་ཡིན། ཁོ་རང་ལ་སྒོས་ཀྱི་རྒྱུད་དང་རྒྱ་གཞུང་མཐའ་ཡས་པ་ཡོད་པར་འདོད་པས་ནཱ་རོ་དང་ནི་གུ་ཆོས་དྲུག་ལྟ་བུ་རྒྱུད་སྡེའི་དགོངས་པ་བླ་མའི་མན་ངག་ཏུ་བསྡེབས་པ་དེ་ཡང་མ་ཡིན། ཞེས་ཟེར་མོད། དེ་ལྟ་ན་རྒྱལ་བློན་དེ་རྣམས་ཀྱི་དུས་སུ་རྫོགས་ཆེན་སོགས་རྣམས་ནི་མ་བསྒྱུར། ཀྱེ་རྡོ་རྗེ་ལ་སོགས་དེ་བས་ཀྱང་མེད་པས་དེ་དུས་ཀྱི་རྒྱལ་བློན་རྣམས་ཐམས་ཅད་རྡོ་རྗེ་ཐེག་པའི་སྐལ་བ་དང་མི་ལྡན་པའི་སྐལ་ཆད་ཡིན་ནམ། དེ་ལྟར་མིན་ན་དེ་དུས་ཀྱི་པདྨ་འབྱུང་གནས། སངས་རྒྱས་གསང་བ། བི་མ་ལ་རྣམས་ཀྱིས་གསུངས་པའི་གསང་སྔགས་བླ་མེད་ཀྱི་ལམ་དེ་གང་ཡིན་སྟོན་ཅིག །གཞན་ཡང་སྔོན་གྱི་ལོ་པཎ་འདི་རྣམས་ཀྱིས་གསང་སྔགས་བླ་མེད་ཀྱི་གསར་མ་རྣམས་དེ་དུས་མ་བསྒྱུར་བ་དེ། དེ་ཀུན་གྱིས་ཀྱང་རྒྱ་གར་ནས་མ་རྙེད་ནས་མ་བསྒྱུར་བ་ཡིན་ནམ། ཡོད་ཀྱང་མ་བསྒྱུར་བ་ཡིན།


JLAZ006_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་ནི་གཞན་ལའང་མཚུངས་སོ། །ཡང་དེའི་དུས་སུ་སློབ་དཔོན་པདྨ་ལ་སོགས་པས་བསྒྱུར་བའི་གསང་ཆེན་བླ་མེད་ཀྱི་མན་ངག་རྣམས་ཀུན་དང་ཐུན་མོང་མ་ཡིན་པའི་དོན་གྱིས་ཀུན་གྱིས་སྤྱོད་ཡུལ་དུ་མ་གྱུར་པས་ཐམས་ཅད་ཀྱིས་མངོན་དུ་མི་སྣང་མོད། རྒྱུད་གཞུང་ཁ་ཅིག་ནི་མངོན་དུ་ཡང་སྣང་སྟེ། བཅོམ་ལྡན་རལ་གྲིས། གསང་སྔགས་བླ་མེད་ཀྱང་དེ་དུས་སྒྱུ་འཕྲུལ་གསང་སྙིང་ལ་སོགས་སྒྱུ་འཕྲུལ་སྡེ་བརྒྱད་གསང་སྙིང་གི་འགྲེལ་བ་ཉི་འོད་སེང་གེས་མཛད་པ་རྣམས་པདྨ་རུ་རྩེས་བསྒྱུར་ཞིང༌། ཡང་གསང་སྙིང་དང་དའི་འགྲེལ་པ་སངས་རྒྱས་གསང་བས་མཛད་པ་གཉིས་བཻ་རོ་ཙ་ནས་བསྒྱུར་བར་འཕང་ཐང་སོགས་སུ་བཤད་ཅེས་གསུངས་ཤིང༌། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། སྒྱུ་འཕྲུལ་དྲྭ་བ་རྣམས་ལྕེ་བཀྲ་ཤིས་ཀྱིས་བསྒྱུར་བར་དཀར་ཆག་འཕང་ཐང་དང༌། ལྡན་དཀར་གཉིས་སུ་བཤད་ཅེས་རིག་རལ་གྱིས་གསུངས་མོད། འདི་རྣམས་ཐམས་ཅད་ནི་ཆོས་སྐད་རྫོགས་ཆེན་གྱི་རྗེས་འབྲངས་རྙིང་མ་ཡིན་ཞིང༌། ཁྱད་པར་སངས་རྒྱས་མཉམ་སྦྱོར་གྱི་བླ་མ་བརྒྱུད་པ་སོགས་ཀྱང་སྙིང་ལ་སོགས་དང་ཁྱད་མེད་དོ། །གཞན་ཡང་དེ་དུས་སངས་རྒྱས་གསང་བས་བྲན་ཀ་མུ་ར་ཏི་དང༌།


JLAZ006_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་མཉྫུ་ཤྲཱི། བཻ་རོ་ཙ་ན་གསུམ་ལ་བཤད་ཅིང་བསྒྱུར་བ་ལ་སྔ་དར་ཟེར། དེ་ནས་པདྨ་འབྱུང་གནས་ཀྱིས་གཉགས་ཛྙཱ་ན་ཀུ་མཱ་ར། ངན་ལམ་རྒྱལ་བ་མཆོག་དབྱངས་རྣམས་ལ་བཤད་ཅིང་བསྒྱུར་བ་ལ་བར་དར་ཟེར། བི་མ་ལས་གཉགས་དང་རྨ་རིན་ཆེན་མཆོག་ལ་བཤད་ཅིང་བསྒྱུར་པ་ལ་ཕྱི་དར་ཟེར། དེ་དག་ནི་སྔགས་རྙིང་མ་རྫོགས་ཆེན་གྱི་རྗེས་འབྲང་ཡིན་ནོ། །ཕྱིས་ཀྱི་ལོ་པན་རྣམས་ཀྱིས་མ་བསྒྱུར་བའི་ཤེས་བྱེད་མེད་དེ། གོང་དུ་བསྟན་པ་ལྟར། དམ་པ་དང༌། པཎ་ཆེན་ཤཱཀྱ་ཤྲཱི་དང༌། སྨྲྀ་ཏི་དང༌། ལོ་ཆེན་རིན་བཟང་རྣམས་ཀྱིས་རྫོགས་ཆེན་དང༌། ཡང་དག་མེ་གཅིག་གི་འགྲེལ་པ་ཀུན་སྙིང་གིས་མཛད་པ་རྣམས་བསྒྱུར་བར་བཅོམ་ལྡན་རལ་གྲིས་བཤད་པ་རྣམས་ཅི་ཡིན། ཁོ་རང་ལ་སྒོས་རྒྱུད་ཡོད་པས་ཅི་ཉེས་ཏེ། དམ་པའི་ཞི་བྱེད་ལའང་ཁོ་རང་གི་སྒོས་རྒྱུད་ད་ལྟའི་རྒྱུད་གཞན་ཀུན་དང་ཆོས་སྐད་མི་མཐུན་པའི་ཨཱ་ལི་ཀཱ་ལི། ཆུ་ཀླུང་རོལ་བའི་གསང་རྒྱུད་ཆེ་ཆུང༌། བདག་མེད་མའི་བརྡ་རྒྱུད་རྣམས་དང༌། ཕྱག་ཆེན་བརྡ་རྩལ་ཁོ་རང་གི་སྒོས་རྒྱུད། བརྡ་རྒྱུད་ལེའུ་ལྔ་བཅུ་རྩ་ལྔ་ཡོད་པར་བཤད་པས་སྒོས་རྒྱུད་ཡོད་པས་ཅི་ཉེས། སྦྱོར་དྲུག་རིམ་ལྔ། ལམ་འབྲས་སོགས་རྣམས་ལ་ཡང་དུས་འཁོར་འདུས་པ་བརྟག་གཉིས་སོགས་རྣམས་སྒོས་རྒྱུད་ཡིན་པ་


JLAZ006_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་མོད། ཆོས་དྲུག་ལྟ་བུ་རྒྱུད་སྡེར་མེད་ན་ནི་བླ་མས་སྡེབ་རྒྱུ་ཅང་ཡོད་དམ། ཐམས་ཅད་འདྲ་བ་ཞིག་དགོས་ན་ནི་རྡོ་རྗེ་ཐེག་པའི་དབྱེ་བ་མང་པོ་ཅི་བྱེད་གཏོལ་མེད་ཀྱི་ཚིག་གོ །།༢ གླང་དར་མས་བསྟན་པ་བསྣུབས་པའི་རྗེས་སུ་རྫུན་རྒྱུད་བརྩམས་པ་དེ་ནས། དར་རྗེ་དཔལ་གྲགས། གནུབས་ཨ་རོ་ཏྲང་ཤག་རྣམས་ཀྱིས་ཀུན་འདུས་ཀུན་བྱེད་སོགས་བརྩམས། ལྕེ་བཙུན་གྱིས་བི་མ་ལའི་སྙིང་ཐིག །ལས་འབྲེལ་རྩལ་གྱིས་མཁའ་འགྲོ་སྙིང་ཐིག །རྡོ་རྗེ་གླིང་པས་རྡོར་སེམས་སྙིང་ཐིག །གནུབས་དང་ཉང་རལ་སོགས་ཀྱིས་བཀའ་བརྒྱད་དང་བདེ་འདུས་ལ་སོགས་པ་མཐའ་ཡས་པ་བྱས་ཏེ། བོད་བླུན་པོས་རང་བཟོ་བྱས་པས་རྒྱུད་མིན་རྒྱུད་དུ་བརྫུས་ནས། བསྟན་པ་ཆུ་རྙོགས་མ་ཅན་ལྟ་བུར་བྱས་པའི་ཆོས་ལོག་ཡིན། རྒྱུ་མཚན་འདི་རྣམས་ལ་དགོངས་ནས། ལོ་ཙྪ་བ་རིན་ཆེན་བཟང་པོ་དང༌། ལྷ་བླ་མ་ཡེ་ཤེས་འོད། ཕོ་བྲང་ཞི་བ་འོད་རྣམས་ཀྱིས། ད་ལྟ་ལས་ཟད་རྒྱལ་པོའི་ཁྲིམས་ཉམས་པས། །རྫོགས་ཆེན་མིང་བཏགས་སྔགས་ལོག་བོད་དུ་དར། །དེ་ཡིས་རྒྱལ་ཁམས་ཕུང་སྟེ་འདི་འདྲར་གྱུར། །ཅེས་སོགས་ཀྱི་འབྱམ་ཡིག་བཏང༌། ཞེས་ཟེར་མོད། ༈ གང་ཟག་བླུན་པོས་ཆོས་ལོག་དེ་ཙམ་བརྩམས་ཐུབ་ན་བླུན་པོའི་ཐ་སྙད་གང་ལ་འཇོག ། ཆོས་དེ་རྣམས་ལས་དངོས་གྲུབ་བརྙེས་པ་མང་དུ་བྱུང་བས་གལ་ཏེ་བརྩམས་པ་ཡིན་དུ་ཆུག་ཀྱང་སངས་རྒྱས་དངོས་དང་མཚུངས་པའི་རིག་འཛིན་ཡིན་པས་ཆོས་ཀྱིས་གོ་ཆོད། དེའི་རྒྱུ་མཚན་སྡུད་པ་ལས། རྒྱལ་བའི་


JLAZ006_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་གང་ཞིག་ཆོས་འཆད་ཅིང༌། །ཞེས་པ་ལ་སོགས་ནས། དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པ་སྐྱེས་བུའི་མཐུ། ཞེས་པའི་དོན་མི་ཤེས་པ་སྙིང་རེ་རྗེ། ༈ གླང་དར་མས་བསྟན་པ་བསྣུབས་ཕྱིན་ཆད་དེ་རྣམས་ཁྱོད་རང་གི་འདོད་དབང་ཙམ་དུ་ཆོས་ལོག་ཡིན་དུ་ཆུག །དེ་ཕན་ཆད་དུ་པདྨ་སམ་བྷ་ཝ་དང༌། བི་མ་ལ། སངས་རྒྱས་གསང་བ་རྣམས་ཀྱིས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང༌། ས་སྐྱའི་འཁོན་ཀླུ་དབང་བསྲུངས་བ་རྡོ་རྗེ་རིན་ཆེན་སོགས་རྣམས་ལ་གནང་བའི་རྫོགས་ཆེན་དང༌། ཡང་ཕུར་རྣམས་ཀྱང་ལོག་པ་ཡིན་ནམ། དེ་ལྟ་ནི་ཀླུ་དབང་བསྲུངས་སོགས་ས་སྐྱ་བ་རྗེས་འབྲངས་དང་བཅས་པ་རྣམས་ཀྱིས་ཀྱང་སྔགས་ལོག་བརྩམས་ནས་རང་གཞན་ཐམས་ཅད་ལོག་པའི་ལམ་དུ་འཁྲིད་པ་ནི་ས་སྐྱ་པ་ཐམས་ཅད་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་དུ་གྲགས་ཀྱང་ཆེར་མ་འོས་སོ། །གཞན་ཡང༌། དར་རྗེ་དཔལ་གྲགས། གནུབས་ཨ་རོ། ཏྲང་ལྕེ་བཙུན་རྣམས་ཀྱིས་དུས་ལ། ལོ་ཆེན། ལྷ་བླ་མ་སོགས་ཀྱི་དེ་རྣམས་ཀྱི་སྔགས་ལོག་བརྩམས་པ་དགོངས་ནས་སུན་འབྱིན་གྱི་འབྱམ་ཡིག་བཏང་དུ་ཆུག་སྟེ་ཕལ་ཆེར་དུས་མཚུངས་ཡིན་ནམ། ལས་འབྲེལ་རྩལ། རྡོ་རྗེ་གླིང་པ། ཉང་རལ་སོགས་རྣམས་ཕྱིས་རང་བྱུང་རྡོ་རྗེ་སོགས་དང་དུས་མཚུངས་ཙམ་ཡིན་པས་དེ་ལ་དགོངས་ནས་ཞེས་པ་འདི་གཏོལ་མེད་དོ། །ཕྱིས་འདི་རྣམས་འོང་བར་དགོངས་


JLAZ006_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསུངས་པ་ཡིན་ན་ནི། ལོ་རིན་སོགས་ཤཱཀྱ་ཐུབ་པ་ལས་ཀྱང་ཆེས་ལྷག་པར་འགྱུར་ཏེ། ཤཱཀྱ་ཐུབ་པས་ནི་བོད་ལྟ་བུའི་ཆོས་ལོག་རྣམས་ལུང་སྟོན་གྱིས་མི་ལང་ཞེས་ཟེར་བ་མ་ཡིན་ནམ། འདི་རྣམས་ཁ་ཅིག་ནི་མ་ངེས་བཞིན་དུ་སྨྲ་བ་སྟེ། བཀའ་བརྒྱད་དང་བདེར་འདུས་ཞེས་པའི་མིང་ཙམ་གྱི་ཆ་ཡང་མ་ངེས་པར་སྨྲ་བའོ། །འབྱམ་ཡིག་ཏུ་ཡང༌། རྫོགས་ཆེན་མིང་བཏགས་ཆོས་ལོག་ཅེས་པས། རྫོགས་ཆེན་གྱི་མིང་གིས་བཏགས་པའི་སྔགས་ལོག་མང་པོ་དར་བས། དེས་རྒྱལ་ཁམས་ཕུང་ཟེར་བ་ཡིན་གྱི། རྫོགས་ཆེན་དར་བ་ཟེར་བ་མ་ཡིན་མོད། དེས་ན་དེའི་དུས་ཨ་ཙ་ར་དམར་པོ་ལ་སོགས་པས་ཆགས་ལམ་གྱི་གདམས་པ་བྱ་བའི་ལམ་བསྟན་ནས་སྤྱོད་རྩིང་སྣ་ཚོགས་པ་དང༌། སེར་ཁྱིམ་ཟེར་ནས་རབ་བྱུང་གིས་བུད་མེད་བསྟེན་པ་སོགས་རྣམས་བྱུང་བས་དེ་རྣམས་དགག་པའི་ཕྱིར་དུ་ཡིན་གྱི་རྫོགས་ཆེན་དགག་པ་མ་ཡིན་པར་ངེས་ཤིང༌། དེ་ལྟ་མིན་ན་དེ་དུས་གསང་སྔགས་གསར་མའི་ཀྱེ་རྡོར་ཆ་མཐུན་གྱི་རྒྱུད་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད། ཡེ་ཤེས་སྙིང་པོ། ཡེ་ཤེས་ཐིག་ལེ་རྣམས་ཨ་ཙ་ར་དམར་ཞབས་ཀྱིས་བྱས་པར་འདོད་པ་སོགས་རྒྱུད་མང་དུ་དགག་ཟིན་པ་རྣམས་ཕྱིས་ཀྱི་མཁས་གྲུབ་མང་པོས་དཔང་དུ་བྱེད་པར་སྣང་མོད། ༢ འགོས་ཀྱིས་དང་པོར་རྫོགས་ཆེན་ལ་སློབ་གཉེར་མཛད།


JLAZ006_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ལོཙྪ་སྦྱངས་ནས་རྒྱ་གར་དུ་རྫོགས་ཆེན་ཞུར་སོང༌། སྔ་ཕྱི་རྒྱ་གར་དུ་ལན་བཅུ་གཉིས་སུ་ཕྱིན་ཚུལ་ལས་བརྩམས་ཏེ་རྒྱ་གར་ན་རྫོགས་ཆེན་མེད་པའི་ངན་སྨྲས། ༈ དེ་ནི་རྐུན་རྒྱབ་བརྫུན་བསྣོན་ཏེ་ཟུར་བའི་སར། ༈ སྒྱུ་འཕྲུལ་གསང་སྙིང་ཞུར་སོང་བ་ལ་མ་གནང་ནས་དེ་ལ་ཞེ་འཁོན་དུ་བཟུང་སྟེ། སྔར་ཁ་ཆེ་ན་ནང་པའི་པཎྜི་ཏ་ཞིག་བསླབ་པ་འཆལ་ནས་གནས་དབྱུང་བྱེད་པར་རྩོམ་པ་ལ་དེ་ལྟར་མ་བྱེད་མཁར་རྔ་མ་བརྡུངས་དང་ང་རང་འགྲོ་ཟེར་བ་ལ་མ་ཉན་པར་དེ་ལྟར་བྱས་པ་ལ་སྙིང་ནད་དུ་བཟུང་ནས་བསྟན་པ་ལ་འགྲན་བཙུགས་པའི་གྲུབ་མཐའ་ཅིག་བརྩམ་སྙམ་ནས་ར་ཧྨ་ན་བསྒྲུབས་ནས་སོག་པོའི་ལོག་ཆོས་བརྩམས་ཞེས་པ་ལྟར་དུ། སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས་རྣམས་ལ་སྐྱོན་བཙལ་ནས་སྨད་པའི་ཕྱིར་དུ་ཡིན་གྱི་རྒྱ་གར་ནས་རྫོགས་ཆེན་མིན་པ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཁོང་གིས་རྙེད་ནས་བསྒྱུར་བ་ནི་མ་ཡིན་མོད། འགོས་ཀྱིས་ཀྱང་རྒྱ་གར་ནས་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་ལས་གཤིན་རྗེ་འཆར་ཀའི་རྒྱུད་སྒྲུབ་ཐབས་མདོས་སོགས་རྣམས་དང༌། གསང་བ་འདུས་བ་སོགས་ལྷན་དུ་ཞུས་ནས་བསྒྱུར་ཏེ། འཆར་ཀ་འགོས་ལུགས་ཞེས་གྲགས་པ་ལ་སུས་བསྙོན་ཆོས་ལ་སྐྱོན་བཏགས་པའི་ཉེས་པས་ཁོང་རང་ལ་ཡང་སྐྱོན་མང་པོ་བྱུང་བའི་ལོ་རྒྱུས་ཀྱང་བརྗོད་པར་སྣང་མོད། རྗེ་མར་པ་ལོ་ཙཱ་ཡང་འགོས་ཀྱི་


JLAZ006_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ཡིན་ཞིང་རྒྱུད་རྣམས་ཀྱང་འགོས་འགྱུར་ལ་ཐུགས་གཙིགས་མཛད་ཅིང་བཤད་པ་ཡང་མཛད་གསུངས་མོད། འགྱུར་ལ་གཙིགས་མཛད་པ་སྲིད་མོད། སློབ་མ་ཡིན་ཡང་འགོས་ནས་མར་པ་ལ་བརྒྱུད་ནས། དེའི་སློབ་མ་མེས་རྔོག་མཚུར་གསུམ་མི་ལ་སོགས་སུ་བརྒྱུད་པའི་ཆོས་སྲོལ་ཨེ་ཡོད་ཐེ་ཚོམ་ཟ་མོད། དེང་སང་བོད་ན་འདུག་པའི་བཤད་སྲོལ་གང་ཡོད་འགོས་ཀྱི་ཆོས་རྒྱུད་དུ་མ་གྱུར་པ་མེད་ཅེས་པའང་བརྫུན་ཟེར་བར་མ་གྱུར་ཅིག །དེ་མིན་པ་གསང་འདུས་འཕགས་ལུགས་ལ་མཁས་པ་པཎྜི་ཏའི་ལུགས་ཀྱི་བརྒྱུད་པ་དང༌། གྲུབ་ཐོབ་ཉམས་ཀྱི་བརྒྱུད་པ་དང༌། མན་ངག་རིམ་ལྔ་དང་བཅས་པ་རྣམས་མཁས་པ་ཡེ་ཤེས་སྙིང་པོ་དང༌། ནཱ་རོ་པཎ་ཆེན་ནས་མར་པ་ལ་བརྒྱུད་པ་གསང་འདུས་མར་ལུགས་སུ་གྲགས་པ་ཐམས་ཅད་དང༌། གསང་འདས་འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས་ཀྱི་དབང་བརྒྱུད་མན་ངག་དང་བཅས་པ་གསེར་གླིང་པ་དང༌། ཀུ་སུ་ལུ་ལ་སོགས་ནས་ཇོ་བོ་རྗེ། དེ་ནས་རོང་པ་འགར་དགེ། ལྷ་བྱང་ཆུབ་འོད་སོགས་ལ་བརྒྱུད་པ་རྣམས་ཏེ། ཇོ་བོ་ལུགས་དང༌། གསང་འདུས་འཕགས་ལུགས་ཡེ་ཤེས་ཞབས་ལུགས་གཉིས་ཀྱི་དབང་བཀའ་བཤད་བཀའ་མན་ངག་རྣམས། རེ་ཝན་ཏྲ་བ་སོགས་ནས་ཆགས་ལོ་ཙཱ་བ་ལ་བརྒྱུད་པ་ཆག་ལུགས་


JLAZ006_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་དང་ཡེ་ཤེས་ཞབས་ལུགས་གཉོས་ལོ་ནས་བརྒྱུད་པ་གཉོས་ལུགས་དང༌། ཡེ་ཤེས་ཞབས་ལུགས་གཉན་ཆུང་ལོ་ཙཱ་ནས་ས་སྐྱ་པ་ལ་བརྒྱུད་པ་རྣམས་དང༌། འཕགས་ལུགས་ཀྱི་དབང་བཤད་མན་ངག་དང་བཅས་པ་པཎ་ཆེན་ཤཱཀྱ་ཤྲཱི་ནས་ས་སྐྱ་པ་ལ་བརྒྱུད་པ་ས་ལུགས་རྣམས་ཐམས་ཅད་ལ་འགོས་ནས་བརྒྱུད་པ་འདེད་པ་གཅིག་ཀྱང་མ་མཐོང་ངོ༌། །རྒྱ་གར་པའི་བླ་མ་རྣམས་ཀྱིས་ངེད་རྒྱ་གར་དུ་རྫོགས་ཆེན་བྱ་བ་མེད་ཅེས་ཟེར་བ་སོགས་རྣམས་ཀྱང་བརྫུན་པོ་ཆེ་ལ་རྫུན་རྟགས་མང་ཞེས་པ་ལྟར་གྱི་བླ་མ་དེ་རྣམས་སྤང་བར་མ་གྱུར་ཅིག །ས་སྐྱ་པཎ་ཆེན་གྱིས་འགོས་ཀྱི་འབྱམ་ཡིག་ཡི་རང་ཕུལ་ཟེར་ཡང༌། རྫོགས་ཆེན་སོགས་ལ་སྨད་པ་ལ་ཕུལ་བ་མ་ཡིན་ཏེ། སྡོམ་གསུམ་རབ་དབྱེར་གསང་སྔགས་སྔ་འགྱུར་བ་རྣམས་འདི་བཞེད། ཕྱི་འགྱུར་བ་རྣམས་འདི་བཞེད་ཅེས་གསུངས་ཤིང་རྫོགས་ཆེན་བཀག་པ་མེད། ལྷ་བཙས་ཞེས་བྱའི་ལོ་ཙཱ་བས། དེས་ཀྱང་ཆོས་ལོག་སུན་འབྱིན་པ། །ཞེས་བྱའི་བསྟན་བཅོས་མཛད་ནས་ནི། །ཆོས་དང་ཆོས་མིན་རྣམ་པར་ཕྱེ། །ཞེས་པའི་རྗེས་སུ་ཆོས་ལོག་ངོས་བཟུང་བ་ནི། དེ་ནས་ཆོས་རྗེ་ས་སྐྱ་པ། །ཆེན་པོ་བཞུགས་པ་ཡན་ཆད་དུ། །ཆོས་ལོག་སྤྱོད་པ་ཉུང་ཞེས་ཐོས། །ཕྱིས་ནས་ཕག་མོའི་བྱིན་རླབས་དང༌། །སེམས་བསྐྱེད་རྨི་ལམ་མ་ལ་སོགས། །ཡི་དམ་སྒོམ་པ་དཀྲོང་བསྐྱེད་དང༌། །


JLAZ006_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཆིག་ཐུབ་ལ་སོགས་པ། །སངས་རྒྱས་བསྟན་དང་འགལ་བ་ཡི། །ཆོས་ལོག་དུ་མ་དེང་སང་འཕེལ། །ཞེས་གསུངས་ནས་བཀའ་གདམས་པ། དྭགས་པོ་བཀའ་བརྒྱུད་ཀྱིས་འབྲི་སྟག་མཚལ་འབྲུག་པ་རྣམས་ཀྱི་ཆོས་ལུགས་རྣམས་བཀག་པ་མ་གཏོགས་པ་རྫོགས་ཆེན་བཀག་པ་ཡོད་མེད་དེའི་གསུང་རབ་རྣམས་གཟིགས་པས་གསལ་ལོ། །གཞན་ཡང་སྡོམ་གསུམ་རབ་དབྱེར་ས་སྐྱ་པཎ་ཆེན་གྱི་ཞལ་ནས། གཞན་ཡང་གསང་སྔགས་གསར་རྙིང་ལ། །བོད་ཀྱིས་སྦྱར་བའི་རྒྱུད་སྡེ་མང༌། །དེ་འདྲའི་རང་བཟོའི་མདོ་རྒྱུད་ལ། །མཁས་པས་ཡིད་རྟོན་མི་བྱའོ། །ཞེས་གསར་རྙིང་གཉིས་ཀ་ལ་རང་བཟོའི་མདོ་རྒྱུད་ཡོད་གསུང་པ་མིན་པ་སྒོས་སུ་རྫོགས་ཆེན་བཀག་པ་སོགས་བསྟན་བཅོས་དེར་མ་མཐོང་ཞིང༌། ཁྱད་པར་ཁོང་རང་གིས་བོད་དུ་བསྒྱུར་བའི་ཆོས་ཐམས་ཅད་ཕལ་ཆེར་གསན་པའི་རྣམ་གྲངས་མཛད་པའི་སྐབས་སུ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །ཉན་བཤད་ཡོད་པ་ཕལ་ཆེར་ཐོས། །ཐོས་པ་དེ་དག་ཐམས་ཅད་ཀྱང༌། །མིང་རྐྱང་ཙམ་དུ་མ་གཞག་གོ །།བྱེ་བྲག་སྨྲ་དང་མདོ་སྡེ་པ། །སེམས་ཙམ་པ་དང་དབུ་མ་ཡི། །གདམས་ངག་ཅི་སྙེད་ཕལ་ཆེར་ཐོས། །དེང་སང་བོད་ལ་གྲགས་པ་ཡི། །ཞི་བྱེད་རྫོགས་ཆེན་གཅོད་ལ་སོགས། །ཞེས་སོགས་ནས། གཞན་ཡང་བོད་དང་རྒྱ་གར་ལ། །


JLAZ006_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

དེང་སང་གྲགས་པ་ཕལ་མོ་ཆེ། །བདག་གིས་ལེགས་པར་འབད་དེ་ཉན། །བསླབས་པ་དེ་དག་མིང་རྐྱང་མིན། །དེས་ན་བདག་ལ་ཕྱོགས་ལྷུང་མེད། །ཅེས་གསུངས་མོད། རྙིང་མ་རྫོགས་ཆེན་དགག་པ་ཡོད་མེད་ཐམས་ཅད་ཀྱིས་དགོངས་པ་ལྟར་ཡིན་ནོ། །༢ ཆོས་རྗེ་ས་སྐྱ་པ་ཁུ་དབོན་རྣམས་སྔར་རྫོགས་ཆེན་པའི་བརྒྱུད་པ་ཡིན་ནའང༌། ཕྱིས་ཆོས་ལོག་ཡིན་པར་རིག་ནས་རྒྱབ་ཏུ་བསྐྱུར། ཞེས་ཟེར། བདེན་པ་ནི་མ་ཡིན་ཏེ། ༈ དེ་ལྟ་ན་ཁྱོད་ཀྱིས་སྔར་ཆོས་ལོག་དྲི་མ་ཅན་དུ་སྨོས་པའི་མངའ་བདག་ཉང་གི་གཏེར་ཆོས་ཀྱིས་མཚོན་བཀའ་གཏེར་གྱི་ཆོས་སྐོར་གོང་མ་ལྔའི་གསན་ཡིག་ན་ཡོད་པ་དེ་མ་མཐོང་ནས་ས་སྐྱ་པ་ཡང་ལོག་རྟོག་གི་ར་མདར་སྦྲན་ནས་ཡབ་མེས་ཀྱི་ཆོས་ལ་དམོད་པའི་དམ་ཉམས་ཀྱི་བཞུགས་གྲལ་དུ་མ་བསྒྲིག་ཅིག ། ༈ པདྨ་སམ་བྷ་ཝའི་དངོས་སློབ་འཁོན་ཀླུ་དབང་བསྲུངས་པ་དང༌། ཚེ་འཛིན་གྱི་སྲས་པོ་རྡོ་རྗེ་རིན་ཆེན་ནས་བཟུང་སྟེ། དེའི་སྲས་ཤེས་རབ་ཡོན་ཏན། དེའི་སྲས་ཡོན་ཏན་འབྱུང་གནས། དའི་སྲས་ཚུལ་ཁྲིམས་རྒྱལ་པོ། དེ་བཞིན་དུ་རྡོ་རྗེ་གཙུག་ཏོར། དགེ་སྐྱབས། དགེ་མཐོང༌། བལ་པོ། དེའི་སྲས་ཤཱཀྱ་བློ་གྲོས་ཞེས་བྱ་བ་ཐམས་ཅད་ཀྱང་ཕ་རོལ་ཏུ་ཕྱིན་པ་དང༌། རྡོ་རྗེ་ཐེག་པའི་གཞུང་ལུགས་བསླབས་ཤིང་ཁྱད་པར་དུ་སྔགས་རྙིང་མའི་རྡོ་རྗེ་ཐེག་པའི་གསང་བ་སྡེ་དྲུག་ལེ་ལག་བདུན།


JLAZ006_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོ་ཉེར་གཅིག་གཙོ་བོར་བཟུང་ནས། སྤྱོད་པ་ལ་སོགས་ཀྱི་ཆོས་དྲུག་ཅེས་བྱ་བའི་མན་ངག་དང་ལྡན་ཞིང༌། ཡང་དག་གྲུབ་པ་ཧེ་རུ་ཀ་ལྷ་དགུ་དང༌། རྡོ་རྗེ་ཕུར་པའི་ཡི་དམ་གྱི་སྒོ་ནས་དངོས་གྲུབ་ཐོབ་པ་ཤ་སྟག་ཡིན། ཤཱཀྱ་བློ་གྲོས་ཀྱི་སྲས་གཉིས་ལ་གཅེན་པོ་ཤེས་རབ་ཚུལ་ཁྲིམས་ཀྱིས་ཡབ་མེས་ཀྱི་ཆོས་ཐམས་ཅད་ལ་སྦྱངས་ཤིང༌། རྡོ་རྗེ་ཕུར་བའི་སྒོ་ནས་དངོས་གྲུབ་བརྙེས་ཏེ། མཐུ་དང་རྫུ་འཕྲུལ་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་ཅིང༌། ཚངས་པར་སྤྱོད་པས་མཛེས་པར་བྱས་པ་ཡིན་ནོ། །དེའི་གཅུང་པོ་འཁོན་དཀོན་མཆོག་རྒྱལ་པོས་ཡབ་མེས་ཀྱི་ཆོས་ཐམས་ཅད་ཕལ་ཆེར་བ་ཞིག་གིས་ཚིམས་པར་མཛད་ནས། སྔགས་ཕྱི་འགྱུར་དར་བྱུང་བ་དང༌། དེ་ལ་སྤྲོ་ཞིང་གཅེན་གྱིས་ཀྱང་བསྐུལ་ཏེ། ཚུལ་ཁྲིམས་དང༌། འབྲོག་མི་སོགས་ལ་ཀྱེ་ རྡོ་རྗེ་ལ་སོགས་ཀྱི་རྒྱུད་འགྲེལ་མན་ངག་ཐམས་ཅད་ལ་སྦྱངས་སོ། །དེའི་སྲས་ས་ཆེན། དེའི་སྲས་བསོད་རྩེ། རྗེ་བཙུན་གྲགས་པ། དཔལ་ཆེན་འོད་པོ་རྣམས་དང༌། དེའི་སྲས་ས་པཎ། བསོད་ནམས་རྒྱལ་མཚན་གཉིས། བསོད་ནམས་རྒྱལ་མཚན་གྱི་སྲས་འགྲོ་མགོན་འཕགས་པ། དེ་ཐམས་ཅད་ཀྱིས་ཀྱང་སྔགས་གསར་རྙིང་གཉིས་ལ་དུས་སྐབས་ཀྱི་དབང་གིས་དར་རྒྱས་ཆེ་ཆུང་ཙམ་མ་གཏོགས་པ། ཐོག་མར་ཡབ་མེས་ཀྱི་


JLAZ006_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྔགས་རྙིང་མ་ལ་སྦྱངས་ནས་གྲུབ་པ་བརྙེས་པར་མཛད་ཅིང༌། སྔགས་གསར་མ་ལ་ཐུགས་སྦྱོང་མཛད་པ་འབའ་ཞིག་ཡིན་ནོ། །ས་ཆེན། བསོད་རྩེ། རྗེ་བཙུན་གྲགས་པ་ཡབ་སྲས་རྣམས་ཀྱིས་ཀྱང་ཡང་ཕུར་སོགས་རྣམས་ལ་ཡིག་སྣ་མང་དུ་མཛད། ཆོས་རྗེ་ས་པཎ་གྱིས་རྡོ་རྗེ་ཕུར་པའི་རྩ་རྒྱུད་ཀྱི་དུམ་བུ་ལ་པདྨ་འབྱུང་གནས་ཀྱིས་རྒྱ་དཔེ་དང་མཐུན་པའི་གཞི་འགྱུར་མཛད། མདོར་ན་པདྨ་འབྱུང་གནས་ནས། ཆོས་རྗེ་འཇམ་པའི་དབྱངས་ཆེན་པོ་བསོད་ནམས་རྒྱལ་མཚན་ཡན་ཆད་ཀྱི་ས་སྐྱ་འཁོན་གྱི་གདུང་རབས་ཐམས་ཅད་ཀྱང་སྔགས་རྙིང་མ་ཡང་ཕུར་གྱི་གྲུབ་པ་བརྙེས་པ་ཤ་སྟག་ཡིན་པ་ལ་སུས་བསྙོན་དུ་ཡོད། དེ་ནས་ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་ཡབ་མེས་ཀྱི་ཆོས་རྣམས་ནུབ་ཀྱིས་དོགས་ནས། མཁས་པ་དཔལ་ལྡན་སེང་གེ་དང༌། གནུབས་རིན་ཆེན་རྒྱལ་མཚན་རྣམས་ལས་ཡབ་མེས་ཀྱི་ཡང་དག་ཕུར་པ་རྣམས་ཀྱི་དབང་བཀའ་བཤད་བཀའ་རྣམས་གསན་ཞིང༌། རྒྱུན་གྱི་ཐུགས་དམ་གྱི་རྩ་བར་མཛད་པ་དང༌། རྒྱུད་ཀྱི་བསྡུས་དོན། སྒྲུབ་ཐབས་རྒྱས་བསྡུས་འབྲིང་གསུམ། དཀྱིལ་ཆོག་ལ་སོགས་ཡིག་སྣ་མང་དུ་མཛད་ཅིང༌། དབུས་གཙང་གི་གདན་ས་རྣམས་དང༌། ཆོས་རྫོང༌། ལྷ་ས། བསམ་ཡས་སོགས་རྣམས་སུ་ཕུར་པའི་སྒྲུབ་མཆོད་ཀྱི་སྲོལ་ཆེན་པོ་བཙུགས་ནས་ད་ལྟ་


JLAZ006_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཆག་པར་ལོ་དུས་བཞིན་སྒྲུབ་པ་ལ་སུས་བསྙོན། དེ་ནས་ཕྱིས་རྒྱབ་ཏུ་བསྐྱུར་ཞེས་ས་སྐྱ་པ་ལ་ཡར་སྐུར་འདེབས་ངན་པ་དེ་ལྟ་བུ་བྱས་ནས་ས་སྐྱ་པ་རྣམས་དྲི་མ་ཅན་དུ་མ་བསྒྱུར་ཅིག ། ༢ རྗེ་བཙུན་མི་ལ། ཕག་མོ་གྲུ་པ། རྒྱལ་བ་འབྲི་གུང་བ་ལ་སོགས་པ་རྣམས་དང་པོར་མ་བརྟགས་པར་རྫོགས་ཆེན་རེ་གསན་ཡང༌། ཕྱིས་མཁས་གྲུབ་ཏུ་གྱུར་ནས་ཆོས་ལོག་ཡིན་པར་མཁྱེན་ཅིང་ངན་སྐྱུགས་ལྟར་དོར་ཏེ་སུ་ལ་ཡང་མ་གསུངས་པས་ད་ལྟ་ཡང་དེ་རྣམས་ནས་བརྒྱུད་པའི་བཤད་སྲོལ་མེད་ལོ། །༈ བཤད་སྲོལ་དངོས་མེད་ཀྱང་དེ་དག་ཐམས་ཅད་ཀྱི་ལྟ་བའི་ཞེ་ཕུགས་རྫོགས་པ་ཆེན་པོ་ཁོ་ན་ལ་སྒང་དྲིལ་བར་མཛད་པའི་དགོངས་པ། ཁ་ཕྱིར་བལྟས་པ་ཁྱོད་ཀྱིས་ག་ལ་གོ །།༈ དེ་ལ་རྗེ་བཙུན་མི་ལས་དང་པོར་ཞུས་ནས། ཕྱིས་དོར་བའི་ལོ་རྒྱས་མ་ཚོར་ཞིང༌། མགུར་མཛད་པ་རྣམས་སུ། རྫོགས་པ་ཆེན་པོས་མདུན་ནས་གཟེར། །ཕྱག་རྒྱ་ཆེན་པོས་རྒྱབ་ནས་གཟེར། །ཁ་ནས་གདམས་ངག་ཁྲག་ལྟར་སྐྱུགས། །ཞེས་སོགས་དང༌། རྗེ་བཙུན་གྱི་མཛད་པའི་བདེ་མཆོག་སྙན་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་དུ་སེམས་གསལ་སྟོང་རྟོགས་བྲལ་ཕྱག་རྒྱ་ཆེན་པོ་དེ་ལ། ཕྱག་ཆེན་པས་རྟོག་བྲལ་ཟེར། རྫོགས་ཆེན་པས་ཆོས་ཉིད་ཟེར། ཕར་ཕྱིན་པས་སྟོང་ཉིད་ཟེར་ཞེས་སོགས་གསུང་པ་མིན་པ་བསྐྱུར་བར་གསུངས་པ་མི་


JLAZ006_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

སྣང༌། ཕག་མོ་གྲུ་པས་ཀྱང་དང་པོ་གསན་ནས་ཕྱིས་དོར་བའི་གཏམ་ཁོང་རང་གི་གསུངས་པ་རྣམས་སུ་ནི་མི་སྣང༌། ཁྱད་པར་ཉིད་ཀྱིས་གསུངས་རྣམས་སུ། གསར་མའི་རྒྱུད་བཞི། རྙིང་མའི་ཐེག་པ་དགུ། ཞེས་སོགས་དེ་གཉིས་མཚུངས་པའི་རྒྱུ་མཚན་དང་བཅས་པ་མང་དུ་སྣང་བ་ལ་ཡང་བསྙོན་དུ་མེད་དོ། །རྒྱལ་བ་འབྲི་གུང་པས། ཁམས་ན་བཞུགས་པའི་དུས་ཆུང་ངུ་ནས་རྫོགས་ཆེན་དང༌། ཕུར་པ། འཇིགས་བྱེད་རྣམས་ལ་ཐུགས་དམ་མཛད། དུས་ཕྱིས་ཉིད་ཀྱི་བསྟན་བཅོས་སྡོམ་གསུམ་གནད་གཅིག་དང༌། དགོངས་གཅིག་ལ་སོགས་པ་རྣམས་སུ་ཤེས་བྱེད་ལུང་དང་བཅས་པ་དཔག་མེད་དུ་མེད་པ་གསུངས་ཏེ། སྤྱི་བོ་ལ་སོགས་པའི་རྩ་འཁོར་ལོ་བཞིར་ཉོན་མོངས་བཞི་དག་པའི་བྲལ་འབྲས་ལ། སྔགས་རྙིང་མ་ལ་མཚོན་ན་སྤྱི་བོར་འཇམ་དཔལ་སྐུའི་ལྷ་ཚོགས་ལྟ་བུར་སངས་རྒྱས་མགྲིན་པར་པད་མ་གསུང་གི། སྙིང་གར་ཡང་དག་ཐུགས། ལྟེ་བར་མ་མོ་རྦོད་གཏོང་གི་ལྷ་ཚོགས་ལྟ་བུར་སངས་རྒྱས། ཞེས་སོགས་དང༌། གཞན་ཡང་རྫོགས་ཆེན་གྱི་རྒྱུད་ཀྱི་ལུང་འདྲེན་སོགས་མཐའ་ཡས་ཤིང༌། ད་ལྟ་དེ་རྣམས་ནས་བརྒྱུད་པ་དེད་པ་མེད་པའི་དོན་ནི་ཆོས་ལོག་ཏུ་རིག་ནས་ཕྱིས་དོར་བའི་དོན་གྱིས་སོ་ཞེས་པ་ནི་གཏོལ་མེད་དེ། དྭགས་པོ་ལྷ་རྗེས་ཀྱང་སྔར་བཀའ་གདམས་པའི་གདམས་པ་ཞུས་པ་རྣམས་ཆོས་


JLAZ006_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ཏུ་རིག་ནས་ཕྱིས་དོར་བ་ཡིན་ནམ་སྟེ། བཀའ་གདམས་པའི་ཆོས་དྭགས་པོ་ལྷ་རྗེ་ནས་འདེད་པ་ཉུང་ཞིང༌། མི་ལ་རས་པའི་ཆོས་བརྒྱུད་དེད་པ་ཤིན་ཏུ་ནས་དར་བའི་ཕྱིར་རོ། །ཕག་མོ་གྲུ་པས་ཀྱང་དྭགས་པོ་ལྷ་རྗེ་དང་མཇལ་ཕྱིན་ཆད་ས་སྐྱ་པའི་རྒྱུད་གསུམ་མན་ངག་དང་བཅས་པ་རྣམས་ཆོས་ལོག་ཏུ་རིག་ནས་དོར་བར་འགྱུར་ཏེ། ད་ལྟ་ཁོང་ནས་བརྒྱུད་པ་མི་སྣང་བའི་ཕྱིར་རོ། །ཆོས་རྗེ་འཇིག་རྟེན་མགོན་པོ་འབྲི་གུང་པས་ཀྱང་སྔར་ཐུགས་དམ་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱང་ཆོས་ལོག་ཏུ་རྟོགས་ནས་དོར་བར་འགྱུར་ཏེ། ད་ལྟ་ཁོང་ནས་བརྒྱུད་པ་མི་སྣང་བའི་ཕྱིར་རོ། །དྭགས་པོ་བཀའ་བརྒྱུད་པའི་རྒྱལ་བ་ཡང་དགོན་པས་རྫོགས་ཆེན་དང་རྙིང་མའི་བླ་མ་མང་པོ་བསྟེན་ནས་སྔགས་རྙིང་མའི་བཀའ་གཏེར་མང་དུ་གསན། རྫོགས་ཆེན་བརྒྱུད་མཐའ་སོགས་ལ་ཡིག་སྣ་མང་དུ་མཛད། ཉམས་རྟོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་པ་མངའ་ཞིང༌། གསུང་མགུར་རྣམས་སུ་ཡང༌། ཆོས་ཐམས་ཅད་ནས་ཐམས་ཅད་དུ་བདེན་མོད་ཀྱང༌། རྫོགས་ཆེན་ཞེས་པའི་སྒྲ་བོ་ཆེ། སྤྲང་གོ་བ་ལེན་ཕྱོགས་ཀྱང་དེ་ལ་བགྱིས། ཆིག་ཆར་གྱི་རྟོགས་པ་ཡང་དེ་ལས་འཁྲུངས། ཞེས་པ་དང༌། གནས་ལུགས་ཉམས་སུ་ལེན་པའི་ཕྱག་རྒྱ་ཆེན་པོ་དང་གཅིག །ལམ་ཁྱེར་རྐྱེན་ལས་བྱེད་པའི་ཕ་རོལ་ཕྱིན་པ་དང་


JLAZ006_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། སྣང་རྐྱེན་ལམ་དུ་སློང་བའི་སྡུག་བསྔལ་ཞི་བྱེད་གསུམ། མཐར་ཐུག་ཟད་སར་སྐྱེལ་བའི་རྫོགས་པ་ཆེན་པོ་དང་བཞི། འདི་བཞི་རྣལ་འབྱོར་བདག་གི་དམ་ཆོས་ལགས་པས། ཆོས་གཞན་གང་ལའང་འགྲམ་ཆུ་མི་ལྡང་བ་ལགས་སོ། །ཞེས་གསུངས་ནས་ཚད་མར་མཛད། དེས་ན་འཕྱོན་མ་རོག་བཙལ་ཞེས་པའི་གདམས་པ་ལྟར། བཀའ་བརྒྱུད་དེ་རྣམས་ཀྱང་དྲི་མ་ཅན་དུ་མ་སྦྱོར་ཅིག །རྗེ་དུས་གསུམ་མཁྱེན་པ་སོགས་ཀརྨ་པ་རྗེས་འབྲངས་དང་བཅས་པ་ཐམས་ཅད་ཀྱི་སྔགས་རྙིང་མ་རྫོགས་ཆེན་དང་བཅས་པ་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཐུགས་དམ་མཛད་པ་འབའ་ཞིག་ཡིན་ཏེ། རྗེ་དུས་གསུམ་མཁྱེན་པས་ཀྱང་བཀའ་གདམས་པ་སྤོ་ཏོ་བའི་སློབ་མ། བླ་མ་བྲག་དཀར་པ་ལ་རྫོགས་ཆེན་ཨ་རོ་སོགས་རྫོགས་ཆེན་མང་པོ་གསན་ཞིང་ཐུགས་ཉམས་སུ་བཞེས། གྲུབ་ཆེན་ཀརྨ་པ་ཀྴིས་རྙིང་མའི་བླ་མ་ཁམས་ཀྱི་ཀཿཐོག་པ་བྱམས་པ་འབུམ་པ་ལ་བསྙེན་རྫོགས་དང༌། རྫོགས་ཆེན་དང་རྙིང་མའི་མ་ཕུར་སོགས་རྣམས་ཞུས་ནས་ཐུགས་ཉམས་སུ་བཞེས། དེ་རྗེས་སྤྲུལ་སྐུ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་སྔགས་འཆང་ངོ་ནག་པ། དབུ་རྩེ་བ། མཁས་གྲུབ་ཨོ་རྒྱན་པ། སྙེ་མདོ་བ་ཀུན་དགའ་དོན་གྲུབ། གཉན་རས། གནམ་ཐོག་པ་གཞོན་ནུ་འབུམ། ཀུ་མཱ་རཱ་ཛ་རྣམས་ལ་སྔགས་རྙིང་


JLAZ006_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དབང་རྒྱུད་སྒྲུབ་དཀྱིལ་མན་ངག་མཐའ་ཡས་པའི་བཀའ་གཏེར་རྣམས་གསན་ནས་མཁས་ཤིང་ཐུགས་དམ་གྱི་སྙིང་པོར་མཛད་དེ། སྙིང་ཐིག་ཆེན་མོའི་ཡིག་ཆ་དང༌། གཞན་ཡང་ཡིག་སྣ་སྒྲུབ་སྐོར་མང་དུ་མཛད་ཅིང༌། ཉིད་ཀྱིས་མཛད་པའི་ཟབ་མོ་ནང་དོན། དམ་ཚིག་རྒྱ་མཚོ་ལ་སོགས་པའི་བསྟན་བཅོས་རྣམས་ཀྱང་དབང་དུ་མཛད་ནས་ལུང་དྲངས་ཏེ་ཟབ་མོ་ནང་དོན་གྱི་རྩ་དབུ་མ་ཆོས་ལྔ་ལྡན་ངོས་འཛིན་པའི་སྐབས་སུ། སྔགས་རྙིང་མའི་གཞུང་ལས། སྙིང་གར་དངས་མ་ལྔ་འདུས་ཀྱི་སེམས་ཞེས་གསུངས་པ་ཡང་འདི་ཁོ་ན་སྟེ། ཤའི་དྭངས་མ་རྩ་དབུ་མ་ལ། ཁྲག་གི་དྭངས་མ་ཨ་ཐུང༌། རུས་པའི་དྭངས་མ་ཧཾ། རླུང་གི་དྭངས་མ་སྲོག་རླུང༌། དྭངས་མའི་དྭངས་མ་ནི་ཀུན་གཞིའི་རྣམ་ ཤེས་སོ། །ཞེས་གསུངས་ཤིང༌། རྩ་བ་ཐིག་ལེ་འཆད་པའི་སྐབས་སུ། ཐིག་ལེའི་དོན་ནི་ཐིག་ཅེས་པ་ཏི་ལ་ཀ་བདེ་བ་ཆེན་པོའི་སྙིང་པོའི་དོན་ཏེ། ལེ་ནི་སྣང་བ་དུ་མ་བརྡལ་བ་ཡིན་ནོ། །ཞེས་བི་མ་ལས་གསུངས་སོ། །ཞེས་དང༌། ཐ་མལ་གྱི་དུས་ཀྱི་ཤེས་པའི་གནས་སྐབས་བཤད་པའི་སྐབས་སུ། དེ་ཡང༌། ཐོག་མའི་ཀ་དག་འཁྲུལ་མེད་ལས། །ངེས་པ་མེད་པའི་ལྷུན་གྲུབ་གསལ། །འཁྲུལ་པ་མེད་པའི་སྤག་སྤོག་དེ། །མ་རིག་པ་ནི་གསུམ་དག་ལ། །ཤེས་པ་གསལ་


JLAZ006_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རིག་རིག་དེ། །ཡུད་ཙམ་ཕྱིར་འགྱུས་སྣང་ཆ་ལས། །ཡུལ་ལ་བདག་ཏུ་གཟུང་པའི་བློས། །རྐྱེན་བཞིའི་དམིགས་པ་མ་དག་པས། །ཡུལ་དྲུག་སོ་སོའི་སྣང་བ་ཤར། །ཉོན་མོངས་དྲུག་གིས་བདག་ཏུ་བཟུང༌། །དེ་ནས་རིམ་གྱི་སྣོད་བཅུད་ཀྱི། །སྣང་བ་དུ་མའི་གཟུགས་འདུས་པའོ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུན་བཞིན་དུ་རྒྱུན་མར་གནས། །སོ་སོའི་ལུས་དང་ཆད་ལེན་པའོ། །ཞེས་མཁས་པ་ཆེན་པོའི་བི་མ་ལས་རྫོགས་པ་ཆེན་པོའི་དོན་བསྡུས་པའི་སྐབས་སུ་གསུངས་སོ། །ཞེས་དང༌། ལུས་ཀྱི་རྩ་འཁོར་རྣམས་ལས་ལྷ་སྤྲོ་བའི་སྐབས་སུ། སྦྱི་བོ་ནས་འཇམ་དཔལ་ལ་སོགས་པ་སྐུའི་དཀྱིལ་འཁོར་རྣམས་འབྱུང་བ་དང༌། མགྲིན་པ་ནས་རྟ་མགྲིན་ལ་སོགས་གསུང་གི་དཀྱིལ་འཁོར་དང༌། སྙིང་ག་ནས་མི་བསྐྱོད་པ་དང་ཡང་དག་ལ་སོགས་ཐུགས་ཀྱི་དཀྱིལ་འཁོར་དང༌། ལྟེ་བ་ནས་རིན་པོ་ཆེ་དང་བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་དང༌། གསང་གནས་ནས་དོན་གྲུབ་དང་ཕུར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་དང༌། ཡན་ལག་དང་སྒལ་ཚིགས་ལས་མ་མོའི་དཀྱིལ་འཁོར་དང༌། དེའི་ཡན་ལག་ཏུ་འཇིག་རྟེན་པ་དང་དྲག་སྔགས་པ་ལ་སོགས་ཐམས་ཅད་ཀྱང་ལུས་ཀྱི་རྩ་རླུང་བྱང་ཆུབ་སེམས་ཀྱི་ཡན་ལག་ཏུ་རྒྱུད་མན་ངག་རྣམས་ནས་གསུངས་སོ། །ཞེས་དང༌། གཞན་ཡང་ཉིད་ཀྱིས་


JLAZ006_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་བསྟན་བཅོས་མང་པོར་རྙིང་མའི་ལུང་མང་དུ་དྲངས་ཏེ་ལེགས་པར་བཤད་པ་ཡིན་ནོ། །གཞན་ཡང་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་སོགས་བསྐྱེད་རིམ་སྐོར་དང༌། ལན་ཅིག་གི་ཚེ་ཀརྨར་བཞུགས་པའི་ཚེ་ན་བི་མ་ལ་དང་མཇལ་ནས་རྫོགས་པ་ཆེན་པོའི་ཚིག་དོན་ཐམས་ཅད་བློའི་སྣང་བ་རྒྱས་ནས་སྙིང་ཐིག་གི་ཁྲིད་ཡིག་ལ་སོགས་བསྐྱེད་རྫོགས་ཀྱི་ཡིག་སྣ་མང་དུ་མཛད་ཅིང༌། རྫོགས་ཆེན་སྙིང་ཐིག་འདི་ལ་པདྨ་འབྱུང་གནས་ནས་བརྒྱུད་པ་ཞིག་ཡོད་འཐད་པ་ལ་དགོངས་པ་བྱུང་བ་ལ། ཕྱིས་པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་བཏོན་ནས། དེའི་སློབ་མ་ལོ་སྟོན། སྤྲུལ་སྐུ་ལས་འབྲེལ་རྩལ་རྣམས་ཙ་རིའི་བོད་ཀླུང་དུ་སྤྱན་དྲངས་ནས་བཀའ་ལུང་ཞུས་ཤིང༌། ཆོས་རྗེ་རང་བྱུང་ཉིད་ཀྱིས་ཨོ་རྒྱན་ལ་ཟླ་བ་གསུམ་གྱི་བར་དུ་གསོལ་བ་བཏབ་པས་དངོས་སུ་མཇལ་ནས་གནང་བས་ཨོ་རྒྱན་དང་ང་གཉིས་ཀྱི་བར་དུ་བརྒྱུད་པ་གཞན་ནས་འདེད་མི་དགོས་གསུངས་ནས། སྤྲེའུ་ལོ་ཟླ་བ་བཅུ་གཉིས་པའི་ཉེར་བརྒྱད་ལ་བདེ་ཆེན་སྟེང་དུ། རྟོགས་ལྡན་ཡེ་ཤེས་རྒྱལ་མཚན། སོག་པོ་ཡེ་ཤེས་རྒྱལ་མཚན། སློབ་དཔོན་རྒྱལ་མཚན། གཡུང་སྟོན་རྡོ་རྗེ་དཔལ། སྨན་ལུང་གི་སྤྲུལ་སྐུ་ཤཱཀ་གཞོན། འཇལ་དཔལ་བརྩོན་འགྲུས་སེང་གེ་རྣམས་ལ་གནང་ནས། འདི་ལྟ་བུའི་ཆོས་ནུབ་པར་ཕངས་པས་སློབ་དཔོན་རྡོ་རྗེ་


JLAZ006_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱིས་གཙང་ཕྱོགས་སུ་དར་བར་གྱིས། སློབ་དཔོན་རྒྱལ་མཚན་པས་རུ་མཚམས་སུ་དར་བར་གྱིས། ཡེ་ཤེས་རྒྱལ་པས་ཀོང་པོ་དང་ཁམས་སུ་དར་བར་གྱིས། ཡེ་ཤེས་རྒྱལ་མཚན་པས་ཧོར་དང་རྒྱ་ནག་ལ་དར་བར་གྱིས། སྤྲུལ་སྐུ་པས་དབུས་སུ་དར་བར་གྱིས། འཇམ་དཔལ་བརྩོན་འགྲུས་སེང་གེས་གཞན་ཕན་མི་ཡོང་བས་ཁྱོད་རང་གསོལ་བ་ཐོབ་ལ་ཉམས་སུ་ལོངས་གསུངས་ནས། དེ་ཙམ་པའི་ཐུགས་གཙིགས་མཛད་ནས། ཐུགས་དམ་གྱི་ཡང་གཙོ་བོ་དང་རབ་མཆོག་མཛད་པ་ལ་ལོག་ཤེས་ཅན་མིན་པ་བསྙོམ་དུ་མེད་དོ། །༢ འདི་ནས་རང་བྱུང་རྡོ་རྗེས་ཀྱང་རྫོགས་ཆེན་པ་རྣམས་ཀྱི་སེམས་བསྲུང་བའི་ཕྱིར་དུ་ཟོལ་གྱི་ཁ་འཛིན་བྱས། ཞེས་སོ། །འཛམ་གླིང་རྒྱན་གཅིག་རང་བྱུང་རྡོ་རྗེ་དྲི་མ་ཅན་དུ་བྱེད་པ་ནི་མི་འཚམས་པའི་གཏམ་མོ། །དེས་ནས་རྫོགས་ཆེན་ཆོས་མིན་ཡིན་པའི་གཏན་ཚིགས་ཀྱིས་ཡིན་ན། རང་བྱུང་རྡོ་རྗེས་བོན་པོ་རྣམས་ཀྱི་སེམས་འཛིན་པའི་ཕྱིར་བོན་དང༌། མི་དགེ་བ་ཐམས་ཅད་ཀྱི་སེམས་འཛིན་པའི་ཕྱིར། མི་དགེ་བ་ཐམས་ཅད་ཀྱང་བྱེད་དགོས་པར་འགྱུར་རོ། །དེ་རྗེས་ཆོས་རྗེ་རོལ་བའི་རྡོ་རྗེ་འཛམ་གླིང་ཆོས་ཀྱི་གྲགས་པས་ཀྱང༌། གཡུང་སྟོན་ ཆོས་རྗེ། ཡེ་རྒྱལ་བ་ལ་སོགས་པ་རྣམས་བསྟེན་ནས་མདོ། སྒྱུ་འཕྲུལ། སེམས་ཕྱོགས་སོགས་སྔགས་རྙིང་མ་བཀའ་གཏེར་དང༌། རྫོགས་ཆེན་གྱི་ཆོས་སྐོར་ཆེས་མཐའ་


JLAZ006_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པ་རྣམས་ལ་ཐོས་བསམ་སྒོམ་གསུམ་གྱིས་ཐུགས་དམ་གྱི་ཡང་གཙོ་བོར་མཛད་ཅིང༌། ཀརྨར་བཞུགས་པའི་དུས་ཀྱི་ཚེ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་དགོངས་པ་མཐར་ཐུག་པ་རྫོགས་པ་ཆེན་པོ་ཐོད་རྒལ་གྱི་རྟོགས་པ་མངོན་དུ་གྱུར་ཏེ་མགུར་གསུངས་པ། རང་སེམས་སྙིང་པོ་སྟོང་གསལ་ཀུན་ཏུ་བཟང༌། །གདོན་ནས་དག་པ་རྫོགས་པ་ཆེན་པོའི་དབྱིངས། །གཞི་ལྔའི་གདངས་ལ་རང་གསལ་ཀུན་ཏུ་ཁྱབ། །འོད་ལྔའི་གདངས་ལ་རང་གསལ་མཉམ་པར་གཞག །གཉིས་འཛིན་རྟོག་བྲལ་མ་འཁྲུལ་དྭངས་མའི་སེམས། །ཕྱི་ནང་སྣང་བར་རང་གྲོལ་ཆོས་ཀྱི་སྐུ། །གནས་ལུགས་རྟོགས་པ་འབྲས་བུ་ཀུན་ཏུ་བཟང༌། །མ་རྟོགས་སེམས་ཅན་འཁོར་བའི་རྒྱ་མཚོར་འཁྱམས། །ཞེས་སོགས་དང༌། རྒྱ་ཡུལ་དུ་བྱོན་དུས་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་གསང་བ་སྙིང་པོ་འདི་ནུབ་པར་ཕངས་པས་གསུངས་ནས་རྒྱུད་འགྲེལ་རྒྱལ་བ་གཡུང་སྟོན་གྱིས་མཛད་པ་ལ་ཆ་ལག་དང་བཅས་པ་པར་དུ་བརྐོས་ཏེ་སྟོང་ཕྲག་གཅིག་བཏབ་ནས་རྒྱ་ཧོར་བོད་ཀྱི་མདོ་དབུས་ཀུན་ཏུ་ཆོས་སྦྱིན་མཛད་ནས་ཐམས་ཅད་གྱི་གཤམ་དུ། ན་མ་ཤྲཱི་བཛྲ་ས་ཏྭ་ཡ། རྒྱལ་བ་གང་ཞིག་རྣམ་གསུམ་སྲིད་པའི་རྟེན་འབྲེལ་ལས་འདས་རྣམ་འཕྲུལ་རྒྱ་མཚོའི་དཔལ་ལྡན་མཁའ་ཁྱབ་ཀུན་ཏུ་སྣང་བའི་སྐུ། ཞེས་སོགས་སྐུ་གསུང་ཐུགས་ཀྱི་སྒོ་ནས་


JLAZ006_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་དང༌། དཔལ་ལྡན་མཆོག་ཏུ་གསང་བ་བླ་མེད་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་ཟབ་དོན་མཐར་ཐུག་གྱུར་པ་གསང་བ་སྙིང་པོའི་རྒྱུད། །ཇི་བཞིན་གསལ་བྱེད་དགོངས་འགྲེལ་དུ་མའི་དོན་སྟོན་རྣམ་བཤད་ཡོན་ཏན་རྒྱ་མཚོ་མངའ་བ་བཛྲ་ཤྲཱི་ཡིས་རབ་གསལ་མཛད་པ་འདི། །ཚད་མེད་ཀུན་ཏུ་འགྲོ་ལ་ཕན་པར་བྱ་ཕྱིར་ཕུན་ཚོགས་བསོད་ནམས་རྒྱ་མཚོའི་དཔལ་འབར་མི་དབང་སྲས་པོ་ཨ་སུ་ཏ་ར་ཡིས། །རྨད་བྱུང་ལྷག་བསམ་མཐུ་ཡིས་པར་དུ་ལེགས་བསྒྲུབ་ཆོས་སྦྱིན་དགེ་བ་རྒྱ་མཚོ་དེ་ཡིས་མཁའ་མཉམ་འགྲོ་ཀུན་མྱུར་དུ་བྱང་ཆུབ་ཤོག །ཅེས་སོགས་མཛད་ཅིང༌། རྡོ་རྗེ་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་མཛད་པའོ། །དེས་ན་དྭགས་པོ་བཀའ་བརྒྱུད་པ་ཡང་ཐམས་ཅད་ཀྱིས་དཔང་དང་ཚད་མར་མཛད་པ་ལ་ཕྱོགས་ཞེན་དང་ལོག་རྟོགས་ངན་པའི་དབང་གིས་ཁ་གཡར་ནས་དམ་པའི་ཆོས་དང༌། དྭགས་པོ་བཀའ་བརྒྱུད་པ་ལ་སོགས་པའི་གང་ཟག་ཆེན་པོ་ཐམས་ཅད་ཀྱང་དྲི་མ་ཅན་དུ་བྱས་པའི་གཏོལ་མེད་ཀྱི་ཚིག་ལ་རྒྱུས་མེད་པའི་བློ་ཆུང་རྣམས་ཀྱང་མགོ་འཁོར་ནས་བདེན་འཛིན་བྱེད་པ་ནི་སྙིང་རྗེའི་གནས་ཡང་དག་པའོ། །ཤངས་པ་བཀའ་བརྒྱུད་པ་ཡང༌། མཁས་གྲུབ་ཁྱུང་པོ་ནས་བརྩམས་ཏེ། སངས་རྒྱས་སྟོན་པ། མཁས་གྲུབ་ཆོས་རྗེ། ཤངས་སྟོན། ཨ་སེང་ལ་སོགས་པ་ཐམས་ཅད་ཀྱིས་


JLAZ006_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྫོགས་ཆེན་དང༌། རྙིང་མ་ལ་ཐོས་བསམ་སྒོམ་གསུམ་མཛད་པ་འབའ་ཞིག་ཡིན་པ་ནི་སོ་སོའི་རྣམ་ཐར་ལོ་རྒྱུས་རྣམས་ལ་ཆེས་གསལ་ལོ། །བཀའ་གདམས་པའི་བླ་མ་རྣམས་ཀྱང་རྫོགས་ཆེན་སྙན་བརྒྱུད་ལ་ཐུགས་དམ་མཛད་པ་ཆེས་མང་སྟེ། ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བ་མདོ་སྡེ་དཀོན་མཆོག་སྤྲིན་ནས་དགེ་སློང་མཐའ་གྲོལ་གཞོན་ནུ་ཞེས་ལུང་བསྟན་པའི་སྐྱེས་ཆེན་དེ་ལ་ཐུགས་ཀྱི་སྲས་བཞི་ཡོད་པའི་གཅིག་ཅོག་རོ་བཟང་དཀར་མཛོད་ཁུར། དེས་རྔོག་ལེགས་པའི་ཤེས་རབ། དེས་དགེ་སློང་ཆོས་ཀྱི་ཤེས་རབ། གཞན་ཡང་བཀའ་གདམས་པའི་སྤོ་ཏོ་བ། དེའི་སློབ་མ་གྲ་པ་བྲག་དཀར་བ་ལ་སོགས་པ་ཆེས་མང་བ་རྣམས་ཀྱིས་རྫོགས་ཆེན་སྙན་བརྒྱུད་ལ་ཐོས་བསམ་སྒོམ་གསུམ་མཛད་པ་འབའ་ཞིག་ཡིན་ཞིང༌། ཇོ་བོ་རྗེ་ལ་སྙེ་ཐང་དུ་བོང་སྟོན་རྣམས་ཀྱིས་དང་པོ་བོད་དུ་བརྩམས་པའི་བསྟན་བཅོས་འགའ་གཟིགས་ཕུལ་བས་གཞན་ལ་མཉེས་ཚོར་མ་མཛད། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་མཛད་པའི་ཐེག་ཆེན་རྣལ་འབྱོར་བྱ་བའི་བསྟན་བཅོས་ལ་མཉེས་ཏེ། ཚིག་སྙན་དང་གདམས་ངག་ཆེ། ལས་འབྲས་ཞིབ་དོན་ཟབ་ལ་རྒྱ་ཆེ་བ་འདུག་གསུངས་སོ། །དེས་ན་བཀའ་གདམས་པའི་དམ་པ་རྣམས་ཀྱང་དྲི་མ་ཅན་དུ་མ་བསྒྱུར་ཅིག །མ་གཅིག་


JLAZ006_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ལབ་སྒྲོན་སོགས་གཅོད་ཀྱི་བཀའ་བརྒྱུད་རྣམས་ཀྱིས་ཀྱང་རྫོགས་ཆེན་ལ་ཐོས་བསམ་སྒོམ་གསུམ་མཛད་པ་འབའ་ཞིག་ཡིན་ཏེ། མ་གཅིག་གིས་ལྷུར་མཁར་གྱི་དགེ་བཤེས་སྤྱན་སྟོན། བླ་མ་ཡང་རྩེ་བ། སྐྱོ་སྟོན་བླ་མ་རྣམས་ལས་མདོ་སྒྱུ་འཕྲུལ། རྫོགས་ཆེན་སེམས་སྡེའི་སྐོར་རྣམས་གསན། ཁྱད་པར་དུ་སྐྱོ་སྟོན་ཤཱཀ་ཡེའི་སློབ་མ་མ་གཅིག་ཉིད་ཀྱི་ཨ་ནེ་མོ་ཁེར་སྒོམ་ཞིག་མོ་བྱ་བ་ལ་མཁས་པ་ཉེར་ལྔའི་གདམས་པ་རྫོགས་པ་ཆེན་པོ་ཉོན་མོངས་ཆིག་ཆོད་བྱ་བ་ལ་གཙོ་བོར་ཉམས་ལེན་མཛད་ནས། ཉིད་ཀྱི་བསྟན་བཅོས་རྣམས་སུ་ཡང༌། ཕྱག་ཆེན་བློ་ལས་འདས་པར་རིག ། རྫོགས་ཆེན་ཡེ་དག་ཆེན་པོར་རིག །ཅེས་དང༌། སྲས་ཀྱིས་ཡུམ་ལ་བསྟོད་པར། མ་རྟག་ཆད་ཀྱི་མཐའ་ལ་མི་འཇིགས་པའི། །བཀའ་རྫོགས་པ་ཆེན་པོའི་སྒོ་རུ་ཞུགས། །ཐེག་དམན་ལོག་ལྟ་ཟིལ་གྱིས་གནོན། །ཆོས་ལྟ་བའི་ཕུ་ཐག་ཆོད་པའི་མ། །ཞེས་སོགས་མང་བས་བཀའ་བརྒྱུད་དེ་རྣམས་ཀྱང་དྲི་མ་ཅན་དུ་མ་སྦྱོར་ཅིག ། ༢ མཁས་པའི་དབང་པོ་བཅོམ་ལྡན་རལ་གྲི་དང༌། དབུས་པ་བློ་གསལ་དང༌། ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་ཡབ་སྲས་རྣམས་དང་ཆོས་རྗེས་བུ་སྟོན་ཡབ་སྲས་དང༌། ཆོས་རྗེ་བསོད་ནམས་རྒྱལ་མཚན་ལ་སོགས་པས་བོད་དུ་འགྱུར་རོ་ཅོག་གི་བཀའ་བསྟན་བཅོས་རྣམས་བསྡུས་ནས་དག་མ་དག་ཕྱེ་བའི་དཀར་ཆག་རྣམས་ནས་རྫོགས་ཆེན་གྱི་རྒྱུད་གཞུང་ཐམས་


JLAZ006_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མི་གྲལ་ནས་ཁྱི་ཕྱུང་བ་ལྟར་ཕུད་པས་རྒྱུད་རྣམས་རྒྱུད་འབུམ་དུ་མ་ཚུད། མདོར་ན་བཀའ་བསྟན་བཅོས་གང་ཡང་བསྟན་འགྱུར་དུ་མ་ཚུད་པས་ཆོས་མ་ཡིན་པའི་གྲངས་ལ་བཏང་སྙོམས་སུ་བཞག །བསྟན་པའི་བདག་པོ་ཉ་ཀུན་དགའ་དཔལ་གྱིས་ཀྱང་འབྱམ་ཡིག་བཏང་ལོ། །༈ ལར་འབྱམ་ཡིག་ཙམ་ལ་རྒྱུ་མཚན་མེད་དེ། ཆོས་སྤྱོད་མངོན་པར་རྟོགས་པའི་རྒྱུད་བོད་མ་ཡིན་སྨྲས་པ་རྒྱ་གར་དུ་ནི་ཀ་མ་ཤཱི་ལའི་དགེ་འདུན་རྣམས་ཀྱིས་ངག་འདོན་བྱེད་པ་དང༌། པོ་ཏིའི་ཆར་བརྫུན་ཡིན་ཟེར་བ་མཁས་པར་གྲགས་པ་ཐམས་ཅད་ཀྱི་གཞུང་ལ་ཐལ་འགྱུར་འགོད་པ་བོ་དོང་བས་དེའི་ཁུངས་བསྒྲགས་པ་དང༌། རྒྱ་དཔེ་མེད་ཟེར་བ་ལ་རྒྱ་དཔེ་རྙེད་ནས་རྫུན་ཁུངས་བརྟོལ་བཤད་ཀྱིས་མི་ལྡང་བ་ཡོད་དོ། །༈ དེ་ལ་བརྗོད་པར་བྱ་སྟེ། བཅོམ་ལྡན་རལ་གྲིས་རྙིང་མའི་རྒྱུད་ཕུད་པའི་བཤད་པ་བསྟན་རྒྱན་ཆེ་ཆུང་གར་ཡང་མི་སྣང་ཞིང་ཁྱད་པར་དུ་རྒྱུད་རྒྱལ་ཟབ་མོ་དཔལ་གསང་བ་སྙིང་པོ་ལ། འགོས་ལྷ་བཙས་ལ་སོགས་པས་སྒྲོ་སྐུར་བྱས་པ་དེ་སྤང་བར་བྱ་སྟེ། འདི་རྒྱུད་ཡང་དག་ཡིན་པའི་རྒྱུ་མཚན་ནི། དཔལ་གསང་བ་འདུས་པའི་འགྲེལ་ཆེན་སློབ་དཔོན་བི་ཤཱ་མི་ཏྲས་མཛད་པར་གསང་སྙིང་གི་ལུང་རྣམས་དྲངས་པ་དང༌། ལོག་པའི་སྐྱོན་བཞི་ལ་སོགས་འགལ་སྤོང་རྣམས་མཛད་ནས་ཚད་མར་བསྒྲུབས་པ་ལ་སུས་ཀྱང་བསྙོམ་དུ་མེད་དོ། །


JLAZ006_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གུད་དུ་ཕུད་པས་སྐྱོན་ཆེ་ན། དུས་འཁོར་འགྲེལ་ཆེན་རྣམས་ཕྱི་ནང་གང་ཡིན་མ་ངེས་པས་པུ་སྟི་གུད་དུ་བྱས་ཞེས་གསུངས་མོད། དབུས་པ་བློ་གསལ་གྱིས་བཀའ་བསྟན་འགྱུར་གཉིས་ཀའི་དཀར་ཆག་ཏུ། རྙིང་མའི་རྒྱུད་འགྲེལ་རྣམས་ཕུད་པའི་བཤད་པ་མེད། ཁྱད་པར་དུ་རྒྱུད་འབུམ་དུ་སྒྱུ་འཕྲུལ་སྡེ་བརྒྱད། མདོ་དགོངས་འདུས། རྔམ་གློག །ཀུན་འདུས། ཀུན་བྱེད་རྒྱལ་པོའི་རྒྱུད་སྔ་ཕྱི་གསུམ་དང་བཅས་པ་སོགས་རྣམས་འགྱུར་བྱང་དང་བཅས་ཏེ་བཞེངས་ནས་དྲི་མ་མེད་པའི་དཀར་ཆག་མཛད་དོ། །རྒྱུད་ཚད་མ་ཡིན་མིན་སོགས་ཀྱི་དབྱེ་བ་ཕོ་བྲང་ཞི་བ་འོད་གསལ་ཀྱིས་མཛད་ཟིན་ཀྱང༌། ཁོ་བོ་ནི་ཆོས་ཀྱི་མཚན་ཉིད་གང་ལ་ཡོད་མེད་དག །མི་ཤེས་མཐོང་བ་མེད་ཕྱིར་རྒྱུ་བཞིའི་ཡིས། །རྣམ་དབྱེ་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེས། །ཆོས་ལ་ཉེས་སྨོད་ཐུབ་པའི་གཞུང་ལས་བཀག །ཅེས་འབྱུང་བའི་དོན་ལ་བསམས་ནས་དབྱེ་བ་མ་གསུངས་སོ། །དེ་ནས་སྐྱེས་བུ་དམ་པ་དེ་སློབ་དཔོན་ཀྱང་འཕྱོན་མའི་གྲོགས་ལྟར་མ་སྦྲན་ཅིག །ཆོས་རྗེ་ཀུན་མཁྱེན་ཆེན་པོས་ཐོག་མར་བླ་མ་བྱང་ཆུབ་སེང་གེ་དང༌། སྲས་ཀྱི་ཐུ་བོ་སྟག་གཤམ་པ་ཚུལ་ཁྲིམས་བཟང་པོའི་དྲུང་དུ། དཔལ་ཡང་དག་ཧེ་རུ་ཀ །རྡོ་རྗེ་ཕུར་པ་ལ་སོགས་པའི་སྔགས་རྙིང་མའི་དབང་རྒྱུད་སྒྲུབ་བསྐོར་མང་དུ་གསན་ནས་ཐུགས་སུ་ཆུད། དུས་ཕྱིས་རས་པ་ཤཱཀ་


JLAZ006_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ། མཁན་ཆེན་འཛིམ་པ། ཆོས་རྗེ་ཡོན་ཏན་རྒྱ་མཚོ། བྱང་སེམས་རྒྱལ་ཡེ། མཁས་མཆོག་སྐྱི་སྟོན་འཇམ་དབྱངས་རྣམས་ལས་སྔགས་རྙིང་མ་བཀའ་གཏེར་གྱི་སྒྲུབ་སྐོར། རྫོགས་ཆེན་གྱི་སྐོར་ལ་མཐའ་ཡས་པ་ཞིག་གསན་ནས་མཁས་པར་མཁྱེན། ཐུགས་ཉམས་སུ་བཞེས། མཁས་མཆོག་སྐྱི་སྟོན་ལ། གྲུབ་ཐོབ་འདར་ཕྱར་གྱིས་གཏེར་ནས་བཏོན་པའི་རྟ་མགྲིན་ཡང་གསང་ཁྲོས་པ་གསན་ནས་ཐུགས་དམ་མཛད་པས་རྟ་མགྲིན་དང་ཨོ་རྒྱན་གུ་རུ་གཉིས་ཀྱི་ཞལ་གཟིགས་ཏེ། སྐུ་འབུམ་འཛམ་གླིང་རྒྱན་གྱི་སྲོག་ཤིང་ཨོ་རྒྱན་གྱིས་བཙུགས་པར་གཟིགས། སྐུ་འབུམ་གྱི་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ལྷ་ཁང་གཅིག་གུ་རུའི་ལྷ་ཁང་དང༌། གཅིག་རྟ་མགྲིན་ཞལ་གཟིགས་ཀྱི་ལྷ་ཁང་མཛད། རྟ་མགྲིན་དེ་ཉིད་བུ་ཆེན་གཞན་ལའང་སྤེལ་ཏེ། ཕྱོགས་ལས་རྣམ་རྒྱལ། མཁན་ཆེན་རིན་ཚུལ། ཆོས་རྗེ་བྱང་སེང༌། ཇོ་ནང་ལོ་ཙཱ། ཞང་སྟོན་བསོད་ནམས་གྲགས། ཉ་ཀུན་དགའ་རྣམས་ཀྱིས་ཀྱང་ཐུགས་དམ་མཛད་ཅིང༌། སྒྲུབ་དཀྱིལ་གྱི་ཡིག་སྣ་མང་པོ་མཛད། མངའ་བདག་ཉང་དང་གུ་རུ་ཆོས་དབང་གཉིས་ཀྱི་གཏེར་ཁ་གོང་འོག་ཅེས་གསུངས་ཤིང༌། ཁྱད་པར་གུ་རུ་ཆོས་དབང་ནི་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་ཞེས་བསྟོད་བསྐུར་བསྔགས་པ་ཆེན་པོ་མཛད་པ་རྣམས་ཉིད་ཀྱི་


JLAZ006_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་འབུམ་རྣམས་སུ་གསལ་མོད། དེས་ན་ཆོས་རྗེ་ཀུན་མཁྱེན་ཆེན་པོས་བཀའ་བསྟན་འགྱུར་གཉིས་བཞེངས་པའི་གཏམ་ཡང་མི་སྣང་བས་ཕུད་པ་སོགས་ཀྱི་གཏམ་ནི་འཕྱོན་མའི་གྲོགས་དང་འདྲ་བ་མ་ཡིན་ནམ། དེའི་སློབ་མ་ཇོ་ནང་ལོ་ཙཱས་རྒྱུད་འབུམ་ཅིག་བཞེངས་འདུག་པའི་ནང་དུ་ནི། རྙིང་མ་ཕུད་པའི་གཏམ་མི་སྣང་ལ། ཁྱད་པར་ཕུར་བའི་རྒྱུད་ནང་དུ་བཞེངས་པར་སྣང༌། གསར་མའི་ཕྱག་རྡོར་གྱི་སྐོར་མང་པོ་དང༌། ཀྱེ་རྡོར་གྱི་གསང་བ་མཛོད། བདེ་མཆོག་ར་ལི་ཉེར་བཞི་པོ་ཐམས་ཅད་རྒྱུད་རྫུན་མ་ཡིན་ཞེས་ཐམས་ཅད་ཕུད་དོ། །ཆོས་རྗེས་ཕྱོགས་རྒྱལ། ཆོས་རྗེ་བྱང་སེང་བ། མ་ཏི་པཎ་ཆེན། ཇོ་ནང་ལོ་ཙཱ། ཞང་སྟོན་བསོད་གྲགས་སོགས་བུ་ཆེན་རྣམས་ཀྱིས་ཀྱང་རྫོགས་ཆེན་དང་རྙིང་མ་རྣམས་ལ་ཐོས་བསམ་སྒོམ་གསུམ་མཛད་པ་མིན་པ། དེ་བས་ཕུད་པ་ལ་སོགས་རྣམས་ནི་ལྷོ་ནུབ་བདེན་བྲལ་གྱི་ཚིག་གོ །།དེས་ན་ཀུན་མཁྱེན་ཡབ་སྲས་ཀྱིས་ཀྱང་ཆོས་གྲལ་ནས་ཕུད་ཅེས་དེ་ཡབ་སྲས་ཀྱང་འཕྱོན་མའི་གྲོགས་ལྟར་མ་སྦྲན་ཅིག །ཆོས་རྗེ་བུ་སྟོན་གྱིས་ཀྱང་ཉིད་ཀྱི་མེས་པོ་ལ་རྫོགས་ཆེན་སེམས་ཀློང་སྐོར་དང༌། མདོ་རྒྱུ་འཕྲུལ་ལ་སོགས་བཀའ་གཏེར་མང་པོ་གསན་ནས་བསྙེན་སྒྲུབ་ཀྱང་མང་དུ་མཛད་ཅིང༌། ༈ ནུས་པ་ཐོན་ནས་མེས་པོའི་ཚབ་མཛད་ཚུལ་དང༌། པད་སྡོང་གི་སྟེང་


JLAZ006_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ན་གུ་རུ་ཤཱཀྱ་སེང་གེ་གཙོ་བོར་གྱུར་པའི་མཚན་བརྒྱད་ཞལ་གཟིགས་ཚུལ་དང༌། རྙིང་མའི་ཕྱོགས་ལ་པཎྜི་ཏ་གསུམ་པར་གྲགས་པ་རོང་གནུབས་ཁུ་ལུང་པ་ནས་བརྒྱུད་པ་མ་ལུས་པ་གསན་ཞེས་སྒྲ་ཚད་པས་རྣམ་ཐར་དུ་བྲིས་ན་ཁ་ཅིག་བཏང་སྙོམས་སུ་བཞག་ཚུལ་གཞན་ངོ་སྲུང་བ་ཙམ་སྟེ། ཁོ་བོའི་བླ་མ་ཐར་པ་ལོ་ཙཱ་བ་དང༌། ༈ རིག་རལ་ལ་སོགས་པས་བལ་ཡུལ་དང༌། བསམ་ཡས་སོགས་ནས་རྒྱ་དཔེ་རྙེད་པས་རྒྱུད་ལེགས་ཞེས་གསུངས། དེ་ལས་གཞན་པའི་རྙིང་མ་ལ་སྐྱོན་ཅན་དུ་གཟིགས་ནས་བཀའ་བསྟན་འགྱུར་གཉིས་ནས་ཕུད་པའི་གཏམ་གུད་དུ་མི་སྣང༌། གསར་མའི་རྒྱུད་མང་པོ་ལ་ཐེ་ཚོམ་གྱི་གཞི་དང་རྒྱུད་བརྫུན་མར་བྱས་ནས་ཕུད་པ་མང་བདོ་ཞིང་རྡོ་རྗེ་ཕུར་བའི་རྒྱུད་ནི་ཁྱད་པར་ནང་དུ་བཞེངས་ཤིང༌། འདི་ལྟ་བུའི་ངན་བརྗོད་བྱས་པ་མ་མཐོང་ཞིང་མ་ཚོར་བས་དེ་ཡང་དྲི་མ་ཅན་དུ་མ་བསྒྱུར་ཅིག །ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱིས་བསྟན་འགྱུར་བཞེངས་ཀྱང་དེའི་ནང་ནས་རྙིང་མའི་བསྟན་བཅོས་རྣམས་ཕུད་པའི་གཏམ་མི་སྣང་བས་གོང་དུ་བརྗོད་པ་ལྟར་ཆོས་རྗེ་བ་ཡང་འཕྱོན་མའི་གྲོགས་ལྟར་མ་སྦྲན་ཅིག །བསྟན་པའི་བདག་པོ་ཉ་ཀུན་དགས་ཀྱང་བསྟན་ལ་དགོངས་ཤིང་འབྱམ་ཡིག་བཏང་བ་ངོ་མཚར་ཆེ་སྟེ། དེ་བས་ཀྱང་དུས་


JLAZ006_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་སོགས་པ་སེམས་འགྲེལ་སྐོར་གསུམ་པོ་ཐམས་ཅད་བཀའ་མིན་དང་ཆོས་མིན་དུ་སྒྲུབ་པ་འདི་ལ་འབྱམ་ཡིག་ཅིག་བཏང་ནས་དག་མ་དག་གི་ཤན་མི་དབྱེ་བ་ཅི་ལགས་སྙམ་ནས་ཡིད་གཉིས་སུ་གྱུར་པ་དགོངས་མཛོད་ཅིག །ད་ལྟ་བོད་འདིར་བསྒྲིགས་པའི་རྒྱུད་འབུམ་དང་བསྟན་འགྱུར་རྣམས་ནི་ཕལ་ཆེར་ཕྱོགས་ཞེན་ཅན་ཁ་ཅིག་གིས་ནི་ཕྱོགས་རེ་བ་རེ་བྲིས་པ་ཡིན། ཁ་ཅིག་གིས་སོ་སོར་གུད་དུ་བྲིས་ཕྱོགས་མེད་རིས་མེད་ཀྱི་དད་པ་ཅན་ཤེས་རབ་གཟུ་བོར་གནས་པ་ཐམས་ཅད་དང༌། གཞན་ཡང་ས་སྐྱ་པ་ཡབ་སྲས་རྣམས་དང༌། སྔོན་གྱི་བཀའ་གདམས་པ་རྣམས་དང༌། འབྲི་སྟག་མཚུར་གསུམ་མཚལ་བ་ལ་སོགས་དྭགས་པོ་བཀའ་བརྒྱུད་པ་རྣམས་དང༌། མཆིམས་པ། ཁྲོ་ཕུ་བ། རིག་རལ། དབུས་པ་བློ་གསལ་ལ་སོགས་རྣམས་ཀྱིས་རྙིང་མའི་བཀའ་བསྟན་བཅོས་རྣམས་ཁྱད་པར་གསེར་དངུལ་གྱིས་བཞེངས་པ་མང་མོད། གཞན་ཡང་ཕྱོགས་ཞེན་ཅན་གྱིས་བསྒྲིགས་པའི་རྒྱུད་འབུམ་དང༌། དཀར་ཆག་རྣམས་སུ་མེད་པ་ཅིག་ཤོས་སུན་འབྱིན་པ་ནི་གཏོལ་མེད་པའི་ཚིག་གོ །།ཕྱོགས་ཞེན་ཅན་རྣམས་ཀྱིས་རྒྱུད་འབུམ་ཁ་ཅིག་ཏུ་མ་ཚུད་ཅིང་ཕུད་པ་སོགས་རྣམས་ཆོས་མིན་དུ་བྱེད་ན། དུས་འཁོར་རྒྱུད་འགྲེལ་རྒྱུད་ཕྱི་མ་དང་བཅས་པ། ཡོན་ཏན་ཡོངས་བཟུང༌།


JLAZ006_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཅེ་སྤྱང་ཚོགས་རོལ། རྡོ་རྗེ་གླུ་གར། བདེ་མཆོག་ནམ་མཁའ་དང་མཉམ་པ། བདེ་མཆོག་གི་བཤད་རྒྱུད་ར་ལི་ཉི་ཤུ་རྩ་བཞི། ཕག་མོ་མངོན་འབྱུང༌། ཀྱེ་རྡོ་རྗེའི་གསང་བ་མཛོད་རྒྱུད་གསང་འདུས་བཤད་རྒྱུད། གཉིས་མེད་རྣམ་རྒྱལ། གཤིན་རྗེ་པྲ་ཁོག་རྩ་སྣང་བ། ཧེ་རུ་ཀ་རོལ་པ། ཕྱག་རྡོར་གྱི་རྒྱུད་གསང་བསྟན། དྲག་པོ་མེ་ལྕེ། རྡོ་རྗེ་སྙིང་པོ་ལྕེ་འབབ། བདེ་ཁྲོས། རྡོ་རྗེ་བེ་ཅོན། གཏུམ་པོ་ཐུགས་རྒྱུད། ཕྱི་མའི་ཕྱི་མ་དང་བཅས་པ་སོགས་གཞན་ཡང་ཆེས་མང་བ་དང༌། ཞི་བྱེད་ཀྱི་མདོ་རྒྱུད་རྣམས་དང༌། གཞན་ཡང་བསྟན་འགྱུར་ཁ་ཅིག་ཏུ་གསེར་ཆོས་བཞི་ལ་སོགས་ཤངས་པ་བཀའ་བརྒྱུད་ཀྱི་གདམས་པ་རྣམས་ཐམས་ཅད་དང༌། བཀའ་བབས་སྙན་བརྒྱུད་བཞི་ལ་སོགས་པ་དམ་པའི་ཞི་བྱེད་ཀྱི་གཞུང་ཐམས་ཅད་དང༌། མར་པ་ལོ་ཙཱའི་བདེ་མཆོག་སྙན་བརྒྱུད་ཀྱི་སྐོར་ཐམས་ཅད་དང༌། གཞན་ཡང་ཆེས་མང་བ་མང་པོ་ཡང་མ་ཚུད། གཞན་ཡང་རྒྱུད་གཞུང་དེ་དག་ཐམས་ཅད་ཀྱང་ཁ་ཅིག་གིས་ཡང་དག་ཏུ་བྱེད། ཁ་ཅིག་གིས་བསླད་ཅན་དུ་བྱེད། ཁ་ཅིག་གིས་རྫུན་མར་བྱེད། ཁ་ཅིག་གིས་ཐེ་ཚོམ་གྱི་གཞིར་མཛད་པས་དེ་རྣམས་གང་བདེན་པ་ཡིན། ཁྱུང་པོའི་གསེར་ཆོས་བཞིའི་གཞུང་རྣམས་དང༌། ཞི་བྱེད་དང་སྙན་


JLAZ006_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཀྱི་གཞུང་རྣམས་ཀྱང་ཆོས་ལོག་ཏུ་བྱེད་དམ་ལེགས་པར་སོམས་ཤིག །གཞན་ཡང་གྲུབ་ཆེན་གསེར་སྟེང་པ། ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད་རྣམས་ཀྱིས་རྫོགས་ཆེན་ལ་ཐུགས་དམ་མཛད་པ་འབའ་ཞིག་ཡིན་ཞིང༌། ཁྱད་པར་ཀུན་མཁྱེན་འཕགས་འོད་ཀྱིས། ཟབ་མོ་ལྟ་བ། ཉམས་ལེན་སྒོམ་པ། རྒྱ་ཆེན་སྤྱོད་པ། འབྲས་བུ་རྫོགས་ཆེན་རྒྱལ་ཐབས་སྤྱི་བླུགས། སྙན་བརྒྱུད་ཀྱི་འཕྲང་བསལ་བ་རྫོགས་ཆེན་གསང་སྐོར་སོགས་བརྒྱུད་པ་སྡེ་བཞིའི་སྐོར་རྣམས་གསན་ནས་ཐུགས་ཉམས་སུ་བཞེས་ཞེས་གསུངས་སོ། །ཆོས་རྗེ་ཀུན་སྤངས་ཆེན་པོས་སྔགས་རྙིང་མ་ཡང་ཕུར་ལ་སོགས་ཀྱི་དབང་བརྒྱུད་མན་ངག་མཐའ་ཡས་པ་དང༌། ཁྱད་པར་རྫོགས་ཆེན་གྱི་སྐོར་ལ་མཐའ་ཡས་པ་ཞིག་ལ་ཐུགས་སྦྱོང་མཛད་ནས་མཁས་པར་མཁྱེན་ཅིང༌། དེ་ནས་གྲུབ་ཆེན་ཡོལ་མོའི་སྲས་མོ་མ་གཅིག་ཇོ་འབུམ་ལས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ཞུས། རྫོགས་ཆེན་སེམས་ཀློང་གི་སྐོར་མཐའ་ཡས་པའི་རྒྱུད་གཞུང་མན་ངག་མཐའ་ཡས་པ་གསན་ནས་ཐུགས་ཉམས་སུ་བཞེས། དེ་རྗེས་ཇོ་ནང་པ་རིམ་པར་བྱོན་པ་བྱང་སེམས་རྒྱལ་ཡེ། ཡོན་ཏན་རྒྱ་མཚོ། ཤེས་རབ་འབུམ་པ། སྐལ་བཟང་བ། ཀུན་མཁྱེན་ཆེན་པོ་ཡབ་སྲས་རྣམས་དང༌། མཁན་ཆེན་འཛིམ་པ། ཀུན་མཁྱེན་གངས་པ་ལ་སོགས་པ་ཐམས་


JLAZ006_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་ཀྱང་ཐུགས་ཉམས་སུ་བཞེས། སྙིང་པོར་མཛད་པ་ལ་སུས་བསྙོན་དུ་ཡོད། ༢ ད་ལྟ་རྫོགས་ཆེན་གྱི་རྒྱུད་གཞུང་འདི་ཐམས་ཅད་ཀྱི་ནང་ནས་རྩོམ་པའི་ཡོང་ཚུལ་དང༌། ཚིག་དོན་གྱི་རྣམ་གཞག་མཁས་པ་གང་གིས་མཐོང་ཡང་ཡིད་ཆེས་པའི་རྒྱུད་གཞུང་གཅིག་ཀྱང་མེད་ལོ། །༈ འོ་ན་རྒྱལ་སྲས་ཐོགས་མེད་པ་སྡེ་སྣོད་ལ་སྤྱོད་པ་ཞིབ་པ་དེས་ཀྱང་གཟུངས་འབུལ་གྱི་དཀར་ཆག་ཏུ་ཟུར་པ་ནས་བརྒྱུད་པའི་རྫོགས་ཆེན་ཞེས་བཀའ་འབུམ་དུ་འཁོད་པ་དེ་ཁོང་སྨྱོའམ་རྫོགས་ཆེན་གྱི་ཆོས་སྐད་ལ་ཡིད་མ་ཆེས་ན་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཆོས་སྐད་ཀྱང་དེ་དང་འདྲ་བར་ཡོད་པས་བཞད་གད་ཀྱི་གནས་སོ། །༈ དེ་ལ་གོང་དུ་བཤད་པ་ལྟར། ས་སྐྱ་པ་ཡབ་སྲས་རྣམས་དང་བཀའ་གདམས་པ། དྭགས་པོ་བཀའ་བརྒྱུད་པ། ཤངས་པ། ཞི་གཅོད་པའི་བཀའ་བརྒྱུད་པའི་མཁས་གྲུབ་རྣམས་ལས་ལྷག་པའི་ཚིག་དོན་གྱི་རྣམ་གཞག་མཁས་པ་ད་ལྟ་རྙེད་ལས་ཆེ། ༢ འོན་ཀྱང་ངན་སར་མི་སྡོད་པར་ཆོས་ཐམས་ཅད་ཀྱི་ཟབ་ཤོས་རྫོགས་ཆེན་ཡིན། གཞན་གསང་འདུས། ཀྱེ་རྡོར་འཁོར་ལོ་སྡོམ་པ། དུས་འཁོར་སོགས་བླ་མེད་ཀྱི་རྒྱུད་དང༌། དེ་དག་གི་སྙིང་པོའི་དོན་ཕྱག་རྒྱ་ཆེན་པོ་སྦྱོར་དྲུག །རིམ་ལྔ་སོགས་ཐམས་ཅད་བསྐྱེད་པ་མ་ཧཱ་ཡོ་ག་བྱ་བ་ཐེག་པ་དམན་པ་ཡིན། དེ་རྣམས་ཀྱི་གོང་ན་ལུང་ཨ་ནུ་ཡོ་ག་བྱ་བ་སྒྲུབ་པ་བཀའ་བརྒྱད་དང༌། བདེ་གཤེགས་འདུས་པ་དང༌།


JLAZ006_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་འདུས་ལ་སོགས་པ་མདོ་བཅུ་བཞི་རྣམས་ཡོད། དེ་ཐམས་ཅད་ཀྱི་གོང་དུ་ཐེག་པ་རིམ་པ་དགུའི་ཡང་རྩེ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་འདི་ཡོད་པ་ཡིན། འདིའི་ཐད་ན་གསང་འདུས་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་ཐམས་ཅད་གཞོབ་རྡོག་པས་བརྫིས་པ་དང་འདྲ་སྟེ་སྙིང་པོ་མེད་ཟེར་ནས། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་དམ་པ་དང་རབ་ཕུལ་དུ་གྱུར་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཕྱག་རྒྱ་ཆེན་པོའི་ལམ་ཐམས་ཅད་ཁྱད་དུ་གསོད། ཐེག་ཆེན་གྱི་མདོ་སྡེ་ཐམས་ཅད་ཀྱང་ལྟ་བ་རྫོགས་ཆེན་ལ་མ་སླེབ་པས་ལྟ་བ་དམན་ཟེར་ནས་ཁྱད་དུ་གསོད་ལོ། །དེ་ལ་བརྗོད་པར་བྱ་སྟེ། སྤྱིར་འདི་ལྟ་བུའི་རྣམ་དབྱེ་དང་བརྗོད་ཚུལ་བྱེད་པ་རྫོགས་ཆེན་པའི་ཁྲོད་ནས་བྱུང་ཞིང༌། རྫོགས་ཆེན་ལ་བརྗོད་འདོད་ཀྱི་དབང་གིས་རང་ཉིད་ཀྱིས་ཅི་དྲན་བྲིས་པ་མ་ཡིན་ན་ཤིན་ཏུ་ནས་ཀྱང་བདེན་དེ། རྫོགས་ཆེན་རྙིང་མའི་ཆོས་ཚུལ་རྣམས་ལ་ལོག་པར་རྟོག་པའི་མཁས་རློམ་ཅན་གྱི་བླུན་པོ་སྨྲ་ཁམས་ཅན་དང་མཚུངས་སོ། །སྤྱིར་དུ་ཐེག་པ་དམན་པ་དང་མ་རྫོགས་པ་རྣམས་ཀྱིས་ཀྱང་ཁྱེད་ལྟར་ངེད་ཐམས་ཅད་ཐེག་པ་དམན་པ་ཡིན་པས་ངན་སར་སྡོད་པ་ཡིན་ཟེར་བ་མ་ལགས་སམ། དེ་ལྟ་མིན་ན་ཐེག་པ་ཐམས་ཅད་ཀྱིས་རང་རང་གི་ཆེ་བའི་ཡོན་ཏན་བརྗོད་པ་ལུགས་ཡིན་པས་ཨ་ཏི་ཡོ་ག་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པར་བརྗོད་པ་ལ་སྐྱོན་ཅི་མཐོང༌། རྫོགས་ཆེན་པ་དང་རྙིང་མ་པ་དོན་མཐུན་རྣམས་ཀྱིས་ནི། བསྐྱེད་དང་རྫོགས་དང་


JLAZ006_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་གསུམ། །གང་ཟག་དབང་པོ་རབ་ལ་དགོངས། །ཞེས་གསུངས་པས། གསང་བ་འདུས་པ་སོགས་བསྐྱེད་པ་མ་ཧཱ་ཡོ་ག་བྱ་བ་ཐེག་པ་དམན་པ་ཡིན་ཞེས་ཟེར་བའི་རྫོགས་ཆེན་པ་ཞིག་བྱུང་མ་བྱུང་ཐེ་ཚོམ་ཟ་བས་དེ་ཡང་བརྫུན་ཟེར་བར་ནི་མ་གྱུར་ཅིག སྔགས་གསར་མར་ཡང་རྣལ་འབྱོར་ཆེན་པོ་ལ་ཕ་རྒྱུད་མ་རྒྱུད་གཉིས་མེད་དང་གསུམ་དུ་དབྱེ་མོད། དེས་ན་འདིར་ཡང་བླ་མེད་ལ་བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ་དུ་ཕྱེ་བ་ལ་འགལ་བ་སུས་འཚོལ། དྲི་མེད་འོད་ལས། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པར་མི་ཤེས་སོ། །དེ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །དེ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་འཁོར་བ་པ་སྟེ་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །ཞེས་གསུངས་མོད། དེས་ན་རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་ཤིང༌། ཡིན་ལུགས་ཀྱི་དོན་ལ་ཁྱད་མེད་ཀྱང༌། ཆོས་སོ་སོའི་ཆེ་བའི་རང་སྐད་བརྗོད་པ་ལ་སྐྱོན་མ་མཐོང་སྟེ། དམ་པ་རྒྱ་གར་ལ་སོགས་པས་ཀྱང་ཨ་ཏི་ཡོ་ག་ཐེག་པའི་ཡང་རྩེ་ཡིན་པར་གསུངས་པ་གོང་དུ་བརྗོད་པ་ལྟར་རོ། །ལུང་ཨ་ནུ་ཡོ་ག་བྱ་བ་


JLAZ006_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་དང༌། བདེ་གཤེགས་འདུས་པ་སོགས་ཡིན་ཟེར་བའི་རྫོགས་ཆེན་པ་སྣང་ན་ནི། དེ་ནི་མ་ངེས་བཞིན་དུ་སྨྲ་བ་སྟེ། རྫོགས་ཆེན་བཀག་པའི་མཁས་རློམ་ཅན་ཚིག་གི་བརྗོད་ཚུལ་ཙམ་ལའང་རྨོངས་པའི་གང་ཟག་དེ་རྣམས་དང་གཉིས་སུ་མེད་ཅིང་ཐ་མི་དད་དོ། །གསང་འདུས་སོགས་ཕྱག་ཆེན་གཞོབ་རྡོག་པས་བརྫིས་པ་དང་འདྲ་ཟེར་ནས་བསྟན་པའི་སྙིང་པོ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་དང་ཕྱག་ཆེན་གྱི་ལམ་ཁྱད་དུ་གསོད་པའི་རྫོགས་ཆེན་པ་དེ་ཡང་རྫོགས་པ་ཆེན་པོ་ཆོས་མིན་དུ་བསྒྲུབས་པ་རྣམས་དང་ཁྱད་མེད་དོ། །སྤྱིར་ཡང་འདི་དག་རྣམས་རང་རང་གིས་བརྗོད་འདོད་ཀྱི་དབང་གིས་བརྫུན་དང་བསྙོན་བརྟོལ་བྱེད་པ་མིན་ན། རྫོགས་ཆེན་གྱི་གཞུང་ཁུངས་མ་གང་ནས་བཤད་བསྟན་དུ་གསོལ། ༢ གསང་སྔགས་ལ་ཞུགས་ནས་སོ་ཐར་ལ་གཙིགས་སུ་བྱས་ན་ཐེག་དམན་དུ་ལྷུང་བ་ཡིན་ཟེར་བ་དང༌། ཞེས་པ་ལ། ༈ དེའང་དཔྱད་དགོས་ཤིང་དེའི་དོན་ལ་སྐྱོན་ཡོད་ན་རྩ་ལྟུང་བརྒྱད་པ་དང༌། བཅུ་གསུམ་པ་དང༌། བཅུ་བཞི་པ་དང༌། སྦོམ་པོ་བརྒྱད་ཀྱི། ཉན་ཐོས་ནང་དུ་ཞག་བདུན་འདས། ཞེས་པ་ལ་སོགས་པའང་སྐྱོན་ཅན་ཏེ་སྦྱར། ༈ དེ་ལྟ་བུ་དང་མཐུན་པའི་ཚིག་བྱུང་བས་ཉེས་ན་གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ལ་རང་གི་སེམས་ཀྱི་བསམ་པས་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱི་


JLAZ006_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྟེར་བ་ཞེས་དང༌། ངེས་པ་དང་བྲལ་བ་ནི་ཉན་ཐོས་པའི་མཆོག་གི་སྡོམ་པ་འདོད་པ་སྤྱོད་པ་སྤངས་ཏེ་དེའི་ངེས་པ་དང་བྲལ་བ་སེམས་ཀྱི་བསམ་པ་འདོད་པ་ལ་སྤྱོད་པར་འདོད་པའོ། །ཞེས་དྲི་མེད་འོད་ལས་གསུངས་ཤིང༌། གཞན་ཡང་བིར་ཝ་བས་དམ་པ་ལ་གདམས་པ་གནང་ཞིང༌། འདུལ་བ་བསྲུངས་པས་མི་གྲོལ་གསུངས་པ་དང༌། བྲམ་ཟེ་ཆེན་པོ་དང་མཻ་ཏྲི་པ་ལ་སོགས་ཀྱིས་ཀྱང་དེ་ལྟར་གསུངས་ཤིང༌། ཏཻ་ལོ་པས་ཀྱང༌། འདུལ་བའི་སྡེ་སྣོད་ལ་སོགས་ཆོས་རྣམས་དང༌། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། །རྟོག་པའི་སྲུང་སྡོམ་དམ་ཚིག་དོན་ལས་ཉམས། །ཞེས་གསུངས་པ་དེ་རྣམས་ཀྱིས་ཀྱང་སྡེ་སྣོད་གསུམ་གྱི་ལམ་ཁྱད་དུ་གསད་པར་འགྱུར་རོ། །དེས་ན་ལྟ་སྒོམ་སྤྱོད་གསུམ་མ་ནོར་བའི་གསུངས་རྣམས་ཆོས་མིན་དུ་སྒྲུབ་པ་ནི་ཆེས་ཆེར་རྣམ་པར་འཁྱམས་པའོ། །༢ ཁུངས་ས་རྡོ་ཤིང་བྲག་ལས་བྱུང་བ་ཤས་ཆེ་ཞིང་སྒྲུབ་བརྒྱུད་དང་སྙན་བརྒྱུད་གཉིས་ཀ་ཆད། ཅེས་ཟེར་མོད། ༈ དེ་ལྟ་ན་རྒྱུད་བླ་མ་དང་ཆོས་ཉིད་རྣམ་འབྱེད་མཆོད་རྟེན་གྱི་སེར་ཁ་ནས་བྱུང་བའང་བཤད་པས་བརྫུན་མའི་གྲས་སུ་དབྱུང་ཞིག ། ༈ ཆོས་དང་མན་ངག་གཏེར་དུ་སྦས་ནས་བྱུང་


JLAZ006_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྙན་བརྒྱུད་ལ་སོགས་ཆད་པར་འདོད་ན། མར་རྔོག་ལ་སོགས་པའི་བརྒྱུད་པ་དང་བཅས་པ་རྣམས་ཀྱི་རྒྱུད་རྣམས་རྡོ་རྗེ་སྙིང་པོས་བསྡུས་ཏེ་གླེགས་བམ་དུ་བྱས་ནས་ཨོ་རྒྱན་དུ་མཁའ་འགྲོ་མ་རྣམས་ལ་གཏད་དེ་རྒྱ་རིམ་པ་བདུན་གྱིས་བཏབ་ནས་སྦས་ཏེ་བཞུགས་པ་ལ། ཀླུ་སྒྲུབ་ལྐུགས་པར་བརྫུས་ཏེ་ཀེའུ་ཚང་གི་ཕྱི་རོལ་ཤིང་གདུག་པའི་ཚལ་གྱི་ནང་རོལ་དུ་མཎྜལ་ཕུལ་ཞིང་བསྡད་པས་མཁའ་འགྲོ་མ་རྣམས་ན་རེ། འདི་གུས་པ་ཆེ་བ་ཞིག་འདུག་པས་ནང་དུ་མཆོད་པ་བྱེད་དུ་ཆུག་ཟེར་ནས་ནང་དུ་བཏང་བས་སློབ་དཔོན་གྱིས་མཆོད་པ་བྱས་སོ། །དེ་ནས་དུས་གཞན་ཞིག་གི་ཚེ་མཁའ་འགྲོ་མ་རྣམས་ཡེངས་པ་དང༌། ཧེ་བཛྲ་གུར། གདན་བཞི་སོགས་རྣམས་ཕྱུང་སྟེ་སྨྱུག་དོང་དུ་བཅུག་ནས་གློ་སྐར་ནས་ཕྱི་རོལ་དུ་འཕངས་པས་སྒོ་དང་རོལ་མོ་རྣམས་སྒྲ་བྱུང་བས་མཁའ་འགྲོ་མ་རྣམས་འདུས་ནས་ལྐུགས་པས་ཆོས་བརྐུས་སོ་ཟེར་ནས་བཙལ་བས་མ་རྙེད། དེ་ནས་དུས་གཞན་ཞིག་ན་སློབ་དཔོན་གྱིས་སྨྱུག་དོང་ཁྱེར་ནས་བྲོས་པས། མཁའ་འགྲོ་མ་རྣམས་ཀྱིས་བདས་ཀྱང་མ་ཟིན་ཏེ། ཁྱོད་ཀླུ་སྒྲུབ་ཡིན་ཏེ་འོང་བས་སྐལ་ལྡན་རྣམས་ལ་བྱིན་ཞིག་ཟེར་ནས། སློབ་དཔོན་གྱིས་དར་བར་མཛད་པ་དང༌། ཁ་ཅིག་གིས་ལྭ་བ་པ་དང༌། ཙརྱ་པ་དང༌། རྟ་མཆོག་བི་ན་ས་རྣམས་ཀྱིས་ཕྱུང་བར་འདོད་པ་དང༌། མ་ཧཱ་མ་ཡའི་རྒྱུད་


JLAZ006_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་ཀུ་རི་པས་ཨོ་རྒྱན་ནས་གཏེར་ནས་ཕྱུང་སྟེ། བརྐུས་ནས་བྲོས་འོང་བ་ལ་ཡེ་ཤེས་དང་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་ཀྱིས་དེད་པར་བཤད་པ་དང༌། གཞན་ཡང་གཏེར་ནས་ཕྱུང་བར་བཤད་པའི་ཆོས་མཐའ་ཡས་པ་ཞིག་བཤད་པས་རང་རང་གི་ཆོས་དང་བླ་མ་བརྒྱུད་པ་ལ་སྐུར་པ་འདེབས་པའི་ཚིག་ཏུ་མི་འགྲོའམ་སོམས་ཤིག །དམ་པ་སངས་རྒྱས་ཀྱིས་ཞི་བྱེད་ཀྱི་ཆུ་ཀླུང་རོལ་བའི་མདོ་རྒྱུད་རྣམས་དང༌། ཆུ་ཀླུང་ཆེན་པོའི་གསང་རྒྱུད། མཁའ་འགྲོ་མའི་གསང་རྒྱུད་སོགས་རྣམས་དུར་ཁྲོད་དཔལ་གྱི་རྒྱུ་སྐར་རོལ་པ་ན་མཁའ་འགྲོ་མའི་གསང་མཛོད་སྒོ་ཉིས་རིམ་བཅད་པའི་ནང་ན་ལྕགས་ཀྱི་སྒྲོམ་བུ་དགུ་གླིང་ནས་བཏོན། ཡི་གེར་བཏབ་པར་བཞེད་ཅིང༌། ད་ལྟ་བོད་དུ་ཡང་ཞི་བྱེད་ཀྱི་མདོ་རྒྱུད་ཕལ་ཆེ་བ་རྣམས་ལྷོ་བྲག་བན་པ་ན་གཏེར་དུ་སྦས་ནས་ཡོད་པར་ཞི་བྱེད་པ་ཆེན་པོ་རྣམས་གསུངས་པས་དེ་དག་ཀྱང་སྒྲུབ་བརྒྱུད་ཆད་དམ། གཞན་ཡང་ཕྱག་རྒྱ་ཆེན་པོའི་སེམས་ཁྲིད་དྭགས་པོ་ལྷ་རྗེས་གཏེར་དུ་སྦས་ནས་དུང་མཚོ་རས་པས་བཏོན་པ་དང༌། རྗེ་བཙུན་རས་ཆུང་པས་ནཱ་རོ་པཎ་ཆེན་གྱི་རོ་སྙོམས་སྐོར་དྲུག་རྣམས་ལྷོ་བྲག་མཁར་ཆུར་བྲག་རྒན་མོ་འཛུམ་ཤོར་བ་འདྲ་བའི་ནང་ན་གནུབས་ནམ་མཁའི་སྙིང་པོའི་ཞབས་རྗེས་ཀྱི་བྱང་ཤར་མཚམས་སུ་སྦས་ནས་ཕྱིས་གཙང་བ་རྒྱ་རས་ཀྱིས་


JLAZ006_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ནས་བཏོན་ནས་དར་བར་མཛད་མོད་ཅིང༌། ཏི་པུ་པའི་ཞལ་ནས། རྒྱ་གར་འོ་མའི་རྒྱ་མཚོ་ནས། །གདམས་ངག་མར་གྱི་སྙིང་པོ་འདི། །རྒྱུད་སྡེ་རྣམས་ན་གབ་ནས་ཡོད། །པཎྜི་ཏ་ཡིས་ལོང་གཏམ་བྱས། །གྲུབ་ཐོབ་རྣམས་ཀྱི་ཁོང་སྙིང་ཡིན། །དུར་ཁྲོད་འགྲིམ་པའི་གོ་ཆ་ཡིན། །ཀུ་སུ་ལུ་ཡི་སྨན་སྦྱོར་ཡིན། །ནཱ་རོ་པཎ་ཆེན་གྱི་རྟོགས་པ་ཡིན། །པཎྜི་ཏ་དང་ཀུ་སུ་ལུ། །གཞན་ལ་འདི་འདྲ་མེད་པ་སྟེ། །སྣོད་ལྡན་ཁྱོད་ལ་བསྟན་པ་ཡིན། །གདམས་ངག་བཤད་ལ་དུས་ཚོད་དགོས། །ད་ལྟ་བསྟན་པའི་དུས་མིན་པས། །མཁའ་འགྲོ་ལྷ་འདྲེ་ཐམས་ཅད་ལ། །གཏད་གཉེར་གྱིས་ལ་གཏེར་དུ་སྦོས། །སྐྱེ་བ་གསུམ་གྱི་འོག་རོལ་དུ། །བློ་ལྡན་གང་ཟག་ལེན་དུ་འོང༌། །དེ་ཡི་ལག་ཏུ་གཏོད་ཅིག་གིས། །སྨོན་ལམ་ཐོབ་ལས་སྦོས་ཤིག་གསུངས། །ཞེས་རས་ཆུང་པ་ལ་ལུང་བསྟན་པར་མཛད་དོ། །དེས་ན་རོ་སྙོམས་སྐོར་དྲུག་རྣམས་ཀྱང་སྒྲུབ་བརྒྱུད་སྙན་བརྒྱུད་ཆད་པར་སྨྲའམ། དེ་སོགས་གཞན་ཡང་ཤིན་ཏུ་མང་ཡང་མ་སྤྲོས་སོ། །དེས་ན་རིག་འཛིན་གྱི་ས་ལ་གནས་པའི་གྲུབ་ཆེན་སངས་རྒྱས་གཉིས་པ་ལྟ་བུའི་པདྨ་འབྱུང་གནས་ཀྱིས་དུས་གསུམ་ཆགས་ཐོགས་མེད་པར་མཁྱེན་ནས། ཆོས་དང་གདམས་པ་ཚོང་འདུས་ཀྱི་འོ་མ་ལྟར་འཆལ་གྱིས་དོགས་པ་དང༌། གནས་དུས་ཁ་ཅིག་གི་ཚེ་སྟོན་པའི་སྣོད་མེད་པ་དང༌།


JLAZ006_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མའི་དུས་ཁ་ཅིག་གི་ཚེ་བསྟན་དུ་རུང་བར་དགོངས་པ་དང༌། །ཁ་ཅིག་ཆོས་ལ་གསར་ངས་ཆེ་བའི་ཕྱིར་དུ་ཕྱིས་གསར་དུ་བྱུང་བ་ན་ནན་ཏན་གྱིས་འཇུག་པ་དག་འབྱུང་བས་དེ་ལྟ་བུ་རྣམས་ལ་དགོངས་ནས་གཏེར་དུ་སྦས་ཤིང༌། དེ་ཉིད་འདོན་པའི་གང་ཟག་ཀྱང་ཕྱི་རབས་ཀྱི་སྐྱེས་བུ་དམ་པ་ལས་དང་སྐལ་བར་ལྡན་པའི་མངའ་བདག་ལྟ་བུ་རྣམས་ལུང་བསྟན་སྨོན་ལམ་དང་བཅས་ཏེ་སྦས་པ་རྣམས། ཕྱིས་ལས་དང་སྐལ་བར་ལྡན་པའི་གང་ཟག་དེ་ལྟ་བུས་གཏེར་ནས་ཕྱུང་སྟེ། འགྲོ་དོན་མཛད་པས་བསྟན་པ་ཡུན་རིང་དུ་གནས་ཤིང་རྒྱུན་མི་འཆད་པའོ། །ཁྱད་པར་དུ་མངའ་བདག་ཉང་དང་གུ་རུ་ཆོས་དབང་ལས་འབྲེལ་རྩལ་ལྟ་བུ་རྣམས་ནི་སྐྱེ་བ་མང་པོར་པདྨ་འབྱུང་གནས་ཀྱིས་རྗེས་སུ་བཟུང་སྟེ། ལས་དང་སྐལ་བ་ལྡན་པའི་རིགས་ལྡན་ཡིན་ཞིང༌། སྐྱེ་བ་འདི་ལ་ཡང༌། སློབ་དཔོན་པདྨ་འབྱུང་གནས་དང་ཡང་ཡང་དངོས་དང་རྨི་ལམ་འོད་གསལ་གྱི་ངང་ནས་མཇལ་ཞིང་དབང་བཀའ་ལུང་རྗེས་གནང་དང་བཅས་པ་ལེགས་པར་ནོད་པ་ཡིན་པས་སྒྲུབ་བརྒྱུད་དང་སྙན་བརྒྱུད་ཆད་སོགས་ཀྱི་སྐུར་པ་གདབ་པ་ནི་རང་གི་བླ་མ་དང་ཆོས་ལ་ཡང་སྐུར་པ་འདེབས་པའི་སྔ་ལྟས་ཡིན་ནོ། །ཆུ་ཀླུང་རོལ་བའི་མདོ་ལས་ཀྱང༌། ང་ཡི་བསྟན་པ་ཆོས་ཀྱི་གཞུང༌། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦ། །ཡང་ན་


JLAZ006_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུགས་པར་གྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་པ་དང༌། དཔལ་མཆོག་ལས། རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་གང༌། །ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། །གཏེར་ནས་གཏེར་དུ་ཕྱུང་སྟེ་སྩལ། །ཅེས་གསུངས་པས་ས་རྡོ་ལས་ཁུངས་བྱུང་ཞེས་མ་བརྗོད་ཅིག ། ༢ རྫོགས་ཆེན་ལའང་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད། བར་དུ་སྟོང་ཉིད་སྙིང་རྗེའི་ཉམས་ལེན། ཐ་མར་སངས་རྒྱས་སུ་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་པ་ཡོད་པས་ཆོས་ཡང་དག་ཏུ་མི་འགྲུབ་ཅེས་ཟེར་ཞིང་སངས་རྒྱས་པའི་རྒྱུད་དུ་བཅོས་པས་དེ་རྣམས་ལྟ་ལོས་བྲི་ཟེར་རོ། །༈ དེ་ལྟར་ན་གསར་མའི་རྒྱུད་རྣམས་ཀྱང་དེ་ལྟར་དུ་བཅོས་པར་འགྲོ་སྟེ། གཞི་ལམ་འབྲས་གསུམ་གྱི་རྒྱུད་དོན་བཅར་ཕོག་ཏུ་བཤད་པ་ལས། ཐོག་མར་སྐྱབས་འགྲོ་ནས་བརྩམས་བཏོན་ཆོག་མེད་དེ་བཤད་པའི་དབྱིངས་ནས་གཞལ་ན་རྫོགས་ཆེན་ལའང་ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ་ཞེས་བཤད་དོ། །གལ་ཏེ་མེད་ནའང༌། ༈ དེ་ནི་ཤིན་ཏུ་ནས་འགྲུབ་སྟེ། དུས་འཁོར་དུ། ཡོན་ཏན་གྱི་ཆོས་དང་ལྡན་པ་ཕྱི་རོལ་བའི་ནང་དུ་སྣང་ཡང་བདག་ཅག་གིས་བསྙེན་བཀུར་བར་བྱའོ། །ཞེས་གསུངས་ཤིང༌། ཡུལ་གྱི་སྒྲ་ཡིས་དོན་ཤེས་ན། །བསྟན་བཅོས་སྒྲ་ཡིས་ཅི་ཞིག་བྱ། །


JLAZ006_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས། དོན་ལ་རྟོན་ན་ཐོག་མཐའ་བར་གསུམ་དུ་དགེ་བའི་ཆོས་དེ་ལས་ལྷག་པ་རྒྱུད་རྣམས་དག་ཏུ་འདོད་པ་ལ་ཡང་ཅང་ཡོད་དམ། ༢ རྫོགས་ཆེན་ལ་ཆོས་ལོག་ཡིན་པར་ལུང་བསྟན་མེད་ཟེར་གི་འདུག་སྟེ། དེ་མེད་པས་རྣམ་དག་ཏུ་འགྲུབ་ན། བོན་གྱི་མདོ་རྒྱུད་འདི་ཙམ་ཞིག་གྲགས་པ་ལའང་ལུང་བསྟན་མི་རྙེད། སྤྱིར་རང་རེས་མ་རྙེད་པས་མེད་པར་ཡང་མི་འགྲུབ། ཟེར་མོད། དེ་ལ་མ་རྙེད་པས་མེད་པར་མི་འགྲུབ་ཟེར་བ་ནི་ཤིན་ཏུ་ནས་མད་དེ། དེའི་རྒྱུ་མཚན་མེད་ཏིང་ངེ་འཛིན་མཆོག་དམ་པ་ནས། མ་འོངས་པ་ན་འབྱུང་བའི་ཆོས་མིན་གྱི་བྱ་བ་རྣམས་ལུང་བསྟན་པའི་སྐབས་སུ་མ་འོངས་བའི་དུས་ན་ངའི་དགེ་སློང་ཐམས་ཅད་ཀྱིས་བྱ་བ་མ་ཡིན་པ། བོན་དང༌། གླུ་སྒྲུང་དང༌། རྒྱན་པོ་དང༌། ཤོ་དང་ཁ་ན་མ་ཐོ་བ་ཐམས་ཅད་ལ་བརྩོན་པས་ཉམས་ཏེ་ཅེས་སོགས་དང༌། ཇོ་བོའི་བླ་མ་དྷརྨ་རཀྵི་ཏས་ཀྱང༌། དམ་ཆོས་གཙུག་ལག་ཞུས་ནས་མོ་བོན་སྐྱོང༌། ཞེས་སོགས་སྣང་བས། ཐམས་ཅད་མཁྱེན་པ་ཤེས་བྱ་ཐམས་ཅད་གཟིགས་པ་ཡིན་ན་ནི། རྫོགས་ཆེན་ཆོས་ལོག་ཡིན་པ་ཡང་ལུང་བསྟན་པར་འཐད་དོ། །༢ གལ་ཏེ་མེད་དུ་ཆུག་ཀྱང༌། བོད་ལྟ་བུ་ཡུལ་རེ་རེའི་ཆོས་ལོག་རེ་རེ་ནས་ལུང་སྟོན་གྱིས་ག་ན་ལང༌། ཆོས་ལ་བརྟག་པར་གསུངས་པ་འདིས་ཆོག །ཟེར་མོད། ༈ འོ་ན་བརྟག་ལུགས་དེ་ཕྲ་མ་


JLAZ006_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་བཙན་ལ་ཡིད་རྟོན་པ་ཁོ་ནས་བྱེད་དམ་རྒྱལ་བའི་བཀའ་ལ་དཔང་པོ་བཙུགས་ནས་ཚིག་དོན་གྱི་དབྱིངས་གཞལ་བས་བྱེད། དང་པོ་ལྟར་ན་ཕྱི་རོལ་པས་ནང་པ་ཆོས་ལོག་ཏུ་བལྟ། ཉན་ཐོས་པས་ཐེག་ཆེན་ཆོས་ལོག །མངའ་བདག་ལྷ་བླ་མ་ལྟ་བུས་ཀྱང༌། འདུལ་བ་བདེན་ན་སྔགས་ཆོས་ལོག །སྔགས་བདེན་ན་ཅིག་ཤོས་ཆོས་ལོག་འདྲ་གསུངས་ཤིང་ཕྱག་ཆེན་ཐིག་ལེའི་རྒྱུད་སོགས་བརྫུན་མར་འཛིན་པས་འབྱམ་ཡིག་དང༌། ཕྱོགས་འཛིན་གྱི་ཁ་སྨྲས་མ་ཐེབས་པའི་ཆོས་ལུགས་བོད་དུ་མེད་དོ། །གཉིས་པ་ལྟར་ན་མདོ་རྒྱུད་གང་ནས་ཀྱང་རྫོགས་པ་ཆེན་པོའི་མིང་ཙམ་མ་བསྟན་ཟེར་བ་འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པ་ལས། ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོའོ། །ཞེས་པས་བསམ་གྱིས་མི་ཁྱབ་པ་ནི་རྫོགས་ཆེན་གྱི་དོན་ཡིན་ལ་ཤིན་ཏུ་ནི་ཨ་ཏི་དང་ཆེན་པོ་ནི་དེའི་གོང་ན་གཞན་མེད་པར་སྟོན་པའི་དགོངས་པ་འདི་ལ་ཅེར་ལོང་དུ་སོང་བ་ཡིན། ༈ དེ་ལ་སངས་རྒྱས་ཐམས་ཅད་མཁྱེན་པ་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པར་མཁྱེན་པ་ཡིན་ན་ནི་བོད་ལྟ་བུའི་ཡུལ་རེ་རེའི་ཆོས་ལོག་ལུང་སྟོན་གྱིས་མི་ལང་བའི་དཀའ་ལས་སངས་རྒྱས་ལ་ཡོད་པ་དེ་ཡང་ཆེར་མ་འོས། བོད་ལྟ་བུའི་ཡུལ་རེ་རེའི་ཆོས་ལོག་ལུང་བསྟན་པས་ཆོག་མོད། ཡུལ་


JLAZ006_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་ཆོས་ལོག་རྫོགས་ཆེན་ལྟ་བུ་ཨེ་ཅི་ཡོད། དེ་ཐམས་ཅད་དུ་ཡོད་ན་ནི་བོད་དུ་ཆོས་ལོག་རྫོགས་ཆེན་བརྩམས་པའི་ངེས་པ་འདི་འཐད་དམ་སོམས་ཤིག །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ལོག་ཡོད་ཀྱང་སངས་རྒྱས་སྤོབས་པ་ཟད་ན་མ་གཏོགས་པ་དེ་ཐམས་ཅད་ལུང་བསྟན་པའང་ཆོགས་ཅི་ཡོད། དེས་ན་མཁས་མཁས་འདྲ་བའི་ཚིག་འདི་རྣམས་ཀྱང་བླུན་ཚིག་ཙམ་དུ་ཟད་དོ། །ཞེས་བརྗོད་ན་ཡང་ཅི་མ་རུང༌། ༢ ཅིས་ཀྱང་ཆོས་ལོག་ཡིན་པ་ལ་ལུང་བསྟན་དགོས་ན། རྫོགས་ཆེན་དགག་པའི་འབྱམ་ཡིག་འདི་རྙེད་ཅིག་འཇིག་རྟེན་དུ་གྲགས་ཏེ་དེ་ལ་ལུང་བསྟན་མི་སྣང་བས་ཆོས་ཡང་དག་ཏུ་གྲུབ་མོད། ཅེས་ཟེར་རོ། །འབྱམ་ཡིག་ཏུ་དགག་པ་ཐམས་ཅད་དོན་གནས་ཡིན་ཞིང་བདེན་ན། འབྱམ་ཡིག་ཁ་ཅིག་ཏུ་གསར་མའི་རྒྱུད་གཞུང་ཆེས་མང་བ་དགག་པ་རྣམས་ཕྱིས་ཀྱི་མཁས་གྲུབ་མང་པོས་ཚད་མར་བྱས་མོད། ཅིས་ཀྱང་འབྱམ་ཡིག་རྣམས་བདེན་ན། དུས་འཁོར་རྒྱུད་འགྲེལ་ལ་སོགས་སེམས་འགྲེལ་སྐོར་གསུམ་ཐམས་ཅད་ཁྱོད་ཀྱིས་ཀྱང་ཆོས་མིན་དུ་མཛོད་ཅིག་སྟེ། དེ་རྣམས་ཀྱང་ཁ་ཅིག་གིས་དགག་པའི་ཕྱིར་རོ། །༢ རྫོགས་ཆེན་འདི་ཟབ་མོར་བརྫུས་ནས་སངས་རྒྱས་ཀྱི་བསྟན་པ་དང༌། ཕྱག་རྒྱ་ཆེན་པོའི་ལམ་ལ་བར་དུ་གཅོད་ལོ། །༈ དེ་ལྟ་ན་མདོ་སྡེ་པས་བྱེ་བྲག་སྨྲ་བ་དང༌། ཐལ་འགྱུར་བས་སེམས་ཙམ་པ། སྔགས་ཀྱིས་ཐབས་མདོ་ལམ་ལ་བར་


JLAZ006_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཅོད་པའི་བདུད་ཡིན་པས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པ་འདི་ཡང་ཕྱིས་ཤིག ། ༈ རྫོགས་ཆེན་གྱིས་ཕྱག་རྒྱ་ཆེན་པོའི་ལམ་བར་དུ་ཨེ་གཅོད་མི་ཤེས་ཏེ། རྫོགས་པ་ཆེན་པོ་སྤངས་ནས་ཆོས་མིན་དུ་སྒྲུབ་ཅིང་སྤངས་པས་ཕྱག་རྒྱ་ཆེན་པོའི་ལམ་ལ་བར་དུ་གཅོད་པར་མ་གྱུར་ཅིག ། ༢ དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་རྣམས་ཀྱང་ལམ་འབྲས་བུ་བཅས་པ་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་ཁྲིད་རྣམས་ཀྱིས་ཚིམས་པར་མཛད་པ་དང༌། དྭགས་པོ་བཀའ་བརྒྱུད་པ་རྣམས་ཀྱང་གདམས་ངག་ནཱ་རོའི་ཆོས་དྲུག །དམ་ཆོས་ཕྱག་རྒྱ་ཆེན་པོ། ཡི་དམ་འཁོར་ལོ་སྡོམ་པས་ཚིམས་པར་མཛད་པ་དང༌། བཀའ་གདམས་པ་རྣམས་ཀྱང་ཨ་ཏི་ཤའི་ཆོས་ཚུལ་དྲི་མ་མེད་པ་རྣམས་ཀྱིས་ཚིམས་པར་མཛད་པ་དང༌། ཞི་བྱེད་དང་གཅོད་ཡུལ་བ་རྣམས་ཀྱང་དམ་པའི་ཞི་བྱེད་སྔ་ཕྱི་བར་གསུམ་རྣམས་ཀྱིས་ཚིམས་པར་མཛད་པ་དང༌། ཐེག་མཆོག་སྙིང་པོའི་ལམ་ཕྱག་རྒྱ་ཆེན་པོའི་མན་ངག་སངས་རྒྱས་ཉིད་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་བསྒྲིགས་པའི་འཁྲིད་རྣལ་འབྱོར་ཡན་ལག་དྲུག །རིམ་ལྔ། གྲུབ་པ་སྡེ་བདུན་སོགས་ཞུས་ཤིང་ཉམས་སུ་ལེན་པ་དང༌། མདོར་ན་རང་གི་བཀའ་བརྒྱུད་གོང་མ་དེ་རྣམས་ཀྱིས་བསྒྲུབས་པའི་ཆོས། སངས་རྒྱས་ཀྱིས་གསུངས། མཁས་གྲུབ་ཀྱིས་མཛད། ལོ་པཎ་གྱིས་བསྒྱུར་ངོ་ཤེས་པ་དེ་ཉམས་སུ་བླང་ན་ཆོག །གལ་ཏེ་གསར་དུ་ཞུ་ཡང་དྲི་མེད་ཀྱི་ཆོས་རྣམ་དག་ཁུངས་བཙུན་པ།


JLAZ006_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་བཟང་བ་ཡིད་ཆེས་པ་མང་པོ་འདུག་པས་རྫོགས་ཆེན་གྱི་རྫུན་ཆོས་ལ་མ་བརྟགས་པར་འཇུག་པ་དེ་ཡེ་མི་འཐད་ཟེར་མོད། ཁྱོད་ཀྱིས་ཚད་མར་ཁས་བླངས་པའི་རང་རང་གི་བཀའ་བརྒྱུད་གོང་མས་བསྒྲུབས་པའི་ཆོས་དཔང་དུ་བྱེད་པ་དེ་རྣམས་ལ་སྐྱོན་བརྒྱབ་པ་དང༌། ཆོས་རྣམ་དག་མིན་པར་ཁ་བརྒྱབ་པ་ཙམ་གྱིས་ཆོས་ལོག་འོང་ན་ནི་ཤིན་ཏུ་ནས་ཀྱང་མང་བ། རྟོག་གེ་བ་ཁ་ཅིག་གིས། སྲིད་པ་མ་མོའི་རྒྱུད་ལ་བརྟེན་ནས་ནི། །ལམ་འབྲས་རྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་བྱས། །ཞེས་དང༌། ཁ་ཅིག་གིས་བླ་མ་གོང་མའི་གསུང་སྒྲོས་སྙན་སྙན་རྣམས་བསྡུས་པ་ཞེས་སོགས་ལམ་འབྲས་བཀག་པས། ས་སྐྱ་པ་རྣམས་ཀྱིས་བརྒྱུད་པ་རྣམས་ཀྱང་ཆོས་དེས་ཚིམས་ཀྱང་དགོས་པ་ཅི་ཡོད་པ་ཡིན། དེ་བཞིན་དུ་དྭགས་པོ་བཀའ་བརྒྱུད་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ཡང༌། ས་སྐྱ་པ་སོགས་ཀྱིས་བཀག་པ་མ་ཤེས་སམ། བཀའ་བརྒྱུད་པའི་ཕྱག་ཆེན་ནི་བླ་མེད་ཀྱི་རྒྱུད་ནས་བཤད་པའི་ཕྱག་ཆེན་མིན་ལ། རྣལ་འབྱོར་བཞིའི་རིམ་པ་དང་སྦྱར་བ་ད་ལྟ་འདི་རྣམ་སེམས་ཙམ་རྣམས་བདེན་པའི་ལུགས་ཡིན་པས་དེ་ལ་ཕྱག་ཆེན་དུ་བཏགས་ནས་ཉམས་སུ་ལེན་པ་ནི་ཆེས་ཆེར་འཁྲུལ་པའོ། །གསུངས་ཤིང༌། ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །ས་ལམ་རྩི་བ་རྨོངས་པ་འཁྲུལ། །ཞེས་སོགས་ཚིག་རྣམས་སྨྲ་བ་ནི། །བདུད་ཚིག་ཡིན་པས་རྣ་བ་


JLAZ006_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

དགབ། །ཅེས་སོགས་མཐའ་ཡས་ཤིང༌། ས་སྐྱ་པཎ་ཆེན་ལ། ནམ་མཁའ་འབུམ་གྱིས་ཞུས་པར། ཚིག་འདི་རྣམས་ཁྱེད་ཀྱིས་གཞན་ལ་མ་འཕེལ་བ་གྱིས། གླེན་གཏམ་དུ་སོང་ན། འབྲི་སྟག་དང་ཕྱག་རྒྱ་བའི་ཆོས་ལུགས་འདི། རྒྱུད་སྡེ་བཞི། སྡེ་སྣོད་གསུམ་གང་དང་ཡང་མི་མཐུན་པར་སྣང་བ་ཡང་དག་པའི་ལམ་མ་ལགས་སྙམ། གསུངས་མོད། དེས་ན་དེས་ཚིམས་པར་བྱས་པ་ལ་ཡང་དགོས་པ་ཅི་ཡོད། གཞན་ཡང་མང་སྟེ་དེ་ཙམ་གྱིས་ཆོག་མོད། བཀའ་གདམས་པའི་ཆོས་ཚུལ་རྣམས་ཀྱང་ཕལ་ཆེར་ཞིག་ས་པཎ་གྱིས་དགག་པ་སྡོམ་གསུམ་རབ་དབྱེར་གསལ་མོད་ཅིང་དམ་པའི་ཞལ་ནས་ཀྱང་བཀའ་གདམས་པ་ལ་བཀྱོན་པ་ཤིན་ཏུ་མང་བདོ་ཞིང༌། རྗེ་བཙུན་མི་ལས་ཀྱང་དྭགས་པོ་ལྷ་རྗེས་བཀའ་གདམས་པའི་རྣམ་ཐར་བསྐྱངས་པ་རྣམས་ལ་བཀྱོན་པས། དེས་ཚིམས་ཀྱང་ཡོན་ཏན་ཅི་ཡོད་པ་ཡིན། དམ་པ་སངས་རྒྱས་ཀྱི་ཞི་བྱེད་དང་གཅོད་ཡུལ་རྣམས་ཀྱང་ཆག་ལོ་སོགས་ཀྱིས་བཀག་སྟེ། ཆུ་ཀླུང་རོལ་པའི་སྐད་དོད་མི་ཤེས་པའི་ཚུལ་དང༌། ཨཱ་ལི་ཀཱ་ལིའི་དབང་བསྐུར་རྣམས་ལ་ལྷ་མེད་པའི་དབང་དེ་རྒྱུད་སྡེའི་དོན་དང་འགལ་བ་ཡིན་ནོ། །ཞེས་སོགས་དང༌། ཞི་བྱེད་ཐམས་ཅད་ཇོ་སྲས་རྟེན་འབྲེལ་དང༌། ཞིག་པོ་ཉི་སེང་གིས་བྱས་ཤིང་ཕལ་ཆེར་ཆོས་


JLAZ006_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ཡིན་ཞེས་གསུངས་ཤིང༌། སྒྲོན་གསལ་ཆག་འགྱུར་གྱི་གཤམ་དུ་ཡང༌། ཁ་ཅིག་རྙིང་མ་གཏེར་མ་ཞི་བྱེད་དང༌། །ཞེས་ལོག་པ་ཡིན་གསུངས་མོད། གཅོད་ཡུལ་ལ་ཡང་རྟོག་སོགས་ཁ་ཅིག་གིས། མ་ཇོ་སྨྱོན་མའི་རྒྱོ་ཆོས་ཡིན་ཞེས་དང༌། གཅོད་དང་ཞི་བྱེད་ཐམས་ཅད་རྣམས། །རྒྱུད་སྡེ་རྣམས་ལས་བཤད་རེ་ཀན། །ཞེས་གསུངས་ནས་བཀག་པས་དེ་རྣམས་ཀྱིས་ཚིམས་པར་བྱས་པ་ཡང་དགོས་པ་ཅི་མཐོང་བ་ལགས། རྣལ་འབྱོར་ཡན་ལག་དྲུག་པ་ཡང༌། མཁས་པ་ཁ་ཅིག་གིས། རྩ་བའི་རྒྱུད་ལ་ཨེ་ཝཾ་གཉིས་ཡིག་མེད། །བསྡུས་པའི་རྒྱུད་ལ་འགལ་བ་དུ་མ་མཐོང༌། །གང་ནས་བླངས་པའི་ཁུངས་ཀྱང་མི་སྣང་ན། །འཕྱོན་མའི་བུ་བཞིན་འདི་ལ་སུ་ཡིད་རྟོན། །ཞེས་དང༌། ཁྱེད་ཀྱིས་འདི་ལ་ལེན་བྱེད་ཚད་མ་མེད། །ཆེན་པོ་རྣམས་ལ་ཚད་མར་མ་གྲགས་ཕྱིར། །དུས་ཞབས་ལ་སོགས་ཚད་མའི་སྐྱེས་བུ་མིན། །ཞེས་སོགས་དང༌། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་རིམ་ཡང༌། །གསང་བ་འདུས་པའི་རྒྱུད་དང་འགལ་བར་སྣང༌། །དེ་དོན་ཉམས་སུ་བླངས་པས་སུ་ཞིག་གྲོལ། །ཅེས་སོགས་གསུངས་ནས། དུས་འཁོར་ལ་སོགས་སེམས་འགྲེལ་སྐོར་གསུམ་སྦྱོར་དྲུག་དང་བཅས་པ་བཀག་པས། དེས་ཚིམས་པར་བྱས་པ་ལ་ཡང་


JLAZ006_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ཅི་མཐོང་བ་ཡིན། གཞན་ཡང་ཁ་ཅིག་གིས། ཞི་ཕྱག་རྫོགས་གསུམ་རྫུན་དང་བཞི་བསྲེས་ཀྱིས། །ལ་སྟོད་དམར་པོས་ཐུགས་ཀྱི་ཉིང་ཁུ་བྱས། །ཞེས་གསུངས་ནས་ཐུགས་རྗེ་ཆེན་པོ་དམར་པོ་ལུགས་བཀག །གཞན་ཡང་མར་པའི་བདེ་མཆོག་སྙན་བརྒྱུད་སོགས་ཀྱང་བཀག་ཅིང༌། ཉ་ཀུན་དགའ་སོགས་ཀྱིས་དྭགས་པོའི་ཕྱག་ཆེན་སེམས་ཁྲིད་དང༌། མཚལ་བའི་གཏུམ་མོ་རྣམས་དང༌། གཞན་ཡང་གདམས་པ་ཕལ་མོ་ཆེ་ཐམས་ཅད་བཀག་པས་བོད་ཀྱི་གདམས་པ་རྣམས་ཆོས་ལོག་ཏུ་མ་གྱུར་པ་བརྒྱ་ལམ་ན་རེས་འགའ་སྲིད་ཙམ་མོ། །གཞན་ཡང་ར་ལི་ཉེར་བཞི་པོ་བཀག་པའི་ཤུགས་ལས་ས་སྐྱ་པའི་བརྟག་གཉིས་ཀྱི་བཤད་སྲོལ་ཡང་ཁེགས་ཏེ། ས་སྐྱ་པས་ར་ལིའི་ནམ་མཁའ་མཉམ་རྒྱུད་ནས་རྒྱུད་ཀྱི་བཤད་ཐབས་ཚུལ་བཞི་སོགས་དྲངས་ནས་དཔང་དུ་བྱེད་པའི་ཕྱིར་རོ། །དེས་ན་ཁྱོད་ཀྱིས་ལྟར་ན་བཀའ་བརྒྱུད་གོང་མ་དེ་རྣམས་ཀྱི་ཆོས་ལུགས་ཐམས་ཅད་ཀྱང་ཆོས་ལོག་ཡིན་ཏེ། དེ་རྣམས་གང་ལ་ཡང་སྐྱོན་མ་བརྒྱབ་པ་མི་སྣང་བའི་ཕྱིར་རོ། །གསར་དུ་ཞུས་ཀྱང་དེ་རྣམས་ལྷག་པའི་སྐྱོན་མེད་དེ། བོད་གངས་ཅན་གྱི་ཁྲོད་ན་ནི་རྙེད་པར་ཅི་ལྟར་འགྱུར་ཏེ་མི་འགྱུར་རོ། །༢ བོད་དུ་ཆོས་ཡང་དག་ཡིན་པར་ཡིད་ཆེས་པ་ལ། སངས་རྒྱས་ཀྱིས་གསུངས་ངོ་ཤེས་པ་ཤམ་བྷ་ལ།


JLAZ006_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན། རྒྱ་གར་ལ་སོགས་པའི་མཁས་གྲུབ་སངས་རྒྱས་གྱི་ལུང་བསྟན་ཐོབ་པས་མཛད་ངོ་ཤེས་པ། ལོ་པཎ་གྱིས་བསྒྱུར་ངོ་ཤེས་པ། ཚིག་དོན་ལ་མཁས་པས་དཔྱད་བཟོད་པ་ཞིག་དགོས། ཟེར་མོད། དེ་ལ་ཁྱབ་པ་ཅུང་ཟད་ཀྱང་མེད་དོ། །འོ་ན་དུས་འཁོར་སོགས་སེམས་འགྲེལ་རྩ་འགྲེལ་རྣམས་སངས་རྒྱས་ཀྱིས་མ་གསུངས་པར་ངོ་ཤེས་སམ། ཤམ་བྷ་ལ་ལ་སོགས་པའི་མཁས་གྲུབ་སངས་རྒྱས་ཀྱིས་ལུང་བསྟན་ཐོབ་པས་མཛད་ངོ་ཤེས་པ་མ་ཡིན་ནམ། ལོ་པཎ་དམ་པས་བསྒྱུར་ངོ་ཤེས་པ་མ་ཡིན་ནམ། ཚིག་དོན་ལ་མཁས་པས་དཔྱད་མི་བཟོད་པ་ཞིག་བྱུང་བ་ཡིན་ནམ་སྟེ། བཀའ་མིན་དང་ཆོས་མིན་དུ་བསྒྲུབས་པ་གསན་པར་མ་གྱུར་ཏམ། ༢ ཁ་ཅིག་བླུན་དད་ཀྱིས་ཆོག་ཟེར་བ་འདུག་སྟེ། རྒྱུ་འབྲས་ཀྱི་རྟེན་འབྲེལ་ལོག་ན་བླུན་དད་འབའ་ཞིག་གིས་འགྲུབ་པ་མི་སྲིད། ཅེས་ཟེར་མོད། རྒྱུ་འབྲས་ཀྱི་རྟེན་འབྲེལ་མ་ལོག་ན་བླུན་དད་དུ་ཅི་ལྟར་འགྲོ་སྟེ། གཤིན་རྗེ་གཤེད་ཀྱི་རྒྱུད་དུ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་སྤྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང༌། །མན་ངག་དམ་པ་བསྟན་བྱས་ཀྱང༌། །སློབ་མ་ཡིད་གཉིས་ཡོད་གྱུར་ན། །དེ་ལ་དངོས་གྲུབ་རིང་བར་བཤད། །བླ་མས་


JLAZ006_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་སྦས་བྱས་ཀྱང༌། །བླ་མ་དམ་པའི་མན་ངག་ཅེས། །གཅེས་པར་བྱས་ན་འགྲུབ་པར་ངེས། །ཞེས་གསུངས་པས། རྒྱུ་འབྲས་རྟེན་འབྲེལ་མ་ཤེས་ཀྱང་བླུན་དད་བརྟན་ན་འགྲུབ་པར་གསུངས་མོད། སྤོ་ཏོ་བའི་དཔེ་ཆོས་ཀྱི་གཏམ་རྒྱུད་ལས་ཀྱང༌། བླ་མ་ཅིག་དང་བྲེལ་བའི་དུས་སུ་སློབ་མ་ཅིག་གིས་གདམས་པ་ཞུས་པས་ཕྱག་སྐྱོག་པ་ཅིག་མཛད་ནས། མ་ར་ན་ཛ་ཧ་གསུངས་པས། སློབ་མས་ཕྱག་སྐྱོག་མཛད་པ་དེ་ཕྱག་རྒྱ། མ་ར་ན་ཛ་ཧ་ཞེས་པ་དེ་སྔགས་ཡིན་སྙམ་ནས་བསྒྲུབས་པས་ཕྲིན་ལས་བཞི་གྲུབ་པ་ཞིག་བྱུང་བར་བཤད་པས། བླུན་དད་བྱེད་པ་རྣམས་ལ་ཆོས་སྤོང་གི་ལས་དང༌། ཆོས་ལ་དབང་ཟ་བའི་ཉེས་པ་དེས་མི་ཕོག་པར་སྣང་བས་ཤིན་ཏུ་ནས་ཀྱང་ལེགས་སོ། །བློ་གྲོས་ཅན་དུ་འདོད་པ་ཁ་ཅིག་ནི། བློ་ཐེ་ཚོམ་གྱི་སྒྲོག་ཏུ་བཅུག་ནས་ཆོས་དང་གང་ཟག་དམ་པ་རྣམས་ལ་སྤུ་རིས་འབྱེད་པ་འདིས། ཡག་སྟེ་ཡག་ས་ན་བསྟན་པ་ལ་ཕན་ཞིང༌། ཉེས་ཏེ་ཉེས་ན་ངན་སོང་གི་རྒྱུ་སྒྲུབ་པར་མ་གྱུར་ཅིག །སྤྱིར་འདི་དག་ཕལ་ཆེར་ཞིག་ནི་གང་ཟག་ཐམས་ཅད་ཕན་ཚུན་སྡང་ཞུགས་ཀྱི་དབང་གིས་ཆོས་ལ་ཡང་སྨོད་པ་དེ་བྱུང་བ་ཡིན་ཞིང༌། ཆོས་ལ་སྨོད་ཅིང་སྐྱོན་བརྗོད་པས་ཆོས་སྤོང་གི་ལས་ཆེན་པོ་རྣམས་བསགས་པར་འགྱུར་རོ། །འཕགས་པ་རྣམ་པར་འཐག་པ་ལས། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་འདི་འདྲའོ། །འཇམ་དཔལ་གང་


JLAZ006_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་ན་དམ་པའི་ཆོས་སྤོང་བའོ། །དམ་པའི་ཆོས་སྤངས་བས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན་ནོ། །དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་པའོ། །འདི་ནི་མི་རིགས་པའོ། །ཞེས་ཟེར་ན་དམ་པའི་ཆོས་སྤོང་བའོ། །ཞེས་དང༌། ཆོས་ནི་ཆོས་མ་ཡིན་པར་སྟོན་པའོ། །ཞེས་ཟེར་ན། ཆོས་སྤོང་བ་ཡིན་ནོ། །ཞེས་དང༌། སྤོབས་པས་གོ་བ་མི་བྱེད་དོ་ཟེར་ན། ཆོས་སྤོང་བ་ཡིན་ནོ། །ཆོས་ཀྱི་སྣང་བ་ལེགས་པར་མ་བཤད་དོ། །ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཁོང་དུ་མ་ཆུད་པས་ཚིག་ཏུ་འགལ་བ་བྱས་སོ་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཡི་གེའི་མིང་ལ་དེ་བཞིན་གཤེགས་པའི་བཀའ་ལ་འཇུག་གོ་ཟེར་ན་ཆོས་སྤོང་བ་ཡིན་ནོ། །མདོ་སྡེ་དང་མདོ་སྡེར་འགལ་བར་བྱས་སོ་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཚིགས་སུ་བཅད་པ་དང་ཚིགས་སུ་བཅད་པ་འགལ་བ་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་ལེགས་པར་གསུངས་པ་དོན་ལ་མོས་ཤིང་ལ་ལ་མ་མོས་སོ་ཞེས་ཟེར་ན་ཆོས་སྤོང་པ་ཡིན་ནོ། །ཞེས་དང༌། དཀྲུག་མ་བྱེད་ན་ཆོས་སྤོང་བ་ཡིན་ནོ། །ཀུན་ཏུ་རྟོག་པས་སྨྲ་ན་ཆོས་སྤོང་བ་ཡིན་ནོ། །འདི་ལ་དཔྱད་འདི་ལ་མི་དཔྱད་ཟེར་ན་ཆོས་སྤོང་བ་ཡིན། འདི་ནི་ལེགས་པར་གསུངས་


JLAZ006_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

པ། འདི་ནི་ལེགས་པར་གསུངས་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཞེས་སོགས་དང༌། རྒྱུད་བླ་མར་ཡང༌། ཉོན་མོངས་རྨོངས་བདག་རྣམས་ཀྱིས་འཕགས་པར་སྐུར་པ་དང༌། །དེས་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། གོས་གཙང་ཚོན་གྱིས་རྣམ་བསྒྱུར་སྣུམ་གྱིས་གོས་པ་མིན། །བློ་དམན་ཕྱིར་དང་དཀར་པོའི་ཆོས་བྲལ་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་སྤངས་པའི་སྒྲིབ་པ་འདག་ཕྱིར་དྲང་དོན་དེ་ཉིད་ངོས་འཛིན་ཕྱིར། །རྙེད་ལ་བརྐམ་ཕྱིར་ལྟ་བའི་དབང་ཕྱིར་ཆོས་སུན་འབྱིན་པ་བསྟེན་པའི་ཕྱིར། །ཆོས་འཛིན་བསྲིང་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་རྣམས་ཀྱིས་ཆོས་སྤོང་བྱེད། །ཅེས་གསུངས་པས། སྔགས་ཀྱི་ཚུལ་ཟབ་མོ་དགོངས་པ་དང་དགོངས་པའི་ཚིག་དོན་མ་རྟོགས་པར་སྒྲ་ཇི་བཞིན་པར་བཟུང་ནས་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ། །ཞེས་སྐུར་བ་འདེབས་པས་ནི་རང་ཉིད་ཉམས་པར་བྱེད་དེ། རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ལས། བདག་གི་སེམས་ཀྱི་གནས་གཏན་ལ་མ་ཕེབས་པར་འཁྲུལ་ནས་འདི་སྐད་དུ། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱིས། འདི་དག་ནི་རང་བཟོ་ཅན་གྱིས་བྱས་པ་ཡིན་ནོ། །ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ། །གསང་བའི་བདག་པོ་མི་བླུན་པོ་དེ་དག་ནི་འགྲོ་བ་གཉིས་སུ་


JLAZ006_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བར་རིག་པར་བྱ་སྟེ། གཉིས་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང༌། དུད་འགྲོའོ། །ཞེས་དང་འཇམ་དཔལ་རྩལ་རྒྱུད་ལས་ཀྱང༌། གང་ཞིག་ཆོས་མཆོག་གཙོ་བོ་འདི། །རྒྱལ་བས་མཆོད་པའི་ཆོས་ཀྱི་མཛོད། །ས་སྟེང་མི་ཡིས་སྤོང་བྱེད་པ། །དེ་ནི་མནར་མེད་དམྱལ་བར་འགྲོ། །ཞེས་དང༌། བདེ་མཆོག་ཉུང་ངུའི་རྒྱུད་ལས་ཀྱང༌། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང༌། །སྨད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཞེས་གསུངས་ཤིང༌། རྒྱུད་བླ་མར་ཡང༌། ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱིས་མེ་དང་ནི། །མི་བཟད་སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། མེ་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་ཀྱི། །དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར། །གང་ཞིག་ཡང་ཡང་སྡིག་གྲོགས་བརྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང༌། །གང་ཞིག་ཕ་མ་དགྲ་བཅོམ་གསོད་དང་མཆོག་ཚོགས་འབྱེད་པའི་མི་དེ་ཡང༌། །ཆོས་ཉིད་ངེས་པར་བསམ་ན་མྱུར་དུ་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་


JLAZ006_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྡང་བ་དེ་ལ་ཐར་བ་ག་ལ་ཡོད། །ཅེས་དང༌། ཡུམ་རྒྱས་མར་ཡང༌། ཤེས་རབ་འཆལ་བར་གྱུར་པའི་ལས་བྱས་ཤིང་བསགས་པ་དེ་དག་གིས་ཤེས་ཕྱིན་དང་ཆོས་སྤོང་པར་འགྱུར་ཏེ་དེ་དག་གིས་ཆོས་སྤོང་བས་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པར་འགྱུར་ཏེ། རྣམ་མཁྱེན་སྤངས་པས་ཆོས་བརླག་པར་འགྱུར་ཅིང༌། དེའི་ལས་ཀྱིས་ལོ་བྱེ་བ་ཁྲག་ཁྲིག་མང་པོར་སེམས་ཅན་དམྱལ་བར་བསྲེག་པར་འགྱུར་རོ། །དེ་སེམས་ཅན་དམྱལ་བ་དེ་ནས་ཐར་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་རྣམས་སུ་སྐྱེ་ལ། དམྱལ་བ་དེ་དག་ཞིག་ཀྱང་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་རྣམས་སུ་འཕོ་ཞིང་བསྲེག་གོ །དེ་ནས་ཀྱང་བྱོལ་སོང་གི་གནས་སུ་སྐྱེ་ཞིང༌། དེ་དག་གི་ལས་ཟད་ནས་བརྒྱ་ལ་མིར་སྐྱེས་ཀྱང་ཆོས་སྤོང་བའི་ལས་བྱས་པ་དང༌། བསགས་པ་དང༌། བསྒྲུབས་པ་དང༌། ཚང་བ་དང༌། རྫོགས་པའི་རྣམ་སྨིན་གྱིས། མིའི་སྐྱེ་བ་གང་དུ་ཡང༌། དམུས་ལོང་དང༌། ཕྱག་དར་དང༌། གདོལ་པ་དང༌། སྨྱིག་མ་མཁན་གྱི་རིགས་དང༌། ཞར་བ་དང༌། སྣ་དང༌། ལྕེ་དང༌། རྐང་ལག་མེད་པ་དང༌། མཛེ་བཀྲ་ཅན་དང༌། སྒུར་པོ་དང༌། དཀོན་མཆོག་གསུམ་གྱི་སྒྲ་མེད་པར་སྐྱེ་བ་དང༌། ཞེས་དང༌། མཚམས་མེད་ལྔས་


JLAZ006_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོས་སྤངས་པར་འགྱུར་བ་འདི་ཡི་གཟུགས་བརྙན་ཙམ་དུ་ཡང་མི་སྤྱོད་དོ། །ཤཱ་རིའི་བུ། ཆོས་སྤོང་བའི་བསམ་པས་འདི་སྐད་དུ། འདི་ལ་ཁྱེད་དང་བདག་ཅག་གིས་བསླབ་པར་མི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །ཞེས་ཟེར་ཞིང༌། དེ་བདག་ཉིད་ཀྱང་སྤོང་ལ། གཞན་ལ་མོས་པ་མེད་པར་བྱེད་ཅིང༌། བདག་གཞན་གྱི་བསམ་པ་ཉམས་པར་བྱེད་པ། བདག་གཞན་ཆུད་གསན་པར་དགའ་བ། བདག་ཉིད་ཀྱང་ཕྱིར་སྤང་བར་འདོད་ལ་གཞན་ཡང་སྤང་དུ་འཇུག་པ་ཆོས་འཇིག་པའི་ལས་བསགས་པ་དེའི་གཟུགས་བརྙན་དུ་ཡང་འགྱུར་རེ་ཀན། ཤཱ་རིའི་བུ། ངས་ནི་གང་ཟག་དེ་ལྟ་བུར་ཐོབ་པར་ཡང་བྱ་བར་མ་གནང་ན། འཕྲད་པ་དང་འགྲོགས་པ་ལྟ་སྨོས་ཀྱང་ཅི་སྨོས་སོ། །ཞེས་གསུངས་ཤིང༌། མདོར་ན་རྡོ་རྗེ་ཐེག་པའི་ཟབ་མོ་མཐར་ཐུག་པ་རྣམས་ལ་སྐྱོན་བཏགས་ནས་སྨད་པས་ཆོས་སྤོང་བའི་ལས་བསགས་ཤིང༌། དེའི་ཉེས་པ་གོང་དུ་སྨོས་པ་རྣམས་དང༌། ཁྱད་པར་ཚེ་འདིར་ཡང་ལྷ་མི་ཀུན་གྱིས་སྤངས་ཤིང་ཡིད་དུ་མི་འོང་བ་དང༌། བསྙེན་སྒྲུབ་བཟླས་པ་སོགས་ལ་འབད་ཀྱང་ངག་གི་ནུས་པ་མི་ཡོང་བ་དང༌། ཆོས་བདག་མཁའ་འགྲོ་


JLAZ006_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་རྣམས་ཀྱིས་ཀྱང་གློ་བུར་དུ་སྲོག་འཕྲོག་པ་དང༌། མི་འདོད་པ་སྣ་ཚོགས་སྟེང་དུ་འབབས་ཤིང༌། རྩ་ལྟུང་གཉིས་པ་དང༌། དྲུག་པས་ཀྱང་འཕོག་སྟེ། དེའི་རྐྱེན་གྱིས་རྡོ་རྗེའི་དམྱལ་བར་ཡང་འོ་བརྒྱལ་མྱོང་བར་འགྱུར་རོ། །དེས་ཉོན་མོངས་ཀྱིས་ཀུན་ནས་བསླངས་ཏེ་ཆོས་ལ་སྐྱོན་བརྗོད་པས་ཆོས་སྤོང་བའི་ལས་ཆེན་པོ་བསགས་པའི་ཚིག་འདི་དག་གི་རྗེས་སུ། ཁ་ཕྱིར་བལྟས་ཀྱི་བློ་མིག་ཅན་གཞན་ཁ་ཅིག་ཀྱང་རིང་བོང་ཅལ་ལྟར་རྫོགས་པ་ཆེན་པོ་ལ་སོགས་པ་རྡོ་རྗེ་ཐེག་པའི་ཆོས་ཟབ་རྒྱས་ཅན་རྣམས་ལ་སྨོད་པ་ནི་ཤིན་ཏུ་ཡང་རིག་པ་མ་ཡིན་དེ་གོང་དུ་བརྗོད་པ་རྣམས་ལ་རྟོགས་པར་བྱའོ། །གཞན་ཡང་རྫོགས་ཆེན་སོགས་སྔགས་རྙིང་མ་ལ་ཁྱད་པར་འཕགས་པའི་ཆེ་བ་དྲུག་ཡོད་པར་གསུངས་ཏེ། དང་པོ་སྤྱན་འདྲེན་པ་པོ་ཡོན་བདག་གི་ཁྱད་པར་ནི། མངའ་བདག་མེས་དབོན་གསུམ་འཕགས་པ་རིགས་གསུམ་མགོན་པོའི་སྤྲུལ་པས་སྤྱན་དྲངས་པ་ཡིན་པ། ད་ལྟ་གང་ཟག་སྐྱ་སེར་རེས་ཡོན་བདག་བྱས་ནས་བསྒྱུར་བ་དང་མི་འདྲ། ཕྱག་བཞེས་གཙུག་ལག་གི་ཁྱད་པར་ནི། སྔོན་དཔལ་གྱི་བསམ་ཡས་དང་ཆོས་འཁོར་སྟོད་སྨད་དུ་གཏན་ལ་ཕབ་པ་ཡིན་ལ། ད་ལྟའི་དགོན་ཕུག་ཅག་ཅོག་རེ་དང་མི་འདྲ། འགྱུར་བྱེད་ལོ་ཙཱའི་ཁྱད་པར་ནི། སྔོན་སྤ་གོར་བཻ་རོ་ཙ་ན་དང༌། སྐ་ཅོག་གཉིས་ལ་སོགས་པ་སྤྲུལ་པའི་ལོ་ཙཱ་བས་


JLAZ006_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བའི་ཆོས་ཡིན་ལ། ད་ལྟའི་ལོ་ཙཱ་བ་དགུན་བལ་ཡུལ་དུ་བསྡད། དབྱར་མང་ཡུལ་དུ་དོན་ནས་སྔོན་མཁས་པའི་འགྱུར་ལ་རང་བཟོས་བཅོས་སྣ་ཚོགས་བྱེད་པ་དང་མི་འདྲ། པཎྜི་ཏའི་ཁྱད་པར་ནི། སྔོན་གྱི་པཎྜི་ཏ་པདྨ་འབྱུང་གནས། བྷོ་དྷི་ས་ཏྭ། སངས་རྒྱས་གསང་བ། བི་མ་ལ་མི་ཏྲ་ལ་སོགས་རིག་འཛིན་གྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔས་སྤྱན་དྲངས་པའི་ཆོས་ཡིན་ལ། ད་ལྟའི་པཎྜི་ཏ་ལྟོ་མ་ཕྱིད་པ་བོད་དུ་གསེར་ཚོལ་དུ་ཡོང་བའི་བཟང་སྤྲང་ཚོ་གཅིག་དང་མི་འདྲ། ཞུ་རྟེན་མེ་ཏོག་གི་ཁྱད་པར་ནི། སྔོན་གསེར་ཕྱེ་བྲེ་ལ་འཇལ། གསེར་ཤ་བའི་རླིད་བུ་བཀང་ནས་ཕུལ། གསེར་རྟ་ཁལ་དང༌། དྲེའུ་ཁལ་དུ་ཕུལ་ནས་ཞུས་པའི་ཆོས་ཡིན། ད་ལྟ་མཆན་ནས་གསེར་ཞོ་རེ་རེ་གཉིས་གཉིས་ཉུག་ཉུག་བྱས་ནས་ཞུས་པ་དང་མི་འདྲ། བརྗོད་བྱ་ཆོས་ཀྱི་ཁྱད་པར་ནི། སྔོན་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་པའི་དུས་སུ་སྤྲུལ་པའི་ལོ་ཙཱ་བས་བཀའ་འགྱུར་བ་མེད་པ་གཏན་ལ་ཕབ་པས་ཤེས་བྱ་དངོས་པོའི་འདུག་ཚུལ་གཏན་ལ་འབེབས་ཤིང་དེ་རྟོགས་པར་བྱེད་པའི་ཐབས་དུ་མས་བརྒྱུན་པའི་ཆོས་དང༌། དུས་ད་ལྟའི་ལོ་ཙཱ་བ་བརྫུན་པོ་ཆེས་སྔོན་མཁས་པའི་འགྱུར་ལ་བཅོས་མ་སྣ་ཚོགས་བྱེད། སངས་རྒྱས་ཀྱི་


JLAZ006_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་དང་བླ་མའི་བཀའ་ལ་ངས་གཅོད་བྱས་ནས་མི་རེའི་ཆོས་རེ་བཅོས་ནས་གཅིག་སྐྱོན་གཅིག་ལ་འགེལ། ཕ་དཔེ་ལ་བུ་མི་བཏུབ་པའི་ཆོས་དང་མི་འདྲ་སྟེ་ཁྱད་པར་ཆེ་ཞེས་རོང་པ་ཆོས་བཟང་གིས་གསུངས་སོ། །དེས་ན་རྒྱ་བོད་གཉིས་ཀར་བྱོན་པའི་མཁས་གྲུབ་ས་སྐྱ་པ་ལ་སོགས་ཆེས་མང་བ་འདི་ཙམ་ཞིག་གིས་དཔང་དང་ཚད་མར་བྱེད་པའི་སྔགས་རྙིང་མ་རྫོགས་ཆེན་དང་བཅས་པ་རྣམས་སུན་འབྱིན་པ་ཆོས་སྤོང་བའི་ལས་བསགས་པའི་ཉེས་པ་དང་རྣམ་སྨིན་ནི་གོང་དུ་བརྗོད་པ་ལྟར་མཐའ་ཡས་པས། ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང༌། །སྨད་པ་དག་ཏུ་མི་བྱ་སྟེ། །ཞེས་པའི་དོན་དྲན་པར་བྱས་ནས་ཆོས་སྤོང་བའི་ལས་བག་ཡོད་པར་བྱོས་ཤིག །གཞན་ཡང༌། རང་བྱུང་ཉིད་ཀྱི་དོན་དམ་སྟེ། །དད་པ་ཉིད་ཀྱིས་རྟོགས་བྱ་བ། །ཞེས་པ་ལྟར། རྒྱལ་བའི་གསུང་རབ་མཐའ་ཡས་པ་རྣམས་ལ་ཕྱོགས་ཞེན་དང༌། ཞེན་ལྟའི་དྲི་མ་སྤངས་ཏེ་གཟུ་བོར་གནས་པའི་བློས་ཕྱོགས་མེད་རིས་མེད་ཀྱི་སྒོ་ནས་ཉམས་སུ་བླངས་ཤིང་ཉམས་སུ་ལེན་པ་མི་ལྕོགས་ཀྱང༌། ཐམས་ཅད་ལ་ཕྱོགས་རིས་སྤངས་པའི་དད་པ་ཆེན་པོ་བསྐྱེད་ན་ཐབས་མཁས་པ་ཆེན་པོར་འགྱུར་རོ། །དེ་ལྟ་མིན་ན་བོད་ཡུལ་དུ་དར་བའི་དམ་པའི་ཆོས་ཕལ་ཆེར་ལ་སྐྱོན་མ་བཀལ་བ་དང༌། སུན་མ་ཕྱུང་བ་མི་སྣང་ཞིང༌། ཕན་ཚུན་


JLAZ006_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རྫ་བརྡབས་པ་ལྟར་བྱས་པར་སྣང་བས་དོན་ལ་རྟོན་པའི་བློ་གྲོས་དང་ལྡན་པར་བྱས་ནས་ཡིད་ཆོས་ལ་སྡང་བ་ལས་ཕྱིར་ཕྱོགས་པར་བྱའོ། །ཀྱེ་མ་དེང་སང་སྙིགས་དུས་འདིར། །མཁས་པར་ཁས་འཆེ་ཕལ་ཆེར་ཡང༌། །དོན་ལ་མི་རྟོན་ཚིག་ཕྱིར་འབྲང༌། །ཕྱོགས་རེའི་ཆ་བཟུང་ཅིག་ཤོས་སྨད། །སྡང་ཞུགས་ལོག་རྟོག་ཞེན་ལྟ་ཡི། །དྲི་མས་རབ་བསླད་དམ་ཆོས་དོར། །ཉོན་མོངས་ཀུན་ནས་དཀྲིས་དབང་གིས། །དམ་པའི་ཆོས་སྤོང་དེ་ཡི་རྒྱུས། །ཚེ་འདིར་མི་འདོད་སྣ་ཚོགས་དང༌། །ཕྱི་མ་མནར་མེད་དམྱལ་གཏིང་དུ། །བསྐྱབ་མེད་གྱུར་པ་སྤྱིའུ་ཚུགས་ལྟུང༌། །དམན་པ་བསོད་ནམས་དམན་པ་ལ། །བཅོལ་ལྡན་འདས་ཀྱིས་ཅི་བགྱིར་མཆི། །དེས་ན་དམ་ཆོས་སྤོང་བ་ཡི། །ལས་ཀྱི་རྣམ་སྨིན་འཇིགས་པས་ན། །སྐལ་མེད་ལོག་རྟོག་ཅན་མ་གཏོགས། །ཤེས་ལྡན་སུ་ཡིད་འདི་ལ་རྟོན། །སྟོན་པ་སངས་རྒྱས་བཅོམ་ལྡན་གྱིས། །ཟབ་མོའི་ཆོས་ལ་མི་མོས་ཀྱང༌། །སྐུར་པ་གདབ་པར་མི་བྱ་སྟེ། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ཉིད་དྲན་གྱིས་མ་གསུངས་སམ། །དེས་ན་རྒྱལ་བ་སྲས་བཅས་ཀྱི། །གསུང་རབ་མ་ལུས་ཐམས་ཅད་ལ། །དད་པས་དེ་རྗེས་འབྲང་བ་ལེགས། །བོད་ཀྱི་སློབ་དཔོན་ཕྱོགས་ཞེན་ཅན། །གཟུ་བོར་མི་གནས་ཁ་ཅིག་གིས། །དོན་ལ་མི་རྟོན་ཚིག་ཕྱིར་འབྲངས། །ཚིག་གི་ན་ཡམ་འགྲིག་འགྲིག་གི །


JLAZ006_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འབྲངས་ཁ་ཅིག་སྐུར་འདེབས་མོད། །དེ་ལྟ་མིན་ན་རྒྱ་བོད་ཀྱི། །མཁས་གྲུབ་སྐྱེས་མཆོག་ཐམས་ཅད་དང༌། །བོད་དུ་སྔ་ཕྱིར་བྱོན་པ་ཡི། །ལོ་པཎ་མཁས་གྲུབ་མང་པོ་ཡིས། །དཔང་དང་ཚད་མར་བྱས་པས་ན། །དེ་རྗེས་འབྲང་བ་ཅི་མ་རུང༌། །རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱིས། །བཤད་བསྒྱུར་མཛད་པ་མ་ཡིན་ཞིང༌། །བོད་ཀྱི་རང་བཟོ་བྱས་ཟེར་བ། །དངོས་སུ་བསྙོན་བརྟོལ་བྱེད་པར་ཟད། །དེས་ན་པདྨ་འབྱུང་གནས་སོགས། །རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱིས། །བཤད་སྒྲུབ་བསྒྱུར་བ་མ་ཡིན་ཞེས། །ངེས་པར་སྨྲ་བ་འདི་མི་རིགས། །ཡང་ན་དེང་སང་ཁ་ཅིག་གིས། །དུས་ཀྱི་འཁོར་ལོ་ལ་སོགས་པའི། །སེམས་འགྲེལ་སྐོར་གསུམ་ཐམས་ཅད་ལ། །འཁྲུལ་པ་ནང་འགལ་སྣ་ཚོགས་བྱས། །རྒྱུད་འགྲེལ་དེ་རྣམས་ཐམས་ཅད་ལ། །ལེན་བྱེད་ཚད་མ་མེད་དོ་ལོ། །དུས་འཁོར་ཞབས་ལ་སོགས་པ་ནི། །ཆེན་པོ་རྣམས་ལ་མ་གྲགས་ཕྱིར། །ཚད་མའི་སྐྱེས་བུ་མ་ཡིན་ལོ། །ཁྱོད་ཀྱང་ཚུལ་འདི་སྨྲ་ན་སྨྲོས། །དེ་ལས་གཞན་པ་པདྨ་འབྱུང༌། །སངས་རྒྱས་གསང་བ་བི་མ་ལ། །བཻ་རོ་ཙ་ན་ལ་སོགས་ཀྱི། །མ་བསྒྱུར་མ་མཛད་ཐག་ཆོད་ཅེས། །ཚུལ་མིན་དྲན་ཚད་སྨྲ་བ་ཡི། །ཁ་དེ་བདུད་ཀྱིས་མ་ཕྱེའམ། །སྤྱིར་གྱི་གསར་རྙིང་ཁ་ཡར་ལ། །བསླད་སོགས་ཡོད་པར་སྨྲ་མོད་ཀྱི། །རྙིང་མ་


JLAZ006_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་རྗེས་འབྲངས་བཅས། །ཚིག་འབྲུ་གཅིག་ཀྱང་མི་དག་ལ། །བོད་ཀྱིས་བརྩམས་པའི་ཆོས་ལོག་ཅེས། །སྐུར་འདེབས་བྱེད་པ་ཞེ་རེ་འཇིགས། །དེས་ན་མཁས་པ་བློ་གྲོས་ལྡན། །དབང་རྣོན་ཆོས་རྗེས་འབྲངས་ན་ཡང༌། །ཚིག་ལ་མི་རྟོན་དོན་ལ་རྟོན། །ཡང་ན་བླུན་པོ་མོས་པ་བརྟན། །དབང་རྟུལ་དད་རྗེས་འབྲངས་ན་ཡང༌། །རྒྱ་བོད་མཁས་གྲུབ་འདི་སྙེད་ཀྱི། །རྗེས་སུ་འབྲངས་ལ་འགྱོད་པ་མེད། །འཕགས་པའི་ཡུལ་གྱི་མཁས་གྲུབ་མཆོག །པད་འབྱུང་དྲི་མེད་བཤེས་གཉེན་དང༌། །སངས་རྒྱས་གསང་བ་ཧཱུྃ་ཀཱ་ར། །སྒེག་པ་རྡོ་རྗེ་དམ་པ་སོགས། །རྒྱ་གར་མཁས་གྲུབ་ལྟ་ཅི་སྨོས། །བོད་དུ་སྔ་ཕྱིར་བྱོན་པ་ཡི། །སྐྱེས་ཆེན་དམ་པ་ཐུགས་རྗེ་ཅན། །བཻ་རོ་ཙ་ན་སྐ་ཅོག་སོགས། །རྗེ་འབངས་ཉི་ཤུ་རྩ་ལྔ་དང༌། །སད་མི་མི་བདུན་ལ་སོགས་པའི། །སྔར་བྱོན་ལོ་པན་ཐམས་ཅད་དང༌། །ཕྱིས་ཀྱི་རྔོག་བཙུན་ལེགས་ཤེས་སོགས། །བཀའ་གདམས་པ་ཡི་སྐྱེས་ཆེན་དང༌། །མཉམ་མེད་དཔལ་ལྡན་ས་སྐྱ་པ། །ཀླུ་དབང་བསྲུངས་པ་ལ་སོགས་ནས། །ཆོས་རྗེ་བསོད་རྒྱལ་ཡན་ཆད་ཀྱི། །སྐྱེས་ཆེན་དམ་པ་ཐམས་ཅད་དང༌། །མི་ལ་དྭགས་པོ་ཕག་མོ་གྲུ། །འབྲི་སྟག་མཚལ་འབྲུག་ཐམས་ཅད་དང༌། །དུས་གསུམ་མཁྱེན་པ་ཀརྨ་པ། །རང་བྱུང་རྡོ་རྗེ་ཆོས་ཀྱི་གྲགས། །སྤྲུལ་སྐུ་ཆོས་དཔལ་


JLAZ006_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་ཡན། །སྐྱེས་ཆེན་ཀརྨ་པ་རྣམས་སོགས། །དྭགས་པོ་བཀའ་བརྒྱུད་ཐམས་ཅད་དང༌། །བཀའ་བབས་སྐོར་གསུམ་བརྒྱུད་པ་དང༌། །མ་གཅིག་ལབ་སྒྲོན་ ལ་སོགས་པའི། །ཞི་གཅོད་བཀའ་བརྒྱུད་ཐམས་ཅད་དང༌། །མཉམ་མེད་ཤངས་པ་བཀའ་བརྒྱུད་སོགས། །བོད་ཀྱི་བཀའ་བརྒྱུད་དེ་རྣམས་དང༌། །དུས་ཕྱིས་གྲུབ་ཆེན་གསེར་སྟེངས་པ། །མ་གཅིག་ ཇོ་འབུམ་ཆོས་སྐུ་འོད། །མཁས་གྲུབ་ཨོ་རྒྱན་གཉན་རས་དང༌། །ཀུན་སྤངས་ཀུན་མཁྱེན་འཕགས་པ་འོད། །རྒྱལ་ཡེ་ཡོན་ཏན་རྒྱ་མཚོ་དང༌། །དབང་རྒྱལ་ཤེར་འབུམ་བསྐལ་བ་བཟང༌། །མཁན་ཆེན་འཛིམ་པ་སྤང་སྒང་བ། །ཀུན་མཁྱེན་ཆོས་རྗེ་ཡབ་སྲས་དང༌། །འཇམ་དབྱངས་བརྡ་སྟོན་རྒྱལ་བ་གཡུང༌། །མཁས་གྲུབ་གཡག་སྡེ་པན་ཆེན་སོགས། །བཀའ་བརྒྱུད་སོ་སོའི་སྲོལ་འཛིན་པའི། །སྡོམ་བརྩོན་རིག་པ་འཛིན་པ་ཡི། །མཁས་གྲུབ་ཕལ་མོ་ཆེ་རྣམས་ཀྱིས། །རྫོགས་ཆེན་ལ་སོགས་རྙིང་མ་ལ། །ཐུགས་དམ་སྙིང་པོ་བྱེད་པ་མང༌། །མཁས་གྲུབ་དེ་དག་ཐམས་ཅད་ལས། །ལོག་རྟོག་ཅན་གྱི་གང་ཟག་ཕལ། །ལྷག་པ་ཡིན་ནམ་ཤེས་ལྡན་དག །གང་ཟག་ཚིག་ལ་རབ་རྟོན་ཞིང༌། །རྟོག་གེ་ངན་ལ་རབ་ཏུ་ཞེན། །ཕྱོགས་ཞེན་ཆགས་སྡང་གིས་དཀྲུགས་པའི། །མཁས་པར་རློམ་པ་ཁ་ཅིག་དང༌། །སྨྲ་ཁམས་ཅན་གྱི་སྐྱེ་བོ་ཡི། །


JLAZ006_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འབྲངས་ནས་ཆོས་སྤངས་ན། །རང་གཞན་གཉིས་ཀ་ཉམས་འགྱུར་པས། །དོན་མེད་ཆོས་སྤོང་བསགས་པ་ཡི། །རྗེས་སུ་མ་འབྲངས་ཤེས་ལྡན་དག །གང་ལ་ཕྱོགས་ལྷུང་རབ་ཏུ་སྤོངས། །མཁས་གྲུབ་ཕྱོགས་རིས་མེད་པ་ཡི། །རྗེས་སུ་འབྲངས་ཤིག་ཤེས་ལྡན་དག །བཀའ་བརྒྱུད་གོང་མ་དེ་དག་ལས། །ད་ལྟའི་གང་ཟག་ཕལ་མོ་ཆེ། །མཁས་ལྟར་སྣང་ཡང་སྣང་ཙམ་ཡིན། །མངོན་ཤེས་ཉམས་རྟོགས་ཆོས་སྤྱན་མེད། །ཀུན་རྟོག་ངན་པས་དཔྱད་པ་ཡི། །ལོག་རྟོག་ངན་པ་འབའ་ཞིག་ཡིན། །བཀའ་བརྒྱུད་གོང་མ་ཐམས་ཅད་ཀྱིས། །ཞི་ཕྱག་རྫོགས་གསུམ་ཐམས་ཅད་ལ། །སྙིང་པོར་བྱེད་པ་མང་སྣང་བས། །དད་པས་དེ་རྗེས་འབྲང་བ་ལེགས། །གལ་ཏེ་དེ་རྣམས་ཀྱིས་ ནོར་ན། །གཞན་གྱིས་ནོར་བ་རབ་ཏུ་བཟོད། །ནོར་ཡང་ནོར་ས་མ་ནོར་མོད། །ལོག་པར་རྟོགས་ལ་ཅི་ཆ་ཡོད། །རྐུན་པོ་རྣམས་ཀྱིས་ཁྱིར་བཏགས་པས། །ར་སྐྱེས་ཁུར་བས་བྲམ་ཟེར་བོར། །ལོག་རྟོག་ཅན་གྱི་སྐྱེ་བོ་འགའ། །ཆོས་དང་འཕགས་ལ་སྐུར་འདེབས་པའི། །མཚམས་མེད་ལས་ལྕིའི་ཆོས་སྤོང་ བའི། །རྗེས་སུ་ཤེས་ལྡན་ཁ་ཅིག་ཀྱང༌། །ཞུགས་ནས་མི་ཟད་སྡིག་པའི་ལས། །བྱེད་པས་ཕྱེ་ལེབ་ མེར་མཆོངས་མཚུངས། །གལ་ཏེ་གང་ཟག་རེ་རེ་ཡི། །རྗེས་སུ་འབྲངས་ནས་རྫོགས་ཆེན་སོགས། །རྡོ་རྗེ་


JLAZ006_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་སུན་འབྱིན་པའི། །མི་ཟད་སྡིག་ཏོའི་ལས་བྱེད་ན། །གངས་ཅན་ཁྲོད་ཀྱི་ཆོས་རྣམས་ལ། །ཉམས་སུ་བླང་རུང་ཉིན་སྐར་ཙམ། །དེ་ཡི་རྒྱུ་མཚན་འདི་ལྟ་སྟེ། །ཞི་ཕྱག་གཅོད་དང་རོ་སྙོམས་དང༌། །ལམ་འབྲས་རྡོ་རྗེའི་ཚིག་རྐང་དང༌། །བདེ་མཆོག་སྙན་བརྒྱུད་སེམས་ཁྲིད་དང༌། །ཐབས་ལམ་གཏུམ་མོ་ཞག་བདུན་དང༌། །དཔལ་ལྡན་དུས་ཀྱི་འཁོར་ལོ་སོགས། །སེམས་འགྲེལ་སྐོར་གསུམ་མན་ངག་བཅས། །གསང་འདུས་གཉིས་མེད་རྣམ་རྒྱལ་དང༌། །བདེ་མཆོག་ར་ལིའི་སྐོར་ལ་སོགས། །རྒྱུད་སྡེ་ཕལ་མོ་ཆེ་རྣམས་ཀུན། །བཀའ་དང་ཆོས་མིན་མ་བསྒྲུབས་སམ། །ལེགས་པར་དཔྱོད་དང་ཤེས་ལྡན་དག །བདག་ནི་ཚེ་རབས་ཐམས་ཅད་དུ། །དལ་ཐོབ་མཐོ་རིས་ཡོན་ཏན་ལྡན། །བཤེས་གཉེན་མཆོག་ལ་སོགས་པ་ཡི། །དམ་ཆོས་བསྒྲུབ་པའི་མཐུན་རྐྱེན་རྣམས། །མ་ཚང་མེད་པར་འབྱོར་གྱུར་ནས། །རྒྱལ་བའི་བསྟན་པ་ཐམས་ཅད་ལ། །ཕྱོགས་རིས་མེད་པའི་དད་ཐོབ་ནས། །ཚུལ་བཞིན་ཉམས་སུ་ལེན་པར་ཤོག །ཚུལ་བཞིན་ཉམས་ལེན་མ་ནུས་ནའང༌། །རྒྱལ་བའི་གསུང་རབ་ཐམས་ཅད་ལ། །ཕྱོགས་མེད་དད་པ་བྱེད་པར་ཤོག །ཅེས་རྫོགས་པ་ཆེན་པོ་ལ་སོགས་སྔགས་རྙིང་མ་རྗེས་འབྲངས་དང་བཅས་པའི་ཚིག་དོན་ལ་ལོག་པར་རྟོགས་པའི་འཁྲུལ་པ་


JLAZ006_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་འཇོམས་པའི་བསྟན་བཅོས་འཁྲུལ་འཇོམས་ཞེས་བྱ་བ་འདི་ནི་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་དཔྱིད་ཟླ་ར་བའི་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོས་མུ་སྟེགས་པ་རྣམས་ཕམ་པར་མཛད་པའི་དུས་ཀྱི་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུའི་ཉིན་པར་རྫོགས་པར་བྲིས་པ་འདིས། ལོག་པར་རྟོགས་པ་རྣམས་ཀྱི་འཁྲུལ་པ་ཐམས་ཅད་བཅོམ་ནས། ཕྱིས་ནས་རྫོགས་པ་ཆེན་པོ་སྐྱབས་ཀྱི་དམ་པ་མཆོག་ཏུ་གྱུར་ཅིག།། །། ༈ རྒྱལ་བས་ཆོ་འཕྲུལ་ཆེན་པོའི་མཛད་པ་དང༌། །ནམ་མཁའ་ལྡིང་གིས་ཀླུ་ལ་བྱ་བ་བཞིན། །ཕ་ལམ་རྡོ་རྗེ་ལྟ་བུའི་མཚོན་ཆ་ལ། །རྣོ་དབལ་ཚེར་མ་རང་བྱུང་རྡོ་རྗེས་བསྣན། །དགེ་བས་བསྟན་ལ་ཕྱོགས་ལྷུང་ཞིག་གྱུར་ཅིག། །དགེའོ། །དགེའོ། །དགེའོ།། །


previousསྔ་འགྱུར་རྙིང་མ་ལ་རྒོལ་ངན་ལོག་རྟོག་བཟློག་པའི་བསྟན་བཅོས་ཀུན་མཁྱེན་ངག་གི་དབང་པོས་མཛད་པ།no next