Nitartha Digital Library
Tibetan
 
previousཤོག་ལྷེབ་ ༡ ནས་ ༡༠༠ བར།next

ཤོག་ལྷེབ་ ༡ ནས་ ༡༠༠ བར།


JLAZ006_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་ལན་རིན་པོ་ཆེའི་བསྟན་བཅོས། ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས།


JLAZ006_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སུཙྪ་བ་རི་ཧ་ར་རཏྣ་སྱ་ཨཱ་ག་མ་ནི་དྷི་ཀོ་ཤ་ནཱ་མ། བོད་སྐད་དུ། དྲི་ལན་རིན་པོ་ཆེའི་བསྟན་བཅོས་ལུང་གི་གཏེར་མཛོད་ཅེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གཞི་དབྱིངས་རྣམ་དག་ཆུ་གཏེར་ཆེན་པོར་སྐྱོན་བྲལ་ཆུ་སྐྱེས་ཁང་བཟང་དབུས། བདེ་གཤེགས་ཀུན་གྱིས་སྨོན་ལམ་རྩལ་རྫོགས་རང་བྱུང་ལྷུན་གྲུབ་ནི་རྨཱཀ། སྲིད་ཞིའི་མཐའ་ལ་སྐྱེངས་པ་སྟེར་བྱེད་དངས་མ་མི་ཤིགས་རྡོ་རྗེའི་སྐུ། །འོད་དཔག་མེད་དངོས་དུས་གསུམ་ཕྱག་བྱ་བའི་སྒོ་དང་པོ་ཡོན་ཏན་རང་བཞིན་བརྗོད་པ་ལ་མཚུངས་པའི་རབ་སྤེལ་གྱིས་སྤུད་པ།ཀུན་མཁྱེན་པདྨ་འབྱུང་ལ་ཕྱག་བགྱིའོ། ༡ །གང་ཞིག་སྐྱེ་དང་


JLAZ006_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་འཇིག་ལས་རྣམ་གྲོལ་རྡོ་རྗེའི་ཆོས་བདུན་ལྡན་པའི་སྐུ་ནི་སྤྲོས་པ་ཀུན་གྱིས་རྣམ་པར་དབེན། གང་གསུང་སྒྲ་དང་བྲག་ཅའི་དངོས་པོས་ཡོངས་བཏང་གདུལ་བྱའི་བློ་དང་འཚམ་པ་ཉིད་དུ་སོ་སོར་ཐོས་པའི་བདག་ཉིད་ཅན། གང་ཐུགས་ཟབ་ཞི་སྤྲོས་བྲལ་རྟོག་ཕྱག་བྱ་བའི་སྒོ་གཉིས་པ་ཁྱད་པར་ཕུལ་བྱུང་གི་རྒྱན། པའི་ཡུལ་ལས་རིང་པོར་བརྒལ་ཡང་སོ་སོ་ཡང་དག་རིག་པའི་རྩལ་གྱིས་རང་བྱུང་དུ། མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེས་སྡུག་བསྔལ་རྒྱུར་བཅས་འཇོམས་པའི་ནུས་པ་རྨད་བྱུང་རྒྱལ་ཀུན་མཆོད་དོ་དགེ་ལེགས་སྩོལ། ༢ །རྗོད་བྱེད་མིང་ཚིག་ཕྱག་བྱ་བའི་སྒོ་གསུམ་པ་བ་བའི་རང་བཞིན་བརྗོད་པའི་རྒྱན། ཡིགེའི་


JLAZ006_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སུ་ཤར་དེའི་བཞིན་རས་འཇམ་པོའི་ངོགས། །བརྗོད་བྱ་དོན་གྱི་ཨུཏྤལ་མིག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐོང་། །སྲིད་པའི་ཟུག་རྔུ་བླང་དོར་མཚོན་གྱིས་གཅོད་ལ་དཔའ་བའི་ངང་ཚུལ་དང་། །ཆགས་བྲལ་འགོག་ལམ་བདེན་པའི་མཐུ་ཅན་དམ་པའི་ཆོས་ཀྱིས་ཡོངས་སུ་བསྲུངས། ༣ །ཐོས་བསམ་སྒོམ་པའི་འདབ་གཤོག་མཉེན་ལྕུག་འཁྲིལ་དེའི་རྩལ་ཆེན་རྫོགས་པ་ལས། །ཇི་ལྟ་བ་དང་ཇི་སྙེད་མཁའ་ལ་ཆགས་ཐོགས་མེད་པར་འཕུར་བའི་དཔྱིད། །ཐེག་པ་མཐའ་དག་དབྱངས་སུ་ལེན་མཁས་ངང་པ་ཁྱུ་ཆེན་འགྲོགས་པ་ལྟའི། །རྒྱལ་བའི་གདུང་འཛིན་འཕགས་པའི་ཚོགས་དང་ཉན་ཕྱག་བྱ་བའི་སྒོ་བཞི་པ་མཐའ་དག་གཟུགས་ཅན།རང་དགེ་འདུན་སྤྱི་བོས་མཆོད། ༤ །སྟོན་པ་རང་ཉིད་སྙིགས་མའི་དུས་ན་གསང་བ་ཆེན་པོའི་རྒྱུད་དང་སྡེ་སྣོད་འཛིན་པའི་ཚུལ། །ལུང་གི་ཕྲེང་བ་མང་པོར་བསྔགས་པ་དགོངས་པ་ཙམ་མམ་འོན་ཏེ་ངེས་པའི་དོན་མིན་ན། །འཛམ་བུའི་གླིང་འདི་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ལ་སོགས་པཎ་གྲུབ་ཕྱག་བྱ་བའི་སྒོ་ལྔ་པ་འགོག་རྒྱན་ལས་བྱུང་བ་འགོག་པ།རྒྱ་མཚོ་ཡི། །བཀའ་ལུང་མཐའ་ཡས་རང་དབང་འགྲེལ་བའི་རྣམ་དཔྱོད་འདི་འདྲ་འགའ་ལ་སྲིད་པ་མིན་པས་སོ། ༥ །ས་གནས་ཕྱག་བྱ་བའི་སྒོ་དྲུག་པ་ཡན་ལག་གསུམ་པའི་གཟུགས་ཅན་ལ་བསྙོན་དོར་གྱིས་བརྒྱན་པ། སེམས་དཔའ་ཁྱིམ་པའི་


JLAZ006_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཟུང་བསྟན་དང་སེམསཅན་དོན་བྱེད་གསུངས་པ་ལྟར། ལྗོངས་འདིའི་ཕན་བདེའི་རྩ་ལག་ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམ་གསུམ་དེ་དག་གི། །རྣམ་དཀར་ཕྲིན་ལས་གལ་ཏེ་གཟུགས་སུ་མཆིས་ན་ནོར་འཛིན་བུ་མོ་གཞོན་ནུ་ཡང་། །ཐེག་པར་དཀའ་བའི་དོགས་པས་སྐྲག་ནས་རིང་མོར་འདར་ཞེས་སྲིད་པའི་རྩེ་མོར་གླེང་། ༦ །རྣམ་པར་སྣང་མཛད་གང་ཆེན་མཚོ་དེའི་ཐུགས་བསྐྱེད་ཁམས། །གངས་རིས་བསྐོར་བའི་གསེར་ལྡན་དགའ་མའི་བཞིན་རས་ལ། །བསྐུ་ཕྱིར་འདི་ན་ས་བཅུའི་དབང་ཕྱུག་བི་མ་ལ། །པཎ་གྲུབ་ཟོལ་གྱིས་སྙིང་ཏིག་དགའ་སྟོན་འགྱེད་དེ་མཚར། ༧ །ཕྲལ་སྐད་ཤེས་པའི་ལོ་ཙཱ་མ་ཡིན་འཕགས་ཡུལ་ཕྱག་བྱ་བའི་སྒོ་བདུན་པ་སྟོབས་མཚུངས་པའི་རབ་སྤེལ།སྐད་རིགས་རྣམ་པ་བཞི། དེས་ཀྱང་མིང་མཚོན་གསང་བའི་བརྡ་སྐད་རྒྱ་མཚོ་ལྟ་བུར་དབང་བསྒྱུར་ནས། །གཙུག་ལག་མདོ་རྒྱུད་ཉི་ཟླའི་སྣང་བས་ཕུར་རྒྱལ་མུན་གླིང་གསལ་མཛད་པའི། །འཇིག་རྟེན་མིག་གཅིག་ཕྱག་བྱ་བའི་སྒོ་བརྒྱད་པ་སེམས་ལྡན་རབ་རྟོག་བཻ་རོའི་ཞབས་དང་རྨ་གཉགས་ལ་སོགས་པཎ་གྲུབ་རྗེ་འབངས་རྒྱ་མཚོར་དང་། ༨ །ཐོས་བསམ་སྒོམ་པའི་ཀཻ་ལ་ཤ་རིར་གནས་བཅས་ཏེ། །འཆད་རྩོད་རྩོམ་པའི་གཡུ་རལ་ལན་བུ་གཡོས་པའི་ཚེ། །ལོག་རྟོག་ཕྱོགས་འཛིན་རྨོངས་པའི་རི་དྭགས་སྙིང་


JLAZ006_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འདར་བ། །གདོད་མའི་མགོན་པོ་ཀློང་ཆེན་རབ་འབྱམས་བསམ་བཞིན་དྲན། ༩ །ཤིན་ཏུ་རྨད་བྱུང་ཐུགས་བསྐྱེད་ཟླ་ཟེར་ཕྱག་བྱ་བའི་སྒོ་དགུ་པ་ཤིན་ཏུ་དཔའ་བའི་ཉམས།ཀུནྡའི་ཚལ་དུ་ལྟུངས་པ་ལས། །མཐོང་ན་མི་མཐུན་མེད་པའི་སྐུ་ལ་རྒྱུད་སྡེ་རྒྱ་མཚོའི་གསང་མཛོད་རྫོགས། །བརྒྱུད་པའི་ཁྱད་ཆོས་དྲུག་གིས་འཕགས་པའི་ཟབ་རྒྱ་གཏེར་གྱི་རིང་ལུགས་སྒོ། །འབྱེད་ལ་ཟླ་ཕྱག་བྱ་བའི་སྒོ་བཅུ་པ་སྒྲུབ་བྱེད་ཀྱི་རྒྱུ་ལས་སྐྱེད་བྱེད་འགྲུབ་པའི་རྒྱུ།བྲལ་ཉི་མ་འོད་སོགས་བཅུ་ཕྲག་བཅུ་ཡི་འཁོར་ལོར་བདུད། ༡༠ །ངེས་པ་ལྔ་ལྡན་ལོངས་ཕྱག་བྱ་བའི་སྒོ་བཅུ་གཅིག་པ་སྣ་ཚོགས་གཟུགས་ཅན།སྐུའི་ཞིང་ཁམས་ཆེན་པོའི་དཔྱིད། །མིག་མི་འཛུམས་དེ་སྡོམ་བརྩོན་རྒྱལ་པོའི་ཆ་བྱད་ཅན། །འོད་གསལ་ངང་ནས་གནས་ལྔ་སྨྲ་བའི་པཎྜི་ཏ། །པདྨའི་ངང་ཚུལ་ཟིལ་གནོན་དྲག་རྩལ་རྡོ་རྗེར་འདུད། ༡༡ །ཕྱོགས་རེའི་མིག་གིས་གསུང་རབ་རྒྱ་མཚོའི་མཐའ། །མཐོང་བ་མ་ཡིན་དེ་ལ་ཀུན་མཁྱེན་གྱི། །འབྲས་བུ་བྲལ་བ་ཤེས་ནས་དེ་རིང་འདིར། །ཟབ་དང་རྒྱ་ཆེའི་དོན་འགའ་གསལ་བར་བྱ། ༡༢།དེ་ལ་འདིར་བརྗོད་པར་བྱ་བའི་སྙིང་པོ་ནི། །སྔ་རབས་ཀྱི་དུས་ན་བྱོན་པའི་གཏེར་སྟོན་རིག་འཛིན་རཏྣ་གླིང་པ་ཞེས་ཕྱག་བྱ་བའི་སྒོ་བཅུ་གཉིས་པ་བསམ་པ་རྒྱ་ཆེ་བའི་རྒྱན་གྱིས་བརྩམ་པར་དམ་བཅའ་བ།ཡོངས་སུ་གྲགས་ལ་རྩོད་པ་དང་བྲལ་བའི་སྐྱེས་བུ་དམ་པ་དེས། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་


JLAZ006_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཐའ་དག་དྲི་གཞིར་བཀོད་པའི་འབྱམས་ཡིག་རྣམ་པར་རྒྱལ་བའི་ཁང་བཟང་ཞེས་བྱ་བའི་ཕོ་ཉས་བསྐུལ་ནས་བརྗོད་འདོད་རླུང་གི་རྟེན་འབྲེལ་བསྐྱོད་པ་ལ་བརྟེན། མཉམ་གཞག་སྤྲོས་པ་དང་བྲལ་བའི་གསེར་ལྡན་གྱི་གཞི་ཐ་གྲུ་ཀུན་ནས་ཡངས་པར། རྗེས་ཐོབ་ཤེས་རབ་ཀྱིས་རོལ་པ་རྣམ་པར་གཡོ་བས་དྲི་ལན་གྱི་བསྟན་བཅོས་རིན་པོ་ཆེའི་མཆོད་སྡོང་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞེང་པ་ལ་མངོན་དུ་ཕྱོགས་པ་འདི་ལ་སྤྱི་དོན་རྣམ་པ་གསུམ། གཞུང་བཤད་པ་ལ་འཇུག་པའི་སྒོ་བསྟན་པ། གཞུང་གི་དངོས་དོན་མཐའ་རྒྱ་རླབས་ཀྱིས་བཅད་ནས་བཤད་པ། མཇུག་ཐུན་མོང་མ་ཡིན་པའི་གྲུབ་མཐའ་གསང་བར་གདམས་ཤིང་བསྔོ་སྨོན་གྱིས་མཐའ་བསྡུ་བའོ། །དང་པོ་དྲི་བ་པོའི་འདོད་པ་བཀོད་དེ་བསྟན་བཅོས་ཀྱི་མཚན་ཉིད་བཤད་ནས་འཇུག་པའི་སྒོ་དབྱེ་བ་ནི་དྲི་བ་པོས། ཨོཾ་སྭ་སྟི། མ་ཧཱ་གུ་རུ་དྷརྨ་ཀ་ར་ཡེ། ཕྱོགས་མཐའ་དག་གི་བླ་མ་དགེ་བའི་བཤེས་གཉེན་རྟོགས་སྒོམ་དང་གཞུང་ལུགས་འཆད་རྩོད་རྩོམ་པ་ལ་སོགས་ཆོས་ཀྱི་མིག་མ་ཟུམ་པ། ལྟ་ལོག་ཕྱོགས་འཛིན་ཅན་མ་ཡིན་པའི་ཚད་མར་གྱུར་པ་ཐམས་ཅདལ་དྲི་བའི་ཚིག་རྣམ་པར་རྒྱལ་བའི་ཁང་བཟང་ཞེས་བྱ་བ། སྨྲ་བའི་སེང་གེ་དབྱངས་ཀྱི་ལྷ་མོར་བཅས་ལ་ཕྱག་འཚལ་ལོ། དེ་བཞིན་བདག་བློའི་ནོར་བུ་ནི། །རྣམ་པར་མཐོ་


JLAZ006_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱལ་མཚན་རྩེར། །བརྩེ་དང་ཐུགས་རྗེ་མངོན་བསྐྱེད་པའི། །རང་བྱུང་མཆོག་གི་བླ་མ་ནི། །མཚོ་སྐྱེས་རྡོ་རྗེ་དེ་ལ་འདུད། །ཐུབ་དབང་སྟོབས་སོགས་མངའ་བ་ཡི། །བསྟན་པའི་མཐར་ཉེ་འབྲས་བུའི་དུས། །རིན་ཆེན་དཔལ་བཟང་ཞེས་བྱ་ཡང་། །དབང་དམན་ཡོན་ཏན་སྟོབས་ཆུང་ཡང་། །རྙེད་དཀའ་ཐོབ་ཅིང་བསྟན་ལ་ཞུགས། །ཆོས་དང་དམ་པའི་བཤེས་རྣམས་ལ། །མི་ཕྱེད་དད་པས་རབ་ཏུ་དགའ། །འོན་ཀྱང་དྲེགས་དང་སྟོབས་ལྡན་ཞིང་། །མཁས་པར་རློམ་ཞིང་མི་ཤེས་པའི། །ཚིག་དང་ཐ་སྙད་ལ་ཞེན་ཅིང་། །ངེས་པའི་དོན་ལ་རློམ་པ་ཡི། །ཀུན་ཤེས་གཅིག་རྡུགས་རིགས་ཅན་དང་། །ཕྱོགས་རིས་ཅན་ལ་བདག་མི་དགའ། །དེ་བས་དམ་པའི་རིགས་ཅན་རྣམས། །ཇི་ལྟར་དྲིས་པ་འདི་ཡི་ལན་འདེབས་མཛོད། །ཅེས་སོ། །དེ་ལ་འདི་ལྟར་ཤེས་པར་བྱ་སྟེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་བྱ་བ་བྱེད་པའི་ནུས་པ་དང་ལྡན་ལ། དཔག་ཏུ་མེད་པའི་སེམས་ཅན་དག་གི་ལམ་གྱི་སྟོན་པ་དེ་ལ་བླ་མ་དང་དགེ་བའི་བཤེས་གཉེན་གྱི་མིང་དུ་གྲུབ་ཅིང་། དེའི་ངང་ཚུལ་ནི་ཐོས་པས་ཆོས་དང་ཆོས་མ་ཡིན་པ་ཤན་ཕྱེད་ཅིང་སྒྲོ་འདོགས་ཆོད་པ་དང་། བསམས་པས་ཇི་སྙེད་པའི་ཤེས་བྱ་མཐའ་དག་ལ་དབང་བསྒྱུར་ཞིང་ཆོས་ཀྱི་མིག་ཐོབ་པ་དང་། སྒོམ་པས་ཇི་


JLAZ006_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་ཡིན་ཚུལ་གཤིས་ཐོག་ཏུ་ཕེབས་ཤིང་འབྲས་བུ་ཡེ་ཤེས་ཀྱི་དབྱིངས་ལ་སྦྱོར་བའི་ཕྱིར་རྣམ་པ་དེ་གསུམ་དང་ལྡན་པ་ཞིག་གོ །ཁྱད་པར་བསྟན་བཅོས་བརྩམ་པ་ལ་མཚན་ཉིད་རྣམ་པ་དུ་མ་དང་མ་ལྡན་ན་ཚིག་གི་སྦྱོར་བ་ཤེས་པ་ཙམ་ནི་གཟུ་ལུམས་རས་ཆོད་མུན་སྤྲུལ་བརྟུན་ངེས་ཀྱི་བདག་པོ་སྟེ་བསྟན་པའི་ཆོམ་རྐུན་ཉིད་ལས་གཞན་དུ་མ་ཡིན་ལ། དེའི་ཕྱིར་རྩོམ་བྱེད་སློབ་དཔོན་གྱི་མཚན་ཉིད་ནི། རབ་ཆོས་ཉིད་ཀྱི་བདེན་པ་གཟིགས་པས་བཀའ་ལུང་རང་དབང་དུ་འགྲེལ་བའི་ནུས་པ་ཅན་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་དང་། བོད་ཀྱི་དཔལ་ལྡན་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་ལྟ་བུ། འབྲིང་ཡི་དམ་ལྷའི་ཞལ་མཐོང་ཞིང་དེས་དབུགས་དབྱུང་བས་མཐའ་དྲུག་དང་ཚུལ་བཞིའི་གནད་གསང་ཆེན་པོས་དཀྲུགས་པ་བསྡེབས། གཅུས་པ་བསྲངས། གབ་པ་མངོན་དུ་ཕྱུང་ནས་འཆད་ནུས་པ། ཐ་མ་ནི། སྒྲ། ཚད་མ། བཟོ། གསོ་བ། ནང་གི་རིག་པ་སྟེ། རིག་པའི་གནས་ལྔ་ལ་མ་རྨོངས་ཤིང་གང་བཤད་བྱའི་དོན་ལ་ཁྱད་པར་གྱི་བཤད་རྒྱུན་རྣམ་པར་དག་པ་དང་ལྡན་ལ། ཚིག་གི་དོན་བཤད་ཚུལ་ཇི་བཞིན་དུ་འགྲེལ་བར་ནུས་པའི་བདག་ཉིད་ཅན་ཞིག་གོ །བརྩམ་བྱ་བསྟན་བཅོས་ཀྱི་རང་བཞིན་མི་མགོན་པོ་བྱམས་པས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་


JLAZ006_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་ལྟར་མཚན་ཉིད་དེ་ལྡན་གྱི་དགོངས་འགྲེལ་ལ་ཉོན་མོངས་པའི་དགྲ་རྣམས་འཆོས་པ་དང་། ངན་འགྲོའི་སྲིད་ལས་སྐྱོབ་པ་སྟེ་འཆོས་སྐྱོབ་ཀྱི་ཡོན་ཏན་རྣམ་པ་གཉིས་དང་ལྡན་པ་གཞིར་བཞག་ནས་འགྲེལ་ཚུལ་གྱི་མན་ངག་ནི་རྣམ་བཤད་རིག་པར། དགོས་པ་བསྡུས་པའི་དོན་བཅས་དང་། །བརྒལ་ལན་བཅས་དང་མཚམས་སྦྱོར་བཅས། །ཚིག་དོན་བཅས་ཏེ་བསྙད་པར་བྱ། །ཞེས་བཤད་པ་ལྟར་དགོས་པ་དང་དོན་བསྡུས། མངོན་པའི་ང་རྒྱལ་གྱིས་ཆོས་ལ་ཆོས་སུ་འདུ་མི་ཤེས་པའི་ཉེས་སྤྱོད་མ་ཡིན་པའི་ངོས་བརྒལ་ལན་གྱི་འགྲེལ་དགོད། ལུང་གིས་རྒྱབ་སྐྱོར། ཚིག་དོན་གཏན་ལ་ཕབ་ནས་འཆད་པ་འདི་ནི་ཤིན་ཏུ་འཕགས་པའི་ཡན་ལག་ལྔ་ཡིན་ལ། དེ་བཞིན་དུ་བསྟན་བཅོས་ཀྱི་ལུས་ཉིད་ཀྱང་ནང་པའི་ཚུལ་གསུམ་དང་ལྡན་ཞིང་། ཕྱི་རོལ་པའི་ངན་པ་དྲུག་དང་བྲལ་བས་དགོས་འབྲེལ་གཉིས་ཀྱི་ཆོས་དང་ལྡན་པ་དེ་ནི་རྣམ་པར་གྲོལ་བའི་ལམ་ཡིན་པའི་ཕྱིར་རྣམ་པ་གསུམ་གྱིས་དབྱེ་བས་བཀར་བཞག་པ་ཡིན་ནོ།དེའི་ཕྱིར་རྟོགས་པས་འཁོར་འདས་ཀུན་གྱི་མཚང་རིག་ཅིང་ཀུན་བཟང་དགོངས་པའི་རྒྱལ་ཐབས་ཀྱི་ཁྲི་ལ་འཛེགས་པ། གཞུང་ལུགས་གདམས་པར་ཤར་བས་འཆད་རྩོད་


JLAZ006_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་པའི་གནས་ལ་མི་འཇིགས་པའི་བརྟུལ་ཞུགས་ཅན། ཆོས་ཀྱི་མིག་མ་ཟུམ་པས་ལྟ་ལོག་ཕྱོགས་འཛིན་གྱི་གཟེབ་ལས་གྲོལ་བའི་ཀུན་གཟིགས་ནམ་མཁའི་རྣལ་འབྱོར་བ་དེས་སོ། །མོས་པ་ཞེན་ཅིང་བློ་ཆུང་བ་གང་ཞིག་གིས་ལོག་པར་རྟོག་པར་མི་བྱ་སྟེ། མཛད་པ་པོ་སློབ་དཔོན་གྱི་ཆེ་བ་བརྗོད་པ་ལ་འཐད་པ་རྣམ་དག་ཡོད་དེ། མགོན་པོ་གླུ་སྒྲུབ་ཀྱིས། འདི་ལྟར་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བ་མོས་པ་ལགས་པར་གསུངས། །ཞེས་དང་། ཀུན་མཁྱེན་གྱིས། སློབ་དཔོན་དང་ཆོས་ཀྱི་ཆེ་བ་བརྗོད་པས། ཉན་པ་པོ་དང་རྗེས་འཇུག་རྣམས་བླ་མ་དང་ཆོས་ལ་དད་མོས་སྐྱེ། དེའི་བྱིན་རླབས་ཞུགས་ནས་ཐར་བའི་ལམ་དང་ཆོས་ལ་འཇུག་པའི་རྒྱུ་བྱེད་དེ། རྒྱ་ཆེར་རོལ་པ་ལས། དེ་ལ་དད་པ་ནི་ཆོས་སྣང་བའི་སྒོ་སྟེ་སེམས་ལས་སུ་རུང་བར་བྱེད་དོ། །ཞེས་ལུང་གི་རྒྱབ་སྐྱོར་དང་བཅས་བསྟན་ཅིང་རང་གི་བསྟན་བཅོས་ཀྱང་ཚུལ་དེ་ལྟ་བུས་འཆད་པའི་ཕྱིར་ཁོ་བོ་ཅག་དེས་དངོས་སུ་བྱིན་གྱིས་བརླབས་ཤིང་དབུགས་དབྱུང་བའི་སློབ་མ་ཡིན་པའི་ཕྱིར་རོ། །ལུང་གང་ནས་བཏུས་ན། རྒྱུ་འབྲས་ཀྱི་ཐེག་པ་མཐའ་ཡས་པ་ནས་བཏུས་ཤིང་འགྲེལ་ཚུལ་ཀུན་མཁྱེན་ཉིད་ཀྱིས་བཞེད་པ་སོར་བཞག་པའོ། །ཕྱོགས་གང་དུ་གཏོགས་ན། ཐེག་པའི་རྩེ་མོ་རང་བཞིན་རྫོགས་པ་ཆེན་པོར་གཏོགས་སོ། །དོན་གང་གི་ཆེད་དུ་ན། གནས་


JLAZ006_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་དྲིས་ཤིང་བསྐུལ་བ་པོའི་མཛད་པ་དོན་ཡོད་པར་བྱ་བ་དང་། མཐའ་ཐུག་གང་ཟག་མང་པོས་ལམ་གྱི་གནད་རྟོགས་ཤིང་སངས་རྒྱས་ཐོབ་པའི་ཕྱིར་དུའོ། །དབུ་ནས་ཞབས་སུ་བསྡུས་པའི་དོན་ནི། གཞི་ལམ་འབྲས་གསུམ་དང་། ལྟ་སྒོམ་སྤྱོད་གསུམ་གྱི་རངབཞིན་གལ་པོ་ཆེ་མཐའ་ཡས་པའི་མདུད་ཐམས་ཅད་ཡིན་ཚུལ་དོན་གྱི་ལུགས་སུ་བཀྲོལ་ཞིང་། གནས་ཚུལ་གཤིས་ཀྱི་ཐོག་ཏུ་བསྡུས་ནས་སྟོན་པ་སྟེ་འདི་དག་ལ་བསྟན་བཅོས་ཀྱིརྩིས་མགོ་ཡན་ལག་ལྔ་ཞེས་གྲགས་སོ། །གཉིས་པ་ལ་གཉིས། གླེང་བའི་གཞི་བསྟན་པའི་རྣམ་གཞག་སྤྱིར་བཤད་པ་དང་། བརྒལ་བའི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། རྒྱུ་མཚན་ཉིད་ཀྱི་ཐེག་པ། འབྲས་བུ་གསང་སྔགས་ཀྱི་ཐེག་པ། དེ་དག་ལྗོངས་འདིར་དར་ཚུལ་ལོ། །དང་པོ་ལའང་གསུམ། སྟོན་པ་འཇིག་རྟེན་དུ་བྱོན་ཚུལ། དེས་མཛད་པ་བཅུ་གཉིས་ཀྱི་མལ་དུ་བསྟན་པ་རིན་པོ་ཆེའི་སྒྲོམ་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བ། དེ་ཉིད་བསྟན་སྐྱོང་ཆེན་པོ་རྣམས་ཀྱིས་བཀའི་བསྡུ་བ་ཇི་ལྟར་བྱས་ཤིང་གཅེས་སྤས་ཀྱིས་བསྐྱངས་པའི་ཚུལ་ལས། དང་པོ་ནི། ཞིང་ཁམས་གྲུབ་ལའང་སངས་རྒྱས་ཀྱི་སྨོན་ལམ་དང་སེམས་ཅན་གྱི་ལས་ཉིད་དུ་ཟད་པ་ལས། འདིའི་དེ་བཞིན་གཤེགས་པའི་སྨོན་ལམ་གྱི་སྟོབས་ཁོ་ན་སྟེ། དེའི་ཕྱིར་ན་སངས་རྒྱས་བྱོན་པ་ལ་


JLAZ006_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་བསྐལ་དང་། དེས་སྟོང་པ་ལ་མུན་བསྐལ་དུ་འཆད་པའི་ད་ལྟའི་བསྐལ་པ་བཟང་པོ་འདི་ལ་ཡོངས་སུ་གྲགས་པ་སངས་རྒྱས་སྟོང་རྩ་གཉིས་དང་། སྙིང་རྗེ་པད་དཀར་སོགས་ཀྱི་རྗེས་སུ་འབྲང་བ་དག་རྩ་བཞི་ནས་རྩ་དྲུག་གི་བར་དུ་འཆད་པའི་དངོས་དོན་སངས་རྒྱས་སྟོང་རྩ་ནི། ཐེག་པ་ཆེན་པོའི་མདོ་སྡེ་དཀོན་མཆོག་བརྩེགས་པ་ལས། བསྐལ་པ་མཛེས་པར་སྣང་བར་འཇིག་རྟེན་གྱི་ཁམས་རྣམ་པར་རྒྱན་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བའི་དུས། རྒྱལ་པོའི་ཕོ་བྲང་རྣམ་པར་དག་པ་ཅན་ཞེས་བྱ་བ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ། རིན་ཆེན་སྣ་བདུནདང་ལྡན་པ། གླིང་བཞི་ལ་དབང་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། བསོད་ནམས་ཀྱི་གཟི་དང་ལྡན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཞིག་བྱུང་། དེ་ལ་བཙུན་མོའི་འཁོར་བདུན་འབུམ་ཡོད་དེ། ཐམས་ཅད་ཀྱང་མཚན་དང་ལྡན་པའི་ན་ཆུང་བུད་མེད་རིན་པོ་ཆེའི་ལོངས་སྤྱོད་དང་ལྡན་པ་ཤ་སྟག་གོ །དེ་


JLAZ006_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་རབ་ཏུ་ཞུགས་པར་གྱུར་བ་དག་གོ །དེ་ལ་བུ་སྟོང་བུ་ཚང་བ་ཡོད་དེ། དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ། སྐྱེས་བུ་ཆེན་པོའི་མཚན་ཉི་ཤུ་རྩ་བརྒྱད་ཀྱིས་བརྒྱན་པ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ཤ་སྟག་གོ །བཙུན་མོའི་ནང་ནས་མ་སྨད་མ་ཞེས་བྱ་བ་དང་། དཔེ་མེད་མ་ཞེས་བྱ་བ་དེ་གཉིས་རྫིང་བུ་དགའ་བ་ཞེས་བྱ་བར་ཁྲུས་བྱས་ཏེ་སྤོས་ཆུས་གོས་བརླན་པས་སེང་གེའི་ཁྲི་པདྨའི་འབྱུང་གནས་བཟང་པོ་ལ་འདུག་གོ །།དེར་དེ་གཉིས་འདུག་པའི་པང་ནས་རྒྱལ་བུ་གཞོན་ནུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་གཉིས་སྐྱིལ་མོ་ཀྲུང་བཅས་པར་རྫུས་ཏེ་བྱུང་ངོ། །དེ་ནས་སྐད་ཅིག་དེ་ཉིད་ལ་སྟེང་གི་བར་སྣང་ལས་ལྷ་རྣམས་ཀྱིས། ཀྱེ་མ་ཁྱེའུ་འདི་ནི་ཆོས་ཀྱི་སེམས་དཔའ་འོ། །ཀྱེ་མ་ཁྱེའུ་འདི་ནི་ཆོས་ཀྱི་བློ་གྲོས་སོ། །ཞེས་པའི་སྒྲ་བྱུང་བ་མ་སྨད་མའི་པད་ཆོས་སེམས་དང་། དཔེ་མེད་མའི་པད་ཆོས་ཀྱི་བློ་གྲོས་སུ་བཏགས་སོ། །རྒྱལ་པོ་ཡུལ་འཁོར་སྲུང་གིས་བདག་གི་གཞོན་ནུ་འདི་དག་གི་ནང་ནས་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་གང་འགྱུརབརྟག་གོ་སྙམ་ནས། རིན་ཆེན་སྣ་བདུན་གྱི་བུམ་པ་བྱི་དོར་ལེགས་པར་


JLAZ006_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་དེ་དག་ཐམས་ཅད་ཀྱི་མིང་བྲིས་ནས་བུམ་པའི་ནང་དུ་བཅུག་ཞག་བདུན་དུ་མཆོད་པར་བྱས་ནས་མིང་དེ་རྣམས་རིམ་པར་ཕྱུང་བས་ཐམསཅད་ཀྱི་ཐོག་མར་རྒྱལ་བུ་གཞོན་ནུ་རྣམ་པར་དགེ་བའི་བློ་གྲོས་ཞེས་བྱ་བ་དེའི་མིང་བྱུང་བར་གྱུར་ཏོ། །མིང་དེ་བྱུང་མ་ཐག་སྐད་ཅིག་དེ་ཉིད་ལས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། །བཙུན་མོའི་འཁོར་ཐམས་ཅད་ཀྱི་བ་དན། །སིལ་སྙན་ཡོད་པ་དེ་དག་ཀྱང་མ་དཀྲོལ་བར་བྱེ་བ་ཕྲག་དུ་མའི་སྒྲ་བྱུང་ངོ། །ཐམས་ཅད་ཀྱི་ཐོག་མར་མིང་བྱུང་བ་རྒྱལ་བུ་གཞོན་ནུ་རྣམ་པར་དགེ་བའི་བློ་གྲོས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་འཁོར་བ་འཇིག་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་རྣམ་པར་དགེ་བའི་བློ་གྲོས་ཞེས་བྱ་བར་གྱུར་ཏེ། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བ་དེའི་མིང་བྱུང་སྟེ། བཅོམ་ལྡན་འདས་གསེར་ཐུབ་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བར་གྱུར་ཏོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་དབང་པོ་ཞི་བ་ཞེས་བྱ་བ་དེའི་མིང་བྱུང་ངོ། །བཅོམ་ལྡན་འདས་འོད་སྲུང་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་དབང་པོ་ཞི་བ་ཞེས་བྱ་བར་གྱུར་ཏོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་དེའི་མིང་བྱུང་ངོ། །དེ་ནི་ང་ཡིན་ཏེ་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་གྱུར་ཏོ། །ཞེས་པ་ནས། དེའི་བུ་གཞོན་ནུ་


JLAZ006_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཡོད་པ་དེ་དག་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཤ་སྟག་གོ །ཞེས་པའི་བར་གྱིས་གསལ་བར་བསྟན་ཅིང་། སེམས་དཔའ་གཉིས་པོ་ནི་སངས་རྒྱས་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་པོ་ཚངས་པ་དང་། ཕྱག་རྡོར་བཀའི་བསྡུ་བ་པོར་སྨོན་ལམ་བཏབ་པས་དེ་གཉིས་ཡིན་ལ་གཞན་ཡང་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་དང་། ལི་ཙ་བྱི་དྲི་མེད་གྲགས་པས་བསྟན་པ་སོགས་ལའང་དེ་ལྟར་དུ་བཤད་ཅིང་། ད་ལྟའི་བསྐལ་པ་འདིའི་སྟོན་པ་ཤཱཀྱའི་རྒྱལ་པོ་སངས་རྒྱས་བཞི་པར་བྱོན་པ་ལ་ཐམས་ཅད་མི་མཐུན་པར་འཆད་པ་ནི་མེད་དོ། །དེ་ཡང་འདི་ལྟར་ཡབ་སྲས་མཇལབའི་མདོ་ལས། སྔོན་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་གཅིག་ཏུ་གྱུར་པ་དེར། དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་དོན་མཛད་དེ་མྱ་ངན་ལས་འདས་ནས་སླར་ཡང་དེའི་འོག་ཏུ་སངས་རྒྱས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་བསྐལ་པ་འདིའི་བར་དུ་བསྟན་ཅིང་། ད་དུང་ཡང་སོ་སོའི་སྐྱེ་བོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་སངས་རྒྱས་པའི་ཚུལ་འཁོར་བ་མ་སྟོངས་ཀྱི་བར་དུ་སྟོན་པར་མཛད་དོ། །ཞེས་པ་ལྟར། ཐུན་མོང་གི་སྣང་ངོར་ནི་དེ་བཞིན་གཤེགས་པ་འདི་རྒྱུའི་དུས་ན་སོ་སོའི་སྐྱེ་བོ་འཆིང་བ་མཐའ་དག་གིས་བཅིངས་པ་ཞིག་ཏུ་སྟོན་ལ། འདི་ལྟར་


JLAZ006_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བར་ཤིང་རྟ་འདྲེན་པའི་བྱད་དུ་སྐྱེས་ནས་རང་འདྲ་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད། རྒྱལ་པོ་རབ་གསལ་གྱི་དུས་གླང་པོ་ཆེ་འདུལ་སྦྱོང་མཁན་ལས་སངས་རྒྱས་ཀྱི་མཚན་ཐོས་པས་བྱང་ཆུབ་ཀྱི་སེམས་བསྐྱེད། རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ལ་གདུགས་དང་། མཆིལ་ལྷམ། རྫའི་བུམ་པ་ཕུལ་ཞིང་། མགྲོན་བུ་ལྔ་མེ་ཏོག་གི་ཚུལ་དུ་གཏོར་ནས་སེམས་བསྐྱེད་པ་ལ་སོགས་རྣམ་གྲངས་ཐ་དད་པའི་དོན་ལ་ཚོགས་ལམ་ཆུང་ངུའི་རྟེན་དེ་ལ་བསྐལ་པ་གྲངས་མེད་གསུམ་དུ་སྨོན་པའི་སེམས་བསྐྱེད་གཙོ་བོར་གྱུར་པས་ཚོགས་རླབས་པོ་ཆེ་བསགས་པའི་མཐར་བྱང་ཆུབ་སྙིང་པོར་སངས་རྒྱས་པར་འདོད་ལ། ཐུན་མོང་མ་ཡིན་པ་ལྟར་ན་ངེས་པ་དོན་གྱི་ལུང་འདི་ཡིན་ཏེ། པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་དེ་ནི་ངས་སྙེད་དོ། །ངས་ནི་རྟག་ཏུ་ཆོས་ཀྱང་རབ་བསྟན་ཏོ། །ཞེས་པ་ལྟར་ཐོག་མ་མེད་པའི་བདག་ཉིདཅན་ནས་བྱང་ཆུབ་ཆེན་པོའི་ལྷུམས་སུ་ཞུགས་པ་ཉིད་ལས་གཞན་དུ་མ་ཡིན་ནོ། །དེ་ལྟར་ནའང་ཚོགས་གཉིས་ཀྱི་དུས་རིང་མོའི་མཐའ་ལ་བློ་ཆུང་བ་གང་ཞིགཞུམ་པའི་བརྟུལ་ཞུགས་སྤང་བའི་ཕྱིར་རེ་ཞིག་ཐུན་མོང་གི་སྣང་ངོར་བསྟན་པ་འདི་ལ་མཛད་པ་ཇི་ལྟར་བསྟན་པའི་རྣམ་གཞག་མདོར་བསྡུས་ནས་བརྗོད་ན་རྩ་ཚིག་ནི། ཐོགས་མེད་ཀྱིས་


JLAZ006_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་བསྒྲུབས་ཏེ་དགའ་ལྡན་དུ་བྱོན་པའི་ལྷའི་དྲོ་སྐད་ཅིག་མར་ཨཱརྱ་མེ་ཏྲིས་བཀའ་སྤྱིའི་འགྲེལ་བར་རྒྱན་གཉིས། འབྱེད་གཉིས། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དང་ལྔ་མཛད་དེ་གསུངས་པར་གྲགས་པའི་ཕྱི་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་པ་ལྟར་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བར་གྱུར་ནས་འོད་སྲུངས་ལ་བསྙེན་བཀུར་བའི་མཐར་འཐབ་བྲལ་མན་ཆད་ནི་བག་མེད་པས་རྣམ་པར་གཡེངས། འཕྲུལ་དགའ་ཡན་ཆོད་ནི་དབང་པོ་ཤིན་ཏུ་རྟུལ་བས་ན། དགའ་ལྡན་དུ་ལྷའི་བུ་དམ་པ་ཏོག་དཀར་པོར་གྱུར་ནས་ལྷ་རྣམས་རྗེས་སུ་བཟུང་། དེའི་ཚེ་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་སིལ་སྙན་གྱི་སྒྲས་བསྐུལ་བ་ལྟར་སྐྱེ་བ་མཆོག་གི་


JLAZ006_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ་འཛིན་པར་བཞེད་ནས་གཟིགས་པ་རྣམ་པ་བཞི་དང་ལྔ་སྟེ་འཆད་ཚུལ་གཉིས་སུ་ཡོད་པའི་དོན་འཛམ་བུ་གླིང་ནི། རྒྱ་ཆེར་རོལ་པ་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་ཤར་ལུས་འཕགས་པར་མི་སྐྱེ། ནུབ་བ་ལང་སྤྱོད་དམི་སྐྱེ། །བྱང་སྒྲ་མི་སྙན་དུ་མི་སྐྱེ། ལྷོ་འཛམ་བུ་གླིང་ཁོ་ནར་སྐྱེ། །ཞེས་གསུངས་པ་དང་། གཞན་ཡང་འཛམ་བུ་གླིང་པ་རྣམས་ཆོས་ཉན་ཕྱིར་དགའ་ལྡན་དུ་འགྲོ་མི་ནུས་ལ། ལྷ་རྣམས་ཀྱིས་དེར་འཐབ་པར་ནུས་སོ་སྙན་དུ་དགོངས་ནས་འཛམ་བུ་གླིང་ལ་གཟིགས་སོ། །དེ་བཞིན་དུ་རིགས་ནི་ཐེག་པ་ཆེ་ཆུང་གི་ཁྱད་པར་ལས་མཐའ་གཅིག་ཏུ་མ་ངེས་ཀྱང་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལས། བྱང་ཆུབ་སེམས་དཔའ་རིགས་དམན་པར་ནི་སྐྱེ་བར་གསུངས་ཤིང་། དེ་སྐད་དུ་རྒྱ་ཆེར་རོལ་པ་ལས། གང་བཙུན་པར་བཀུར་བ་དེར་སྐྱེ་བར་འཐད་པ་ལྟར་གནས་སྐབས་དེར་རྒྱལ་རིགས་བཙུན་པར་བཀུར་བས་ཡབ་རྒྱལ་པོ་ཟས་གཙང་མར་གཟིགས་སོ། །དུས་ནི་ཚེ་ལོ་མང་པོར་འཚོ་བའི་སྐབས་ན་མི་རྣམས་ཡིད་སྐྱོ་བར་དཀའ་ལ། མར་འགྲིབ་པའི་ཚེ་ནི་ཧ་ཅང་མི་བསུན་པའི་ཕྱིར་སྐྱེ་བར་མི་མཛད། དེའི་ཕྱིར་མཐའ་གཉིས་དང་བྲལ་བའི་ཚེ་ལོ་བརྒྱ་པ་ལ་གཟིགས་སོ། །དེ་བཞིན་དུ་ཡུམ་ནི་བུད་མེད་ཐ་ཤལ་གྱི་མངལ་དུ་འཇུག་པ་མ་ཡིན་པའི་ཕྱིར་དང་། གང་


JLAZ006_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཚེ་རབས་མང་པོར་སངས་རྒྱས་ཀྱི་ཡུམ་དུ་སྨོན་ལམ་ཐེབས་ཤིང་ཟླ་བ་བཅུར་རུམ་འཛིན་པར་ནུས་པ་དེའི་མངལ་དུ་འཇུག་པར་དགོངས་ནས་ཡུམ་ལྷ་མོ་སྒྱུ་འཕྲུལ་མ་ལ་གཟིགས་སོ། །རྒྱུད་ནི་སྔོན་ཡུལ་གྲུ་འཛིན་ཅེས་བྱ་བར་རྒྱལ་པོ་བརྒྱ་ཐམ་པ་བྱུང་བའི་ཐ་མ་རྣ་བ་ཅན་གྱི་བུ་གོའུ་ཏམ་དང་། བྷ་ར་དྷྭ་ཛ་གཉིས་ལས་སྔ་མ་རབ་ཏུ་བྱུང་ནས་ལོ་མའི་སྐྱིལ་བུ་ཡིད་དུ་འོང་བའི་བསམ་གཏན་གྱི་ཁང་བུར་གནས་བཅས་པ་ན། །གཡོན་ཅན་པདྨའི་རྩ་ལག་དང་བཟང་མོ་དགའ་མགུར་སྤྱོད་པའི་དུས་ལས་ཡོལ་བས། བཟང་མོ་བསད་པའི་རལ་གྲི་ཁྲག་ཅན་ལོ་མའི་སྤྱིལ་བུའི་ཉེ་འདབས་སུ་བོར་བའི་རྐྱེན་གྱིས་གོའུ་ཏམ་གསལ་ཤིང་གི་རྩེ་ལ་ཆད་པའི་མནར་བའི་དུས་དྲང་སྲོང་མདོག་ནག་གི་རྫུ་འཕྲུལ་ལས་གྲུ་ཆར་གྱི་ཐིགས་པ་དང་། དྲི་བཞོན་ལུས་ལ་རེག་པའི་རྐྱེན་གྱིས་འདོད་པའི་གནས་རྗེས་སུ་དྲན་པའི་ཡིད་ཀྱི་ཤིང་རྟས་དྲངས་ཏེ་ཁམས་ཀྱི་དངས་མ་གཉིས་ས་ལ་ལྷུང་བ་སྒོ་ང་གཉིས་སུ་གྱུར་ཏེ། དེ་ཉི་མའི་འོད་ཀྱིས་བསྐྱངས་པས་ཁྱེའུ་གཉིས་སུ་གྱུར་པ་བུ་རམ་ཤིང་གསེབ་ཏུ་ཞུགས་པས་མིང་ལ་བུ་རམ་ཤིང་པར་གྲགས་པའི་བརྒྱུད་ལ་གཟིགས་སོ། །ཕྱིས་བརྒྱུད་པ་དེ་ལ་མནོལ་ཤོར་བས་དེ་འདྲ་ཕོད་པ་ཅེས་པའི་སྐད་དོད་ཤཱཀྱའི་རིགས་སུ་གྲགས་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔས་གཟིགས་པ་ལྔ་ལ་གཟིགས་ཏེ་དགའ་ལྡན་ནས་འཕོ་འཇུག་གི་རྣམ་པས་ལྷ་དག་དགའ་བར་བྱེད་པའི་


JLAZ006_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་བསྟན་ནས་ལྷའི་འཁོར་རྣམས་ཆོས་ཀྱི་ལམ་ཡང་དག་པར་བཙུད་དོ། །དེ་ནས་ཁོ་བོ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་འཛམ་བུའི་གླིང་དུ་འགྲོའོ་ཞེས་གསུངས་པ་དང་། ལྷ་དེ་རྣམས་བྱང་ཆུབ་སེམས་དཔའ་དང་བྲལ་བའི་སྡུག་བསྔལ་གྱིས་མནར་ཞིང་ཞབས་ལ་འཇུས་ནས་སྨྲེ་སྔགས་དང་བཅས་ཁྱོད་མི་བཞུགས་ན་དགའ་ལྡན་གྱི་གནས་འདི་སྟོངས་པར་འགྱུར་ལ་སུས་ཆོས་སྟོན་ཅེས་གསོལ་བ་ན། བྱང་ཆུབ་སེམས་དཔའ་བྱམས་པ་འདིས་ཁྱོད་རྣམས་ལ་ཆོས་སྟོན་པར་འགྱུར་རོ་ཞེས་གསུངས་ནས་རང་གི་དབུ་རྒྱན་མ་ཕམ་མགོན་པོའི་དབུ་ལ་བསྐོན་ནས་རྒྱལ་ཚབ་ཏུ་དབང་བསྐུར་རོ། །སླར་ཡང་ལྷ་རྣམས་ཀྱིས་འདི་སྐད་དུ་འཛམ་བུའི་གླིང་ན་དེང་སང་རྟོག་གེ་བ་དྲུག་གསུམ་བཅོ་བརྒྱད་ཀྱིས་མ་རུངས་པར་བགྱིད་པས་གཟིགས་པའི་སྐབས་མ་ལགས་སོ་གསོལ་བས། ཉི་མའི་འོད་ཀྱིས་འོད་གཞན་ལྟར་ཟིལ་གྱིས་གནན་པར་ནུས་སོ་ཞེས་བཀའ་སྩལ་ཏོ། །དེ་ནས་དུས་ལ་བབ་པ་ན་ལྷ་རྣམས་ལ་བདག་ཉིད་མའི་མངལ་དུ་ཇི་ལྟ་བུས་འཇུག་པར་བྱ་ཞེས་དྲིས་པ་ན། དེ་དག་ན་རེ། ཚངས་པ་དང་། བརྒྱ་བྱིན་དང་། ཉི་ཟླ་དང་། ཁྱེའུ་དང་། མཁའ་ལྡིང་ལ་སོགས་པའི་ཆ་བྱད་ཀྱིས་འཇུག་པར་རིགས་སོ་ཞེས་ཕྱོགས་སུ་ལྷུང་བ་ལས། ལྷའི་བུ་གཟི་བརྗིད་དམ་པ་ཕྱིར་མི་ལྡོག་པ་དེ་ན་རེ། བྲམ་ཟེའི་རིག་བྱེད་ལས། གླང་ཆེན་དམ་པ་


JLAZ006_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཆེན་མཆོག་གྱུར་པ། །མཆེ་བ་དྲུག་ལྡན་གསེར་གྱི་དྲྭ་བས་གཡོགས། །མགོ་བོ་རབ་ཏུ་དམར་ཞིང་ཤིན་ཏུ་མཛེས། །འགྲམ་བཟང་ཟག་ཅིང་གཟུགས་བཟང་ལྡན་པའོ། །ཞེས་འབྱུང་བ་ལྟར་སྤྲུལ་ཏེ་གཤེགས་པར་རིགས་སོ་ཞེས་གསོལ་བ་བཞིན་འཇུག་པར་དགོངས་སོ། །དེ་ནས་ལྷུམས་སུ་ཞུགས་པའི་མཛད་པ་ནི། དེའི་ཚེ་ཟས་གཙང་མའི་ཁྱིམ་དུ་ས་གཞི་ལག་མཐིལ་ལྟར་སྙོམས་ཤིང་རྡུལ་དང་བྲལ་ལ་སྲོག་ཆགས་མེད་ཅིང་མེ་ཏོག་བཀྲ་བ་ལ་སོགས་པའི་ལྟས་བཟང་པོ་བརྒྱད་བྱུང་ངོ། །དེར་རྒྱལ་པོ་ལེགས་པར་བསད་ཀྱི་བུ་མོ་ཟས་གཙང་མའི་བཙུན་མོར་གྱུར་བ་སྒྱུ་འཕྲུལ་མའམ། སྒྱུ་མ་ལྷ་མཛེས་བྱུག་པས་བྱུགས། རྒྱན་གྱིས་བརྒྱན། བུད་མེད་སྟོང་ཕྲག་བཅུས་བསྐོར་ཏེ་ཟས་གཙང་མའི་རོལ་མོའི་ཁང་བཟང་དུ་ཁྲི་བཟང་པོ་ལ་འདུག་ནས་ཡན་ལག་བརྒྱད་དང་དགེ་བ་བཅུའི་ཁྲིམས་ལ་བག་ཡོད་པར་གནས་པའི་ཕྱིར་ཟས་གཙང་མ་ལ་གནང་བ་ཞུས་ནས་ངང་སྐྱ་ལྡན་དུ་སོང་སྟེ་རིན་པོ་ཆེའི་ཁྲི་ལ་མལ་སྟན་བཤམས་པའི་སྟེང་དུ་གཙུག་གི་ནོར་བུ་གློད་ནས་འདུག་གོ །དེ་ལ་ལྷུམས་སུ་ཞུགས་པ་ནི་ཇི་སྐད་དུ། གསེར་གྱི་དྲྭ་བས་ལེགས་གཡོགས་སྤྱི་གཙུག་དམར། །ཐལ་ཀར་མཆེ་བ་དྲུག་དང་རབ་ལྡན་ཞིང་། །དུང་དང་ཁ་བ་དངུལ་མདོག་ལྟ་བུ་ཡི། །གླང་པོའི་མཆོག་གཅིག་ཁོང་དུ་སོང་སྙམ་བྱེད། །དེ་ཞུགས་ནས་ནི་བདག་གི་ལུས་དང་སེམས། །


JLAZ006_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཆད་མཐོང་ཐོས་མྱོང་བར་མ་གྱུར་བའི། །གྱ་ནོམ་བདེ་བས་ཤིན་ཏུ་བདེ་གྱུར་ཏེ། །བསམ་གཏན་མཉམ་པར་བཞག་པ་བཞིན་དུ་གྱུར། །ཅེས་པ་ལྟར་ལྷའི་ཚོགས་རྣམས་ཀྱིས་རོལ་མོའི་བྱེ་བྲག་མང་པོས་མདུན་བདར་ནས་ས་ཁམས་ཨེ་ཌའི་ཟླ་བའི་ཕུང་པོ་སྟེ། དུས་འཁོར་བའི་དབྱར་འབྲིང་ཆུ་སྟོད་ཀྱི་ཉ་བའི་མཚན་མོའི་གུང་ཐུན་ལ་བབ་པའི་ཚེ། གླང་པོ་མཆོག་གི་རྣམ་པས་ཡུམ་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་ཞུགས་སོ། །ལྷུམས་དེ་ཡང་རྒྱལ་སྲས་རྣམས་ཀྱིས་ཉེ་བར་སྤྱད་པ་རིན་པོ་ཆེའི་བཀོད་པ་ཞེས་བྱ་བའི་གཞལ་མེད་ཁང་རང་བྱུང་དུ་བྱིན་གྱིས་བརླབས་ནས་ལྷ་མི་ཁྲི་ཕྲག་སུམ་ཅུ་རྩ་དྲུག་སྨིན་པར་མཛད་དོ། །དེའི་ཚེ་ཡུམ་ལ་རྨི་ལྟས་ཁྱད་པར་ཅན་བཞི་བྱུང་ཞིང་ས་རྣམ་པ་དྲུག་ཏུ་གཡོ་བ་ལ་སོགས་ལྟས་བཟང་པོས་ཀུན་ཏུ་ཁྱབ་པར་བརྡལ་ལོ། །སྐུ་བལྟམས་པའི་མཛད་པ་ནི། དེར་རུམ་དུ་ཟླ་བ་བཅུ་བཞུགས་ནས་དུས་ཚོད་གང་ལ་བཙས་ནི་འདུལ་བ་ལས། བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གསོལ་བ། བཅོམ་ལྡན་འདས་ཟླ་བ་གང་ལ་བཙས། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔྱིད་ཟླ་ཐ་ལ་བཙས་སོ། །ཞེས་སོ། །འདིར་གཟའ་སྐར་གྱི་འཐད་པ་ལྟར་དྲག་པོ་ལྕགས་སྤྲེའུ་དཔྱིད་ཟླ་ཐ་ཆུང་ས་ག་ཟླ་བའི་ཚེ་བདུན་ལ་བཙའ་བའི་དུས་ལ་བབ་པ་ན། ཟས་གཙང་གི་སྐྱེད་ཚལ་དུ་མེ་ཏོག་ལ་སོགས་པ་ལང་ཚོ་མཆོག་


JLAZ006_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བདེ་བའི་རྣམ་འགྱུར་སྟོན་པ་ལ་སོགས་ལྟས་བཟང་པོ་སུམ་ཅུ་རྩ་གཉིས་བྱུང་བས་ཡུམ་གྱིས་བཙའ་བར་མཁྱེན་ཏེ། དགོས་པ་ཁྱད་པར་ཅན་དང་ལྡན་པར་དགོངས་ནས་འཁོར་དཔག་ཏུ་མེད་པ་དང་བཅས་ལུམ་པའི་ཚལ་དུ་གཤེགས་སོ། །དེར་བདེ་བར་བཙའ་ཕྱིར་ཡུམ་གྱིས་ཕྱག་གཡས་བརྐྱངས་ཏེ་པ་ལཀྵའི་ཡལ་ག་ལ་འཇུས། རྩིབ་ལོགས་གཡས་ནས་ཡུམ་ལ་གནོད་པ་མེད་པར་ན་བཟའ་དང་བཅས་སྐྱེ་བ་རྣམ་པ་བཅུ་དང་ལྡན་པས་བལྟམས་པ་དང་ཆབས་ཅིག་ཏུ་བདུད་སྦ་བཀོང་བ་དང་རེག་ན་བདེ་བའི་འོད་ཟེར་གྱིས་སྣང་བས་གང་བར་བྱས་སོ། །དེའི་ཚེ་ཚངས་པ་དང་བརྒྱ་བྱིན་གྱིས་ཀ་ཤི་ཀའི་སླེ་མོས་བླངས་པ་ན་དེ་དག་གི་དྲེགས་པ་བྲག་སྒོ་བས་ཐང་ཡིག་ལ་བརྒལ་བ་བྱེད་པའི་ཚེ་དེ་བཞིན་གཤེགས་པ་རྩིབ་ལོགས་ནས་བལྟམས་པས་མངལ་སྒོམ་འགྲིམ་ཟེར་བ་ནི་ཤིན་ཏུ་མགོ་བའི་རྣམ་འགྱུར་ཏེ། སྟོན་པ་དྲང་སྲོང་ཆེན་པོས། མངལ་ཁ་བྱེ་ནས་ཞག་ནི་བཅུ་གཉིས་བར། ཞེས་དུས་སྐབས་དེར་ཕོ་མོའི་འདུ་འཕྲོ་དོའི་ཡིད་འཇུག་པར་བྱེད་ཅིང་། འཇུག་ཡུལ་ནི་མའི་རུམ་ཁོ་ན་ཡིན་ཡང་ཁྱོད་ཀྱིས། །དེ་མེད་ཀྱི་མཚན་མ་ཡིན་པར་གོ་ནས་རྩིབ་ལོགས་ནས་བལྟམས་པ་ཡིན་གྱིས་མངལ་ལས་མ་སྐྱེས་སོ། །ཞེས་སྨྲ་བ་ཧ་ཅང་ཐལ་བའི་ཚིག་གོ །འཇོམས་ཕྱིར་གང་གི་སྐུ་རྡོ་རྗེའི་རང་བཞིན་དུ་སྤྲུལ་པ་ལ་སོགས་པའི་རྫུ་འཕྲུལ་མཐའ་ཀླས་པར་བསྟན། ལྷ་ཀླུ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་ཅིང་ཁྲུས་གསོལ། ས་ཡང་རྣམ་པ་དྲུག་ཏུ་གཡོས། རྩི་ཤིང་ཐམས་ཅད་ཀྱི་འདབ་མ་རྒྱས་ཤིང་འབྲས་བུ་ཆགས། ཕྱོགས་བཞིར་གོམ་པ་བདུན་


JLAZ006_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བོར་ནས་སེང་གེའི་ང་རོ་གྲགས་པས་གོམ་པའི་ཤུལ་དུས་ལྷས་ཕུལ་བའི་པདྨ་བདུན་བདུན་སྐྱེས་ཤིང་ལྷ་རྣམས་ཀྱིས་ཀྱང་བསྟོད། དེའི་ཚེ་དགའ་བོ་དང་བཟང་ལྡན་ལ་སོགས་པ་ཡ་རབས་ཀྱི་མི་ལྔ་བརྒྱ་དང་། ཤཱཀྱ་འབྲུམ་ཕྲག་ལྔ། འདུན་པ་ལ་སོགས་པའི་འབངས་བརྒྱ་ཕྲག་བརྒྱད། གྲགས་འཛིན་མ་ལ་སོགས་ཤཱཀྱའི་བུ་མོ་ཁྲི། འདུན་མ་སོགས་བྲན་མོ་བརྒྱད་བརྒྱ། རྒྱལ་རིགས་དང་བྲམ་ཟེ་ཁྱིམ་བདག་གི་བུ་མོ་ཉི་ཁྲི། ཆིབས་བསྔགས་ལྡན་ལ་སོགས་རྟ་མཆོག་ཕོ་མོ་ཉི་ཁྲི། གླང་པོ་མཆོག་ཁྲི། བ་ལང་དྲུག་སྟོང་རྣམས་ཀྱང་བཙས། གླིང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང་སྐྱེད་ཚལ་ལྔ་བརྒྱ་ཡང་བྱུང་བས་རྒྱལ་པོ་ཟས་གཙང་གིས་དོན་ཐམས་ཅད་གྲུབ་པའི་སྒྲ་ལས་བསྙད་དེ་རྒྱལ་བའི་མཚན་གཞོན་ནུ་དོན་གྲུབ་ཏུ་བཏགས། དེའི་ཚེ་ཁམས་ཀྱི་རྒྱལ་ཕྲན་བཞི་ལ་བུ་བཙས་པར་གྲགས་པ་འདི་ལྟ་སྟེ། མ་ག་དྷཱའི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་རྒྱལ་པོ་པདྨ་ཆེན་པོའི་བུ་གཟུགས་ཅན་སྙིང་པོ། ཀོ་ས་ལའམ། མཉན་ཡོད་ན་རྒྱལ་པོ་རྩིབས་ཀྱི་འབུར་ཚངས་བྱིན་གྱི་བུ་གསལ་རྒྱལ། གྲོང་ཁྱེར་འཕགས་རྒྱལ་ལམ་རྡོ་མཆོག་ཏུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་རབ་སྣང་། ཀཽ་ཤམྦྷིར་དམག་བརྒྱ་པའི་བུ་ཤར་བ་སྟེ། སོ་སོ་ན་འོད་ཟེར་གྱི་སྣང་བ་བྱུང་བ་དག་རང་རང་གི་བུའི་ལྟས་སུ་རློམ་ཞིང་མིང་དེ་སྐད་དུ་བཏགས་ཏེ། མཚན་མ་མཁན་ལ་གཞོན་ནུ་གང་ཞིག་གོ་ཞེས་དྲིས་པས་ཕོ་བྲང་དུ་བཞུགས་ན་འཁོར་


JLAZ006_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་སྒྱུར་བའི་རྒྱལ་པོ་དང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ་ཞེས་ལུང་བསྟན། བལྟམས་ནས་ཞག་བདུན་ན་ཡུམ་སྐུ་ཚེ་བཏང་བ་སུམ་ཅུ་རྩ་གསུམ་དུ་ཉིང་མཚམས་སྦྱར། བཙས་མ་ཐག་ནས་གང་གི་སྲུ་མོ་སྒྱུ་འཕྲུལ་མ་ཆུང་བའམ། ཕྱིས་ནས་སྐྱེ་དགུའི་བདག་མོར་གྲགས་པ་དེ་ཉིད་གཙོ་མོར་གྱུར་བའི་པང་ན་འཚོ་བ། ནུམ་སྣུན་པ།བརྩེ་གྲོགས། དྲི་མ་འཁྲུད་སྟེ་མ་མ་བརྒྱད་ཚན་བཞི། སྤྱིར་བསྡོམས་པས་སུམ་ཅུ་རྩ་གཉིས་ལ་གཏད་ནས་བསྐྱེད་བསྲིངས་སོ། །དེ་ནས་སེར་སྐྱའི་གཞིར་བྱོན་པ་ན་ཤཱཀྱའི་ཚོགས་མང་པོ་ཞིག་འདུས་པར་གྱུར་བའི་ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་རྩུབ་པ་དེ་བྱང་ཆུབ་སེམས་དཔའ་ཐུབ་པ་ཞེས་གནས་པ་དང་གྲོང་ཁྱེར་དེར་ཤིང་རྟ་ལ་སོགས་པའི་སྒྲ་བཅུ་གཉིས་རྟག་ཏུ་སྒྲོགས་པས་སྐྲག་པར་བྱེད་ཀྱང་གཞོན་ནུ་བཞུགས་པའི་མོད་ལ་མི་བསྲུན་པའི་སྒྲ་དེ་དག་ཉེ་བར་སིམ་ཞིང་ཐུབ་པ་ལྟར་དུ་གནས་པས་ཤཱཀྱ་ཐུབ་པར་གྲགས་སོ། །དེའི་ཚེ་ཤཱཀྱའི་རིགས་ལ་ཁྱེའུ་ཕོ་མོ་གང་བཙས་ཀྱང་ཤཱཀྱ་རྣམས་ཀྱིས་ལྷ་ལྟར་བཀུར་བའི་གནོད་སྦྱིན་ཤཱཀྱ་འཕེལ་ཞེས་གཉུག་མར་གནས་པ་ཞིག་ཡོད་པ་དེར་ཕྱག་བྱ་དགོས་པ་བྱེད་པར་བརྩམས་ཚེ། དེའི་བྱང་ཆུབ་སེམས་དཔའ་རང་གནས་དང་ཉེ་བར་བྱོན་པ་མཐོང་མ་ཐག་ཕྱིར་བྱུང་ནས་སྔོན་དུ་བསྲུས་ཤིང་ཕྱག་བྱས་པས་ལྷའི་ཡང་ལྷར་མཚན་ཐོགས་སོ། །དེའི་ཚེ་ཤཱཀྱ་རྣམས་གཞོན་ནུ་འཁོར་ལོས་སྒྱུར་བ་དང་


JLAZ006_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་གང་དུ་འགྱུར་སྙམ་དུ་ཚོམ་པ་ན། རི་བོ་ཀུན་འཛིན་གྱི་དྲང་སྲོང་ཉོན་མོངས་མེད་ཀྱིས་མཚན་མ་བརྟགས་ཤིང་དཔྱད་ནས་སྔར་ལུང་སྟོན་པའི་བྲམ་ཟེ་རྣམས་ཀྱི་ངག་མ་ཡིན་པར་སུན་ཕྱུང་ནས་ཐེ་ཚོམ་གྱི་དྲྭ་བ་བཅད་པ་ནི། ས་བདག་རྟོག་པ་པོ་རྣམས་བློ་འཕྲུལ་ཏེ། རྩོད་པའི་དུས་ན་འཁོར་ལོས་སྒྱུར་མི་འབྱུང་། །བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། །ཉེས་ལས་རྣམ་རྒྱལ་སངས་རྒྱས་ཉིད་དུ་འགྱུར། །ཅེས་ཟེར་ཞིང་ཇི་ལྟར་རབ་ཏུ་འབྱུང་བ་དང་། དཀའ་བ་སྤྱད་པ། སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་མངོན་པར་འདུ་ཤེས་ཀྱང་དེའི་ཚེ་དྲང་སྲོང་རང་ཉིད་འཚོ་བའི་འདུ་བྱེད་གཏོང་བར་ཤེས་ནས་ཡིད་དུབ་པའི་རྣམ་འགྱུར་དང་བཅས་གཞོན་ནུ་ལ་ཕྱག་དང་བསྐོར་བས་བཏུད་དེ་རང་གནས་སུ་བཞུད་དོ། །སླར་གཞོན་ནུ་དགུང་ལོ་ལྔ་པར་དབུ་སྐྲ་བྲེགས། དྲུག་པར་གཙུག་ཕུད་བཞག་ནས་མ་མའི་པང་ན་འཚོ་བའི་ཚེ་གསེར་གཞོད་དུ་འབྲས་ཆན་ཤར་བསྲེགས་པ་གསོལ་བ་མ་མས་བཀག་ཀྱང་མ་ཐུབ་པ་ན། གླང་པོ་ཆེ་ལྔ་བརྒྱ་ལ་སྣོད་དེ་བཏགས་ནས་འཕྲོག་པར་བརྩམས་པ་ལས་མཛུབ་མོས་གླང་ཆེན་དེ་ཚུར་དྲངས་པས་དེ་ལྟ་ན་འདིའི་ལག་པ་གཉིས་ཀས་ནི་གླང་པོ་ཆེ་སྟོང་ཡང་ཐུབ་བོ་ཞེས་བསྒྲགས་པས། གླང་པོ་སྟོང་ཐུབ་སྟེ་མཚན་རྣམ་པ་བཞིར་ཐོགས། མདུན་ན་འདོན་དག་གིས་རྒྱན་ཇི་སྙེད་ཅིག་སྒྲོན་ཀྱང་བྱང་


JLAZ006_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་གཟི་བྱིན་གྱིས་རྒྱན་དེ་དག་མོག་མོག་པོར་གྱུར་ལ། དེའི་ཚེ་ཚལ་དེ་ལ་གནས་པའི་ལྷ་མོས་གཟུགས་བསྟན་ནས་འདི་ལ་ནི་རང་བཞིན་གྱིས་སྤྲས་པའི་རྒྱན་མཛེས་ཀྱི་བཅོས་མའི་རྒྱན་ནི་མི་མཛེས་སོ་ཞེས་ཟེར་ནས་མི་སྣང་བར་གྱུར་ཏོ། །བཟོའི་གནས་ལ་མཁས་པའི་མཛད་པ་ནི། །སྔོན་གྱི་སྦྱངས་སྟོབས་བསྟན་པའི་ཕྱིར། །ཡིག་མཁན་ཀུན་གྱི་བཤེས་གཉེན་དང་། །སྲིན་བུ་གོ་ཆ་དང་ཞང་པོ་ལྷར་བཅས་སོགས་ལས་ཡི་གེ་དང་། རྩིས་དང་། རོལ་རྩེད་ལ་སོགས་བསླབ་པ་ལྟར་མཛད་པའི་ཚེ། ཡི་གེ་གཅིག་ནས་ལྔ་བརྒྱའི་བར་ཕུལ་བས་དེ་དག་ནི་ཤེས་ཀྱི་པདྨའི་སྙིང་པོ་ལ་སོགས་ཡིག་རིགས་དྲུག་ཅུ་རྩ་བཞི་པོ་ལས་གང་སློབ་སུངས་པས་སློབ་དཔོན་གྱིས་དེའི་མིང་ཙམ་ཡང་མ་ཤེས་པར་ཁེངས་པ་སྐྱུར་ཞིང་ངོ་མཚར་གྱི་གནས་ལ་བཀོད། ཡང་གཞོན་ནུས་ཡི་གེ་བྲིས་ནས་འདིའི་མིང་ཅི་ཡིན་སྨྲོས་ཤིག་སོགས་གསུངས་པ་ན་དེ་དག་གིས་མ་འཚལ་བས་སློབ་དཔོན་རྣམས་ཀྱང་ཟིལ་གྱིས་མནན་ཅིང་བྱིས་པ་ཁྲི་དང་བཅས་བྱང་ཆུབ་ཀྱི་ལམ་ལ་བཀོད། ཞང་པོ་བཟང་ལེན་གྱིས་གླང་པོའི་གཉར་ཞོན་པ་དང་། འཇིག་རྟེན་གྱི་འཕོང་གནས་ལྔ་སོགས་བསླབས་པ་ན། དེ་ལས་བརྒལ་བའི་འཕོང་ཐབས་གཞན་བསྟན་པས་དེ་དག་སྐྱེངས་ཤིང་ངོ་མཚར་གྱི་ལྟད་མོ་ལ་སྦྱར། །དེ་བཞིན་དུ་བཟོ་དང་རྐྱལ་སོགས་མཐའ་ཀླས་ཤིང་གཏུགས་པ་མེད་པའི་སྒྱུ་རྩལ་གྱི་གནས་ཐམས་ཅད་ལ་འགྲན་ཟླ་དང་བྲལ་བར་གྱུར་


JLAZ006_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དགུང་ལོ་བཅུ་དྲུག་ལོན་ཚེ་མཚན་མཁན་གྱིས་ལུང་བསྟན་པ་ལྟར་ཁཱ་བཞེས་པར་རིགས་སོ་ཞེས་ཤཱཀྱ་རྒན་རབས་རྣམས་ཀྱིས་ཡབ་ལ་བསྐུལ་བ་དང་། ཡབ་ཀྱིས་གཞོན་ནུ་ལ་དྲིས་པས་མ་གནང་ངོ། །སླར་ནན་གྱིས་གསོལ་བས་བུད་མེད་གཟུགས་མཛེས་ལ་སྐྱོན་ལྔ་དང་བྲལ་ཞིང་ཡོན་ཏན་བརྒྱད་དང་ལྡན་པ་བྱུང་ན་སེམས་ཅན་སྨིན་པར་བྱ་བའི་ཕྱིར་བགྱིའོ་ཞེས་ཡི་གེར་བྲིས་ནས་ཡབ་ལ་ཕུལ་བས། ཡབ་ཀྱིས་མདུན་ན་འདོན་རྣམས་ལ་དེ་ལྟ་བུའི་བུད་མེད་ལྟོས་ཤིག་ཅེས་བསྔགས་པ་ལྟར་བྲམ་ཟེའི་རིགས་ཤིག་རྟོག་ཏུ་བཏང་བས། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ཐམས་ཅད་སྐྱོང་ལ་ཡོན་ཏན་དེ་དག་ཚང་ཞིང་། བུ་མོས་ཀྱང་རང་ཉིད་ལ་ཡོན་ཏན་དེ་དག་ཚང་བར་ཁས་བླངས་ནས་བཙུན་མོ་བགྱི་བར་དམ་བཅས། ཕྱི་བཤོལ་མི་བྱེད་པའི་བརྡས་ཀྱང་བསྐུལ་ལོ། །དེར་བྲམ་ཟེས་ཡབ་ལ་རྒྱུ་མཚན་གསོལ་བས། ཡབ་ན་རེ་བུད་མེད་འདི་འཕྲུལ་ཆེ་བས་གཞོན་ནུ་གང་ལ་དགའ་བལྟ་བར་བྱ་སྙམ་ནས་རྒྱལ་བུ་བུ་མོའི་ཚོགས་ལ་སྦྱིན་པ་བྱེད་དུ་འཇུག་པས་འདུས་ཤིག་ཅེས་དྲིལ་བསྒྲགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་གླང་པོ་སྟོང་ཐུབ་ཁྲིར་འདུག་ནས་བུ་མོའི་ཚོགས་ལ་སྦྱིན་པ་རིམ་པར་བྱིན་པས་བུ་མོ་གཞན་རྣམས་སྦྱིན་པ་བླངས་ནས་མྱུར་བ་ཉིད་དུ་ལོག་གོ །དེར་སྦྱིན་པའི་དངོས་པོ་སྟ་གོན་བྱས་པ་རྣམས་མཛད་པ་དང་། ཐམས་ཅད་སྐྱོང་ངམ། གྲོགས་འཛིན་མ་བྱུང་ནས་གཞོན་ནུ་ལ་མིག་ཟུག་པར་བལྟ་


JLAZ006_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བདག་ལ་སྦྱིན་པའི་ཡོ་བྱད་མི་ལུས་པ་ཅི་ཞིག་གིས་ནོངས་ཞེས་ཡུས་པའི་ཚིག་ཏུ་སྨྲས་པས། རྒྱལ་བུས་ཁྱོད་རང་འཕྱིས་སོ་ཞེས་ཚིག་གིས་བཀྲོལ་ཏེ། ཕྱག་གི་སོར་གདུབ་གསེར་སྲང་བརྒྱ་སྟོང་རི་བ་བསྟན་པས་བུ་མོས་ཕྱག་ལས་ཕྱུང་སྟེ་འདི་ཙམ་ལས་ཅིས་མི་སྩོལ་ཞེས་བསྙད་པས། རྒྱལ་བུས་འདོད་ན་རྒྱན་གཞན་དག་ཀྱང་ཁྱེར་ཅིག་བསྒོ་བ་ན། དེས་མགུལ་བ་ནས་མུ་ཏིག་གི་ཕྲེང་བའང་བཀྲོལ་ཏེ་སོང་བས་རྒྱལ་བུའི་ཐུགས་ཕྲོག་པར་དགོངས་སོ། །དེར་ཡབ་ཀྱིས་ཤཱཀྱ་ལག་ན་བེ་ཅོན་ལ་ཁྱོད་ཀྱི་བུ་མོར་གཞོན་ནུ་སྤྱན་ཆགས་ཀྱིས་བཙུན་མོར་བྱིན་ཅིག་ཅེས་སྨྲས་པས། དེས་བདག་གི་རིགས་ནི་སྒྱུ་རྩལ་དང་གྱད་ཀྱི་འཛིན་སྟངས་ཤེས་པ་ལ་བྱིན་གྱི་གཞན་དུ་མ་ཡིན་ནོ། །ཞེས་ཁེངས་པས་ཡབ་ངོ་གནག་པར་འགྱུར་ཏོ། །དེ་ལ་གཞོན་ནུས་གསོལ་བ། ལྷ་གྲོང་ཁྱེར་ན་བདག་དང་སྒྱུ་རྩལ་འགྲན་ནུས་པ་མཆིས་སམ་ཞུས་ནས་རྔོ་ཐོགས་པར་ཞལ་གྱིས་བཞེས་པས། རྒྱལ་པོས་ཤཱཀྱའི་གྲོང་ཁྱེར་ཆེན་པོར་སྒྱུ་རྩལ་འགྲན་པ་ལ་ཚོགས་ཤིག་ཅེས་དྲིལ་བསྒྲགས་སོ། །དེར་སུ་སྒྱུ་འཕྲུལ་མའི་བུ་གཅུད་མཛེས་དགའ་བོ་དང་། བདུད་རྩི་ཟས་ཀྱི་བུ་ལྷས་སྦྱིན། ལག་ན་བེ་ཅོན་གྱི་བུ་མདའ་ཐོགས་སོགས་ཤཱཀྱའི་བུ་ང་རྒྱལ་གྱིས་དྲེགས་པས་འགྱིང་བ་དང་། མདུན་ན་འདོན་གྱི་བུ་འཆར་ཀ་སོགས་སྟོབས་ལྡན་མཐའ་ཡས་པ་སྒྱུ་རྩལ་འགྲན་པའི་ཕྱིར་ཚོགས་སོ། །ཚོགས་ནས་སུ་སྒྱུ་རྩལ་ཕུན་སུམ་ཚོགས་པ་དེས་གྲགས་འཛིན་མ་བདག་གིར་བྱེད་པར་དམ་བཅས་སོ། །


JLAZ006_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དེའི་ཚེ་ཡངས་པ་ཅན་དུ་གླང་པོ་ཆེ་ཁྱད་པར་ཅན་ཞིག་བཅོས་པ་ལི་ཙ་བྱི་རྣམས་ཀྱིས་དེ་ཉིད་གཞོན་ནུ་དོན་གྲུབ་ཀྱི་མཐུ་ལས་བྱུང་བར་ཤེས་ནས་དབུལ་བའི་ཕྱིར་གྲོང་ཁྱེར་སེར་སྐྱའི་སྒོར་ཕྱོགས་པ་དང་། ལྷས་བྱིན་གྲོང་ཁྱེར་ནས་བྱུང་བ་ཕྲད་དེ་གླང་འདི་སུའི་སྨྲས་པས། དེ་དག་གིས་སྔར་གྱི་རྒྱུ་མཚན་བརྗོད་པས་ལྷས་བྱིན་ཕྲག་དོག་དང་སྟོབས་ཀྱིས་དྲེགས་པའི་སྙིང་གི་ཚེར་མར་གྱུར་ཏེ། ལག་པ་གཡོན་པས་གླང་གི་གཉའ་ནས་བཟུང་། གཡས་པའི་ཐལ་མོས་བསྣུན་ནས་གླང་བསད་དེ་ཅི་གཞོན་ནུ་གྲུབ་འཁོར་ལོས་སྒྱུར་བར་མ་གྱུར་བར་གླང་པོ་ཆེ་གང་གིས་སླད་དུ་འབུལ་ཞེས་སྦྱོར་བར་བྱེད་དོ། །དེར་གཅུང་མཛེས་དགའ་བོ་བྱུང་ནས་ལྷས་བྱིན་གྱི་དྲེགས་པ་དང་མཐུ་སད་པའི་ཕྱིར་མཇུག་མ་ནས་བཟུང་སྟེ་སྒོ་ཁང་ནས་གོམ་བདུན་བོར་རོ། །ཕྱི་ནས་བྱང་ཆུབ་སེམས་དཔས་བྱོན་ཏེ་གཉིས་ཀའི་མཐུ་སད་ཕྱིར་ཤིང་རྟ་ལས་མ་བབས་བཞིན་དུ་ཞབས་གཡས་ཀྱིས་མཐེ་བོས་མཇུག་མ་ནས་བཟུང་སྟེ་གྲོང་ཁྱེར་ལས་རྒྱང་གྲགས་གཅིག་གི་སར་དོར་བས་ས་གཤོང་བུར་སོང་བ་དང་གླང་བོའི་གཤོང་དུ་གྲགས་ལ། དེར་དད་པ་ཅན་གྱིས་མཆོད་རྟེན་བརྩིགས་ཤིང་ལྷ་རྣམས་ཀྱིས་ཀྱང་ཚིགས་སུ་བཅད་པས་བསྟོད་དོ། །དེ་ནས་སྒྱུ་རྩལ་གྱི་འགྲན་ཟླ་རྣམས་དང་ལྟད་མོ་ལ་ལྷགས་པའི་སྐྱེ་བོའི་ཚོགས་ཐམས་ཅད་གྲོང་ཁྱེར་ལས་འཐོན་ཏེ། དབང་པོ་བཀོད་ནས། ཡི་གེ་དང་། གྲངས་དང་། རྩིས་དང་། མཆོངས་དང་། རྐྱལ་དང་། བང་དང་བསྒྱེལ་ལ་སོགས་སྒྱུ་རྩལ་གྱི་


JLAZ006_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྱུར་ལ་འགྲན་པས། བྱང་ཆུབ་སེམས་དཔའ་ལ་སུས་ཀྱང་གླགས་ལྟ་བའི་སྐབས་མ་རྙེད་པས་ལྷ་མི་ཐམས་ཅད་ཨེ་མ་ཨ་ལ་ལ་ཞེས་བསྟོད་ཅིང་བསྔགས་པར་བྱེད་དོ། །དེ་ནས་འཕོང་སྟེ་མདའ་འབེམ་ལ་འཕེན་པ་ལ་ཞུགས་པས་དམངས་ཀྱིས་གཅིག་པ་དང་གཉིས་པ། ལྷས་བྱིན་གྱིས་གསུམ། གཅུང་དགའ་བོས་ལྔ། བྱང་ཆུབ་སེམས་དཔས་བདུན་ཏིལ་མར་ཕུག་པས་འགྲན་ཟླ་མ་རྙེད་དོ། །དེར་གཅོད་ཚབས་འགྲན་པ་ལ་ཞུགས་པས་ལྷས་བྱིན་གྱིས་ལྕགས་རྟ་ལ་གཅིག །མཛེས་དགས་གཉིས། བྱང་ཆུབ་སེམས་དཔས་ཏ་ལ་བདུན་རྔ་ཕག་དང་བཅས་པ་ཏིལ་མར་ཕུག་ནས་ལྕགས་མདའ་ཟུག་སར་ཀླུས་ཕྱུང་ཤུལ་བྱུང་སྟེ་དད་པ་ཅན་གྱིས་མཆོད་རྟེན་ཡང་བརྩིགས་སོ། །ད་རུང་ཤཱཀྱ་གཞོན་ནུ་རྣམས་ང་རྒྱལ་མ་ཞི་བར་བསྐྱར་ནས་འགྲན་པར་བརྩམས་ནའང་ནུས་པ་ཇེ་ཆེར་སོང་བས་སྟོབས་ལྡན་དྲེགས་པས་འགྱིང་བའི་གྱད་ཀྱི་འཛིན་སྟངས་ཅན་ཐམས་ཅད་ཀྱི་ཁེངས་པ་ཟིལ་གྱིས་མནན་ཏེ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་དཔའ་བའི་རུ་མཚོན་བསྒྲེངས་སོ། །བཙུན་མོའི་འཁོར་གྱིས་རོལ་པའི་མཛད་པ་ནི། སླར་ཤིང་རྟ་ལ་ཞུགས་ཏེ་གྲོང་ཁྱེར་སེར་སྐྱར་གཤེགས་པ་ན་མཚན་མཁན་ཕྱིས་བྱུང་བ་དག་གིས་གཞོན་ནུ་འདི་ལོ་བཅུ་གཉིས་སུ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བར་འགྱུར་རོ་ཞེས་བསྔགས་པས། ཡབ་ཀྱི་རྒྱལ་ཚབ་ཏུ་བསྐོས་ཤིང་གྲགས་འཛིན་མ་བཙུན་མོའི་འཁོར་ཉི་ཁྲི་དང་བཅས་ཁབ་ཏུ་བཞེས་སོ། །དེ་བཞིན་དུ་ཤཱཀྱ་དྲིལ་བུ་སྒྲའི་བུ་མོས་འཚེ་མ་ཁང་བཟང་གི་སྟེང་ན་འདུག་


JLAZ006_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞོན་ནུས་ཤིང་རྟའི་སྟེང་ནས་གཟིགས་པས་ཐུགས་སོང་བ་དེ་ཉིད་འཁོར་ཉི་ཁྲི་དང་བཅས་བཙུན་མོར་བསུས་ཤིང་དགའ་མགུར་སྤྱད་དོ། །སླར་ཤཱཀྱ་དུས་ལེགས་ཀྱི་བུ་མོ་རི་དྭགས་སྐྱེས་ཞེས་བྱ་བའི་མཚན་དང་ལྡན་པ་དེས་སྐར་ཁུང་ནས་བལྟ་བར། གཞོན་ནུས་མུ་ཏིག་གི་དོ་ཤལ་འཕངས་པ་བུ་མོའི་མགུལ་བར་འཁྲིལ་བ་དེ་སྐྱེ་བོའི་ཚོགས་ཀྱིས་མཐོང་བ་ཡབ་ལ་ཞུས་པས་རི་དྭགས་སྐྱེས་འཁོར་ཉི་ཁྲི་དང་བཅས་པའང་བསུས་ཤིང་། དེར་བཙུན་མོའི་འཁོར་དྲུག་ཁྲི་དང་བཅས་པའི་ཁར་སྔར་རྒྱལ་པོས་ཕུལ་བའི་ཉི་ཁྲི་བཅས་བརྒྱད་ཁྲིའི་ཚོགས་དང་ལྡན་པའི་བཙུན་མོ་དང་ལྷན་ཅིག་པར་དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་རོལ་ཀྱང་། འདོད་ཡོན་གྱི་སྣང་བ་ལ་སྒྱུ་མའི་ངང་ཚུལ་དུ་མཁྱེན་པས་བདག་ཏུ་འཛིན་པའི་སྐྱོན་གྱིས་མ་གོས་ཤིང་དམ་པའི་སྤྱོད་པ་ལས་ཉམས་པ་མེད་དེ། ངེས་པར་འབྱུང་བའི་མཛད་པ་ནི། དེའི་ཚེ་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་རོལ་མོའི་སྒྲ་ལས་འདི་སྐད་ཅེས་བསྐུལ་ལོ། །འཆི་མེད་མྱ་ངན་མེད་ན་སངས་རྒྱས་ཏེ། སྐོམ་པས་ཉམ་ཐག་བདུད་རྩིས་ཚིམ་བྱ་ཞེས། །སྔོན་གྱི་སྨོན་ལམ་ཚིག་མཆོག་དྲན་གྱིས་ལ། །གྲོང་ཁྱེར་འདི་ནས་མྱུར་དུ་མངོན་པར་བྱུང་། །ཞེས་གསན་པས་ངེས་པར་འབྱུང་བའི་བརྡར་ཤེས་ནས་འདུན་པས་ཤིང་རྟའི་ཁ་ལོ་བ་བྱས་ཏེ་གྲོང་ཁྱེར་གྱི་ཤར་སྒོ་ནས་ཤར་ཕྱོགས་ཀྱི་སྐྱེད་མོས་ཚལ་དུ་བྱོན་པ་དང་། ལམ་ན་ལྷས་སྤྲུལ་པའི་བྲམ་


JLAZ006_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཟེ་མ་གེ་དུང་ལས་དཀར་བ། ལུས་རིད་ཅིང་འདར་བ། རྒས་ཤིང་འཁོགས་པའི་རྣམ་པ་ཅན་གཟིགས་པ་ཅི་ཡིན་ཞེས་དྲིས་པས། ཤིང་རྟའི་ཁ་ལོ་བ་ན་རེ་ལྷ་འདི་ནི་རྒས་པ་ཞེས་བྱའོ། །རྒས་པ་ཞེས་བྱ་བ་ནི་རིང་པོར་མི་ཐོགས་པར་འགུམ་པའོ། །ང་ཡང་རྒསཔའི་ཆོས་ལས་མ་འདས་སམ། །ལྷ་ཡང་བགྲེས་པའི་ཆོས་ལས་མ་འདས་སོ། །ཞེས་ཟེར་བས་ཐུགས་སྐད་ཅིག་ལ་སྐྱོ་སྟེ་ཕྱིར་ལྡོག་གོ །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་སྒོ་ནས་བྱོན་པའི་ལམ་ཁ་ན་ན་བའི་སྡུག་བསྔལ་གྱིས་ཉེན་པ་དང་། ནུབ་ཕྱོགས་ཀྱི་སྒོ་ནས་བྱོན་པའི་ལམ་ཁ་ན་ཤི་བར་གྱུར་བ་ཁྱོགས་ལ་བཞག་སྟེ་ཤུལ་གྱི་མིས་མྱ་ངན་གྱི་ཅ་ཅོ་འདོན་པ་དང་། བྱང་ཕྱོགས་ཀྱི་སྒོ་ནས་བྱོན་པའི་ལམ་ཁ་ན་དགེ་སློང་ཞི་བ་དང་དུལ་བ་ཡང་དག་པ་རྣམས་གཟིགས་པས། ཁྱིམ་གྱི་ཉེས་དམིགས་དང་ཐར་བའི་ཕན་ཡོན་རྗེས་སུ་དྲན་པའི་རྐྱེན་དུ་གྱུར་ཏེ་ཤིང་རྟ་མཆོག་གི་ཁ་ལོ་ནང་དུ་བསྒྱུར་ནས་གྲོང་ཁྱེར་དུ་བཞུགས་ཏེ་ངེས་པར་འབྱུང་བ་ལ་ཐུགས་གཏོད་པ་ན། ཡབ་ཀྱིས་རིག་ནས་གཞོན་ནུ་བག་མེད་པར་གཡེང་བའི་སྦྱོར་བ་སྣ་ཚོགས་པ་བརྩམས་ཤིང་། དེའི་ཚེ་ཁྱིམ་ལས་འབྱུང་བའི་ལྔ་ལྟས་སུ་རྒྱལ་པོའི་ཕོ་བྲང་གི་ལྗོན་པ་སྐམ་པ་དང་། ཡབ་དང་སྐྱེ་དགུའི་བདག་མོ། ས་འཚོ་མ་ལ་སོགས་པའི་རྨི་ལྟས་ལོག་པར་གྱུར་ཏོ། །དེར་མཚན་མཁན་གྱིས་ད་སྟེ་ཞག་བདུན་གྱི་བར་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་གསོལ་བ་དང་། རྒྱལ་


JLAZ006_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཟས་གཙང་མཆེད་དང་བཅས་པ་བགྲོས་ཏེ། གྲོང་ཁྱེར་ལ་ལྕགས་རི་དང་འོབས་རིམ་པ་བདུན་གྱིས་བསྐོར། སྒོ་འཕར་རྣམས་ལྕགས་ལ་བྱས་ཤིང་སྒོ་བྱེ་ཚ་སྒྲས་དཔག་ཚད་ཁྱབ་པའི་དྲིལ་བུ་བཏགས། ཕོ་བྲང་གི་ཕྱི་རོལ་དུ་སྐས་སྤོ་བར་རུང་བ་ནུབ་མེ་མི་ལྔ་བརྒྱས་བསྡོགས་ཤིང་། སྔ་དྲོ་ལྔ་བརྒྱས་འཛུགས་དགོས་པ་བྱས། བྱང་ཆུབ་སེམས་དཔའ་ཁང་བཟང་དུ་བཙུན་མོའི་ཚོགས་ཀྱིས་བསྐོར་ཏེ་གླུ་གར་རོལ་མོས་བྲིད་དུ་བཅུག། བློན་པོའི་ཚོགས་དཔུང་ཚོགས་ཡན་ལག་བཞི་དང་ལྷན་ཅིག་བདར་བ་ཕྱི་རོལ་ཏུ་སྤྱན་པ་ལ་བསྐོས། མཚན་མོ་ཤར་སྒོར་ཟས་གཙང་། ལྷོ་སྒོར་བྲེའོ་ཟས། ནུབ་སྒོར་ཟས་དཀར། བྱང་སྒོར་བདུད་རྩི་ཟས་ཏེ་མཆེད་བཞི་སོ་སོའི་དཔུང་ཚོགས་དང་བཅས་པས་སྲུང་ངོ། །ད་ལྟར་དུ་ཞག་དྲུག་འདས་པའི་ནུབ་མ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ། བདག་གིས་ཡབ་རྒྱལ་བ་ལ་མ་སྤྲན་པར་ཁྱིམ་མེད་པར་གཤེགས་ན། ཕ་མས་མ་གནང་བས་མི་རིགས་སོ་དགོངས་ནས་ཡབ་ཀྱི་དྲུང་དུ་གཤེགས། ཕྱག་དང་ཞེ་སའི་སྒོ་ནས་ལྷ་བདག་མངོན་པར་འབྱུང་བའི་དུས་ལ་བབས་ཀྱིས་མི་དགྱེས་པ་དང་གེགས་སུ་གྱུར་བ་མ་མཛད་ཅིག། ཅེས་གསོལ་བས་རྒྱལ་པོ་སྲིད་ལ་ཞེན་པའི་འཆིང་བས་ལན་གསུམ་གྱི་བར་གནབ་བ་མ་སྦྱིན་ནོ། །མཐར་སྲས་ཀྱིས་ཅི་སྟེ་གནང་བ་མི་མཛད་ན། འདི་ནས་ཉིང་མཚམས་མི་སྦྱོར་བར་མཛོད་ཅིག་ཞུས་པས། ཡབ་ཀྱིས་


JLAZ006_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པར་མ་སྤོབས་ཏེ། ཁྱོད་ཀྱི་བསམ་པ་རྫོགས་པར་གྱུར་ཅིག །རྗེས་སུ་ཡི་རང་ངོ། །ཞེས་གནང་བ་སྦྱིན་ནོ། །དེར་བྱང་ཆུབ་སེམས་དཔས་བཙུན་མོའི་འཁོར་སྤངས་ནས་རབ་ཏུ་བྱུང་ན་མུ་སྟེགས་བྱེད་རྣམས་ཀྱི་དབང་པོ་ལས་སུ་མ་རུང་བ་ཡིན་ནོ་སྙམ་པའི་ཁ་ན་མ་ཐོ་བ་སྤང་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་གྲགས་འཛིན་མ་དང་དགའ་མགུར་རོལ་ནས་དེའི་མངལ་དུ་རྡོ་རྗེ་སེམས་དཔའི་སྤྲུལ་པ་སྒྲ་གཅན་འཛིན་སྲས་ཀྱི་ཚུལ་དུ་བྱིན་གྱིས་བརླབས་སོ། །བུད་མེད་དང་བདག་ཁྱིམ་དུ་ཉལ་བའི་ཐ་མ་ནི་འདི་ཡིན་གྱིས། ཕྱིན་ཆད་ནི་བུད་མེད་དང་སྐད་ཅིག་ཀྱང་གནས་པར་མི་བྱའི་ཞེས་གསུངས་ནས། ནམ་ཕྱེད་ན་ཀོའུ་ཤི་ཀ་དང་ལྔས་རྩེན་གྱིས་ཁང་བཟང་གི་ཕྱི་ལ་སྐས་བཙུགས་པ་ལ་བབས། རྟ་རྒྱལ་དམ་པ་བསྔགས་ལྡན་ལ་བཅིབས་པའི་མདོ་དེར་འཇིག་རྟེན་སྐྱོང་བ་བཞིས་རྨིག་པ་བཏེག་སྟེ་སྔོ་སངས་ཀྱི་ལམ་ལ་འཕགས་སོ། །དེར་སེར་སྐྱའི་ཡུལ་གྱི་ཤར་ཕྱོགས་སུ་དཔག་ཚད་བཅུ་གཉིས་འདས་པ་སྤོང་བྱེད་ཀྱི་ཡུལ་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་སླེབས་ནས་ཆིབས་བཤོལ་ཏེ་རྒྱན་རྣམས་བཀྲོལ། རྟ་རྒྱལ་དམ་པ་བསྔགས་ལྡན་ལ་བཅིབས་པའི་མོད་ངར་འཇིག་རྟེན་སྐྱོང་བཞིས་རྨིག་པ་བཏེག་སྟེ་སྔོ་སངས་ཀྱི་ལམ་ལ་འཕགས་སོ། །དེར་སེར་སྐྱའི་ཡུལ་གྱི་ཤར་ཕྱོགས་སུ་དཔག་ཚད་བཅུ་གཉིས་འདས་པ་སྤོང་བྱེད་ཀྱི་ཡུལ་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་སླེབས་ནས་ཆིབས་བཤོལ་ཏེ་རྒྱན་རྣམས་བཀྲོལ། །རྟ་ལ་ན་བཟའ་བགལ་ཏེ་འདུན་པ་ཕྱིར་ལོག མཆོདརྟེན་རྣམ་དག་གི་དྲུང་དུ། །རྒ་ཤི་མེད་པའི་གནས་མཆོག་འཆི་མེད་པ། །འཆི་མེད་བྱང་ཆུབ་དམ་པ་མ་ཐོབ་བར། །ང་ནི་སེར་སྐྱའི་གྲོང་ཁྱེར་མངོན་ཕྱོགས་ཏེ། །འགྲེང་དང་ཉལ་དང་འཆག་པར་མི་བྱའོ། །ཞེས་ཐ་ཚིག་བོར་ནས་རལ་གྲི་


JLAZ006_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལ་མཐིང་ག་འདྲ་བས་གཙུག་ཕུད་བཅད་དེ་དབུ་སྐྲ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་མཆོད་པའི་ཕྱིར་བཏེག་གོ །དེར་རབ་ཏུ་བྱུང་བའི་གོས་ཡིད་ལ་བྱས་པ་ཙམ་ལས་སྔོན་རང་སངས་རྒྱས་བཅུར་རྒན་མོས་ཕུལ་བའི་ཤ་ནའི་གོས་དེ་དག་གིས་མ་བཞེས་པར་མ་འོངས་པ་ན་ཤཱཀྱ་ཐུབ་པ་འདིར་རབ་ཏུ་འབྱུང་གིས་དེ་ལ་ཕུལ་ཞེས་བསྒོས་པ་རྒན་མོའི་ཚེ་ལ་དེ་ལྟར་མ་གྱུར་པས་བུ་མོར་མངགས། དེའི་ཚེ་ལའང་ལུང་བསྟན་སྐབས་ལ་མ་བབས་པས་ལྗོན་པའི་ལྷ་མོ་ལ་མའི་ངག་ལྟར་གཉེར་བ་དུས་དེར་ལྗོན་པའི་ལྷ་མོས་ཇི་ལྟར་མཆིད་པ་བཞིན་དུ་ཕུལ་བས་ངུར་སྨྲིག་བགོས་ཏེ་ཇི་སྐད་དུ་འདུལ་བ་ལས། ང་ལ་མཁན་པོ་མེད་པས་ན། །ང་ནི་རང་བྱུང་དགེ་སློང་ཡིན། །ཞེས་པ་ལྟར་རང་བྱུང་གིས་བསྙེན་པར་རྫོགས། དེར་ཡང་དད་པ་ཅན་གྱིས་བརྩིགས་པའི་མཆོད་རྟེན་ཡོད་པར་གྲགས། དེ་ནས་རིམ་པར་ཡང་པ་ཅན་དང་རྒྱལ་པོའི་ཁབ་རྣམས་སུ་རྟོག་གེ་བ་གདམས་ངག་ཆེ་བར་གྲགས་པ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་། རེངས་བྱེད་ཀྱི་བུ་ལྷག་སྤྱོད་ལས་ཅི་ཡང་མེད་པ་དང་། སྲིད་རྩེའི་སྙོམས་འཇུག་གི་ཏིང་ངེ་འཛིན་མངོན་དུ་མཛད། སློབ་དཔོན་དེ་གཉིས་ཀྱི་གོ་འཕང་བརྙེས་ཀྱང་འདིས་ངེས་པར་མི་འབྱུང་ཞེས་མ་དག་པའི་རིང་ལུགས་དེ་སུན་བྱུང་ནས་རིམ་གྱིས་གངྒཱ་བརྒལ། མ་གངྒཱར་ལྗོངས་རྒྱུ་ཞིང་བསོད་སྙོམས་མཛད་པ་ན། ཡབ་ཀྱི་སྙན་དུ་ཇི་ལྟ་བ་མ་ཡིན་པའི་


JLAZ006_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་རེངས་བྱེད་ཀྱི་བུ་ལྷག་སྤྱོད་དང་ལྷན་དུ་འགྲོགས་པ་ལས་རིམ་གྲོ་མེད་པར་རྒྱལ་པོའི་ཁབ་ཏུ་ཕྱིར་བྱུང་སྟེ་འཁྱམ་མོ། །ཞེས་ཐོས་པས་སེར་སྐྱ་ནས་རིམ་གྲོ་པ་སུམ་བརྒྱ། ལྷསབསྟན་ནས་ཉིས་བརྒྱ་བཏང་བའི་སུམ་བརྒྱ་པོ་ལས་ཀཽཎྜི་ནྱ་དང་། རྟ་ཐུལ། རླངས་པ་གསུམ་རིང་འཕུར་གྱི་སློབ་མ་དང་། ཉིས་བརྒྱ་ལས་མིང་ཆེན་དང་བཟང་པོ་གཉིས་ལྷག་སྤྱོད་ཀྱི་སློབ་མར་ཁས་འཆེ་བ། དེ་གཉིས་ཀྱང་འགྲེ་བ་མ་ཡིན་པས་རིངས་ཕུར་གྱི་སློབ་མ་གསུམ་ཡང་ལྷག་སྤྱོད་དང་ལྷན་ཅིག་གནས་ཤིང་དེ་ལྔ་ལ་དྲང་སྲོང་ལྔ་སྡེར་གྲགས་སོ། །དཀའ་བ་སྤྱད་པའི་མཛད་པ་ནི། །དེའི་ཚེ་ལྔ་སྡེ་ཡང་འདི་སྙམ་དུ། བདག་ཅག་གི་ལྷག་སྤྱོད་ལ་ཚངས་པར་ཡུན་རིང་དུ་སྤྱད་ཀྱང་དོན་མ་རྙེད། གོའུ་ཏ་མས་ཚེགས་ཆུང་ངུས་ཁོང་དུ་ཆུད་པས་འདིའི་རྗེས་སུ་འགྲོ་བར་བྱའོ་སྙམ་ནས་འདོད་པ་རྣམས་དང་འགྲོགས་ནས་ཆུ་ཀླུང་ནི་རཱཉྫའི་འགྲམ་དུ་སོང་སྟེ་རྗོན་པ་ཞིག་གི་དྲུང་ན་སྐྱིལ་ཀྲུང་བཅས་ནས་རགས་པའི་ཟས་སྐོམ་གྱི་ཞེན་པ་བཅད། ཚེམས་ལ་ཚེམས་གཏད། ལྗགས་ཡ་རྐན་ལ་སྦྱར། ཐུགས་ཀྱིས་ཐུགས་མངོན་དུ་བསྡམས་ཏེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ལོ་དྲུག་གི་བར་དུ་དཀའ་བ་ཤིན་ཏུ་དུབ་པར་སྤྱད་དོ། །དེའི་ཚེ་སྐུའི་མདངས་ནག་པོ་དང་རིད་པར་གྱུར་བས་དགེ་སྦྱོང་ནག་པོ་ཞེས་གླེང་། སྐབས་འདིར་སུམ་ཅུ་རྩ་གསུམ་ནས་ཡུམ་དང་མཇལ་བ་དང་། ཡབ་མྱ་ངན་གྱི་ནོན་པ།


JLAZ006_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་འཛིན་མ་མེར་ལྕེབས་ཀྱང་སྲས་ཀྱི་མཐུས་མ་ཉེས་པ་སོགས་ལོ་རྒྱུས་མཐའ་ཡས་པར་ཡོད་དོ། །དེ་ཡང་དཀའ་བ་སྤྱད་པའི་རྟེན་དེ་ལ་ལོ་དང་པོ་གཉིས་ལ་འབྲས་ཉག་མ་རེ། བར་བ་གཉིས་ལ་ཆུ་ཐིགས་པ་རེ། ཐ་མ་གཉིས་ལ་ཅི་ཡང་མ་གསོལ་བར་བཞུགས་ཞེས་གྲགས་སོ། །བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི། དེ་ནས་དགུང་ལོ་སོ་ལྔ་པ་རྒྱལ་བ་ཞེས་པ་ཤིང་རྟ་ལོའི་དབྱར་ཟླར་བའི་ཚེས་བརྒྱད་ལ་ཕྱོགས་བཅུའི་སངས་རྒྱས་ནམ་མཁའ་གང་བ་འདུས་ཏེ་སེ་གོལ་གྱི་སྒྲ་དང་བཅས། བསམ་གཏན་འདི་ནི་རྣམཔ་དག་མིན། །མཐར་ཐུག་ཐོབ་བྱེད་ཀྱང་འདི་མིན། །ཁྱོད་ཀྱིས་འོད་གསལ་དམིགས་བྱ་དེ། །ནམམཁའི་ངོས་ལྟར་མཆོག་ཡིན་ནོ། །ཞེས་དབྱངས་གཅིག་གིས་གསུངས་པས་མི་གཡོ་བའི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཧ་རི་ནུ་ཀའི་འབྲུ་བཅུད་སོགས་ཟས་གསོད་པ་བཞེས་པས་སྟོབས་རྒྱས་ཤིང་སྔོན་ལས་མཛེས་པས་དགེ་སྦྱོང་མཛེས་པར་གྲགས། རགས་པའི་ཟས་གསོལ་བས་སྤོང་བ་ལས་ཉམས་པའི་དོགས་པས་ལྔ་སྡེ་བཟང་པོ་མ་མོས་ཏེ་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་སོང་ངོ། །དེ་ནས་ལྷ་རྣམས་ཀྱིས་བསྐུལ་བ་ལྟར་བྱང་ཆུབ་སྙིང་པོར་འཚང་རྒྱ་བའི་ས་རྡོ་རྗེའི་གདན་དུ་སྐྱེས་བུ་ཆེན་པོ་སྟོབས་ལྔ་བཅུ་རྩ་བཞི་ལ་སོགས་པའི་འགྲོས་ཀྱིས་གཤེགས་ཤིང་ལོ་དེའི་ས་ག་ཟླ་བའི་ཉའི་ཉིན་གྲོང་པའི་བུ་མོ་ལེགས་


JLAZ006_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་མ་དང་དགའ་སྟོབས་མས། བ་སྟོང་བཞོས་པའི་འོ་མ་ལན་བཅུ་དྲུག་ཏུ་ཉིང་ཁུར་དྲིལ་བའི་འོ་ཐུག་སྦྲང་རྩིའི་སྙིང་པོ་ཅན་གསེར་གྱི་ཡོལ་གོར་བླུགས་ཏེ་ཕུལ་བས། དེ་གསོལ་བ་དང་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟ་བུར་སོང་སྟེ་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ། འོད་འདོམ་གང་པ་ལ་སོགས་པའི་དཔལ་དུ་འབར་རོ། །བདག་ཏུ་འཛིན་པའི་འཆིང་བ་ལས་གྲོལ་བའི་བརྡར་ཡོལ་གོ་ཆུ་ལ་སྐྱུར་བ་མིག་སྟོང་བས་ནམ་མཁའ་ལྡིང་གིས་རྣམ་འགྱུར་གྱིས་བླངས་ཤིང་། བུ་མོས་ཚིགས་སུ་བཅད་པའི་སྨོན་ལམ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པའི་མཐུན་འགྱུར་མཛད། བརྒྱ་བྱིན་གྱིས་རི་སྤོས་ངད་ལྡན་ནས་ཤིང་བལ་ལྟར་རེག་ན་འཇམ་པའི་རྩ་ཁུར་གཅིག་བླངས་ཏེ་རྩ་འཚོང་བཀྲ་ཤིས་སུ་སྤྲུལ་ནས་ཕུལ། སླར་དེའི་དགེ་རྩ་རྫོགས་པའི་ཕྱིར། །བཀྲ་ཤིས་ང་ལ་རྩྭ་ཞིག་མྱུར་དུ་བྱིན། །དེ་རིང་ང་ལ་རྩ་ཡིས་དོན་ཆེན་འབྱུང་། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་ཞི་བ་དམ་པ་ཐོབ་པར་འགྱུར། །ཅེས་གསུངས་ནས་རྨ་བྱའི་མགྲིན་པ་ལྟ་བུའི་རྩྭ་ཕྱག་གང་བླངས་པ་བསྣམས་ཏེ་རྡོ་རྗེ་གདན་དུ་གཤེགས་སོ། །རྡོ་རྗེའི་གདན་དེ་ལ་ཐེག་པ་ཆེ་ཆུང་གིས་བཀོད་པའི་བྱེ་བྲག་ཐ་དད་དུ་བཤད་པ་ཉན་ཐོས་པ་ལྟར་ན་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་རྒྱུ་


JLAZ006_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ལས་རང་བྱུང་བ། འོག་རྡོ་རྗེ་རྒྱ་གྲམ་དུ་གནས་པའི་ལྟེ་བ་ལས་བྱང་ཆུབ་ཀྱི་ཤིང་སྐྱེས་པ། རྡོ་རྗེ་དེའི་རྩེ་མོ་བཞིའི་སྟེང་ན་རྡོ་རྗེ་ཕུར་བའི་མཆོད་རྟེན་བཞི་ཡོད་པའི་ཤིང་གི་དྲུང་ན་ཁྲི་འདོམ་གསུམ་པ་ཡོད་པར་འདོད་ལ། ཐེག་པ་ཆེན་པོ་པ་ལྟར་ན་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་ལངས་པའི་ཁོང་སེང་ནས་བྱང་ཆུབ་ཀྱི་ཤིང་བྱུང་བ། རྭ་བཞི་ལ་རྡོ་རྗེ་ཕུར་བའི་མཆོད་རྟེན་བཞི་གནས་པ། མཆོད་རྟེན་བཞིའི་བར་གྱི་ཐང་ལ་མདའ་རྒྱང་འབྲིང་པོ་རེ་ཡོད་པའི་དབུས་ན་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་གདན་ཁྲི་རྒྱར་ཕྱོགས་རེ་ལ་འདོམ་གསུམ་གསུམ་གྱི་དབུས་ནས་བྱང་ཆུབ་ཀྱི་ཤིང་སྐྱེས་པ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལས་གྲུབ་པ། འཇིག་པའི་བསྐལ་པ་བྱུང་ཡང་མེ་བདུན་ཆུ་གཅིག་གིས་འཇིག་པར་མི་ནུས་པ་ནམ་མཁའ་ལ་ཟོ་བ་དཔྱངས་པ་བཞིན་དུ་གནས་པར་འདོད་དོ། །བདུད་སྡེ་བཅོམ་པའི་མཛད་པ་ནི། དེ་ལྟ་བུའི་གནས་ཚུལ་དང་མཐུན་པར་མིང་ཆགས་པའི་རྡོ་རྗེའི་གདན་ཆོས་ཀྱི་གཡེའི་དགོན་པར་བྱང་ཆུབ་ཀྱི་ཤིང་དང་། ལྷ་རྣམས་ཀྱིས་བཤམས་པའི་ཁྲི་བཀོད་མི་འདྲ་བ་བརྒྱད་ཁྲིས་བརྒྱན་པའི་དྲུང་དུ་གཤེགས་ནས་སེམས་ཅན་དམན་པ་རྣམས་བློ་ཚིམ་པ་དང་། ཆོ་ག་ཤེས་པ་དང་། སྔོན་གྱི་རྒྱལ་བའི་རྗེས་སུ་སློབ་ཕྱིར་རྩྭའི་རྩེ་མོ་ནང་དུ་བསྟན་


JLAZ006_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟེང་དུ་ཞལ་ཤར་དུ་ཕྱོགས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཅས་ནས་བཞུགས་ཏེ་འདི་སྐད་དུ། སྟན་འདིར་བདག་གི་ལུས་འདི་སྐམ་ཡང་རུང་། པགས་པ་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང་། །དེ་སྲིད་དུ་ནི་སྲོག་གི་མཐར་ཐུག་ཀྱང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་ཡི་དམ་བཅས་ཤིང་བྱང་ཆུབ་སེམས་དཔའི་རོལ་པ་བཀོད་པའི་ཏིང་ངེ་འཛིན་གྱི་མཐུས་ལྷ་རྣམས་ནི་རང་རང་གིས་བཀོད་པའི་ཁྲི་ལ་བཞུགས་ཀྱིས་གཞན་ལ་ནི་མ་ཡིན་ནོ་སྙམ་དུ་སེམས་སོ། །དེ་ནས་སྲོད་ཀྱི་ཆར་གླིང་བཞི་འདོད་ཁམས་ཀྱི་དབང་ཕྱུག་བདུད་སྡིག་ཅན་ཡིན་པས་དེ་དག་ལས་མ་རྒྱལ་ན། གདུལ་བྱ་རྣམས་འབྲས་བུ་ཁྱད་པར་ཅན་གྱི་གོ་འཕང་མངོན་དུ་བྱེད་པ་ལ་ཐོ་མཚམས་པས་དེ་དག་འདུལ་བར་དགོངས་ཏེ་སྨིན་མཚམས་ཀྱི་མཛོད་སྤུ་ནས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པ་ཞེས་བྱ་བའི་འོད་ཟེར་ཕྱུང་སྟེ། བདུད་ཀྱི་གནས་ཐམས་ཅད་ཁྱབ་ཅིང་སྒྲ་སྒྲོག་པར་མཛད་པས། དེ་དག་གི་མདངས་དང་གཟི་བརྗིད་མོག་མོག་པོར་གྱུར་ཅིང་བདུད་སྡིག་ཅན་ལ་རྨི་ལམ་ངན་པ་སུམ་ཅུ་རྩ་གཉིས་བྱུང་བས་མ་བཟོད་དེ་རྔོན་པའི་ཆ་བྱད་དུ་བརྫུས་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་ལྷགས་ཏེ་སྨྲས་པ། ཁྱོད་འདིར་ཅི་བྱེད་པ་ཡིན། ལན་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སླད་དུའོ་གསུངས་པས།


JLAZ006_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱིས་སྨྲས་པ། མངོན་པར་རྫོགས་པར་འཚང་རྒྱ་བ་ལ་ཚོགས་དཔག་ཏུ་མེད་པ་རྫོགས་དགོས་པ་མ་ཡིན་ནམ། ཁྱོད་རྒྱལ་པོའི་བུ་སྐྱིད་བདེར་གནས་པ་ཙམ་ལས་ཅི་ཡང་མ་བྱས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱིས་གཏན་པ་མེད་པའི་མཆོད་སྦྱིན་གཅིག་བྱས་པས་ཀྱང་འདོད་པ་ཁམས་ཀྱི་དབང་ཕྱུག་ཆེན་པོར་གྱུར་ན། ངས་བསྐལ་པ་དཔག་ཏུ་མེད་པར་ཚོགས་གཉིས་རྫོགས་པར་བྱས་པས་ཅིའི་ཕྱིར་འཚང་མི་རྒྱ། བདུད་ཀྱིས་མཛུབ་མོ་གཉིས་གྱེན་དུ་བསྒྲེངས་ཏེ་སྨྲས་པ། ངས་ནི་འདི་ན་མཆོད་སྦྱིན་གཏན་པ་མེད། བྱས་པ་ལ་ནི་ཁྱོད་ཉིད་དཔང་ཡིན་ན། །ཁྱོད་ལ་འདི་ན་དཔང་འགའ་ཡོད་མིན་པས། །སྨྲས་ཀྱང་དཔང་མེད་ཁྱོད་ནི་ཡེ་ཕམ་ཡིན། །ཞེས་ཟེར་རོ། །དེར་བྱང་ཆུབ་སེམས་དཔས་ཕྱག་བསོད་ནམས་བརྒྱ་ལས་གྲུབ་པ་ས་ལ་བརྡབས་ནས། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ནི་བདག་གིས་དཔང་སྟེ་བདག་རྫུན་མེད། །འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག། ཅེས་གསུངས་པའི་མདོ་ལ་སའི་བརྟན་མས་སྐུ་མདོག་གསེརབཙོ་མ་ལྟ་བུའི་ལུས་ཕྱེད་ས་ལས་བྱུང་སྟེ། ཕྱག་ཏུ་རྡུལ་ཕྲ་རབ་གཅིག་བསྣམས་ནས་འདི་སྐད་དོ། །ངས་སའི་དཀྱིལ་འཁོར་ཆེན་པོ་འདི་འདི་ཙམ་དུ་གྲངས་ཀྱིས་བགྲང་བ་ནི་ཚད་


JLAZ006_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་དུ་རུང་གིས། རིགས་ཀྱི་བུ་འདིས་མགོ་དང་ཡན་ལག་བྱིན་པ་ནི་བགང་བར་མི་ནུས་པས། མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ལ་བབ་བོ་ཞེས་བརྗོད་ནས་མི་སྣང་བར་གྱུར་བ་དང་། བདུད་སྡིག་ཅན་ཤིན་ཏུ་ཕྲག་དོག་པར་གྱུར་ནས་བྱང་ཆུབ་སེམས་དཔའ་གཞོམ་པའི་སླད་དུ་རང་གི་དཔུང་ཐམས་ཅད་སྤྲན་ཏེ་བདུད་ཀྱི་དམག་དཀྲིགས་ཕྲག་བཅུས་རུབ་ཅིང་སྒྱུ་མ་ལྟ་བུའི་བློ་དང་མི་ལྡན་པ་རྣམས་འཇིགས་ཤིང་སྐྱི་བུང་བར་བྱས། བྱང་ཆུབ་སེམས་དཔའ་ལ་མཚོན་ཆ་སྣ་ཚོགས་པའི་ཆར་ཕབ་བོ། །དེའི་ཚེ་བྱང་ཆུབ་སེམས་དཔས་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་མཐུས་ཇི་སྙེད་ཕབ་པའི་མཚོན་ཆ་ཐམས་ཅད་ནི་མེ་ཏོག་གི་ཕྲེང་བ་དང་། བླ་རེ་དང་། བྱང་ཆུབ་ཀྱི་ཤིང་མཛེས་པར་བྱེད་པའི་རྒྱན་དུ་གྱུར། མི་སྙན་པའི་སྒྲ་ཐམས་ཅད་ནི་བསྟོད་དབྱངས་སྙན་པའི་རང་བཞིན་དུ་གནས་འགྱུར། ཚངས་པ་དང་བརྒྱ་བྱིན་ལ་སོགས་པས་གདུགས་འཕྱར་བ་དང་དུང་འབུད་པ་ལ་སོགས་ཀྱིས་བསྟོད། གཙང་མའི་ལྷ་རྣམས་ཀྱི་བདུད་ལ་རྣམ་པ་བཅུ་དྲུག་གིས་སྨད་ཅིང་། ཤིང་གི་ལྷས་བྱང་ཆུབ་སེམས་དཔའ་ལ་རྣམ་པ་བཅུ་དྲུག་གིས་བསྟོད་པས་འདོད་ལྷ་སྡེར་བཅས་མྱ་ངན་གྱི་ཁང་བུར་ཞུགས་ཤིང་མགོ་རྨོངས་པར་གྱུར་ནས་ལམ་ཡང་སྟོར་ཏེ་ཞག་བདུན་དུ་ཕྲད་པ་མེད་པའི་གནས་སྐབས་བྱུང་ཞིང་བྱེར་བར་གྱུར་ཏོ། །སླར་ཡང་རང་གི་


JLAZ006_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མོ་བདུན་ཉམས་སད་པའི་ཕྱིར་བཏང་ནས་གཡོ་སྒྱུ་སུམ་ཅུ་རྩ་གཉིས་ཀྱིས་བསླུ་བར་རྩམས་ནའང་བ་སྤུའི་རྩེ་མོ་ཙམ་ཡང་གཡོ་བར་མ་ནུས་ཏེ་རྒན་མོ་བདུན་དུ་བྱིན་གྱིས་བརླབས་པས། བཟོད་པར་གསོལ་ཞིང་རྣམ་དག་སྐུ་ལྔ་ལ་སོགས་པའི་ཚིགས་སུ་བཅད་པས་བསྟོད་པས་སྔོན་གྱི་ལུས་སུ་གྱུར་ནས་རང་གནས་སུ་སོང་ངོ། །མངོན་པར་བྱང་ཆུབ་པའི་མཛད་པ་ནི། དེ་ནས་དགུང་གི་ཆ་ལ་བསམ་གཏན་བཞི་པའི་ཏིང་འཛིན་ལ་མཉམ་པར་བཞག་ནས་རིག་པ་གསུམ་བསྐྱེད་ཅིང་། ནམ་གྱི་ཆ་སྨད་ན་རྟེན་ཅིང་འབྲེལ་བ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་ལ་བརྟགས་ནས་རྫུ་འཕྲུལ་སྣ་ཚོགས་མྱོང་བར་མཛད་དེ་ཟད་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མངོན་དུ་མཛད་ནས་ཐོ་རངས་རྒྱལ་རྔ་བརྡུང་བའི་ཚེ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་ཚེ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཤིང་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་ལེགས་སོ་ཞེས་ཆེད་དུ་བསྔགས་ཤིང་ལྷ་རྣམས་ཀྱིས་ཀྱང་བསྟོད་དོ། །སྐབས་འདི་ནི་ངེས་དོན་རྡོ་རྗེའི་རྣལ་འབྱོར་གྱི་དབང་དུ་དབུ་མའི་མར་སྣར་དཀར་ཆ་ཧཾ་ཡིག་གི་རྡུལ་འཛག་པ་སྟེ། དྲང་དོན་ཀུན་རྫོབ་ཀྱི་སྣང་ཆར་ཕྱི་རོལ་གྱི་ནམ་མཁའ་ཟླ་བའི་དཀྱིལ་འཁོར་ལ་དུས་མེ་ཞུགས་ཤིང་། དེའི་ཚེ་གྲགས་འཛིན་མ་ལ་


JLAZ006_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བལྟམས་པས་ལྟས་དང་མཐུན་པར་སྒྲ་གཅན་འཛིན་དུ་བཏགས། ཚིག་གིས་སྦྱོར་བ་གཞན་དག་ཏུ་རབ་ཏུ་འབྱུང་ཁར་བལྟམས་པར་བཤད་ཀྱང་། ཡུམ་གྱིས་སྐྱེ་བ་སྔོན་མ་ལ་དར་བའི་བུམ་པ་བསྐུར་བ་དང་། སྲས་ཀྱིས་དྲང་སྲོང་ཞག་དྲུག་ཏུ་ལྟོགས་པར་བྱས་པའི་རྣམ་སྨིན་ལ་བརྟེན་ནས་ལྷུམས་སུ་ལོ་དྲུག་བཞུགས་པ་འདི་བཀའ་བཙན་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་སྐྱིལ་ཀྲུང་དང་བཅས་ཤིང་ཏཱ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་འཕགས་ནས། ལམ་གྱི་རྒྱུན་ཆད་སྡུག་བསྔལ་ཉེ་བར་ཞི། །ཞེས་པ་ལ་སོགས་པས་ཆེད་དུ་བརྗོད་ཅིང་། ལྷའི་བུ་རྣམས་ཀྱིས་མེ་ཏོག་གི་ཆར་པུས་ནུབ་ཙམ་དུ་གཏོར་ནས་མཆོད་པ་བྱས། གཟུགས་ཅན་སྙིང་པོ་ལ་སོགས་པས་མངོན་པར་བྱང་ཆུབ་པའི་མཆོད་རྟེན་ཡང་བརྩིགས་སོ། །དེ་ཡང་སྤྱི་མཐུན་གྱི་སྣང་ངོར་མེའི་ཁམས་ལ་སྙོམས་པར་ཞུགས་ནས་ཞག་བདུན་གྱི་བར་དུ་སྐྱིལ་ཀྲུང་མ་བཤིག་པར་ཤིང་གི་རྒྱལ་པོ་ལ་སྤྱན་མི་འཛུམས་པར་གཟིགས། བདུན་ཕྲག་གཉིས་པ་ལ་གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོ་དབང་བསྒྱུར་གྱི་གནས་སུ་གཤེགས་ནས་ས་བཅུ་པའི་ཆོས་ཀྱི་རྣམ་གྲངས་བསྟན། བདུན་ཕྲག་གསུམ་པ་ལ་སངས་རྒྱས་ནས་སྐྱེ་རྒས་ན་འཆིའི་སྡུག་བསྔལ་མཐར་དབྱུང་ངོ་ཞེས་བྱང་ཆུབ་ཀྱི་ཤིང་ལ་གཟིགས། བདུན་ཕྲག་བཞི་པ་ལ་ཤར་ནུབ་རྒྱ་མཚོའི་བར་གྱི་འཛམ་གླིང་འཆག་པར་མཛད། བདུན་ཕྲག་ལྔ་པ་ལ་ཀླུ་


JLAZ006_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་བཟུང་གི་གནས་རི་བཏང་བཟུང་ལ་བཞུགས། བདུན་ཕྲག་དྲུག་པར་ཤིང་ནྱ་གྲོདྷཱའི་དྲུང་དུ་རྩའི་གདིང་བ་ལ་བཞུགས་ནས་ཀུན་ཏུ་རྒྱུ་དང་གཅེར་བུ་པ་སོགས་ཀྱིས་སྙུན་དྲིའི་ཚིགས་བཅད་གསུངས། བདུན་ཕྲག་བདུན་པ་ལ་སཱ་ལ་དང་འོད་མའི་ཚལ་དུ་ཤིང་སྒྲོལ་རྒྱའི་དྲུང་ན་བཞུགས། དེའི་ཚེ་ཚོང་དཔོན་ག་གོན་དང་བཟང་པོ་གཉིས་ཀྱིས་བ་སྟོང་གི་འོ་མ་བསྡུས་པའི་སྤྲིས་མ་བཞབས་པ་དང་། སྦྲང་རྩིའི་འདག་གུ་སོགས་རིན་པོ་ཆེའི་སྣོད་དུ་ཕུལ། སྣོད་དུ་རབ་བྱུང་གི་ཆས་མ་ཡིན་པར་གཟིགས་ནས་ལྷུང་བཟེད་ལ་དགོངས་པ་གཏོད་པ་ན། རྒྱལ་ཆེན་བཞིས་གསེར་དངུལ་བཻ་ཌཱུར་ཤེལ་སྤུག་རྡོ་སྙིང་གི་ལྷུང་བཟེད་ཕུལ་བ་དེ་ཡང་རྒྱུས་མི་རུང་བར་དགོངས་ནས་མ་བཞེས་པ་དང་། ལྷའི་བུས་བསྔགས་པ་བཞིན་དུ་རྒྱལ་ཆེན་རྣམས་ཀྱིས་རྡོའི་ལྷུང་བཟེད་ཕུལ་བ་བཞེས། དེ་ཡང་ཉེ་བར་དཔྱད་པའི་དངོས་པོ་འཁྲོལ་མི་ཚགས་པ་དང་དེ་དག་གི་འདོད་པ་རྫོགས་པའི་སླད་དུ་ཐམས་ཅད་གཅིག་ཏུ་བྱིན་གྱིས་བརླབས་ནས། ལྷ་ཡིས་བཀྲ་ཤིས་དོན་གྲུབ་ཅིང་། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །ཅེས་ཤིས་པ་བརྗོད་པའི་ཚིག་གསུངས་ནས་བཞེས་ཤིང་ཚོང་དཔོན་གཉིས་སྦྲང་རྩི་འབྱུང་བ་ཞེས་པའི་སངས་རྒྱས་སུ་ལུང་བསྟན། དེར་སེམས་ཅན་སྨིན་པར་མཛད་པའི་


JLAZ006_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྤྲང་དང་འདའ་གུའི་ཟས་མཆོག་གསོལ་བ་སྐུ་ལ་མ་འཕྲོད་པར་བསྙུན་པའི་ཚུལ་བསྟན་པ་ན། བདུད་སྡིག་ཅན་གྱིས་མྱ་ངན་ལས་འདའ་བར་གསོལ་བས་འཁོར་རྣམ་པ་བཞི་ལ་ཆོས་སྟོན་པར་མ་གྱུར་བར་མྱ་ངན་ལས་མི་འདའ་བར་སྩལ་བས་ཡིད་མི་བདེ་བར་གྱུར། དེའི།ཚེ་ལྷའི་དབང་པོས་ཨ་རུ་ར་ཕུལ་བས་སྙུན་ལྷག་པར་འཚོ་བའི་ཚུལ་བསྟན་ཅིང་བདུད་རྩི་ཟབ་མོ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པར་སྟོན་པའི་སླད་དུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་གསུངས་ནས་ཐུགས་ལས་ཆུང་ངུ་ལ་གཞོལ་ཏེ་རྡོ་རྗེའི་ཏིང་ངེ་འཛིན་ལ་བཞུགས་སོ། །འདིར་སྨྲས་པ། གྲངས་མེད་གསུམ་དུ་ཚོགས་སྦྱོར་སློབ་ལམ་གྱིས་བསྡུས་པའི། མཛད་པ་མཐར་ཕྱིན་འོག་མིན་ཞིང་དེར་སངས་རྒྱས་ཀྱང་། །རྣམ་གྲོལ་ཐུགས་རྗེས་འགྲོ་ལ་བདུད་རྩི་སྟེར་བའི་སླད། །མཛད་པའི་འཁོར་ལོ་བཅུ་གཉིས་བདག་པོ་འདིར་ཡང་བསྟན། །གསང་གསུམ་མཛད་པ་ནམ་མཁའ་མཛོད་ལ་དབང་བསྒྱུར་དེའི། །ཕ་མཐའ་བརྗོད་ལ་ཤཱ་རིའི་བུ་ཡང་ཁེངས་སྐྱུང་ན། །ཕྱོགས་རེའི་ཐེག་པའི་གཏན་ཚིགས་མཐའ་ལ་སུ་ཞིག་ཞེན། །དེ་ཕྱིར་འདི་ན་མང་པོའང་གཅིག་ཏུ་སྦམས་ཏེ་བཤད། །ཚོགས་


JLAZ006_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རླུང་གི་ཤིང་རྟས་བཏེགས་པ་ཡི། །སྟོབས་བཅུ་མི་འཇིགས་རྣམ་བཞིའི་འོད་བརྒྱ་བ། །སྐལ་བཟང་འདི་ཡི་མཁའ་ལ་འགྲོས་བཏེག་ཚེ། །ལུས་མེད་མུན་པའི་ཆོམ་རྐུན་གང་དུ་བྲོས། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་བསྟན་པ་རིན་པོ་ཆེའི་སྒྲོམ་ཆོས་ཀྱི་འཁོར་ལོ་བསྐོར་ནས་མཛད་པ་དབྱིངས་སུ་བརྟུལ་ཚུལ་ནི། དེ་ཡང་མ་བསྐུལ་བར་ཆོས་ཀྱི་འཁོར་ལོ་བསྐོར་བ་མི་སྟོན་པའི་ཕྱིར་མཛོད་སྤུ་ནས་འོད་ཟེར་བགྱེས་ཏེ་འཇིག་རྟེན་ཀུན་སྣང་བར་བྱས་པས། མི་མཇེད་ཀྱི་བདག་པོ་ཚངས་པ་སྔོན་གྱི་སྨོན་ལམ་སད་ནས་འཁོར་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དང་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་ལ་ལྷགས་ནས་གསོལ་བ། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་བློ་ཡི་པདྨ་ཁ་འབྱེད་པ། །སྨྲ་བའི་ཉི་མ་ཅིས་སླད་དེ་རིང་བཏང་སྙོམས་བཞུགས། །དམ་པའི་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པའི་ཆོས་ཀྱི་དུང་ནི་རབ་ཏུ་འབུད་དུ་གསོལ། །དམ་པའི་ཆོས་ཀྱི་སྡོང་བུ་བསྒྲེང་བར་མཛད་དུ་གསོལ། །དམ་པའི་ཆོས་ཀྱི་མར་མེ་སྦར་བར་མཛད་དུ་གསོལ། །ཞེས་བརྗོད་ནས་ཙན་དན་གྱི་ཕྱེ་མས་གཏོར་བ་ལས། །སྟོན་པས་ཅང་མི་གསུང་བ་མི་གནང་བའི་བརྡར་རིག་ནས་རང་གནས་སུ་སོང་


JLAZ006_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་ཉིད་ཀྱིས་དགེ་རྩ་བསམ་གྱིས་མི་ཁྱབ་པ་དང་ཡང་ཡང་བསྐུལ་ན་འཕེལ་བར་རིག་ནས་བརྒྱ་བྱིན་འཁོར་བཅས་ཀྱང་སྦྲན་ཏེ་བརྒྱ་བྱིན་གྱིས་ནོར་བུ་རིན་པོ་ཆེ་ཕུལ་ཏེ་གསོལ་བ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཐུབ་པ་ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །ཞེས་ཞུས་པས་ཀྱང་མ་གནང་། དེ་ནས་ཚངས་པས་སླར་ཡང་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་ཞུས་པ། གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཀུན་ནས་འཚལ་བར་གྱུར་བ་མཆིས་ལགས་ཀྱིས། །ཐུབ་པ་ཁྱོད་ཀྱིས་ཆོས་ནི་བསྟན་དུ་གསོལ། །ཞེས་བསྐུལ་བས། སྟོན་པས། སྐྱེ་དགུ་འདོད་པ་རྣམས་ཀྱིས་བཅིངས། །ཉོན་མོངས་རྒྱུན་གྱིས་རབ་ཏུ་འདས། །ང་ཡིས་ཚོགས་ནི་ཆེན་པོས་རྙེད། །དེ་ལྟ་བས་ན་བསྟན་མི་ཕན། །ཚངས་པ་ང་ཡིས་ཐ་བ་ཀུན། །བཅོམ་ནས་ཚོགས་ཆེན་གྱིས་རྟོགས་པས། །ཆོས་འདི་སྲིད་པའི་འདོད་ཆགས་ཀྱིས། །དཀྲིགས་པས་བདེ་བླག་རྟོགས་མ་ཡིན། །ཞེས་གསུངས་ནས་མ་གནང་བ་དང་། ཡང་ཞུས་པ། མ་ག་དྷཱ་ཡི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མ་རྗེས་སུ་འབྲེལ་བ་བྱུང་། །བདུད་རྩིའི་སྒོ་མོ་དབྱེ་བར་མཛོད་ཅིག་ཆོས། །རྡུལ་བྲལ་དྲི་མ་མེད་པ་


JLAZ006_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དུ་གསོལ། །ཞེས་པ་དང་། འཁོར་ལོ་བཞེས་ཏེ་བཀའ་སྩལ་པ། །ཚངས་པ་མ་ག་དྷཱ་ཡི་སེམས་ཅན་གང་། །སྐལ་པར་ལྡན་ཞིང་དད་དང་ཤེས་རབ་ལྡན། །མི་འཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པ། དེ་དག་།ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཞེས་བཀའ་སྩལ་པས་སྐད་ཅིག་ལ། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་ངོ་ཞེས་བྱ་བའི་སྒྲས་འོག་མིན་གྱི་བར་དུ་ཁྱབ་སྟེ་སོ་སོ་ནས་མཆོད་པའི་ཚོགས་དང་བཅས་ལྷགས་སོ། །དེའི་ཚེ་ལྷ་སྲིད་མཆོག་དང་ཤིང་གི་ལྷ་མོ་བཞིས་གསོལ་བ། ཆོས་ཀྱི་འཁོར་ལོ་གང་དུ་བསྐོར། བཀའ་སྩལ་པ། ཝཱ་རཱ་ཎ་སཱིར་རོ། །ཡང་གསོལ་བ དེར་ནི་མི་རུང་སྟེ་ལྗོན་ཤིང་གི་གྲིབ་མ་ཉུང་བ་དང་སྐྱེ་བོ་མང་པོའི་ཚོགས་དང་མི་ལྡན་པས་སོ། །བཀའ་སྩལ་པ། དེར་ནི་ང་ཡིས་མཆོད་སྦྱིན་སྟོང་ཕྲག་ཁྲག་ཁྲིག་དྲུག་ཅུས་མཆོད། ཝཱ་རཱ་ཎ་སཱི་དམ་པ་དེ་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱི་གནས། དེ་ཕྱིར་དྲང་སྲོང་ཞེས་བྱའི་གནས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར། །ཞེས་གསུངས་ནས་ཐོག་མར་གདུལ་བར་བྱ་བ་ནི་རྣམ་པ་བཟང་བ། གདུལ་སླ་བ་སྦྱོང་སླ་བ། དུས་གསུམ་གྱིས་སྟོབས་ཆུང་བ། རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་བའི་རིགས་ཅན་ཞིག་ལ་བསྟན་པར་དགོངས་པ་དང་། དེ་ལྟ་བུ་ནི་ལྷག་སྤྱོད་དང་རིང་འཕུར་དུ་མཁྱེན་ཀྱང་སྔ་མ་འདས་ནས་ཞག་བདུན་དང་། ཕྱི་མ་ཚེའི་འདུ་བྱེད་བཏང་


JLAZ006_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ནས་ཞག་གསུམ་ལོན་པས་སྐབས་སུ་མ་གྱུར་ཏོ། །དེ་ནས་སྔོན་གྱི་གནས་རྗེས་སུ་དྲན་ནས་ལྔ་སྡེ་བཟང་པོ་ལ་བསྟན་པར་དགོངས། མ་ག་དྷཱ་ནས་གསལ་ལྡན་དུ་གཤེགས་པར་བཞེད་དེ་རིམ་པར་ལྗོངས་རྒྱུ་ཞིང་ཆུ་བོ་གངྒཱའི་འགྲམ་དུ་ཕེབས་པ་ན། མཉན་པས་གྲུ་བཙས་རྩད་པ་ན་ནམ་མཁའ་ལ་གཤེགས་པས་དེ་དག་འགྱོད་དོ། །ཕྱིས་རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་ཤེས་ནས་ཕྱིན་ཆད་རབ་བྱུང་ལ་གྲུ་ཆས་མི་ལེན་པའི་ཁྲིམས་བཅས། དེ་ནས་ཡུལ་ཀ་ཤིར་ལྗོངས་རྒྱུ་ཞིང་གཤེགས་པའི་ལམ་དུ་བྲམ་ཟེ་ཉེ་བར་འཚོ་བ་དང་མཇལ་བས། །བྲམ་ཟེས་བྲིས་པ། གོའུ་ཏ་མ་ཁྱེད་ཀྱི་སུ་ལ་ཚངས་པར་སྤྱད། བཀའ་སྩལ་པ། ང་ལ་མཁན་པོ་གང་ཡང་མེད། །ང་དང་འདྲ་བ་ཡོད་མ་ཡིན། །ང་ནི་གཅིག་པུར་རྫོགས་སངས་རྒྱས། །བསིལ་གྱུར་ཟག་པ་ཟད་པ་ཡིན། །ཞེས་གསུངས་པ་དང་། ཡང་དྲིས་པ། ཁྱོད་དགྲ་བཅོམ་པ་ཡིན་ནམ། བཀའ་སྩལ་པ། ང་ཉིད་འཇིག་རྟེན་དགྲ་བཅོམ་སྟེ། །ང་ནི་སྟོན་པ་བླ་ན་མེད། །ལྷ་དང་ལྷ་མིན་དྲི་ཟར་བཅས། །ང་ནི་དོ་ཟླའི་གང་ཟག་མེད། །ཅེས་གསུངས་པ་དང་། ཡང་དྲིས་པ། ཁྱོད་རྒྱལ་བར་ཁས་འཆེ་འམ། བཀའ་སྩལ་པ། གང་དག་ཟག་པ་ཟད་བརྙེས་པ། །ང་ནི་སྡིག་པའི་ཆོས་ལས་རྒྱལ། །དེ་བས་ཉེས་བཅོམ་རྒྱལ་བ་ཡིན། །ཞེས་གསུངས་པ་དང་། ཡང་བྲིས་པ། གོའུ་


JLAZ006_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་མ་གར་འགྲོ་བཀའ་སྩལ་པ། ང་ནི་ཝཱ་ར་ཎ་སཱིར་འགྲོ། །གྲོང་ཁྱེར་གསལ་ལྡན་དེར་སོང་ནས། །ལོང་བ་ལྟ་བུའི་སེམས་ཅན་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་འགྲོ། །འོན་པ་ལྟ་བུའི་སེམས་ཅན་ལ། །ཆོས་ཀྱི་རྔ་ཆེན་བརྡུང་དུ་འགྲོ། །ཞེས་གསུངས་ཏེ། ཝཱ་རཱ་ཎ་སཱིར་གཤེགས་ནས་བསོད་སྙོམས་བཞེས། །ཟས་ཀྱི་བྱ་བ་མཛད་ནས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ན་ལྔ་སྡེ་གནས་པའི་དྲུང་དུ་གཤེགས་སོ། །དེར་ལྔ་སྡེས་དེ་བཞིན་གཤེགས་པ་རྒྱང་རིང་པོ་ནས་གཤེགས་པ་མཐོང་ནས་འདི་སྐད་དུ། དགེ་སྦྱོང་གོའུ་ཏ་མ། ལྷོད་པ། མང་དུ་ཟ་བ། སྤོང་བ་ལས་ཉམས་པ་འདིར་འོང་གིས་སུས་ཀྱང་བསུ་བར་མི་བྱ། ལྡང་བར་མི་བྱ། ཆོས་གོས་དང་ལྷུང་བཟེད་བླང་བར་མི་བྱ། སྟན་ལྷག་མ་འདི་ལ་འདོད་ན་འདུག་ཏུ་ཆུ་གཅིག་ཟེར་བ་ལ་སོགས་པའི་ནང་ཁྲིམས་བཅས་ནའང་། སྟོན་པ་བྱོན་པ་དང་ཟིལ་མ་བཟོད་པར་ལྔ་སྡེ་རྣམས་སྟན་ལས་ལངས་ཏེ་རིམ་གྲོ་དང་ཕུ་དུད་ཆེན་པོས་གོང་དུ་བཀུར་བས་འགོ་ཁྲིམས་ཀྱི་བཅའ་བ་བྱེ་མའི་ཚངས་པ་བཞིན་དུ་ཞིག་པར་གྱུར་ཏོ། །དེར་སྟོན་པས་གདན་བཤམས་པ་ཉིད་ལ་བཞུགས་ནས་གསུང་གི་བདུད་རྩིས་སྤྲོ་བ་བསྐྱེད་པ་ན། ལྔ་སྡེས་གསོལ་བ། ཚེ་དང་ལྡན་པ་གོའུ་ཏ་མ་དབང་པོ་གསལ་ལ་པགས་པ་ནི་ཡོངས་སུ་དག་ན་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་མཛད་དམ། བཀའ་སྩལ་པ། ཁྱོད་དེ་བཞིན་གཤེགས་


JLAZ006_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཚེ་དང་ལྡན་པ་མ་ཟེར་ཞིག། ཡུན་རིང་པོར་མི་བདེ་བར་འགྱུར་ཏ་རེ། ངས་ནི་བདུད་རྩི་ཐོབ་བོ།སངས་རྒྱས་སོ། །ཐམས་ཅད་མཁྱེན་པའོ། །ཐམས་ཅད་གཟིགས་པའོ་ཞེས་པ་ལ་སོགས་པའི་མཐར། ཁྱེད་ཅག་གིས་འདི་ལྟ་བུའི་འགོ་ཁྲིམས་མ་བཅས་སམ། ཞེས་མཚང་བརྟོལ་བས། དེ་དག་རྣམས་མུ་སྟེགས་ཀྱི་རྟགས་སྐད་ཅིག་ལ་མེད་པར་གྱུར་ནས་གནོང་ཞིང་འགྱོད་དེ་སྟོན་པའི་ཞབས་ལ་སྤྱི་བོའི་ཅོད་པན་གྱིས་འདུད་པར་བྱེད་ཅིང་ཉེས་བྱས་ཀྱི་ཕུང་པོ་ལ་བཤགས་སྡོམ་གྱི་མེ་ལྕེ་སྦར་བ་ལས། ཡང་དག་པའི་ལམ་ལ་ངེས་ཤེས་འདྲོངས་ཤིང་། ཐོག་མཐའ་བར་གསུམ་དུ་དགེ་བའི་ཆོས་ཉིད་ཅན་མཚམས་སྤྲིན་གྱི་བླ་གོས་གཡོགས་པའི་དགེ་སློང་གི་དངོས་པོར་གྱུར་ཏོ། །དེར་ཁྱིམ་པ་བཞིན་དུ་བགོ་བ་ལ། དང་པོར་བཅའ་བའི་གཞི་འདུལ་བའི་སྡེ་སྣོད་ལས། ཆོས་གོས་ཅི་ནས་ཀྱང་ཟླུམ་པོར་བགོ་བ་ལ་བསླབ་པར་བྱའོ། །ཞེས་བྱ་བ་ལ་སོགས་པའི་བསླབ་པ་བཅས་སོ། །དེ་ནས་ཆུ་སྟོད་ཟླ་བའི་ཚེ་བཞི་ལ་ཆོས་ཀྱི་འཁོར་ལོ་ཆེན་པོ་གང་དུ་བསྐོར་སྙམ་དགོངས་པ་དང་། སྔོན་གྱི་རྒྱལ་བས་གང་དུ་བསྐོར་བའི་ས་དེར་རིན་པོ་ཆེ་བདུན་གྱི་ཁྲི་སྟོང་བྱུང་བའི་འདས་པའི་སངས་རྒྱས་གསུམ་གྱི་ཁྲི་ལ་གུས་པ་དང་ཕུ་དུད་བསྐྱེད་ཕྱིར་ཕྱག་དང་སྐོར་བ་མཛད་ནས་བཞི་པའི་སྟེང་དུ་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟ་བུ་བག་ཚ་བ་མེད་པ་ལྷམ་མེར་བཞུགས་


JLAZ006_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་དགེ་སློང་ལྔ་པོས་ཀྱང་ཕྱག་བཙལ། །གུས་པའི་ཚུལ་གྱིས་འདུག་ཚེ་སྐུ་ལས་འོད་ཟེར་བཀྱེ་བས་ལྟས་བཅོ་བརྒྱད་བྱུང་། སྡུག་བསྔལ་གྱི་རྒྱུན་བཅད། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན་ནམ་མཁའ་ལྡིང་སོགས་བསམ་གྱིས་མི་ཁྱབ་པ་སྐད་ཅིག་ལ་ལྷགས་ནས་ཞབས་ལ་བཏུད་དེ་འདུག་གོ །དེའི་ཚེ་ཚངས་པས་གསེར་ལས་བྱས་པའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། རྣམ་པ་ཐམས་ཅད་ཀྱིས་བརྒྱན་པ། ཉིན་མོར་བྱེད་པ་ལ་ཅོ་འདྲི་བ། སྔོན་གྱི་རྒྱལ་བས་བཞེས་པ་དེ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཡིད་གཞུངས་པས་གསོལ་བ་བཏབ་བོ། །དེའི་ཚེ་རི་དྭགས་རུ་རུ་གསེར་གྱི་ཁ་དོག་ཅན་ཟུང་ནགས་ནས་ཐོན་ཏེ་འཁོར་ལོའི་རྩེ་མོ་ལ་ལྟ་ཞིང་འཁོད་དོ། །འདུས་པའི་འཁོར་རྣམས་ཀྱང་དེ་བཞིན་གཤེགས་པའི་ཞལ་ཁོ་ན་ལ་ལྟ་ཞིང་འདུག་པ་ན་རྒྱལ་བ་ཉིད་ནམ་སྟོད་ལ་ཅང་མི་གསུང་བར་བཞུགས། དགུང་ཐུན་ལ་འཕེལ་བར་གྱུར་བའི་མཆིད་གླེང་། ནམ་གྱི་ཆ་སྨད་ན་ལྔ་སྡེ་ལ། དགེ་སློང་དག་མཐའ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བས་འཇུག་པར་བྱ་བ་མ་ཡིན་ཏེ། འདོད་པ་བསོད་སྙོམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའོ། །དེ་བས་ན་མཐའ་གཉིས་སྤངས་ནས་དབུ་མའི་ལམ་གྱི་དེ་བཞིན་གཤེགས་པས་ཆོས་སྟོན་ཏོ། །ཞེས་པས་གོ་ཕྱེ་ནས་འཁོར་ལོ་དང་པོ་བདེན་པ་བཞིའི་


JLAZ006_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་རྣམ་པ་བཅུ་གཉིས་སུ་བསྐོར་བའི་གསུང་གཅིག་གིས་དུ་མ་ཉིད་དུ་སོ་སོར་འཚམ་པའི་གཏམ་ཐེག་གསུམ་ཐ་དད་པར་ཐོས་པས་སྟོང་ཆེན་འདི་ན་བདེན་བཞི་གཅིག་པོའི་མིད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བཞིར་ཡོད་པ་ཅིག་ཆར་དུ་གྲགས་སོ། །དེའི་ཚེ་ལྷ་རྣམས་ཀྱིས་བསྔགས་པ་བརྗོད། འདུས་པ་དང་པོ་ལ་ཀཻཎྜི་ནྱ་དང་ལྷ་མང་པོ་ལ་མཐོང་ལམ་སྐྱེས། གཉིས་པར་དེ་དགྲ་བཅོམ་པས་དཀོན་མཆོག་གསུམ་འགྲུབ། གཞན་བཞི་ལམ་ཐོང་ལམ་སྐྱེས། གསུམ་པ་ལ་བཞི་པོས་ཀྱང་དགྲ་བཅོམ་པ་ཐོབ། དེའི་ཚེ་ལྔ་སྡེ་བཟང་པོས་ཆོས་འཁོར་བསྐོར་བའི་མཆོད་རྟེན་བཀྲ་ཤིས་སྒོ་མངས་བརྩིགས་སོ། །དེ་ནས་མ་ག་དྷར་གཤེགས་བཟང་སྡེའི་ཚོགས་དྲུག་ཅུ་རྣམས་ལ་ཆོས་བསྟན་པས་དགྲ་བཅོམ་སྟེ་ལྗོངས་རྒྱུ་བར་བཏང་། སེར་སྐྱའི་བྲམ་ཟེ་ཆུང་མར་བཅས་དང་འོ་ཐུག་འབུལ་བའི་བུ་མོ་ལེགས་སྐྱེས་མ་གཉིས་ལ་ཆོས་བསྟན་པས་བདེན་པ་མཐོང་། ལྟེང་རྒྱས་འོད་སྲུངས་ཞེས་ལོ་བརྒྱ་ཉི་ཤུ་ལོན་ལ་སྲིད་རྩེའི་ཏིང་ངེ་འཛིན་ཐོབ་པ་མི་རྣམས་ཀྱིས་དགྲ་བཅོམ་པར་བརྩི་བ་འཁོར་རལ་པ་ཅན་ལྔ་བརྒྱ་དང་། དེའི་སྤུན་གཉིས་ལ་འཁོར་ཉིས་བརྒྱ་ལྔ་བཅུ་རེ་དང་བཅས་པ་ནེ་རེཉྫ་ནའི་འགྲམ་དུ་དཀའ་ཐུབ་ལ་གནས་པའི་རྩར་བྱོན་ནས་རྫུ་འཕྲུལ་གྱི་སྤ་བཀོང་བར་བྱས་ཏེ་བཏུལ་ཞིང་བདེན་པ་ལ་བཀོད། བྲམ་ཟེ་གནས་ངན་ལེན་གྱི་བུ་མོ་ཤ་རི་ཀ་དང་བྲམ་ཟེ་དཀར་རྒྱལ་འདུས་


JLAZ006_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བྱུང་བའི་སྒྲིབ་པ་རྣམ་སལ་གྱི་སྤྲུལ་པ་ཤཱ་རིའི་བུ་དང་། རྒྱལ་པོའི་ཁབ་ཀྱི་མདུན་ན་འདན་ཀཎྜི་ནྱ་གྲུ་འཛིན་ཕྱུག་བོར་ཆུང་མ་མོངྒལ་དང་འདུས་པ་ལ་བུ་བཙས་པ་མོངྒལ་གྱི་བུ་སྟེ། དེ་གཉིས་ཀ་རིག་བྱེད་ལ་གོམས་པས། སློབ་མ་ཉིས་བརྒྱ་ལྔ་བཅུ་དང་བཅས་སྟོན་པའི་སྤྱན་སྔར་ཚུར་ཤོག་གིས་བསྙེན་པར་རྫོགས་པས་ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་དང་། རྫུ་འཕྲུལ་ཅན་གྱི་མཆོག་མཽངྒལ་གྱི་བུ་སྟེ་མཆོག་ཟུང་དུ་གྲགས་པ་ཡང་མི་རིང་བར་དགྲ་བཅོམ་ཐོབ། །འོད་སྲུངས་ཀྱི་རིགས་ལ་ནྱ་གྲོ་དྷཱ་སྐྱེས་ཞེས་བྱ་བ་འདོད་པ་སྤངས་པ་ཞིག་ཡོད་པ་ཕ་མས་རབ་ཏུ་འབྱུང་བར་མ་གནང་ནས་ལོ་བཅུ་གཉིས་ཁྱིམ་དུ་གནས། མཐར་ཕ་མ་འདས་པ་དང་ཁྱིམ་གྱི་འབྱོར་བ་སྦྱིན་པར་བཏང་སྟེ་རྒྱལ་པོའི་ཁབ་ཏུ་འོངས་པ་སྟོན་པ་དང་མཇལ་བས་དེར། བཙུན་པ་བཅོམ་ལྡན་འདས་བདག་གི་སྟོན་པ་ལགས་ཀྱིས། བདག་ནི་ཁྱོད་ཀྱི་ཉན་ཐོས་ལགས་སོ་ཞེས་ཞུས་པར། སྟོན་པས་ཀྱང་གནང་བས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཕུང་པོ་ལྔའི་གདམས་ངག་གནང་སྟེ་བསྒོམས་པས་ཉི་མ་དེ་ལ་རྒྱུན་ཞུགས་ཐོབ། ཞག་བརྒྱད་ཀྱི་བར་སློབ་པའི་ས་ལ་འདས་པར་བྱས་ནས་ཉི་མ་དགུ་པར་དགྲ་བཅོམ་པས་ཉན་ཐོས་འོད་སྲུངས་ཆེན་པོར་གྲགས་ཤིང་ཆོ་ག་ཤེས་པ་རྣམས་ཀྱི་མཆོག་ཏུ་བསྔགས། དེ་བཞིན་དུ་གསང་བའི་བདག་པོ་ཐོས་པ་འཛིན་ཅིང་བཀའི་བསྡུ་བ་བྱེད་པའི་ཕྱིར་ཉན་ཐོས་ཀྱི་ཟོལ་ལ་བརྟེན་


JLAZ006_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་དགའ་བོས་མཚོན་ཤཱཀྱའི་རིགས་ཇི་སྙེད་ཅིག་དང་། སྲུ་སྒྱུ་འཕྲུལ་མ་ལ་སོགས་བཙུན་མོའི་ཚོགས་བསམ་གྱིས་མི་ཁྱབ་པ། གཞན་ཡང་བྲམ་ཟེའི་རིགས་དང་དམངས། ཕྱི་རོལ་བ་ལ་སོགས་པ་གདུལ་བར་བྱ་བ་དཔག་ཏུ་མེད་པ་བསྟན་པ་ལ་བཙུད། སྐབས་སོ་སོའི་ཐད་ཀར་ཡུལ་གྱི་རྐྱེན་ཐ་དད་པས་བསྐུལ་བ་ལྟར་དམ་པའི་ཆོས་འདུལ་བ་ལ་ལེགས་པར་གནས་པའི་བཅའ་བ་མཛད་པ་སོགས་འདུལ་བའི་སྡེ་སྣོད་ལས་རྒྱ་ཆེར་བཤད་པ་ལྟར་སོ་སོ་ཐར་བ་རིགས་བདུན་གྱི་གོ་འཕང་ལ་བཞག་པ་སྟེ། ཆོས་ཀྱི་འཁོར་ལོ་དེས་ནི་སྐྱེས་བུ་ཆུང་ངུའི་ལམ་ཞར་ལ་བསྟན་ཅིང་། སྐྱེས་བུ་འབྲིང་གི་ལམ་གཙོ་བོར་བསྟན་པ་ཡིན་ནོ། །བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ནི། གནས་བྱ་རྒོད་ཕུང་པོའི་རི་ལ། སྟོན་པ་ཤཱཀྱ་ཐུབ་པས། ཐུན་མོང་གི་འཁོར་རྣམ་པ་བཞི་ལས། ཤཱ་རིའི་བུ་དང་། མཽངྒལ་གྱི་བུ་ལ་སོགས་པ་དགྲ་བཅོམ་པ་ལྔ་སྟོང་ཙམ་དང་། ཡུམ་སྐྱེ་དགུའི་བདག་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་ཙམ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་དགེ་བསྙེན་མས་ག་ལ་སོགས་པའི་དགེ་བསྙེན་དང་དགེ་བསྙེན་མའི་ཚོགས་དང་། ལྷ་དང་ཀླུ་དང་ལྷ་མ་ཡིན་དང་། དྲི་ཟ་ལ་སོགས་པ་རབ་ཏུ་མང་པོ་དང་། ཐུན་མོང་མ་ཡིན་པའི་འཁོར་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། རིན་ཆེན་འབྱུང་ས་ལྡན་དང་། དྲྭ་བ་སྦྱིན་ལ་སོགས་པ་རབ་ཏུ་མང་


JLAZ006_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་དང་ཐབས་ཅིག་ཏུ། དེ་བཞིན་གཤེགས་པ་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས་ནས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིང་བ་སྔོན་དུ་འགྲོ་བས། གང་གི་སྐུ་གསེར་གྱི་མཆོད་སྡོང་ལྟ་བུ་སྐྱིལ་མོ་ཀྲུང་བཅས་ནས་དྲང་པོར་བསྲངས། དྲན་པ་མངོན་དུ་བཞག་པར་མཛད་ནས་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་ནི་གཞི། རྣམ་པར་ཐར་བའི་སྒོ་མཚན་མ་མེད་པ་ནི་ལམ། རྣམ་པར་ཐར་བའི་སྒོ་སྨོན་པ་མེད་པ་ནི་འབྲས་བུ་སྟེ་ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཐོག་མ་དང་བར་དང་ཐ་མར་དགེ་བ་ལ་སོགས་པ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་རྗེས་སུ་སྟོན་པར་མཛད། དེ་ཡང་ཚིག་ལྷུར་ལེན་ཞིང་རྒྱས་པ་ལ་དགའ་བའི་གདུལ་བྱ་རྗེས་སུ་བཟུང་ཕྱིར་འཕགས་པ་སྟོང་ཕྲག་བརྒྱ་བ་སྨོས་ཏེ། བར་མ་ལ་དགའ་བའི་རིགས་ལ་སྟོང་ཕྲག་ཉི་ཤུ་ལྔ་བ་དང་། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་བ། མགོ་སྨོས་པས་གོ་བ་རྣམས་ཀྱི་ཆེད་དུ་སྙིང་པོར་དྲིལ་བ་བརྒྱད་སྟོང་པ། ཚིགས་སུ་བཅད་པ་ལ་ཡིད་ཕྱོགས་པ་རྣམས་ཀྱི་དོན་དུ་ཤེར་ཕྱིན་གྱི་དོན་ཐམས་ཅད་བསྡུས་ནས་ཡོན་ཏན་རིན་པོ་ཆེ་སྡུད་པ་གསུངས་ཤིང་། དེའི་ཚེ་ལྷའི་བུ་དག་གིས་སྨྲས་པ། ཀྱེ་མ་ཨ་ལ་ལ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་ཞེས་ཆེད་དུ་བརྗོད་ལ། ཆོས་ཀྱི་རྣམ་གྲངས་འདི་ལ་སྐྱེས་བུ་ཆེན་པོའི་ལམ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཞེས་གྲགས་


JLAZ006_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེ་སྐད་དུ་ཐམས་ཅད་མཁྱེན་པ་པྲ་ཛྙཱར་སྨིས། རྒྱུ་དང་འབྲས་བུའི་ཐེག་ཆེན་རྣམ་གཉིས་ལས། །ཇི་བཞིན་གསུངས་པའི་གསང་བ་མ་ལུས་པ། །སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་སྟེ། །ཞེས་སོ། །འཁོར་ལོ་གསུམ་པ་ནི། གནས་གྲོང་ཁྱེར་ཡངས་པ་ཅན་ལ་སོགས་མ་ངེས་པ་དག་ཏུ། འཁོར་ཐེག་པ་ཆེན་པོ་ཡང་དག་ལ་ཞུགས་པའི་གདུལ་བྱ་རིགས་ཅན་སྣ་ཚོགས་པ་ལ་གསུངས་ཤིང་། དེའི་གཞི་ཀུན་བརྟགས། གཞན་དབང་། ཡོངས་གྲུབ་སྟེ་རྣམ་པ་གསུམ་ལས་བརྩམས་ཏེ་གསུངས་ལ། དེ་ལྟར་འཁོར་ལོ་གསུམ་དུ་བཞག་པའི་བཀའ་དང་པོ་རྫོད་བྱེད་འདུལ་བའི་སྡེ་སྣོད་ཀྱིས་བརྗོད་བྱ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ། བཀའ་བར་པ་བརྗོད་བྱེད་མདོ་སྡེའི་སྡེ་སྣོད་ཀྱིས་བརྗོད་བྱ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། བཀའ་ཐ་མ་བརྗོད་བྱེད་མངོན་པའི་སྡེ་སྣོད་ཀྱིས་བརྗོད་བྱ་ལྷག་པ་ཤེས་རབ་ཀྱི་བསླབ་པ་བསྟན་པར་འདོད་པ་གཙོ་ཆེ་བའི་དབང་གིས་སྨོས་པ་སྟེ། དབྱེ་ན་བཀའ་དང་པོ་ལའང་འདུལ་བའི་འདུལ་བ། འདུལ་བའི་མདོ་སྡེ། འདུལ་བའི་མངོན་པ་དང་། དེ་བཞིན་དུ་བར་པ་ལ། མདོ་སྡེའི་འདུལ་བ། མདོ་སྡེའི་མདོ་སྡེ། མདོ་དེའི་མངོན་པ་དང་། ཐ་མ་ལ། མངོན་པའི་འདུལ་བ། མངོན་པའི་མདོ་སྡེ་མངོན་པའི་མངོན་པ་སྟེ། སྡེ་སྣོད་གསུམ་ཀའི་རྣམ་གཞག་བཀའ་ཐ་དད་པར་ཚང་བའི་ཆོས་ཅན་ནོ། །དེའང་ཐུན་མོང་མ་ཡིན་པའི་ལུགས་ནི།


JLAZ006_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱའི་བློ་ལ་ལྟོས་ནས་རིམ་གྱིས་འཇུག་པའི་ལས་ཅན་རྣམས་ལ་འཁོར་ལོ་གསུམ་རིམ་པར་གསུངས་པར་སྣང་ཞིང་། དུས་ཅིག་ཅར་དུ་འཇུག་པའི་བློ་ཅན་རྣམས་ལ། བྱ་བ་རྫོགས་པའི་སྐད་ཅིག་ལ་བསྟན་པ་ལྟར་སྣང་སྟེ། མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་གདལ་སྣང་། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམས་བསྐངས་པའི། །གསུང་གི་ཆེ་བ་དེ་ཉིད་དོ།ཞེས་གསུངས་པའི་ཕྱིར་རོ། །འགའ་ཞིག་ཐེག་པ་ཆེ་ཆུང་གི་ཁྱད་པར་ལས་གདུལ་བྱའི་སྣང་ངོ་དང་བསྟུན་ནས་བཤད་པའི་འགྲེལ་ཚུལ་ཁོག་ཡངས་པར་མི་ཤེས་པས་ཕྱོགས་སུ་ལྷུང་བ་ཉིད་དུ་སྨྲ་བ་ནི་རིགས་པ་མ་ཡིན་ཏེ། ཤིང་རྟ་ཆེན་པོ་ཀློང་ཆེན་པས། འདིར་སློབ་དཔོན་ཁ་ཅིག་འཁོར་ལོ་གསུམ་པོ་དུས་གཅིག་ཏུ་བསྐོར་བ་ཁོ་ནར་འདོད་པ་དང་། ཁ་ཅིག་རིམ་པས་སྟོན་པར་འདོད་པ་གཉིས་ཀས་ཐུན་མོང་དང་ཐུན་མོང་མ་ཡིན་པ་དབང་པོའི་ཁྱད་ཀྱིས་ཕྱེ་བའི་དོན་ལ་རྨོངས་པར་ཟད་དོ། །ཞེས་གསུངས་སོ། །གཞན་ཡང་འཁོར་ལོ་དེ་དག་སྒྲ་ཚིག་རང་ཚན་པ་མ་ཡིན་པར་སྟོན་པའི་ཐུགས་རྗེ་ནི་ནོར་བུ་རིན་པོ་ཆེ་ལྟར་འགྲོ་བའི་མོས་པ་དང་རྗེས་སུ་མཐུན་པར་དོན་འབྱུང་བའི་ཕྱིར་དཀོན་མཆོག་རྩེགས་པ་ལས། ཞི་བའི་བློ་


JLAZ006_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་གང་གི་མཚན་མོ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། གང་གི་མཚན་མོ་མྱ་ངན་ལས་འདས་པའི་བར་དུ་ངས་ཆོས་འབྲུ་གཅིག་ཙམ་ཡང་བསྟན་པ་མེད་དོ། །ཞེས་པའི་རྣམ་གཞག་ལ། དོན་དམ་པར་ཇི་ལྟ་བ་བཞིན་དུ་ཁས་ལེན་ཅིང་། ཀུན་རྫོབ་ཏུ་སྒྲ་ཚིག་རང་ཚན་པར་འདོད་པ་ཡང་ནོར་བ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། མི་ཤེས་པ་ཁ་ཅིག་དོན་དམ་དུ་མ་བསྟན། ཀུན་རྫོབ་ཏུ་བསྟན་ཟེར་བ་ཡང་གསུང་ཚིག་དང་ཡི་གེ་ལས་འདས་པ། འགྲོ་བའི་སྣང་བ་དང་མཐུན་པར་ཚིག་དང་ཡི་གེ་ལྟར་སྣང་བ་འབྱུང་བའི་དེ་ཉིད་ལ་རྨོངས་པར་སྣང་ངོ། །ཞེས་མདོ་ཏིང་འཛིན་རྒྱལ་པོའི་ལུང་དང་བཅས་གསུངས་པའི་ཕྱིར་འདིར་ཆོས་འབྱུང་བའི་གླེང་གཞིའི་སླད་ཙམ་དུ་ཐེག་པ་ཆེ་ཆུང་གི་རྣམ་གཞག་འདྲེས་མར་བཤད་པ་ལའང་ཅ་ཅོ་སྒྲོག་པར་མི་བྱའོ། །འདིར་སྨྲས་པ། རྟེན་འབྱུང་རྩ་བ་མ་རིག་མུན་པའི་ནགས་ཁྲོད་དེར། །སྐྱེ་རྒ་ན་འཆིའི་དྲྭ་བས་གཡོགས་པའི་སེམས་ཅན་རྣམས། །བུ་རམ་ཤིང་བའི་ཐུགས་བསྐྱེད་མཐུ་ཡིས་བཟོད་མིན་པས། །བདུད་རྩིའི་ཆོས་མཆོག་དཔལ་གྱི་བེའུ་ཟུང་ནས་ཕྱུང་། །མཐའ་བརྒྱད་སྤྲོས་པ་བྲལ་བའི་བུམ་བཟང་དེར། །གསུང་རབ་དགོངས་དོན་བཅུད་དུ་དྲིལ་བའི་ཚེ། །བགྲང་ཡས་ཐེག་པའི་འཇུག་སྒོ་དྲང་བའི་དོན། །རྣམ་ཐར་སྒོ་གསུམ་བརྗོད་བྱའི་ཡུལ་ལས་བརྒལ།ཐུགས་རྗེ་རྨད་དུ་བྱུང་བའི་ནུས་པའི་གཟུགས། །སྒྲ་དང་བྲག་ཅའི་དངོས་པོས་


JLAZ006_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བཏང་ཡང་། །མོས་པའི་མེ་ལོང་གཙང་མར་འཆར་བ་འདི། །ཤཱཀྱ་སེང་གེའི་ཆོས་ཡིན་གཞན་དུ་མིན། །ཅེས་པར་སྐབས་ཀྱི་ཚིགས་སུ་བཅད་ནས། ད་ནི་གཞན་གྱིས་རྒོལ་བ་མི་བསྲུན་པ་ཚར་བཅད་དེ། ཆོ་འཕྲུལ་ཆེན་པོ་བསྟན་པ་ལ་སོགས་ཕྲིན་ལས་རླབས་པོ་ཆེ་མཐར་ཕྱིན་ནས་མཛད་པ་དབྱིངས་སུ་བརྟུལ་བའི་རྣམ་གཞག་ནི། བདག་ཅག་གི་སྟོན་པ་རྒྱལ་པོ་གཟུགས་ཅན་སྙིང་པོས་གཅུང་བསྐུལ་བའི་ཆོས་སྟོན་ལ་སྤྱན་དྲངས། དེའི་ཚེ་མུ་སྟེགས་རྣམ་གྲལ་གོང་དུ་བསྐྱལ་ཡང་སྟོབས་བཅུ་མཐར་པའི་གཟི་བྱིན་གྱིས་དེ་དག་རྣམས་སྟོན་པ་འཁོར་དང་བཅས་པའི་གྲལ་མཇུག་ཏུ་གྱུར་བ་སོགས་ལན་དུ་མར་ནོངས་པས། མུ་སྟེགས་ཀྱི་སྟོན་པ་དྲུག་ལ་ཡོན་བདག་གིས་བསྙེན་མ་བཀུར་བར་ཁྲོས་ཏེ་སངས་རྒྱས་དང་རྫུ་འཕྲུལ་འགྲན་པར་ཞུས་པ་ན། རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་ནི་ཉི་མའི་འོད་དང་འདྲ་བ་ལ། ཁྱོད་ཅག་སྲིན་བུ་མེ་ཁྱེར་ལྟ་བུས་དེ་ལྟར་མི་རིགས་སོ་ཞེས་བརྗོད་པས་མ་དགའ་སྟེ། རྒྱལ་པོ་འདི་གོའུ་ཏ་མའི་ཕྱོགས་བྱེད་དོ། །དེས་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དེ་གཟུ་བོར་ཡོད་འདུག་པས་གམ་དུ་འགྲོ་ཞེས་མཉན་ཡོད་དུ་སོང་ནས་གསལ་རྒྱལ་ལ་རྫུ་འཕྲུལ་འགྲན་པའི་དབང་པོ་བྱེད་པར་གསོལ་བ་ན། དེས་ཀྱང་ཁྱེད་ཅག་ཕམ་གྱིས་དོགས་པའི་ཚིག་གིས་བཀྲལ་བས་མུ་སྟེགས་བྱེད་རྣམས་མ་རངས་ཏེ་ཁྱོད་ཀྱང་གོའུ་ཏ་མས་བསླུས་ཟིན་ཞེས་སྤྱོ་


JLAZ006_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱས་པས། རྒྱལ་པོས་ཀྱང་ཁས་བླངས་ཏེ་དེ་བཞིན་གཤེགས་པ་ལའང་དེ་སྐད་དུ་གསོལ་བས་ཞལ་གྱིས་བཞེས་སོ། །དེར་སྟོན་པ་དྲུག་ལ་དེ་སྨྲས་པས་འདི་སྐད་དུ་གོའུ་ཏ་མ་འབྲོས་སམ་གྲོགས་བཙལ་བ་ལས་མ་འདས། བདག་ཅག་རྣམས་ཀྱང་གྲོགས་བཙལ་ལོ་ཞེས་གྱད་ཡུལ་གྱི་ཀུན་ཏུ་རྒྱུ་རབ་བཟང་བསྐུལ་བ་ན། དེས་ཀྱང་སངས་རྒྱས་ལ་འགྲན་ཟླ་མི་སྤོབས་པར་བརྗོད་པས་སླར་དེ་བོར་ནས་གངས་རིའི་མགུལ་གྱི་དྲང་སྲོང་ལྔ་བརྒྱ་རོགས་སུ་སྦྲན་པས། དེ་དག་གིས་ཁས་བླངས་ཏེ་རན་པའི་ཚེ་མཚན་མ་སྟོན་ཅིག་ཅེས་བསྒོའོ། །དེའི་ཚེ་གསལ་རྒྱལ་གྱི་མས་དཔོན་གྱི་གཅུང་ནག་པོའི་ཡན་ལག་དབྱེན་གྱིས་བཅད་ནས་གྲོང་ཁྱེར་གྱི་སྲང་མདོར་བོར་བ་དང་། གཉེན་གྱིས་སྟོན་པ་དྲུག་ལ་འདི་གསོས་པའི་བདེན་ཚིག་བརྗོད་ཅིག་སྨྲས་པས། སྤོབས་པ་མེད་དེ་ཞུམ་ནས་ཅང་མི་སྨྲ་བར་འདུག་གོ །དེར་ཀུན་དགའ་བོས་སངས་རྒྱས་ལ་གསོལ་བས། ཞལ་ནས། དཀོན་མཆོག་གསུམ་མཆོག་ཡིན་པའི་བདེན་པས་འདིའི་ཡན་ལག་སྔར་བཞིན་གྱུར་ཅིག་གསུངས་མ་ཐག་དེ་ཉིད་གསོལ་བས། ཀུན་དགའ་བོས་མུ་སྟེགས་ཕམ་པར་བྱས་སོ་ཞེས་པའི་སྒྲ་བསྒྲགས། དེས་རྫུ་འཕྲུལ་ཡང་གྲུབ། དེར་མཉན་ཡོད་ནས་རྒྱལ་བྱེད་པར་ཆོ་འཕྲུལ་གྱི་འདུན་ཁང་ཕུན་སུམ་ཚོགས་པར་དེ་བཞིན་གཤེགས་པ་བཞུགས་པའི་རིན་པོ་ཆེའི་ཁྲི་དང་། ཕྱི་རོལ་པའི་སྟོན་པ་དྲུག་ལའང་རང་རང་གི་འདུན་ཁང་དྲུག་ཁྲི་དང་བཅས་པ་ཤམས་


JLAZ006_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པའི་མཐར་ནམ་མཁར་ཆོ་འཕྲུལ་བལྟ་བ་ལ་ལྷགས་པའི་ལྷའི་ཚོགས་དཔག་གིས་མི་ལང་བ་འདུས་པའི་ཚེ། །བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་ནས་སྒོ་འཕར་གསེབ་ནས་འོད་ཟེར་ཕྱུང་བས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་ཐམས་ཅད་བསྲེགས་པ་དང་། སྟོན་པ་དྲུག་ན་རེ། ལྷད་ནི་གོའུ་ཏ་མའི་འདུན་ཁང་ཚིག་གིས་གལ་ཏེ་རྡོ་ཐོགས་ནས་འདིར་མཆིམས་ལ་ཞི་བར་བགྱིད་གྲག ཅེས་སྨྲས་པས། རྒྱལ་པོ་འཁོར་བཅས་ཅང་མི་སྨྲ་བར་སེམས་ཁོང་དུ་ཆུད་དོ། །དེར་སངས་རྒྱས་ཀྱི་མཐུས་མེས་འདུན་ཁང་གི་དྲི་ཀུན་བསྲེགས་ནས་རང་ཉིད་ཞི་བདེའི་འདུན་ཁང་མཛེས་པར་གྱུར་བ་དང་། རྒྱལ་པོ་དགའ་ནས་མུ་སྟེགས་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསྟན་ཟིན་གྱིས། ད་་ནི་ཁྱེད་ཅག་གི་དུས་ལ་བབས་སོ་ཞེས། སྤོབས་པ་མེད་ནས་ཅང་མི་སྨྲ་བར་འདུག་གོསླར་ཡང་སྟོན་པས་བཀྲ་ཤིས་ཀྱི་འཁོར་ལོས་མཛེས་པའི་ཞབས་གཡས་པ་ས་ལ་བསྣུན་པས་ས་ཆེན་པོ་འདི་རབ་ཏུ་གཡོས། རྐྱེན་དེས་སྔར་སྟོན་པ་དྲུག་གིས་རོགས་སུ་བཙལ་བའི་རི་སུལ་གྱི་དྲང་སྲོང་ལྔ་བརྒྱ་པོ་ནི་ཤོག་ཅེས་པའི་བརྡར་གོ་ནས་ནམ་མཁའ་ལ་འཕུར་ཏེ་འོངས་པ་ལས། དེ་བཞིན་གཤེགས་པ་མཐོང་བ་ཙམ་གྱིས་དད་པའི་བ་སྤུ་ཁོང་ནས་གཡོས་ཏེ་ཁོ་ཅག་གི་རོགས་བགྱིད་པ་ལྟ་ཅི། སངས་


JLAZ006_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ་ཡན་ལག་ལྔ་ལྡན་གྱི་ཕྱག་གིས་འདུད་ཅིང་། ཆོས་ཉན་པས་བདེན་པ་མཐོང་། རབ་ཏུ་བྱུང་བར་གསོལ་བས་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་སླར་དགྲ་བཅོམ། དེ་ནས་བཅོམ་ལྡན་འདས་དགུང་ལོ་ང་དྲུག་པ་ཤིང་མོ་ཡོས་ཀྱི་ལོ་དགུན་ཟླ་ཐ་ཆུང་ལ་ཆོ་འཕྲུལ་གྱི་འདུན་ཁང་དུ་བྱོན། ཟླ་བའི་དཀྱིལ་འཁོར་མཆུས་ཉ་བའི་དུས་ཚོད་དེ་རྒྱལ་ལུགས་ཀྱིས་ལོ་འགོར་འཇོག་པའི་ཚེ་མུ་སྟེགས་ཀྱི་སྟོན་པ་དྲུག་དང་ཆོ་འཕྲུལ་འགྲན་པར་དུས་བཏབ་པ་བཞིན་དུ་ཚོགས་པ་ལས། ལྟད་མོར་ལྷགས་པའི་སྐྱེ་དགུ་མཐའ་ཡས་པའི་དབུས་སུ་ཆོ་འཕྲུལ་ཆེན་པོའི་མཛད་པ་བསྟན་པར་གྲགས་པ་ནི་འདི་ལྟ་སྟེ། ཚེས་གཅིག་ལ་རྒྱལ་པོ་གསལ་རྒྱལ་གྱིས་མཆོད་པའི་ཚེ། ཚེམས་ཤིང་ས་ལ་བཙུགས་མ་ཐག་དཔག་ཚད་ལྔ་བརྒྱའི་དཔངས་དང་མཉམ་པའི་ལྗོན་པར་གྱུར་ཅིང་། དེའང་མེ་ཏོག་ཤིང་རྟའི་འཕང་ལོ་དང་མཉམ་པ། འབྲས་བུ་བྲེ་ལྔའི་བཅུད་ཤོང་བའི་བོངས་ཅན་ཡལ་འདབ་ཀྱི་རྩ་བར་རིན་པོ་ཆེ་སྣ་བདུན་གྱི་བཀྲག་མདངས་སྣང་བས་གླིང་བཞིའི་མུན་པ་སེལ་བ། དེའི་དྲི་དངར་བ་འཐུལ་བས་དབང་པོ་ཡུལ་གྱི་བདེ་བ་སྟེར་ཞིང་རོ་ཞིམ་པ་སོགས་ཉམས་སུ་མྱོང་། ཚེས་གཉིས་ལ་རྒྱལ་པོ་ཨུ་དྲ་ཡ་ནའམ། ཤར་བས་མཆོད་ཚེ་སྐུའི་གཡས་གཡོན་དུ་སྔོན་མེད་ཀྱི་རིན་པོ་ཆེའི་རི་བོ་མཐོ་ཞིང་བརྗིད་ཆགས་ལ། ལྷའི་ནོར་བུ་བཅལ་དུ་བཀྲམ་པ་ལྟ་བུར་རབ་ཏུ་བཀྲ་བ་ལྗོན་ཤིང་


JLAZ006_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་དང་འདབ་མ་འཛུམ་པ། འབྲས་བུས་ཡོངས་སུ་དུད་ལ་སྙན་པའི་སྒྲ་འཁྲོལ་བ། གཡས་རིར་རོ་བདེའི་འབྲས་ཀྱི་སྙེ་མར་མི་རྣམས་ལོངས་སྤྱོད་ལ། གཡོན་རིར་རྩྭ་སྔོ་ལྗང་བཅུད་དང་ལྡན་པས་དུད་འགྲོའི་ཚོགས་ཚིམ་པ་མ་སྨད་པའི་མཛད་པ་མཐའ་ཡས་པར་བསྟན་ནོ། །ཚེས་གསུམ་ལ་རྒྱལ་པོ་ཤུཉྩིད་ལས་ཡོན་སྦྱར་དུས་ཞལ་བསིལ་ས་ལ་དོར་བས། ཆུ་རྫིང་བཻ་ཌཱར་ཞུན་མ་འཁྱིལ་བ་ལྟ་བུ་དཔག་ཚད་ཉིས་བརྒྱའི་ཁོར་ཡུག་ཅན་རིན་པོ་ཆེའི་ཕྱེ་མ་པདྨ་ཤིང་རྟའི་འཁོར་ལོ་ཙམ་འཇའ་ཚོན་ལྟ་བུའི་ཁ་དོག་ཅན་དེ་དག་གི་བཀྲག་མདངས་ཆེས་ཆེར་འཕེལ་བའི་འོད་ཀྱིས་ཉི་མའང་ལྷོ་ཕྱོགས་སུ་བྲོས། དེར་འཁོད་པའི་མི་རྣམས་རྫིང་དེར་ལྟ་ཞིང་བསྟོད། ཆོས་ཀྱི་སྒྲས་མཐོ་རིས་ཀྱི་ས་བོན་རྙེད་དོ། །ཚེ་ས་བཞི་ལ་ཨིནྡྲ་ཝ་རྨིས་བསྙེན་བཀུར་བའི་ཚེ་དེའི་སྔ་ཉིད་ནས་སྤྲུལ་པའི་རྫིང་བུའི་ངོས་བཞིན་ཆུ་ཀླུང་ཆེན་པོ་སྙན་པའི་སྒྲ་དང་བཅས་ཡུར་བ་བརྒྱད་བརྒྱད་ལ་འབབ་པ་སྐོར་བ་གཞན་དུ་འགྲོ་བ་རྫིང་བུར་སླར་ཞུགས་པ་དེའི་སྒྲ་ལས་བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་པའི་ལམ་ཡན་ལག་བརྒྱད། རྣམ་པར་ཐར་བའི་སྒོ་གསུམ། ཕར་ཕྱིན་དྲུག། ཚད་མེད་བཞི་སོགས་ཀྱི་ཆོས་སྒྲར་སྒྲོགས་པས་འགྲོ་བ་རྣམས་མཐོ་རིས་དང་ཐར་བའི་ལམ་ལ་བཀོད་དོ། །ཚེས་ལྔ་ལ་རྒྱལ་པོ་ཚངས་བྱིན་གྱིས་


JLAZ006_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས་སྦྱར་བའི་ཚེ་ཞལ་གྱི་འཛུམ་ལས་འོད་ཟེར་སྟོང་གསུམ་གྱི་འཇིག་རྟེན་ཁམས་ཀུན་གསལ་ཞིང་། འོད་དེས་ལུས་ལ་རེག་པའི་སྐྱེ་དགུ་རྣམས་སྒྲིབ་པ་ལྔ་དག་སྟེ་ལྷ་མིའི་ཚོགས་དད་པར་བཀོད། ཚེས་དྲུག་ལ་ལི་ཙ་བྱི་དྲྭ་མའི་ཚོགས་ཀྱིས་མཆོད་ཚེ་མངོན་ཤེས་དང་མི་ལྡན་པ་ཀུན་ལ་བྱིན་གྱིས་བརླབས་པས། གཅིག་གིས་ཅིག་ཤོས་ཀྱིཁམས་དང་བསམ་པའི་ཁྱད་པར་ཤེས་ཤིང་དཀར་ནག་གི་ལས་འབྲས་རྟོགས་ནས་ཆོས་རབ་ཏུ་འཕེལ། ཚེས་བདུན་ལ་ཤཱཀྱའི་རིགས་ཀྱིས་བསྙེན་བཀུར་བས་ཉེ་བར་འཁོད་པའི་ཞམ་རིང་གི་ཚོགས་ཀུན་གནས་འགྱུར་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྲས་སྟོང་། རྒྱལ་ཕྲན་བློན་འབངས་རྣམས་ཀྱི་ཕུ་དུད་རབ་ཏུ་སྟོབ་བ་ཡ་མཚན་གྱི་གནས་སུ་གྱུར་བ་དེ་ཉིད་སྟོན་པའི་བྱིན་རླབས་སུ་ངེས་པའི་སྐྱེ་དགུ་རྣམས་དད་པ་ཆེས་ཆེར་འཕེལ་བར་མཛད་དོ། །ཚེས་བརྒྱད་ལ་ལྷའི་དབང་པོས་སྲི་ཞུ་བསྐྲུན་པའི་ཚེ་བརྒྱ་བྱིན་གྱིས་བཤམས་པའི་ཁྲིར་བཞུགས་པ་ན། བཟང་བྱིན་ལ་སོགས་པས་བདག་ཅག་རྣམས་ཀྱིས་ཕྱི་རོལ་པའི་སྟོན་པ་འཕམ་པར་བྱའོ་གསོལ་ཀྱང་མ་གནང་སྟེ་མུ་སྟེགས་ཅན་དང་རྫུ་འཕྲུལ་སྟོན་པར་གསོལ་འདེབས་སུ་ཡིན་ཞེས་པས་གསལ་རྒྱལ་གྱིས་བསྟན་པར་གསོལ་བ་བཏབ་མ་ཐག། བཅོམ་ལྡན་འདས་གདན་ལས་མི་སྣང་བར་གྱུར་ནས་ཕྱོགས་བཞིར་གཤེགས་བཞུགས་


JLAZ006_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་གཟིམས་ཀྱི་སྤྱོད་ལམ་བཞི་མཛད་ཅིང་འོད་སྣ་ཚོགས་འབྱིན། སྐུ་སྨད་ནས་མེ་འབར། སྟོད་ནས་ཆུ་འབེབས་པ་དང་ཟློག་པ་མཛད་ཅིང་། འདི་ནི་ཉན་ཐོས་དང་ཐུན་མོང་པའི་ཆོ་འཕྲུལ་ཡིན་ནོ་གསུངས་ནས་ཁྲིར་བཞུགས་པར་ཚངས་པ་དང་བརྒྱ་བྱིན་གྱིས་གཡས་གཡོན་ནས་མཆོད། ཆོ་འཕྲུལ་སྟོན་པ་ལ་གསོལ་བ་འདེབས་པ་པོ་སུ་ཡིན་ཞེས་གསུངས་པས། གསལ་རྒྱལ་གྱིས་བདག་ལགས་སོ་ཞེས་ཞུས་པ་དང་ཕྱགས་ལ་རེག་པས་ཀླུ་རྣམས་ཀྱིས་པདྨ་ཤིང་རྟའི་འཕང་ལོ་ཙམ་གསེར་གྱི་འདབ་མ་སྟོང་ལྡན་རྡོ་རྗེའི་ཟེ་བ་ཅན་ཕུལ་བས་ས་བརྡོལ་ནས་ཕྱུང་བ་དང་དེའི་སྙིང་པོར་བཞུགས། དེ་འདྲ་བ་མང་པོ་བྱུང་བ་རེ་རེར་སྤྲུལ་པའི་སངས་རྒྱས་རེ་བཞུགས་པས་འོག་མིན་གྱི་བར་གང་བ་རྣམས་ལ་ལ་ནི་འབར། ལ་ལ་ནི་གསལ། ལ་ལ་ནི་ཆར་འབེབས་པ་ལ་སོགས་སྣང་ཚུལ་སྣ་ཚོགས་བྱིས་པའི་ཚོགས་ཀྱིས་ཀྱང་བསྒྲིབ་མེད་དུ་མཐོང་བ་མཛད་པས་ཀུན་མིག་མི་འཛུམས་པར་ལྟ་ཞིང་ཕྱག་དང་བཅས་མཆོད། སྤྲུལ་པའི་སངས་རྒྱས་རྣམས་ཀྱིས་བརྩམ་བྱ་ཞིང་སོགས་ཀྱི་ཚིགས་བཅད་གསུངས་ནས་མི་སྣང་བར་གྱུར་གསུངས་པས་དེ་ལྟར་གྱུར། དེར་རྒྱལ་པོས་སྟོན་པ་རྣམས་ཀྱིས་རེས་ལ་བབ་པར་བསྐུལ་བས་ཁོ་རང་དྲུག་པོ་གཅིག་གིས་གཅིག་བསྐུལ་ཞིང་། སེམས་ཁོང་དུ་ཆུད་ནས་འདར་བཞིན་གནས་


JLAZ006_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། བདག་ཅག་གི་སྟོན་པས་སེང་ཁྲིར་ཕྱག་སོར་རེག་པས་སེང་གེའི་ཁྲི་ནས་སྒྲ་འབྱིན་པ་དང་མཉམ་དུ་སྲིན་པོ་འཇིགས་སུ་རུང་བ་ལྔ་ཐོན་ནས་སྟོན་པ་དྲུག་གི་ཁྲི་བཤིག། ཕྱག་རྡོར་གྱིས་རྡོ་རྗེའི་རྩེ་ལས་མེ་འབར་བ་ཐོགས་ནས་སྟོན་པ་དྲུག་ཕྱེ་མར་འཐག་པ་ལྟ་བུའི་དྲག་ཤུལ་གྱིས་བདུད་ཀྱི་དཔུང་རྣམས་བཅོམ། ལོག་ལམ་ལ་འཁྱམས་པའི་འཁོར་འབངས་དགུ་ཁྲི་རབ་ཏུ་བྱུང་ཞིང་དགྲ་བཅོམ། སྐུའི་བ་སྤུའི་བུ་ག་བརྒྱད་ཁྲི་དེ་སྙེད་ནས་འོད་འཕྲོས་པའི་རྩེར་པདྨའི་གདན་ལ་བདེ་བར་གཤེགས་པ་རྣམས་རང་རང་གི་འཁོར་ལ་ཆོས་སྟོན་པ་མཐོང་ཞིང་རྣ་བར་ཆོས་ཐོས་པས་མཆོག་རྣམས་སངས་རྒྱས། དམན་པ་རྣམས་ལྷ་མིའི་འཇིག་རྟེན་ཐོབ། འདི་ཡན་ལག་འགྲན་ཟླ་ཅན་གྱི་ཆོ་འཕྲུལ་ཞེས་གྲགས་ལ། ཚེས་དགུར་ཚངས་པས་མཆོད་པ་ལས་དབུ་གཙུག་ཚངས་པའི་ཡུལ་སར་སྙེག་པ་ལ། སྐུ་མཉན་ཡོད་ཀྱི་ཁྲིར་བཞུགས་པ་གནམ་སའི་ཁྱོན་ཀུན་བསྒྲིབ་པ་མེད་པར་ཀུན་གྱིས་མངོན་སུམ་དུ་གསལ་བར་མཐོང་བར་བཞུགས་ནས་ཆོས་བསྟན་པས་མཐོ་རིས་ཐོབ། ཚེས་བཅུ་ལ་རྒྱལ་ཆེན་བཞིས་ཡོན་སྦྱར་སྟོན་པའི་སྐུ་སྲིད་རྩེར་ཁྱབ་པ་ལས་འཕྲོས་པའི་འོད་འཇིག་རྟེན་གསུམ་གྱི་སྒྲོན་མེས་ཁམས་གསུམ་གྱི་གནས་རྣམས་མངོན་སུམ་ལྟ་བའི་སྐལ་བར་སྦྱར་བའི་ཚེ་གདུལ་བྱ་རྣམས་ཆེས་དད་པར་གྱུར་ཅིང་མཐོ་རིས་ཀྱི་ས་བོན་རྙེད།


JLAZ006_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་པ་མགོན་མེད་ཟས་སྦྱིན་གྱིས་མཆོད་པའི་དུས་གང་གི་སྐུ་འོད་ཟེར་དྲྭ་བའི་འཁོར་ཡུག་གཅིག་གི་ཕུང་པོར་གནས་ཤིང་། དམ་པའི་ཆོས་ཀྱི་གསུང་རང་རང་དབང་པོར་འཚམ་པར་བསྟན་པ་ལས། དེར་འདུས་རྣམས་དགྲ་བཅོམ་པ་དང་མཐོ་རིས་ཀྱི་རྟེན་བཟང་བསྒྲུབ་པའི་བསོད་ནམས་ཟླ་བའི་ཡར་ངོ་ལ་ཅོ་འདྲི་བར་བྱེད། བཅུ་གཉིས་ལ་ནག་པའམ་ཙིནྟས་གཡོས་སྦྱར་བའི་ཚེ་ཏིང་ངེ་འཛིན་གྱི་མཐུས་སྐུ་ལས་གསེར་གྱི་འོད་བཀྱེ་བས་སྟོང་གསུམ་འཇིག་རྟེན་མ་ལུས་ཁྱབ་ཅིང་འཁོར་རྣམས་ལ་རེག་པས་དུག་གསུམ་གྱི་རྟོག་ཚོགས་ཞི་སྟེ་ཀུན་ཕ་མ་དང་ཕོ་ནུ་བཞིན་མ་འདྲིས་པའི་བཤེས་སུ་གྱུར། ཉེ་ཁོ་ན་མེད་པའི་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་ཆེན་པོ་རབ་ཏུ་བསྐྱེད་པའི་སྒྱུ་ཐབས་གང་སངས་རྒྱས་ཀྱི་ཐུགས་རྗེར་ཤེས་པའི་དད་པ་དང་། ཆོས་ཀྱི་བདུད་རྩི་སྣང་བའི་ཟ་མ་ཏོག་ཏུ་ལྷུང་བས་ལྷ་མི་རྣམས་ཕྱི་མའི་བདེ་སྐྱིད་ལ་སྤྱོད། བཅུ་གསུམ་ཤུཉྩིིསཆོད་སྦྱིན་གྱི་ཚེ་སྐུའི་ལྟེ་བ་ལས་འོད་ཟེར་གཉིས་འདོམ་བདུན་ཙམ་གྱིས་ཡར་འཕྲོས་པའི་རྩེ་མོར་པད་སྟེང་ལ་སྤྲུལ་པའི་སངས་རྒྱས་གཉིས་བཞུགས་པ་གང་གི་ལྟེ་བ་ལས་ཀྱང་འོད་ཟེར་ཟུང་རེ་འཕྲོས་པས་སངས་རྒྱས་སྔར་བཞིན་གྲངས་མེད་པས་སྟོང་གསུམ་གྱི་འཇིག་རྟེན་བཀང་བ། ཆོ་འཕྲུལ་བལྟར་འོངས་པའི་ལུས་ཅན་ཀུན་གྱིས་གསལ་བར་མཐོང་བ་དང་


JLAZ006_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཆོས་ཀྱི་སྒྲ་ཐོས་པའི་དོན་གྱིས་བྱང་ཆུབ་ཀྱི་ས་བོན་རྒྱ་ཆེ་བ་སྤེལ། བཅུ་བཞིར་ཨུ་དྲ་ཡ་ནས་མཆོད་པའི་མེ་ཏོག་སྐུ་ལ་གཏོར་བས་སྐད་ཅིག་གིས་མེ་ཏོག་རྣམས་རིན་ཆེན་ཁམས་ལས་ལེགས་པར་གྲུབ་པའི་ཤིང་རྟའི་དབྱིབས་ཚངས་པའི་འཇིག་རྟེན་ལ་ཐུག་པ་གསེར་ལྟར་འབར་ཞིང་ནོར་བུས་སྤྲས་པ་དེའི་གྲངས་སྟོང་དང་ཉིས་བརྒྱ་ལྔ་བཅུ་རེའི་སྟེང་སྤྲུལ་པའི་སངས་རྒྱས་རེ་བཞུགས་པའི་འོད་ཀྱིས་སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་ཀུན་ཁྱབ་པ་མིག་གི་མངོན་སུམ་པར་བྱིན་གྱིས་བརླབས། བཅོ་ལྔ་ལ་རྒྱལ་པོ་གཟུགས་ཅན་སྙིང་པོས་ཡོན་སྦྱར་བའི་ཚེ་སྣོད་ཀུན་ཟས་ཀྱིས་གང་ཞིང་། ཟས་རྣམས་རོ་བརྒྱའི་དཔལ་དང་ལྡན་པ་ཟོས་པ་ཀུན་བདེ་བའི་དགའ་སྟོན་ལ་སྤྱོད་པ་དེ་ཆོ་འཕྲུལ་བལྟ་བར་འདུས་པ་རྣམས་ཀྱིས་མྱོང་བར་བྱིན་གྱིས་བརླབས། དེར་འཁོད་པའི་ཚོགས་ལ་ཕྱག་སར་རེག་པས་སེམས་ཅན་དམྱལ་བ་པ་སྨྲེ་སྔགས་འོ་དོད་འབོད་པའི་སྡུག་བསྔལ་བསྟན་པས། འཁོར་ཚོགས་རྣམས་སྙིང་རྗེའི་སེམས་དང་འཇིགས་སྐྲག་གི་ངང་དུའང་གྱུར། དམ་པའི་ཆོས་གསུངས་པས་ལ་ལས་ཐེག་པ་ཆེན་པོའི་སེམས་རབ་ཏུ་བསྐྱེད། དམྱལ་བའི་འགྲོ་བ་རྣམས་ཀྱང་ཐུབ་དབང་གི་ཞལ་མཐོང་ཞིང་དད་པས་ཚེ་འཕོས་ཏེ་ལྷ་མིའི་སྲིད་པ་ཐོབ། གཟུགས་ཅན་སྙིང་པོས་ཞུས་པའི་ཞབས་ཀྱི་འཁོར་ལོའི་མཚན་བསྟན་པ་སོགས་ཟླ་ཕྱེད་བར་ཆོ་འཕྲུལགྱི་


JLAZ006_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་མཐའ་ཀླས་པར་བསྟན་པས་རྟག་ཆད་སྨྲ་བའི་རི་དྭགས་རྣམས་ཀྱི་ཁེངས་པའི་རི་བོ་བཅོམ་ཞིང་། ཐེག་གསུམ་ཆོས་ཀྱི་ང་རོས་སྐལ་པ་དང་ལྡན་པའི་གདུལ་བྱ་མང་པོ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀོད། དེའི་ཚེ་མཉན་ཡོད་ཛེ་ཏའི་ཚལ་དུ་ཤར་བ་ལི་ཙ་བྱི་སོགས་ཀྱིས་མུ་སྟེགས་ཕམ་བྱེད་ཀྱི་མཆོད་རྟེན་ཡང་བརྩིགས་སོ། །གཞན་ཡང་དེ་དང་ཉེ་བར་འགྲོ་བ་མང་པོ་ལ་གནོད་པའི་ཤ་ཟ་སྟོང་ཕྲག་བཏུལ། ཚོང་པ་ལྔ་བརྒྱ་ནགས་ཁྲོད་དུ་རླུང་གི་འཇིགས་པ་ལས་སྐྱོབས་པས་དད་རབ་དེ། །ཏུ་བྱུང་ནས་དགྲ་བཅོམ། སུམ་ཅུ་རྩ་གསུམ་དུ་བྱོན་ནས་ཡུམ་དང་ལྷའི་འགྲོ་བ་མཐའ་དག་བདེན་པ་ལ་བཀོད། གསལ་ལྡན་དུ་བརྒྱ་བྱིན་གྱིས་བཙུགས་པའི་ཐེམ་སྐས་སུ་ལྷ་ལས་བབས། དེར་གསལ་ལྡན་པ་དད་ཅན་དག་གིས་ལྷ་བབས་མཆོད་རྟེན་བརྩིགས། མྱ་ངན་ལས་འདས་པའི་མཛད་པ་ནི། གྲོང་ཁྱེར་ཡངས་པ་ཅན་དུ་བྱོན་ནས་ཡངས་པ་ཅན་ལ་བལྟ་བའི་ཐ་མ་ཡིན་ནོ་ཞེས་པ་ལ་སོགས་གསུངས་ཤིང་ལྗོངས་རྒྱུ་བར་མཛད། རེ་ཞིག་གི་ཚེ་ཀུན་དགའ་བོ་ལ་གང་སུ་ཡང་རུང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསྟེན་གོམས་མང་དུ་བྱས་པ་དེ་འདོད་ན་བསྐལ་པའམ། བསྐལ་པ་ལས་ལྷག་པའི་བར་དུ་ཡང་འདུག་གོ །དེ་བཞིན་གཤེགས་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསྟེན་གོམས་མང་དུ་བྱས་པས་


JLAZ006_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་ན་བསྐལ་པའམ། བསྐལ་པ་ལས་ལྷག་པའི་བར་དུ་ཡང་བཞུགས་སོ། །ཞེས་ལན་བསྟུད་ནས་གསུངས་ཀྱང་ཀུན་དགའ་བོ་བདུད་ཀྱིས་ཁེབས་ཏེ་ཅང་ཞུ་བ་མ་སྤོབས། དེར་བདུད་སྡིག་ཅན་གྱིས་མྱ་ངན་ལས་འདའ་བར་བསྐུལ་བས་ཞལ་གྱིས་བཞེས་པ་ན། མགར་བའི་བུ་ཙུནྡས་བཤོལ་འདེབས་པའི་གསོལ་བ་བཏབ་པས་གཉིས་ཀ་དགའ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས། སྐུ་ཚེའི་འདུ་བྱེད་ནི་སྤངས་ནས་ཟླ་བ་གསུམ་དུ་བཤོལ་བཏབ་བོ། །དེའི་ཚགྱད་ཀྱི་ཡུལ་དུས་གཡོ་བ་ལ་སོགས་པའི་ལྟས་ངན་པ་བྱུང་བས་མྱ་ངན་ལས་འདའ་བའི་རྒྱུར་བསྟན། ཀུན་དགའ་བོ་ལ། མདོ་སྡེ་ལ་འཇུག འདུལ་བ་སྣང་། ཆོས་ཉིད་དང་མི་འགལ་ན་ཆོས་སུ་བཟུང་ལ། དེ་ལྟར་མ་ཡིན་ན་མི་བཟུང་བར་གདམས་སོ། །དེ་ནས་སྐུ་དངོས་སུ་སྣང་བས་འདུལ་བའི་རིམ་པ་དེ་ཙམ་དུ་དགོངས། གྲོང་ཁྱེར་རྩྭ་ཅན་དུ་གཤེགས་ནས་མྱ་ངན་ལས་འདའ་བར་དགོངས་པ། དཔལ་གྱི་མགུར་ལས་སྤྲིད་པ་ཞིག་བྱུང་བ་སྐྱེ་དགུའི་བདག་མོས་ཐོས་ནས། སངས་རྒྱས་བསྐལ་པ་གྲངས་མེད་པ་གསུམ་དུ་བཞུགས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། དེས་བླ་པས་ཐོས་པ་ནས་འོག་མིན་གྱི་བར་དུ་སྐད་ཅིག་ལ་ཐོས་པས་


JLAZ006_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་དེ་བཞིན་དུ་བཏབ་པ་ན། དེ་བཞིན་གཤེགས་པས་སྐྱེ་དགུའི་བདག་མོ་ལ་ཁྱོད་ཀྱིས་མ་ལེགས་པ་བྱས་སོ། །བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག་མི་ཟེར་བར། སྐྱེས་བུ་ལེ་ལོ་ཅན་མང་པོའི་ཆོས་བསྒྲུབ་པའི་གེགས་སུ་གྱུར་གསུངས་པས། དེའི་བཟོད་གསོལ་དུ་སྐྱེ་དགུའི་བདག་མོ་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་མྱ་ངན་ལས་འདས་སོ། །དེའི་ཚེ་ཤཱ་རིའི་བུ་དང་། མཽངྒལ་གྱི་བུས་དམྱལ་བའི་གནས་བལྟར་བྱོན་པས། དེ་ན་མུ་སྟེགས་བྱེད་ཀྱི་སློབ་དཔོན་དང་མཁན་པོ་རྣམས་སྡུག་བསྔལ་ལ་སྤྱོད་པ་ཀུན་གྱིས་འདི་སྐད་དུ། རང་རེའི་ཆོས་དེ་ལོག་ནས་འདུག་པས། སངས་རྒྱས་པའི་ཆོས་ལ་ཞུགས་ཤིག། ཅེས་པའི་འཕྲིན་བསྐུར་བ་ཁྱེར་ཏེ་མི་ཡུལ་དུ་བྱོན་པའི་ཚེ། ལམ་དུ་ཀུན་ཏུ་རྒྱུ་དག་དང་ཕྲད་ནས་དེ་དག་གིས་ཤཱ་རིའི་བུ་ལ་དགེ་སྦྱོང་སུ་ལ་ཡོད་དྲིས་པའི་ལན་དུ། དགེ་སྦྱོང་ཤཱཀྱའི་ནང་ན་ཡོད། ཀུན་ཏུ་རྒྱུ་ལ་དགེ་སྦྱོང་མེད། ཁྱེད་རང་གི་མཁན་པོ་དང་སློབ་དཔོན་ཡང་དམྱལ་བ་མནར་མེད་པ་ན་སྐྱེས་ནས་འཕྲིན་འདི་ལྟ་བུ་བརྫངས་སོ། །ཞེས་པ་སྙད་པས་ཤ་འཁོན་མེད་པའི་མཐུས་མ་ཐོས། དེའི་ཕྱི་ལ་མཽངྒལ་གྱི་བུ་འོངས་པ་ལ་དྲིས་པ་ན་སྔར་བཞིན་བརྗོད་པས། འདིདག་འུ་ཅག་ལ་སྨྲ་བར་ཟད་མཁན་པོ་དང་སློབ་དཔོན་ལའང་


JLAZ006_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བར་བྱེད་པས་ཆོམས་ཤིག་ཅེས་དབྱུག་པས་སྐུ་ལུས་འདམ་བུ་བཅོམ་པ་ལྟར་བརྡུངས་སོ། །དེར་ཤཱ་རིའི་བུས་ཆོས་གོས་ཀྱི་གྲར་གཏུམས་ཏེ་ཁུར་ནས་གྲོང་ཤིང་ཐག་ཅན་དུ་བསྐྱལ། མི་འཚོ་བར་ཤེས་ནས་གྲོགས་པོ་འཆི་བ་ཐོས་པར་ཡང་མི་བྱ་ན་མཐོང་བ་ལྟ་ཅི་སྨོས་ཞེས་ཤཱ་རིའི་བུ་ན་ལནྡྲར་སོང་ནས་དེའི་སྔ་དྲོ་དགྲ་བཅོམ་པ་བཞི་སྟོང་དང་བཅས་པ་མྱ་ངན་ལས་འདས་ཤིང་། ཕྱི་དྲོ་མཽངྒལ་གྱི་བུ་དགྲ་བཅོམ་པ་བཞི་སྟོང་དང་བཅས་ཀྱང་མྱ་ངན་ལས་འདས་སོ། །གཞན་ཡང་དགྲ་བཅོམ་པ་མང་པོ་བུད་ཤིང་ཟད་པའི་མེ་ལྟར་མྱ་ངན་ལས་འདས་སོ། །དེའི་ཚེ་སངས་རྒྱས་ཀྱི་བསྟན་པ་འཁོར་རྣམ་པ་བཞི་དང་བཅས་པ་གནས་བརྟན་འོད་སྲུངས་ཆེན་པོ་ལ་གཏད། ཀུན་དགའ་བོའི་མྱ་ངན་བསལ་ཞིང་མྱང་འདས་ཀྱི་མདོ་ཡང་གསུངས། སྐུ་གདུང་གི་བཀོད་པ་ཞུས་པས་འཁོར་ལོས་སྒྱུར་བ་བཞིན་བསྩལ། སྐུ་དངོས་ཀྱི་གདུལ་བྱ་དྲི་ཟར་བ་དགའ་དང་ཀུན་ཏུ་རྒྱུར་བ་བཟང་གཉིས་ལུས་པ། ཉན་ཐོས་ཀྱི་གདུལ་བྱ་སངས་རྒྱས་ཀྱིས་ཐུལ་ལ། སངས་རྒྱས་ཀྱི་གདུལ་བྱ་ཉན་ཐོས་ཀྱིས་མ་ཡིན་པར་དགོངས་པ་ན། བརྒྱ་བྱིན་དང་དྲི་ཟ་རབ་དགའ་མཛའ་བའི་སྟབས་བརྒྱ་བྱིན་གྱིས་རབ་དགའ་ལ་ཆོས་ཉན་དུ་འགྲོ་བྱས་ཀྱང་ཁྱོད་སོང་ཞིག། ཁོ་བོ་གླུ་དབྱངས་ལེན་ནོ་ཟེར་གླུས་དྲེགས་པས་ཡོང་དུ་མ་ཉན་


JLAZ006_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །སྟོན་པས་དེ་འདུལ་བའི་སླད་དུ་སྐུ་ལུས་གཟིམ་མལ་དུ་བཞག། དྲི་ཟའི་ཆ་བྱད་དུ་སྤྲུལ་ཏེ་པི་ཝང་རྒྱུད་སྟོང་དང་ལྡན་པ་བསྣམས་ནས་རབ་དགའི་སྒོ་དྲུང་དུ་གཤེགས། པི་ཝང་འགྲན་པའི་ཁྱད་པར་ལ་ཞུགས་པ་ན། སྟོན་པས་རྒྱུད་སྟོང་ཕྲག་གཅིག་ཡོད་པ་ནས་གཅིག་ལ་ཐུག་གི་བར་དུ་རིམ་གྱིས་བཅད་ཀྱང་སྒྲ་གདངས་སྙན་པ་ལ་ཁྱད་པར་མ་བྱུང་ངོ། །མཐར་རྒྱུད་གཅིག་པོ་དེ་ཡང་བཅད།་པས་ཁོའི་པི་ཝང་ལ་སྐད་ཀྱི་ཐ་སྙད་ཟད་པའི་ཚེ། སྟོན་པའི་དེར་རྫུ་འཕྲུལ་གྱིས་ནམ་མཁའ་ལས་སྒྲ་གདངས་སྔ་མ་བཞིན་བྱུང་བས་ངོ་མཚར་ཞིང་ང་རྒྱལ་གྱི་རི་བོ་གཞིག་པར་མཛད། དེརསྐུ་དངོས་སུ་བསྟན་ནས་བདེན་པ་ལ་བཀོད། དེབཞིན་དུ་ཀུན་དུ་རྒྱུར་བ་བཟང་ཞེས་བྱ་བ་ལོ་བརྒྱ་ཉི་ཤུ་ལོན་པ་ཕྱོགས་དེའི་སྐྱེ་དགུ་རྣམས་ཀྱིས་དགྲ་བཅོམ་པར་འཁྲུལ་བ་ཞིག་ཡོད་པ་ལས། རྫིང་བུ་དལ་གྱིས་འབབ་པའི་འགྲམ་དུ་ཨུ་དུམ་ཝཱ་རའི་མེ་ཏོག་སྐུ་བལྟམས་ཚེ་སྦལ་མིག་ཁ་བྱེ། རོལ་རྩེད་ཀྱི་དུས་ཁ་འབུས། དཀའ་སྤྱད་ཀྱི་ཚེ་ཅུང་ཟད་རིད། སངས་རྒྱས་པ་དང་ཁ་བྱེ། ཆོས་ཀྱི་འཁོར་ལོའི་ཚེ་ལྷམ་མེ་ལྷན་ནེར་རྒྱས། གཟིམ་མལ་ལ་བཞུགས་དུས་ཤིན་ཏུ་རྙིངས་པར་མཐོང་བས་རབ་བཟང་འདི་སྙམ་དུ། རང་འཆི་བར་འགྱུར་གྱིས་ཚལ་འདི་ཡང་རྙིངས་སོ་སྙམ་པ་ན།


JLAZ006_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ལྷས་འདི་ནི་ཁྱོད་ལ་མ་ཡིན། སྟོན་པ་མྱ་ངན་ལས་འདས་པའི་དུས་སོ་ཞེས་ཟེར་བས་བདག་ལ་དྲི་བའི་དུས་ལ་བབ་སྙམ་སཱ་ལའི་དྲུང་དུ་སོང་བ། ཀུན་དགའ་བོས་ལན་གསུམ་བཟློག་ཀྱང་། སྟོན་པས་གསན་ཏེ་ང་དང་མུ་སྟེགས་གཏམ་བྱེད་པའི་ཐ་མ་ཡིན་པས་ཐོང་ཞིག་ཅེས་གསུངས་ནས་རབ་བཟང་ནང་དུ་བཏང་། སྟོན་པས་ཆོས་གསུངས་པས་བདེན་པ་མཐོང་སྟེ་བསྙེན་པར་རྫོགས་ཤིང་དགྲ་བཅོམ། དེས་ཀྱང་སྟོན་པ་མྱ་ངན་ལས་འདའ་བར་མཐོང་བ་ལ་སྤྲོ་བར་མ་གྱུར་བས་གནས་ལྔར་བྱིན་གྱིས་བརླབས་ནས་མྱ་ངན་ལས་འདས་སོ། །དེ་ནས་སྐུའི་སྟོད་གཡོགས་བསལ་ཏེ། དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག། དེ་བཞིན་གཤེགས་པ་ལ་བལྟ་བ་ནི་རྙེད་པར་དཀའ་སྟེ་མེ་ཏོག་ཨུ་དུམ་ཝཱ་ར་བཞིན་ནོ། །དགེ་སློང་དག་ཅང་མ་སྨྲ་ཞིག་དང་། འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ནོ་གསུངས། གསུང་གི་ཐ་མར་མདོ་སྡེ་ས་བཅུ་པ་བསྟན། སེང་གེའི་ཁྲི་ལ་ཉལ་སྟབས་སུ་བཞུགས་ཏེ་བསམ་གཏན་བཞི་ལ་སོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མྱ་ངན་ལས་འདས་སོ། །དེའི་ཚེ་ས་གཡོ་བ་ལ་སོགས་པའི་ལྟས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འཁྲུགས་པར་གྱུར་ཏོ། །དེར་འོད་སྲུངས་


JLAZ006_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་སྟོན་པ་མྱ་ངན་ལས་འདས་པར་ཤེས་ནས་དགེ་འདུན་རྣམས་སྐུ་གདུང་ལ་བལྟ་བའི་ཕྱིར་རིངས་པར་འགྲོ་ཞེས་བསྐུལ་ལོ། །གྱད་རྣམས་ཀྱིས་སྐུ་གདུང་འཁོར་ལོས་སྒྱུར་བའི་ལུགས་ལྟར་ཞུགས་ལ་བཞོན་པར་འདོད་ཀྱང་འཚིག་པར་མ་ནུས་པས་འོད་སྲུངས་ཆེན་པོ་ཀླུའི་ཡུལ་ནས་བྱོན་ཏེ་སྒྲོམ་ཁ་དབྱེ་བར་རྩོམ་པ་དང་། ཁ་རང་བྱེར་གྱུར་ནས་སྐུ་མ་ཉམས་པར་སྣང་བས་ཕྱག་མཛད། མཐར་ཤིང་བལ་ལ་སོགས་པས་སྔར་ལྟར་དཀྲིས་ལྕགས་ཀྱི་སྒྲོམ་བུར་བཅུག་དྲི་ཞིམ་པའི་ཤིང་གིས་སྤུངས། གསོལ་བ་བཏབ་པས། ཐུགས་ཀ་ནས་མེ་རང་འབར་དུ་གྱུར་ཏེ་ཞག་བདུན་དུ་འབར་ནས་སྐུ་གདུང་བསིལ་བུར་གྱུར་ཏོ། །དེའི་ཚེ་མེ་སྤོས་ཆུས་གཞི་ལ་ཀྱང་ཤི་བར་མ་གྱུར་ཅིང་མཐར་རང་ཞིར་གྱུར་བ་དང་ཨུ་དུམ་ཝཱ་ར་ལ་སོགས་པའི་མེ་ཏོག་གིས་གཅལ་དུ་བཀྲམ་མོ། །དེ་ཡང་སྐུ་ཚེའི་ཚད་ནི་བྱེ་བྲག་བཤད་མཛོད་ལས། །ཆོས་འཁོར་ཅན་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷའི་གནས། །བྱིས་པ་གསོད་དང་ཀཽ་ཤམྦྷི། །འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་ཚལ་དང་དགྲར་བཅས་དང་། །སེར་སྐྱ་ཡི་ནི་གྲོང་ཁྱེར་ཏེ། །འདི་རྣམས་སུ་ནི་ཐུབ་པ་ཡིས། །སྐྱེས་མཆོག་ལོ་རེ་ལོ་རེར་བཞུགས། །འབར་བའི་ཕུག་གི་ནགས་སུ་གཉིས། །སྨན་གྱི་


JLAZ006_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་སུ་ལོ་བཞི་སྟེ། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱོད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །ཉི་ཤུ་རྩ་དགུ་ཁབ་ཏུ་གནས། །དེ་ལྟར་རྒྱལ་བ་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་དང་། ཉན་ཐོས་ཁ་ཅིག་འབུམ་ཊཱི་ཀ་ལས། །འཆི་བདག་གི་བདུད་བཅོམ་པས་སྐུ་ཚེ་ཟླ་བ་གཉིས་བསྲིངས་པར་མཛད་དོ། །ཞེས་པ་ལྟར་དེའི་སྟེང་དུ་ཟླ་བ་གཉིས་ལྷག་པོར་འདོད་པ་དང་། ཐེག་ཆེན་མྱང་འདས་ཀྱི་མདོར། །བརྒྱ་པའི་དུས་འདིར་བརྒྱད་ཅུ་ལ། །མྱ་ངན་འདའ་བ་མཚན་ཉིད་ཀྱང་། །བྲམ་ཟེ་ཁྱོད་ཀྱི་དོན་དུ་ནི། །ང་ཡིས་གཉིས་བསྲིངས་བརྩོན་འགྲུས་བསྐྱེད། །ཅེས་བརྒྱད་ཅུ་རྩ་གཉིས་སུ་བསྟན་པ་དག་བརྩི་ལུགས་ཐ་དད་ཀྱང་མདོ་དོན་མཐུན་པར་བཞེད་དེ། གྲུབ་མཐའ་རིན་པོ་ཆེའི་མཛོད་དུ། སློབ་དཔོན་བྷ་ཝི་ལྷ་ནི་ལོ་དངོས་བརྩིས་ནས་བརྒྱད་ཅུ་ལ་བཤོལ་ཟླ་དང་བསྡོམས་ན་བརྒྱད་ཅུ་རྩ་གཉིས་སུ་བཞེད་པ་ལྟར་ལེགས་སོ། །ཞེས་གསུངས་ལ། འདི་ལྟ་བུའི་རིག་པས་རྣམ་པར་དཔྱོད་ཤེས་པས་པདྨ་བཀའ་ཐང་ལ་སོགས་ཏེ་གདུལ་བྱ་ངོར་སྣང་གི་རྣམ་པར་ཐར་བའི་ལོ་ཚིགས་ལའང་འགལ་བ་མེད་པའི་མིག་བསྒྲུབ་བར་རིགས་སོ། །དེའི་ཚེ་སྐུ་གདུང་ཆ་བརྒྱད་དུ་བགོས་པ་ནི། འདུལ་བ་ལུང་ལས། སྤྱན་ལྔ་ན་སྐུ་གདུང་བྲེ་བོ་བརྒྱད་


JLAZ006_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས། །བདུན་ནི་འཛམ་བུ་གླིང་བའི་མཆོད་པར་ཐོབ། །སྐྱེས་བུ་མཆོག་དེའི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །ཅེས་དང་། སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །གཅིག་ནི་རྩ་གསུམ་ལྷ་ཡུལ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་ཡིད་འོང་གྲོང་ཁྱེར་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་བ་ནི། །གྲོང་ཁྱེར་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོས་མཆོད། །མྱ་ངན་མེད་རྒྱལ་སྐྱ་སྣར་བུ་གནས་པ། །མཆོད་རྟེན་བདུན་པོ་རྒྱ་ཆེར་སྲེལ་བྱས་ཏེ། །དེ་ཡི་མཐུ་ཡིས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོ་མངོན་པར་བརྒྱན་འགྱུར་ཏེ། །འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། །ལྷ་དང་ཀླུ་དང་མི་ཡི་དབང་པོ་དང་། །མིའམ་ཅི་དང་གནོད་སྦྱིན་བདག་པོ་ཡིས། །རབ་ཏུ་བཀུར་ནས་བཀུར་སྟི་མཆོད་པ་བྱས། །ཞེས་སོ། །དེའང་གདུང་རྣམས་བྲེ་བོ་བཞི་དང་བཅས་པ་སོ་སོའི་ཡུལ་དུ་མཆོད་རྟེན་དུ་གྱུར་བ་ལས། ཁྱད་པར་དུ་འཛམ་བུའི་གླིང་གི་ཆ་བདུན་པོ་རྣམས། རྒྱལ་པོ་སྐྱ་སྣར་གྱི་བུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་སྔོན་གྱི་སྨོན་ལམ་དང་རྫུ་འཕྲུལ་གྱི་མཐུས་བསྐུལ་ཏེ་འཛམ་བུའི་གླིང་དང་། གླིང་བར་གྱི་ཐང་ལ་བྱེ་མ་སྙིམ་པ་གང་གི་གྲངས་དང་མཉམ་པའི་


JLAZ006_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་བཞེངས་པ་ལི་ཙ་ཏ་མཆོད་རྟེན་བྱེ་བའམ། ཕལ་པ་རྣམས་ལ་བྱེ་བ་འབུམ་པར་གྲགས་པ་སྟེ། དེའི་ལོ་རྒྱུས་རྣམ་གཞག་ནི་སྔོན་སྟོན་པ་མཉན་ཡོད་དུ་བསོད་སྙོམས་ལ་གཤེགས་པ་ན། བུད་མེད་གཅིག་གིས་འབྲས་ཐུག་ཕུལ། དེའི་ཁྱེའུ་ཞིག་བྱིས་པའི་ཁྲོད་ན་བརྩེ་ཞིང་འདུག་པས་སངས་རྒྱས་མཐོང་ནས་དད་དེ། བྱེ་མ་སྙིམ་པ་གང་ཐོགས། བྱིས་པ་ཟླའོ་ཞིག་གིས་སྒུར་བཏེག་བྱས་པའི་སྟེང་དུ་ལངས་ནས་ཕུལ་བ་དང་། སྟོན་པས་ཀྱང་ལྷུང་བཟེད་སྨད་ནས་བཞེས་སོ། །མས་བུ་ལ་དེ་ལྟར་མི་རུང་ཞེས་བརྒལ་བས། བུ་འདི་ལ་མ་རྒོལ་ཞིག། འདི་ལ་དང་བའི་དད་པ་ཡོད་པས་བསོད་ནམས་ཆེན་པོ་ཐོབ་པར་འགྱུར་རོ། །ཞེས་གསུངས་ནས་བྱེ་མ་རྣམས་ཀུན་དགའ་བོར་བགྲང་དུ་བཅུག་པས་བྱེ་བ་གཅིག་གི་གྲངས་སུ་ལོངས་པ་བྱུང་། ཀུན་དགའ་བོ་ང་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ལོན་པ་ན། གྲོང་ཁྱེར་མེ་ཏོག་ཅན་ཞེས་བྱ་བར་རྒྱལ་པོ་མྱ་ངན་མེད་ཅེས་པར་གྱུར་ནས། མཆོད་རྟེན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་བྱ་བ་ནུབ་གཅིག་ལ་བཞེང་བར་འགྱུར་རོ། །སྒུར་བཏེག་བྱེད་པའི་བྱིས་པ་འདི་ནི་གནོད་སྦྱིན་ཤིང་རྟ་ཞེས་པར་གྱུར་ཏེ་མཆོད་རྟེན་བཞེང་པའི་གྲོགས་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན་ནོ། །སྟོན་པ་གཤེགས་ནས་ལོ་ཉིས་བརྒྱ་ན་བྱིས་པ་དེ་རྒྱལ་པོ་


JLAZ006_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་མེད་དུ་སྐྱེས་ཏེ། ཁྲིམས་གསར་པ་བཅས་ནས་ལ་ལ་བདེ་བ་ལ་བཀོད་དེ་ལྷ་དང་འདྲ། ལ་ལ་ནི་དམག་འདྲེན་ཞིང་འཐབ་རྩོད་ལ་སྤྱོད་པས་ལྷ་མིན་འདྲ། ལ་ལར་ཆད་པ་གཅོད་པས་དམྱལ་བ་དང་འདྲ་བ་སོགས་རིགས་དྲུག་གི་སྤྱོད་པ་ཚང་བར་ཡོད་པའི་སྐབས་སུ། གསེར་གླིང་བའི་དགེ་ཚུལ་ཞིག་རྒྱལ་པོའི་ཡུལ་ཁམས་སུ་སོང་བ། དེས་རྒྱལ་པོའི་བཙུན་མོ་ཁྲུས་བྱེད་པའི་རྒྱན་བྱ་རོག་གིས་ཁྱེར་བ་ཞིག་རྙེད། དེ་ཁྲོམ་དུ་ཁྱེར་ནས་འདི་སུའི་ཡིན་བསྙད་པས། ཁྱོད་ཀྱིས་བརྐུས་ཟེར་ཆད་པ་ཕོག་པ་ལས། རྒྱལ་པོ་ན་རེ། སྔར་དགེ་ཚུལ་འདི་འདྲ་གསོད་མ་མྱོང་། མར་ཁུ་ཁོལ་མར་ཚོས་ནས་སོད་ཅིག་བསྒོ་བ་ན། བློན་པོ་རྣམས་ཀྱིས་ཞག་གསུམ་བཙོས་ཀྱང་མ་ཤི་བར་ཟིལ་པ་ཕྲུམ་མེར་འདུག། རྒྱལ་པོས་ཁྱོད་སུ་ཡིན་དྲིས་པས། ངའི་མཁན་པོ་དགྲ་བཅོམ་པ་ཞིག་ཡོད། ངས་ཀྱང་རྒྱུན་དུ་ཞུགས་པ་ཐོབ་པས་མེས་མི་ཚུགས་པ་ཡིན་བྱས་པས། རྒྱལ་པོ་དད་དེ་ཆོས་ཞུས། དེར་རྒྱལ་པོ་ན་རེ། ཆད་པས་བཅད་པ་ལ་སྡིག་པ་འོང་ན་བཤགས་པ་བྱེད་པའི་ཐབས་ཞུ་ཟེར་བ་ལ། དགེ་ཚུལ་གྱིས་ངས་ཐབས་མི་ཤེས། ངའི་མཁན་པོ་ལ་ཞུ་དགོས་ཟེར་དགྲ་བཅོམ་པ་སྤྱན་དྲངས་པས། དགྲ་བཅོམ་པ་ན་རེ། རྒྱལ་


JLAZ006_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཁྱོད་ཀྱིས་ནུབ་གཅིག་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་བཞེངས་ཤིག་དང་སྡིག་པ་འདག་པར་འགྱུར་རོ། །ཞེས་གསུངས་པས། རྒྱལ་པོས་ངས་དེ་ལྟར་མི་ཟིན། རིང་བསྲེལ་ཡང་མི་རྙེད་ཟེར། དེར་དགྲ་བཅོམ་པས། ཁྱོད་སངས་རྒྱས་ཀྱིས་ལུང་བསྟན་པ་ཡིན་པས་གནོད་སྦྱིན་བསྒྲུབ་ན་བཞེང་ནུས་ལ། རིང་བསྲེལ་ཡང་རྒྱལ་པོ་མ་སྐྱེས་དགྲའི་སྐལ་བ་མ་ག་དྷཱའི་བྲེ་པོ་དྲུག་གསེར་གྱི་བུམ་པར་བཅུག་ནས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་ན་སྦས་ཡོད་པ་དེ་བཏོན་པས་ཆོག་གསུངས། དེར་རྒྱལ་པོས་རིང་བསྲེལ་འདོན་དུ་ཕྱིན་པས་མཚོན་ཆའི་འཁོར་ལོས་བསྲུངས་ནས་ལེན་མ་ནུས། འཁོར་ལོ་དེ་ཆུས་བསྐོར་བར་ཤེས་ནས་ཆུ་དེ་གང་ནས་འོང་འདྲིས་པས། གཞན་ཤེས་པ་མ་བྱུང་། རྒན་མོ་ཞིག་ན་རེ། ལྷོ་ནུབ་ཀྱི་རི་ཡ་གི་ནས་འོང་བ་ཡིན་ཟེར། རི་དེ་ནི་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་ན་ཤར་ནུབ་ཏུ་ནར་མོར་ཕྲལ་རིང་བར་ཡོད་ཅེས་གྲགས། དེའི་བྱང་ལོགས་ན་འོད་མའི་ཚལ་སྔོ་ཐིབས་སེ་ཡོད། རི་དེའི་མགོ་རྒྱལ་པོའི་ཁབ་ཀྱི་ལྷོ་ནུབ་ན་ཡོད་པས་དེར་བརྐོས་པ་དང་རྡོའི་སྒྲོམ་ནས་ཆུ་འགྲོ་བ་གཅིག་འདུག་པ་དེ་བཅད་ནས། མཚོན་ཆའི་འཁོར་ཐག་ཆད་པ་དང་བལྟས་པས། སྒྲོམ་ཆུང་ཞིག་གི་སྟེང་ན་ཡི་གེ་འདུག་པ་ལ། མ་འོངས་པའི་དུས་སུ་རྒྱལ་པོ་


JLAZ006_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་པོ་ཞིག་གིས་རྙེད་པར་འགྱུར་རོ་བྱ་བ་འདུག་པས། རྒྱལ་པོ་ང་རྒྱལ་གྱིས་དྲེགས་ནས། བདག་ནི་དབུལ་པོ་མ་ཡིན་ཏེ་འདི་རྙེད་པ་དེ་གཞན་ཞིག་ཡིན་པར་མཆི་ཞེས་ཟེར་བ་ན། དགྲ་བཅོམ་པས་ང་རྒྱལ་མ་མཛད་པར་གུས་པས་ལོང་ཞིག་གསུང་བ་ལ་ཉན་ཏེ་བལྟས་པས་སྒྲོམ་ཆུད་དེའི་ནང་ན་གསེར་གྱི་བུམ་པར་རིང་བསྲེལ་བཞུགས། དེའི་ཟུར་བཞི་ན་ནོར་བུ་རིན་པོ་ཆེ་འོད་འབར་བ་བཞི་འདུག་པས། དེ་རེ་རེའི་རིན་ཡང་རྒྱལ་པོའི་རྒྱལ་སྲིད་ཀྱིས་མི་འབྱོངས་པར་འདུག་པས་རང་ཉིད་དབུལ་པོར་ཤེས་ཏེ། སྔོན་རྒྱལ་པོ་ལོངས་སྤྱོད་ཅན་བྱུང་འདུག་སྙམ་ང་རྒྱལ་ཞུམ་པར་གྱུར་ཏོ། །དེ་ནས་དགྲ་བཅོམ་པའི་གསུངས་བཞིན་ཉན་ཏེ། གནོད་སྦྱིན་བསྒྲུབས་པས། ཆེན་པོ་ཤིང་རྟ་ཞེས་བྱ་བ་དཀར་པོ་ལ་དགའ་བ་དེ་འགྲུབ། བཀའ་བསྒོས་པ་ཙམ་གྱིས་ལས་འགྲུབ་པ་ཞིག་བྱུང་བས། དེའི་རྫུ་འཕྲུལ་གྱིས་ཐོག་མར་རྡོ་རྗེ་གདན་གྱི་གནྡྷོ་ལ་དང་། རྡོ་རྗེ་གདན་གྱི་ཤར་ཆུ་བོ་རཉྫ་ནའི་འགྲམ་དུ་གྷ་ག་རཱ་ཧུ་ལ་ཇོ་བོ་ཆོས་ཀྱི་འབྱུང་གནས་ཞེས་པའི་མཆོད་རྟེན་ནུབ་གཅིག་ལ་བཞེངས། དེའི་ནང་ན་རིང་བསྲེལ་ཕུལ་ཕྱེད་དོ་བཞུགས། དེའི་ནུབ་ཕྱི་མ་ནམ་ཕྱེད་ཙམ་ན་གནོད་སྦྱིན་དེས་འཛམ་བུའི་གླིང་གིས་ཆ་ཀུན་ཏུ་རིང་བསྲེལ་བཞུགས་པའི་མཆོད་རྟེན་རྡོའི་སྲོག་ཤིང་ཅན་བྱེ་བ་ཅིག་ཅར་དུ་བཞེངས་ནས།


JLAZ006_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ན་རེ། བཀའ་བཞིན་མཆོད་རྟེན་རྣམས་གྲུབ་ཡོད་པས་གཟིགས་ཤིག་ཟེར། རྒྱལ་པོ་མཐུས་ཁུར་ནས་མཆོད་རྟེན་ཡོད་པ་རྣམས་སུ་སྐད་ཅིག་ལ་ཕྱིན་ནས་གསེར་དངུལ་གྱི་མཆོད་པ་དང་རྒྱན་དབུལ། དགེ་བའི་རྩ་བ་འདིས་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། ལོ་བརྒྱད་ཅུ་རྩ་བདུན་གྱི་བར་མཆོད་རྟེན་ཆེན་པོ་རྣམས་མཆོད་པར་བྱས། སྤྱིར་ལོ་བརྒྱ་དང་ལྔ་བཅུར་བཞུགས་པའི་མཐར་འདས་ཏེ་ལྷར་སྐྱེས་སོ། །རྒྱལ་པོ་འདི་འཇམ་དཔལ་རྩ་རྒྱུད་ནའང་ཤིན་ཏུ་གསལ་ཞིང་།མདོ་སྡེ་བསྐལ་པ་བཟང་པོ་ལས། སྐུ་གདུང་ནི་རྒྱས་པར་འགྱུར་རོ་ཞེས་པའི་ལུང་བསྟན་གྱི་བདེན་པའི་རྔ་བོ་ཆེན་སྒྲོག་པའི་ཕོ་ཉ་ཡིན་པ་ཤེས་པར་བྱའོ། །དེ་ཡང་བོད་ཀྱི་བསམ་ཡས་མཆོད་རྟེན་དཀར་པོ་ན་བཞུགས་པར་གྲགས་པའང་མཆེ་བ་གཉིས་པ་རྒྱལ་པོ་མ་སྐྱེས་དགྲའི་རྟེན་སྐལ་ཡ་བྱིན་པ་དེ་ལས་འཕེལ་བའི་རིང་བསྲེལ་སིལ་བུ་རྒྱ་གར་གྱི་མཆོད་རྟེན་པདྨའི་ཕྲེང་བ་ཅན་ནས་བོད་ཀྱིས་སྤྱན་དྲངས་སོ་ཞེས་གྲགས་པ། གདུང་བཅུག་པའི་བུམ་པ་ནི་བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པ་རྣམས་ལ་བྱིན། གདུང་བསྲེགས་པའི་སོལ་བ་ནི་བྲམ་ཟེ་ནྱ་གྲོ་དྷཱས་བླངས་ཏེ་སོ་སོར་ཁྱེར་ནས་མཆོད་རྟེན་ཆེན་པོ་བྱས་སོ། །གསུམ་པ་ལ་གཉིས། དམ་པའི་ཆོས་བཀའ་བསྡུ་ཇི་ལྟར་བྱས་པ་དང་། བསྟན་པ་ཇི་ཙམ་གནས་པའི་


JLAZ006_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཞག་གོ །དང་པོ་ན། གང་ག་ཚེ་བསྐལ་པ་མང་པོར་འཚོ་བའི་ལྷ་རྣམས་སྟོན་པའི་གསུང་རབ་མེ་ཤི་བའི་དུད་པ་ཙམ་དུ་གྱུར་ཅིང་། དགེ་སློང་དབང་པོ་ཡོད་པ་དག་ཀྱང་མྱ་ངན་ལས་འདས་པས་སྡེ་སྣོད་གསུམ་མི་སྒྲོག་གོ་ཞེས་པའི་འཕྱ་བ་བསལ་བ་དང་། བཀའ་རྗེས་སུ་བསྒྲུབ་པའི་ཕྱིར་འོད་སྲུངས་ཀྱིས་གང་པོ་ལ་གཎྜི་རྡུངས་ཤིག་བསྒོ་བ་ན། དེས་ཀྱང་རབ་མཐའི་བསམ་གཏན་ལ་བཞུགས་ནས་གཎྜི་བརྡུངས་པས་བ་ལང་བདག་མ་གཏོགས་ཐམས་ཅད་འདུས་པས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བ་བྱུང་ངོ། །གཅིག་པོ་དེ་འབོད་དུ་གང་པོ་མངགས་ནས་འབྱོན་པར་ཞུ་ཞེས་སྒྲོན་པ་ན་དེས་སངས་རྒྱས་མྱ་ངན་ལས་འདས་པར་ཤེས་ནས་དགེ་འདུན་རྣམས་ལ་གནང་བ་ཞུ་བའི་ཚིག་དང་། ཆོས་གོས་དང་ལྷུང་བཟེད་བསྐུར་ཏེ་མྱ་ངན་ལས་འདས་སོ། །དེའི་ཚུལ་འོད་སྲུངས་ལ་བསྒྲགས་པས། འོད་སྲུངས་ཀྱིས་ད་ཕྱིན་ཆད་བཀའི་བསྡུ་བ་མ་ཚར་གྱི་བར་ལ་དགྲ་བཅོམ་པ་གང་སུ་ཡང་མྱ་ངན་ལས་མི་འདའ་བའི་ཁྲིམས་བཅས་སོ། །འདིར་ཆོས་ཚུལ་བཤད་ན་དགེ་སློང་མང་པོ་འོངས་ནས་གཡེང་བར་འདུག་པས་བདག་ཅག་མ་ག་དྷཱར་འགྲོའོ་ཞེས་དགེ་འདུན་བྱིངས་ལྗོངས་རྒྱུ་བར་བཏང་།ཀུན་དགའ་བོ་ཆུའི་ཞལ་ཏ་བར་བསྐོས། འོད་སྲུངས་ལམ་དྲང་པོ་ནས་གཤེགས་ཏེ་རྒྱལ་པོའི་ཁབ་ཏུ་སོང་


JLAZ006_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། མ་སྐྱེས་དགྲས་རྒྱང་རིང་པོ་ནས་མཐོང་བ་སྟོན་པ་དྲན་ཏེ་གླང་པོའི་སྟེང་ནས་ས་ལ་ལྷུང་བ་འོད་སྲུངས་ཀྱིས་རྫུ་འཕྲུལ་གྱིས་བཟུང་། ཕྱིན་ཆད་དེ་ལྟར་མི་བྱེད་པའི་ཁྲིམས་བཅས་སོ། །མ་སྐྱེས་དགྲས་ཡོ་བྱད་ཕུལ་ནས་ནྱ་གྲོ་དྷཱའི་ཕུག་ཏུ་དབྱར་གནས་པར་ཁས་བླངས། དེར་འོད་སྲུངས་ཆེན་པོས་ཀུན་དགའ་བོ་དགྲ་བཅོམ་མ་ཐོབ་ཅིང་། བསམ་པར་དྲི་མ་ཅུང་ཟད་ལུས་པ་སྤྱོ་བས་གདུལ་བར་མཁྱེན་ནས། མཆོག་འདུས་པའི་ནང་ནས་འདོད་ཆགས་དང་ཞེ་སྡང་དང་བཅས་པ་མ་ལེགས་ཀྱིས་སོང་ཞིག་ཅེས་སྨྲས་པས། ཀུན་དགའ་བོས། ང་དང་སངས་རྒྱས་ཀྱི་བསྟན་པ་ཁྱོད་ལ་གཏད་པ་ལགས་མོད་ནོངས་པ་མ་མཆིས་ཞེས་བརྗོད་པས། འོད་སྲུངས་ཀྱིས་ཞལ་ནས་ཚུལ་ཤིང་ཞོག་ཅིག་གསུངས་ནས་སྤྱོ་བ་རྣམ་པ་བརྒྱད་མཛད་ནས་གནས་དབྱུང་ངོ་ཞེས་གྲགས་ཀྱང་། འདྲི་སྨེད་འདི་མཛད་དང་ལན་འདི་བཏབ་མི་སྣང་བས་སངས་རྒྱས་ཀྱིས་འདྲི་སྨེད་མཛད་པ་ལ་ལན་ལོག་པ་བཏབ་ཅེས་པའི་སྤྱོ་བ་མི་བགྲང་ངོ་ཞེས་ཀུན་མཁྱེན་བསམ་ཡས་པ་བཞེད་ལ། དེ་ལ་སྤྱོ་བ་བདུན་སྤྱོ་ཆུང་དང་བཅས་ཞེས་གྲགས་པ་ནི་འདི་ལྟ་སྟེ། འོད་སྲུངས་ཀྱི་ཞལ་ནས་སངས་རྒྱས་ཞལ་སྐྱེམས་པ་ལ་ཆུ་རྙོག་མ་ཅན་དྲངས་པས་ཁྱོད་ཀྱིས་ནོངས་ཞེས་པའི་ལན་དུ། དེའི་ཚེ་བདུད་ཀྱིས་ཆུ་ཀླུང་ཀ་ཀུ་ཏ་དཀྲུགས་པས་རྟོག་པ་དང་བྲལ་བ་མ་རྙེད་ཅེས་བཏབ་པས། ལྷུང་


JLAZ006_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བཟེད་ནམ་མཁའ་ལ་དེང་བྱས་ན་ལྷས་བདུད་རྩིས་འགེངས་པས་དེ་ཙམ་མ་ཤེས་པ་ཡང་ཁྱོད་ཀྱིས་ཉེས་གསུངས་པ་དང་། བདུད་ཀྱིས་མྱ་ངན་ལས་འདས་པར་གསོལ་བ་ན་ཁྱོད་ལ་དྲིས་པའི་ཚེ། དེ་ལྟར་གསོལ་བ་མ་བཏབ་པ་ཁྱོད་ཀྱིས་ཉེས་ཞེས་པའི་ལན་དུ། དེའི་ཚེ་བདུད་ཀྱི་འོད་ཟེར་གྱི་ཁྱབ་པས་དྲན་འཛིན་ཉམས་པར་གྱུར་ཏེ་ཞེས་བཏབ་པས། བདེ་བར་གཤེགས་པ་རྫུ་འཕྲུལ་གྱི་རྐང་པ་ལ་གནས་པས་འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཡང་གནས་པར་འགྱུར་རོ།ཞེས་གསུངས་ཚེ་ཁྱོད་ཀྱིས་གསོལ་བ་བཏབ་ན་མྱ་ངན་ལས་མི་འདའ་བ་དེ་ཙམ་མ་ཤེས་པ་ཉེས་གསུངས་པ། ན་བཟའ་རྡོག་པའི་འོག་ཏུ་བཅུག་ནས་དྲས་པ་ཁྱོད་ཀྱིས་ཉེས་ཞེས་པའི་ལན་དུ་དེའི་ཚེ་འཛིན་མཁན་མ་རྙེད་ཅེས་བཏབ་པས། ནམ་མཁའ་ལ་དེང་བྱས་ན་ལྷས་འཛིན་པ་ལ་དེ་ཙམ་མ་ཤེས་པ་ཉེས་གསུངས་པ་དང་། གསང་བའི་སྦ་བ་ནུབ་པ་གྲོང་བའི་བུད་མེད་ལ་བསྟན་པ་ཁྱོད་ཀྱིས་ཉེས་ཞེས་པའི་ལན་དུ། དེའི་ཚེ་བུད་མེད་སྐྱེས་པར་འགྱུར་དུ་རེ་ཞེས་བཏབ་པས། རང་གི་ལས་ཀྱིས་བུད་མེད་སྐྱེས་པར་གལ་འགྱུར། དེ་བཞིན་གཤེགས་པའི་གསང་བའི་སྦ་བ་སྦ་བར་བྱ་བ་ཡིན་གྱིས་བསྟན་པར་བྱ་བ་མ་ཡིན་པས་དེ་ཙམ་མ་ཤེས་པ་ཉེས་ཞེས་གསུངས་པ་དང་། སྐུ་གསེར་གྱི་གཏན་པ་ཕྱིས་པ་འདྲ་བ་གྲོང་པའི་སྐྱེ་བོ་ལ་བསྟན་པ་ཁྱོད་


JLAZ006_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཉེས་ཞེས་པའི་ལན་དུ། དེའི་ཚེ་བདེན་པ་མཐོང་དུ་རེ་ཞེས་བཏབ་པས། སྐལ་བ་མེད་པ་དག་གིས་བདེན་པ་ག་ལ་མཐོང་སྐུ་དྲི་མ་ནོག་ཅན་དུ་གྱུར་བས་དེ་ཙམ་མ་ཤེས་པ་ཉེས་ཞེས་གསུངས་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་བུད་མེད་རབ་ཏུ་འབྱུང་བའི་ཞུ་བ་བྱས་པས་ཁྱོད་ཀྱིས་ཉེས་ཞེས་པའི་ལན་དུ། ཡུམ་འདས་ནས་བསྐྱངས་པས་དྲིན་ཆེ་སྙམ་ནས་ཞུས་ཞེས་བཏབ་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཕྱོགས་གང་ནས་ཀྱང་དྲིན་ལན་བསབ་ཏུ་ཡོད་པ་ལ་བསྟན་པའི་ཐ་མ་ལྔ་བརྒྱ་ཕྲག་གཅིག་རྟགས་ཙམ་འཛིན་པར་གྱུར་བས་དེ་ཙམ་མ་ཤེས་པ་ཉེས་གསུངས་པ་དང་། གང་ཟག་དཀའ་བས་ཉེ་བར་འཚོ་བའི་ཚེ་བསླབ་པའི་གཞི་ཕྲ་མོ་དག་པ་གཡངས་སུ་གནང་བར་གསུངས་པ་ལས་ད་ཕན་ཆད་གནང་བ་མ་ཞུས་པ་ཁྱོད་ཀྱིས་ཉེས་ཞེས་པའི་ལན་དུ། སངས་རྒྱས་འདས་ནས་དགེ་སྦྱོང་འདི་དག་རེས་འགའ་སྡོམ། རེས་འགའ་གློད་ཅེས་སྐྱེ་བོ་རྣམས་འཕྱ་བར་འགྱུར་དུ་དོགས་ནས་མ་ཞུས་ཞེས་བཏབ་པས། ཆོས་ཀྱི་རྗེས་གནང་ན་ཅི་ཞིག་བྱ་དེ་ཙམ་མ་ཤེས་པ་ཉེས་སོ་ཞེས་གསུངས་ཏེ་མཆིལ་ལྷམ་གྱིས་བསྣུན་ཏེ་བསྐྲད་དོ། །དེར་ཀུན་དགའ་བོ་སྤོང་བྱེད་དུ་བྱོན་ནས་བྲྀ་ཛའི་བུ་རབ་ཏུ་བྱུང་། དེས་ཞམ་རིང་བྱས་ནས་གདམས་ངག་ཕོག་པས་དེ་དག་གིས་དགྲ་བཅོམ་པའི་འབྲས་བུ་ཐོབ། མཁན་པོའི་སེམས་ལ་བརྟགས་ནས་བསྐུལ་བ།


JLAZ006_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་ནི་འཕྲོ་བ་མང་པོ་སྒྲོལ་བའི་གྲུ་གཟིངས་ལྟ་བུ་ཡིན་ན། ཅིའི་ཕྱིར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་མི་མཛད་ཅེས་བསྐུལ་བས། ཉིན་མཚན་གྱི་ཐུན་དང་པོ་ལ་འཆག་པ་དང་འདུག་པས་སེམས་ཀྱི་སྒྲིབ་པ་སྦྱངས། གུང་ཐུན་ལ་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས། ནང་དུ་སླེབས་ནས་གློ་གཡས་པ་ས་ལ་ཕབ། སྔས་ལམ་གོ་གླན་པའི་བར་དེར་དགྲ་བཅོམ་པའི་འབྲས་བུ་ཐོབ། མངོན་ཤེས་ཀྱིས་བརྟགས་པས་འོད་སྲུངས་ཀྱིས་བྱམས་པའི་སེམས་ཀྱིས་སྤྱོ་བ་མཛད་པར་མཁྱེན་ཏེ་སླར་དགེ་འདུན་གྱི་ནང་དུ་བྱོན་པས་དགྲ་བཅོམ་པ་ལྔ་བརྒྱར་ལངས། དེའི་ཚེ་གནས་འོད་མའི་ཚལ་དང་རྩ་ཅན་ལ་སོགས་པ་སྟོན་པ་མྱ་ངན་ལས་འདས་པས་ཡིད་གདུངས་ཤིང་ཉམས་མི་དགའ་བས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རིའི་བྱང་ཤར་ཨ་སུ་ར་གསང་བའི་བྲག་ཕུག་ཏུ་དགྲ་བཅོམ་པ་ལྔ་བརྒྱ་བསྡུ་བ་དང་པོའི་ཆེད་དུ་འདུས་ནས་བསྐུལ་བ་ལྟར་འོད་སྲུངས་ཀྱིས་ཀུན་དགའ་བོ་ལ་སྤྲོ་བ་དྲིས་ནས་མདོ་སྡེ་བསྡུ་བར་བསྐོས། ཆོས་སྨྲ་བའི་ཁྲི་ལ་དགྲ་བཅོམ་པ་ཇི་ལྟར་འདུས་པའི་སྣམ་སྦྱར་བཏིང་ནས་དེའི་ཁར་ཀུན་དགའ་བོ་འདུག་ཏུ་བསྩལ། དེར་འོད་སྲུངས་ཆེན་པོས། སྟོན་པ་འཇིག་རྟེན་ཕན་བཞེད་པ། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱིས། །རྣམ་པར་མཆོག་ནི་གང་བཤད་པ། །ཚེ་དང་ལྡན་པས་མདོ་


JLAZ006_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་གསུངས། །ཞེས་གསོལ་བ་དང་། ཀུན་དགའ་བོ་སྟོན་པའི་ཡོན་ཏན་དྲན་ནས་བྱང་ཆུབ་སྙིང་པོའི་ཕྱོགས་སུ་གདོང་གཏད་ཐལ་མོ་སྦྱར་ནས། ཆོས་ཡང་དག་པར་སྡུད་པའི་མན་ངག་བཞིན་དུ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་སྔོན་དུ་འགྲོ་བས་མདོ་སྡེ་བཤད་ཅིང་མཐར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་བསྡུས་པ་ན། ཐམས་ཅད་སྟོན་པ་དྲན་ནས་སྐྱོ་བར་གྱུར་ཅིང་ཁྱད་པར་ཀུན་ཤེས་ཀོའུ་དི་ནྱཱས། བདག་གིས་ཆོས་ཀྱི་རྣམ་གྲངས་འདི་མངོན་སུམ་དུ་ཐོས་ཏེ། བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་ལས་ནི་བརྒལ། ངན་སོང་གི་སྒོ་བཅད། མཐོ་རིས་ཐར་བའི་སྒོ་ཕྱེ་སྟེ་འདི་བཤད་པས་བདག་དང་ལྷ་བརྒྱད་ཁྲི་ཆོས་ཀྱི་མིག་ཐོབ་བོ། །དེ་རིང་འདི་སྐད་ཐོས་ཞེས་བཤད་པ་དེས། ཀྱེ་མ་ཐམས་ཅད་མི་རྟག་པར་ཁྱད་མེད་དོ། །ཞེས་སྨྲས་ནས་སྟན་ལས་བབས་ཏེ་འདུག་གོ །།དེ་བཞིན་གཞན་ཐམས་ཅད་ཀྱང་སྟན་ལས་བབས་ཏེ་སྐྱོ་བའི་འདུ་ཤེས་ལ་ཡིད་ཕྱོགས་སོ། །དེའི་ཚེ་དགྲ་བཅོམ་པ་རྣམས་ཀྱིས་མངོན་ཤེས་ཀྱིས་བལྟས་པས། །ཀུན་དགའ་བོ་ཁྱོད་ཀྱི་ལུང་དེ་ཡིན་ནམ། དེས་བདག་གི་ལུང་དེ་ལགས་སོ། །ཁྱོད་ཅག་གི་ལུང་དེ་ལགས་སམ། དེ་ཁོ་ན་ལའོ། །དེ་ནས་འོད་སྲུངས་ཀྱི་མདོ་སྡེ་དང་པོ་བསྡུས་ནས་གང་གིས་


JLAZ006_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་ཟློག་པས་ཆོས་སོ་སྙམ་ནས། ཀུན་དགའ་བོ་མདོ་སྡེ་གཉིས་པ་གང་དུ་བཤད། འདི་སྐད་ལ་སོགས་པས་རིམ་པར་བསྡུས་ཞེས་གྲགས་ལ། དེ་བཞིན་དུ་འདུལ་བ་ཉེ་བ་འཁོར་དང་། །མངོན་པ་འོད་སྲུངས་ཆེན་པོས་བསྡུས་པའི་རྣམ་པར་གཞག་ཅིང་། དེའང་གསུང་རབ་ཡན་ལག་བཅུ་གཉིས་པོ་སྡེ་སྣོད་གསུམ་དུ་བསྡུས་ནས་མ་ཉམས་པར་བྱས་པ་སྟེ་དེ་སྐད་དུ་ལུང་ཕྲན་ཚེགས་ལས། སྟོན་པ་མྱ་ངན་ལས་འདས་ཕྱི་དེའི་དབྱར། །རྒྱལ་པོའི་ཁབ་ཀྱི་གསང་བའི་བྲག་ཕུག་ཏུ། །དགྲ་བཅོམ་ལྔ་བརྒྱ་འདུས་པའི་འཚོ་བ་ནི། །མ་སྐྱེས་དགྲས་སྦྱར་སྡེ་སྣོད་གསུམ་དུ་བསྡུས། །མདོ་ཡི་སྡེ་དང་དབྱངས་སུ་བསྙད་པའི་སྡེ། །ལུང་བསྟན་ཚིགས་སུ་བཅད་པའི་སྡེ་དང་ནི། །ཆེད་དུ་བརྗོད་པ་ལྔ་ནི་མདོ་སྡེར་བསྡུས། །གླིང་བཞིའི་སྡེ་དང་རྟོགས་པ་བརྗོད་པ་དང་། ད་ལྟར་བྱུང་བའི་སྡེ་ཞེས་བྱ་བ་དང་། །སྐྱེས་པ་རབས་དང་བཞི་ནི་འདུལ་བར་བསྡུས། །ཤིན་ཏུ་རྒྱས་དང་རྨད་དུ་བྱུང་བ་དང་། །གཏན་ལཕབ་པ་གསུམ་ནི་མངོན་པར་བསྡུས། །ཞེས་སོ། །དེ་ནས་བསྟན་པའི་གཏད་རབས་ནི་སྙིང་རྗེ་པད་དཀར་ལས། སྟོན་པ་འདས་ནས་བསྟན་པ་སུས་འཛིན་ཞུས་པའི་ལན་དུ། ཀུན་དགའ་བོ། དགེ་སློང་འོད་སྲུངས་དང་ཁྱེད་གཉིས་ཀྱིས་ལོ་བཞི་བཅུ་ལྷག་ཙམ་དུ་


JLAZ006_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ངའི་དམ་པའི་ཆོས་འཛིན་པར་འགྱུར་རོ། །ཞེས་གསུངས་པ་ལྟར་འོད་སྲུངས་ཀྱིས་སྟོན་པའི་གསུང་ལ་གཅེས་སྤྲས་སུ་བསྐྱངས་ནས་གདུལ་བྱ་མང་པོ་རྣམ་གྲོལ་ལ་བཀོད། བསྟན་པ་ལ་ཕན་རྒྱ་ཆེར་གདངས་ནས་མྱ་ངན་ལས་འདའ་བར་དགོངས་ཏེ་ཚིགས་སུ་བཅད་པའི་མཐར་ཀུན་དགའ་བོ་ཤེས་པར་གྱིས་ཤིག། སྟོན་པས་ང་ལ་གཏད་ནས་འདས་སོ། །ང་ཡང་མྱ་ངན་ལས་འདའ་བས་བསྟན་པ་ཁྱོད་ཀྱིས་སྐྱོངས་ཤིག། ཁྱོད་ཀྱིས་ཀྱང་ཤ་ནའི་གོས་ཅན་ལ་གཏོད་ཅིག། ཅེས་གསུངས་ནས་ཀུན་དགའ་བོ་ལ་བསྟན་པ་གཏད། ལྷ་གནས་སུམ་ཅུ་རྩ་གསུམ་དུ་གཤེགས་ནས་མཆོད་རྟེན་དང་ཚེམས་རྣམས་ལ་མཆོད་པའི་སྤྲིན་རྣམ་པར་བཀོད་པ་བསྟབས་ཏེ། རི་བོ་བྱ་རྐང་ཅན་གྱི་ནང་དུ་རྩྭའི་གདན་ལ་བཞུགས། ཕྱག་དར་ཁྲོད་པའི་སྣམ་སྦྱར་མན་པས་ནས་བྱམས་པ་འཚང་རྒྱ་ལ་ཐུག་གི་བར་དེ་སྲིད་དུ་སྐུ་གདུང་མི་འཇིག་པར་བྱིན་གྱིས་བརླབས་ཏེ་མྱ་ངན་ལས་འདས་སོ། །དགོས་པ་ནི། མ་འོངས་པ་ན་བྱམས་པ་འཁོར་དུང་ཕྱུར་དང་བཅས་པ་ཚེ་ལོ་བརྒྱད་ཁྲིའི་དུས་དེར་བྱོན་དུས། རི་ཁ་བྱེ་ནས་པུར་གཟིགས་པ་ན་འཁོར་རྣམས་ཀྱིས་དྲིས་པ་ལས། བྱམས་པས་དེའ་དོན་རྒྱ་ཆེར་གསུངས་པས་ཐམས་ཅད་སྦྱངས་པའི་ཡོན་ཏན་དང་ལྡན་པར་འགྱུར་བ་ལ་དགོངས་པའོ། །དེ་ནས་ཀུན་དགའ་བོས་ཀྱང་བསྟན་པ་ཚུལ་


JLAZ006_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བསྐྱངས་ཏེ་ཤ་ནའི་གོས་ཅན་ལ་གཏད་དེ་མྱ་ངན་ལས་འདའ་བར་དགོངས། རྒྱལ་པོའི་ཁབ་དང་ཡངས་པ་ཅན་མི་མཛའ་བ་འདུམ་པའི་ཕྱིར་དེ་གཉིས་ཀྱི་བར་ཆུ་བོ་གངྒཱའི་དབུས་གསེར་ལྡན་གྱི་རང་བཞིན་དུ་བྱིན་གྱིས་བརླབས་ནས་བཞུགས། སྐྱེ་བོ་མང་པོ་རབ་ཏུ་བྱུང་ནས་ཆུ་དབུས་པ་དང་། ཉི་མའི་གུང་པ་ལ་སོགས་པའི་མིང་བཏགས། དེ་དག་གབསྒྲུབས་པས་དགྲ་བཅོམ། མཁན་པོའི་སྔོན་དུ་མྱ་ངན་འདའ་བར་བཞེད་པ་ལ་ཀུན་དགའ་བོས་ཉི་མའི་གུང་བ་ལ། ཁྱོད་ཁ་ཆེའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཛིན་པར་སྙིང་རྗེ་པདྨ་དཀར་པོ་ལས་གསུངས་པས། དེར་སོང་ལ་བསྟན་པ་ཟུང་ཞིག་ཅེས་གཏད་དེ་ཀུན་དགའ་བོས་རྫུ་འཕྲུལ་མང་པོ་བསྟན། སྐུ་གདུང་ཚལ་པ་གཉིས་སུ་འགྲོ་བར་བྱིན་གྱིས་བརླབས་ཏེ་མྱ་ངན་ལས་འདས་སོ། །དེ་རྒྱལ་པོའི་ཁབ་དང་། ཡངས་པ་ཅན་པས་སོ་སོར་སྤྱན་དྲངས་མཆོད་རྟེན་བཞེངས་པས་དེ་ཕྱིན་རྩོད་པ་ཞི་བར་གྱུར་ཏོ། །དེ་ནས་དགྲ་བཅོམ་པ་ཉི་མའི་གུང་བ་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་ཁ་ཆེའི་ཡུལ་དུ་གཤེགས་ནས་མཚོ་འགྲམ་ཞིག་ཏུ་བཞུགས་པ་ན། ཡུལ་དེ་ཀླུས་བདག་བྱས་པས་ཆར་ཆེན་པོ་ཕབ། ཆོ་འཕྲུལ་དུ་མ་བསྟན་དུས་འགོག་པ་ལ་མཉམ་པར་བཞག་པས། སླར་དད་དེ་ཀླུའི་རྒྱལ་པོ་ན་རེ་ཅི་བཀའ་སྩལ་ཟེར་བ་ལ། འདི་ནི་བསམ་


JLAZ006_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དང་མཐུན་པའི་གནས་ཤིག་འདུག་པས་ཡུལ་ཅིག་འདོད་ ་ཡིན་གསུངས་པས། ཡུལ་ཇིཙམ་འདོད། འཁོར་ཇིཙམཡོད next hit། ཡུན་ཇི་ཙམ་བཞུགས་ཟེར། ཡུལ་སྐྱིལ་མོ་ཀྲུང་ཤོང་བ་རེ་འདོད། ཡུན་སངས་རྒྱས་ཀྱི་བསྟན་པ་མ་ནུབ་ཀྱི་བར་དུ་སྡོད་གསུངས་པས། འོ་ན་སྐྱིལ་མོ་ཀྲུང་ཆོས་ཤིག་ཟེར། སྐྱིལ་མོ་ཀྲུང་གཅིག་གིས་ལུང་པ་བཅོ་བརྒྱད་ཀྱི་མདོ་བཅད་པས། ཀླུ་ན་རེ་འཁོར་གཅིག་མ་ཚང་ཡང་ད་རང་ཡུལ་འདོད་ཟེར་རོ། །དེ་ནི་ཤཱཀྱ་ཐུབ་པའི་བསྟན་པ་མ་ནུབ་ཀྱི་རིང་རྟག་ཏུ་དེ་ན་བཞུགས་པ་ཡིན་ནོ། །བསྡུ་བ་གཉིས་པ་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུ་ན། ཡངས་པ་ཅན་དུ་དགེ་སློང་ལྷ་ཆེན་པོས། ཧུ་ལུ་ཧུ་ལུ་ཡི་རངས་དང་། །ཀུན་སྤྱོད་སྣོད་དང་ལན་ཚྭ་དང་། །ལམ་དང་སོར་གྱིས་དཀྲུགས་དང་གཏིང་། །གསེར་ལ་རུང་བར་བྱ་བ་ནི། །འདི་དག་རུང་མིན་གཞི་བཅུར་འདོད། །ཅེས་མི་རུང་བའི་གཞི་བཅུ་བཅས་པ་སྟེ། དེའང་མ་འདུས་པསལས་བྱས་ནས་ཧུ་ལུ་ཧུ་ལུ་ཞེས་བརྗོད་པ་ལས་ཆགས་པར་འདོད་པ་དང་། ཆོས་དང་མི་མཐུན་པའི་ལས་བྱས་ནས་རྗེས་སུ་ཡི་རང་བ་ཆོས་སུ་བློ་བསྒྱུར་བས་ཆོས་སུ་རུང་བར་འདོད་པ་དང་། ན་བ་ལ་སྲིན་བུ་བད་པའི་འཇིབ་ལུགས་ཀྱིས་ཆང་འཐུངས་ན་ཉེས་པ་མེད་པར་འདོད་པ་དང་། དངོས་ཀྱི་འགག་བྱ་མེད་ནས་བརྐོ་བར་རུང་སྟེ་


JLAZ006_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་ལ་གནོད་པ་མེད་པས་ཞེས་འདོད་པ་དང་། དུས་སུ་རུང་བ་དང་འདྲེས་པས་ལན་ཚ་ཕྱི་དྲོ་སྤྱད་དུ་རུང་སྟེ་རུང་ཆུ་མི་དགོས་ཞེས་འདོད་པ་དང་། ལམ་དཔག་ཚད་ཕྱེད་མི་དགོས་རྒྱང་གྲགས་ཕྱེད་དུ་ཕྱིན་ནའང་འདུས་ཏེ་ཟ་བ་ལ་སོགས་པའི་ཉེས་པ་མེད་དོ་ཞེས་འདོད་པ་དང་། སོར་གཉིས་ནི་ལྷག་པོར་བྱེད་པ་ལ་སོར་མོ་གཉིས་ཀྱིས་རེག་པས་ཆོག་ཅེས་འདོད་པ་དང་། དུས་སུ་རུང་བ་དང་དུས་མ་ཡིན་རུང་བ་གཉིས་བསྲེས་ནས་ཕྱི་དྲོ་ཡང་བཏུང་དུ་རུང་སྟེ་དེ་གཉིས་དཀྲུགས་པ་ན་དུས་སུ་རུང་བས་བྱིན་གྱིས་བརླབས་པར་འགྱུར་ཞེས་འདོད་པ་དང་། གདིང་བ་རྙིང་པ་ལ་བདེ་བར་གཤེགས་པའི་མཐོ་གང་མི་དགོས་རང་གི་མཐོ་གང་གིས་གླན་པས་ཆོག་ཅེས་འདོད་པ་དང་། བསྙེན་པར་མ་རྫོགས་པ་ཁྲིའུ་གྲོང་གི་གསེབ་ཏུ་འཁྱེར་བཅུག་ནས་ཁྱིམ་བདག་ལས་གསེར་བླངས་པ་དེའི་སྟེང་དུ་འཇོག་ཏུ་བཅུག་པས་གསེར་ལ་རུང་བར་འགྱུར་ཏེ་ཉེས་པ་མེད་ཅེས་འདོད་པ་རྣམས་བསད་པའི་ཕྱིར། ཡངས་པ་ཅན་ཀུ་སྨ་པུ་རིའི་གཙུག་ལག་ཁང་དུ། དགྲ་བཅོམ་པ་བཞི་ལྡན་དང་ཟླ་བའི་སྒུར་ལ་སོགས་པ་བདུན་བརྒྱ་འདུས་ཏེ། ཚེ་དང་ལྡན་པ་གྲགས་པས་གསོལ་བ་བཏབ་ནས་ཆོས་སྡེ་སྣོད་གསུམ་དགྲ་བཅོམ་པ་ཉེར་སྦས་ཀྱིས་བསྡུས་ཏེ་སྦྱིན་བདག་ནི་དྷརྨ་ཨ་ཤོ་ཀ་སྟེ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བྱས་སོ། །ཆོས་རྒྱལ་འདས་ནས་དགེ་འདུན་འབྱེད་


JLAZ006_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་གྱིས་རྩོད་པ་འགའ་ཞིག་བྱུང་བ་ལས་བརྩམས་ཏེ་རྩ་བའི་སྡེ་བཞིར་གྱིས་བསྡུ་བས་བསྟན་པ་གཅིག་ཏུ་བྱས་སོ། །སྡེ་བཞི་ནི། གཞི་ཐམས་ཅད་ཡོད་སྨྲའི་སྡེ། ཕལ་ཆེན་བའི་སྡེ། གནས་བརྟན་པའི་སྡེ། མང་པོས་བཀུར་བའི་སྡེའོ།འདི་ནི་བསྡུ་བ་གཉིས་པར་གྲགས་ཀྱང་འདུལ་བའི་བསླབ་པ་ལོག་པར་བཅས་པ་བསལ་བ་ཙམ་མོ། །བསྡུ་བ་གསུམ་པ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ལྷག་བཞི་བརྒྱར་ཉེ་བ་ན། ཁ་ཆེ་ཛ་ལནྡྷ་རིའི་གནས་མེ་ཏོག་བརྩེགས་པའི་ཀུན་དགའ་ར་བར་བསུ་མི་ཏྲ་ལ་སོགས་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། པུརྞི་ཀ་སོགས་དགྲ་བཅོམ་པ་ལྔ་བརྒྱ། སོ་སོ་སྐྱེ་བོའི་དགེ་སློང་ཁྲི་དྲུག་སྟོང་འདུས་ནས། རྒྱལ་པོ་ཀ་ནི་ཀས་སྦྱིན་བདག་དང་གསོལ་བ་འདེབས་པ་པོ་བྱས་ཏེ། བྱང་ཆུབ་སེམས་དཔའ་དང་དགྲ་བཅོམ་པའི་གཙོ་བོ་བཤད་མ་ཐག་པ་གཉིས་ཀྱིས་བསྡུས་ནས་གྱེས་པ་བཅོ་བརྒྱད་བཀར་གཅིག་པར་བྱས་སོ། །དེ་ལ་གྱེས་པ་བཅོ་བརྒྱད་ནི། ཀློག་པའི་འཁོར་ལོར། ཤཱཀྱ་སེང་གེའི་བསྟན་པ་ནི། །ཐ་དད་རྣམ་པ་བཅོ་བརྒྱད་དུ། །འགྱུར་ཏེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་ཕྲིན་ལས་དབང་གིས་ཡིན། །ཞེས་བཤད་པ་ལྟར། དེའི་ཚེ་བདུད་སྡིག་ཏོ་ཅན་གྱིས་དགེ་སློང་གི་ཆ་བྱད་དུ་སྤྲུལ་ཏེ་ཆོས་ལོག་པར་བསྟན་ཅིང་དབྱེན་སྤྱོད་པས། ཐམས་ཅད་སློང་སློང་པོར་གྱུར་ཅིང་།


JLAZ006_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

མདོའི་གནས་སོ་སོ་དང་སློབ་བརྒྱུད་སོ་སོར་རང་ཚན་དུ་བཅད་དེ། ལྟ་བ་དང་ཆོས་དང་ཆོས་མི་མཐུན་པས་ངེད་ཀྱི་ལྟར་ཡིན་གྱི། ཁྱེད་ཀྱི་ལྟར་མ་ཡིན་ནོ་ཞེས་སྐུར་བ་འདེབས་པ་ན། དེ་དག་དང་པོ་གང་ལས་འཕྲོས་པའི་སྡེ་བདེ་དང་དེར་བསྡུས་ནས་ཁ་འཆམ་པར་སངས་རྒྱས་ཀྱི་ཆོས་དང་བསྟན་པའི་སྲོལ་ཡིན་པར་ཀྲྀ་ཀྲིའི་རྨི་ལྟས་ཀྱི་ལུང་བསྟན་ལྟར་བཅད་པ་ལ། ནང་ཚན་གྱི་རྩ་བ་སྡེ་པ་བཞི། དེ་ལས་གྱེས་པ་བཅོ་བརྒྱད་ནི། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ། དེ་ལས་རྣམ་པ་དྲུག་ཏུ་གྱེས་པ་འོད་སྲུངས་པའི་སྡེ། ཆོས་སྲུངས་པའི་སྡེ། ས་སྟོན་པའི་སྡེ། མང་དུ་ཐོས་པའི་སྡེ། གོས་དམར་ཅན་གྱི་སྡེ། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་སྟེ་སྤྱིར་བདུན་ནོ། །འདི་དག་རྒྱལ་རིགས་སྒྲ་གཅན་འཛིན་བཟང་པོ་ཞེས་བྱ་བ། རབ་ཏུ་མ་བྱུང་ན་ཤཱཀྱའི་རྒྱལ་པོར་འགྱུར་ལ། རབ་ཏུ་བྱུངབསབཅོམ་ལྡན་འདས་ཀྱིས་བསླབ་པ་ལ་གུས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་ལུང་བསྟན་པ་དེའི་སློབ་བརྒྱུད། སྐད་ནི་སཾ་སྐྲྀ་ཏ་ལེགས་པར་སྦྱར་བ་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་མཐུན་པའོ། །སྣམ་སྦྱར་ནི་སྣམ་ཕྲན་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དེ་ཟུང་མ་གཏོགས་ཡར་འབྱུང་ལ། རྟགས་ནི་ཨུཏྤལ་དང་། པདྨ་དང་། རིན་པོ་ཆེ་དང་། ཤིང་ལོ་འབྱུང་བའོ། །ཕལ་ཆེན་པའི་སྡེ་ལས་དབྱེན།


JLAZ006_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེ། གངས་རིར་གནས་པའི་སྡེ། བརྟགས་པ་སྨྲ་བའི་སྡེ། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་དང་ལྔའོ། །འདི་དག་གི་རྩ་བའི་མཁན་པོ་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བ་གནས་བརྟན་འོད་སྲུངས་ཆེན་པོ་ཞེས་བྱ་བ། སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་ནང་ནས་མཆོག་ཏུ་ལུང་བསྟན་པ་དེའི་སློབ་བརྒྱུད་དོ། །སྐད་ནི་པྲ་ཀྲྀ་ཏ་སྟེ་ཡུལ་སྡེ་སོ་སོའི་སྐད་དོ། །འོད་གསལ་གྱི་ལྷ་རྣམས་དང་མཐུན་ལ། སྣམ་སྦྱར་སྣམ་ཕྲན་དགུ་ཡན་ཆད་ཉི་ཤུ་རྩ་གསུམ་མན་ཆད་ཟུང་མ་གཏོགས་ཡར་འབྱུང་བ་ལ། རྟགས་སུ་གཡུ་དྲུང་བ་འཁྱིལ་བ་དང་། དཔལ་བེའུ་བྲིས་པའོ། །གནས་བརྟན་པའི་སྡེ་ལ། རྒྱལ་བྱེད་ཚལ་ན་གནས་པའི་སྡེ། འཇིགས་མེད་རི་ལ་གནས་པའི་སྡེ། གཙུག་ལག་ཁང་ན་གནས་པའི་སྡེ་དང་གསུམ་མོ། །འདི་དག་སྨྱིག་མ་མཁན་གྱི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ཀཱ་ཏྱཱ་ཡཱ་ན་ཞེས་བྱ་བ། མཐའ་འཁོབ་འདུལ་བའི་མཆོག་ཏུ་བསྟན་པ་དེའི་སློབ་བརྒྱུད་དོ། །སྐད་ནི་ཨ་ཝ་བྷྲ་ཤ་སྟེ་ཟུར་ཆག་པས་ཤ་ཟ་རྣམས་དང་མཐུན་ལ། སྣམ་སྦྱར་སྣམ་ཕྲན་ནི་དགུ་ཡན་ཆད་ཉི་ཤུ་རྩ་གཅིག་མན་ཆད་ཟུང་མ་གཏོགས་ཡར་འབྱུང་། རྟགས་ནི་རུང་ངོ། །མང་པོས་བཀུར་བ་ལ་དབྱེན། ས་སྒྲོག་རིགས་ཀྱི་སྡེ། སྲུང་བ་ཕའི་སྡེ། གནས་མ་བུའི་སྡེ་པ་དང་གསུམ། འདི་


previousཤོག་ལྷེབ་ ༡ ནས་ ༡༠༠ བར།next