Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
གཏམ་ཚོགས་ལེའུ་དང་པོ། གཏམ་ཚོགས་ཡོན་ཏན་རྒྱ་མཚོའི་སྤྱི་དོན་ཐེག་པའི་གྲུ་གཟིངས་ཞེས་བྱ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་དང་པོ། གཏམ་ཚོགས་ཡོན་ཏན་རྒྱ་མཚོའི་སྤྱི་དོན་ཐེག་པའི་གྲུ་གཟིངས་ཞེས་བྱ་བ།next

གཏམ་ཚོགས་ལེའུ་དང་པོ། གཏམ་ཚོགས་ཡོན་ཏན་རྒྱ་མཚོའི་སྤྱི་དོན་ཐེག་པའི་གྲུ་གཟིངས་ཞེས་བྱ་བ།


JLAZ007_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་གྱི་ཚོགས་ཐེག་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས།


JLAZ007_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་ཚོགས་ཡོན་ཏན་རྒྱ་མཚོའི་སྤྱི་དོན་ཐེག་པའི་གྲུ་གཟིངས་ཞེས་བྱ་བ། གཉིས་སུ་མེད་པར་གསུང་བ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཕུན་ཚོགས་ནོར་བུའི་ཕྲེང་བ་དོ་ཤལ་དུ། །འཛིན་པ་མཐོ་རིས་དང་པོའི་དགེ་མཚན་གྱི། །འཇིག་རྟེན་དགའ་མགུར་བྱས་པའི་གཏམ་གྱི་རྔས། །སྐྱེ་དགུའི་རྣ་ལུང་གསར་པ་མཛེས་གྱུར་ཅིག །རྨོངས་དང་མ་རིག་ལས་ཀྱི་གཞན་དབང་གིས། །དགེ་བའི་དཀའ་ཐུབ་ཉམས་པར་བྱས་པའི་གཟུགས། །འཁོར་བ་ཆུ་སྲིན་འབྱུང་གནས་མཐའ་དག་ལས། །འགྲོ་བ་གདོན་པའི་སྟོན་མཆོག་ལྗོན་པ་རྒྱལ། །གང་ལ་ཡང་དག་འབྱོར་པ་དམ་པའི་ཆོས། །ལུང་དང་རྟོགས་པའི་གདུགས་དཀར་ཡུ་བ་ལ། །འཇོ་སྒེག་རོལ་པའི་ཁྱུ་མཆོག་རིག་གྲོལ་སྡེས། །གཏམ་


JLAZ007_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གྲགས་པ་མཆོད་ལ་མངོན་ཕྱོགས་ཤིག །དེ་ལ་བདག་ཅག་གི་སྟོན་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་མཐའ་དག་གི་དོན། ཀུན་འབྱུང་འདྲེན་པའི་ཐེག་པ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དུ་འདུས་པའི་ནང་ཚན་ལས་ཀྱང༌། དམ་པའི་ཆོས་འདུལ་བ་ནི་གྲུབ་མཐའ་ལ་ཐོག་མར་ཞུགས་པ་རྣམས་ཀྱི་སྟོན་པ་དང་བསྟན་པ་གཉིས་ཀ་ཡིན་ལ། མདོ་སྡེ་དང་མངོན་པའི་སྡེ་སྣོད་ནི་བསྟན་པ་གཅིག་པུར་ངེས་པའི་ཚུལ་སློབ་དཔོན་ཆོས་ཀྱི་ཚོང་དཔོན་གྱིས། རྒྱལ་བ་སྟོན་པ་དེ་ཡི་དམ་ཆོས་དག །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །ཉིས་འགྱུར་ཕྱག་བྱས་སངས་རྒྱས་ཁྱོད་ཅིག་ཡིན། །ཞེས་འདུལ་བའི་སྡེ་སྣོད་ལ་བསྔགས་


JLAZ007_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྱད་གཞིའང༌། ལྟུང་བ་བསླབ་བྱ་དང་བཅས་པ་སྟོན་པའི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བརྟེན། གནས་སྐབས་སུ་མངོན་པར་མཐོ་བའི་སྲིད་པ་དང༌། མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དགྲ་སྡེའི་ཚོགས་ཐམས་ཅད་བཅོམ་པས་ན། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་ཞེས་པས་ཐོབ་བྱའི་སྒྲ་བཤད་ཀྱང་གྲུབ་ལ། དེ་ལྟ་བུའི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་མཚན་ཉིད་ཀྱང་སུམ་བརྒྱ་པ་ལས། གང་ཞིག་སྲོག་གཅོག་གཞན་གྱི་ནོར་འཕྲོག་དང༌། །མི་ཚངས་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང༌། །ཕྱི་དྲོའི་ཁ་ཐས་གསེར་དངུལ་སྤོང་བྱེད་པ། །ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་དང༌། །འཆི་བའི་མཆེ་བ་འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་མཐའ་དག་པའི་ཉོན་མོངས་ཀྱི་ཆུ་ཀླུང་དང་ཁ་ན་མ་ཐོ་བའི་ཚོགས་ལ་མི་སྡུག་པའི་འདུ་ཤེས་དགུ་བསྒོམས་པས་མཚོན། བཅས་པའི་ཁྲིམས་ཀྱི་རྣམ་གྲངས་ཆུ་ལོན་བརྩིགས་པ་ལྟ་བུས་འདུལ་བ་ལ་མཆོག་ཏུ་སྤྲོ་བས་ན་བསྟན་པའི་གཞི་མར་བཞག་ལ། དེ་ལྟར་སོ་སོ་ཐར་པའི་སྡེ་སྣོད་དེ་རྣམ་པར་གྲོལ་བའི་ཐབས་ཀྱི་དང་པོའང་ཡིན་པའི་ཚུལ་འདུལ་བ་སྨན་གྱི་གཞིར། དགེ་


JLAZ007_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དག་ཚུལ་ཁྲིམས་གོམས་པར་བྱས་ན་ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་གོམས་པར་བྱས་ན་ཤེས་རབ་ཡུན་རིང་དུ་གནས་པར་འགྱུར་རོ། །ཤེས་རབ་གོམས་པར་བྱས་ན་འདི་ལྟར་ཏེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་འདུལ་བའི་སྡེ་སྣོད་ཀྱིས་སོ་སོ་ཐར་པའི་སྡོམ་པའི་བསླབ་བྱ་ལ་བསླབས་པས། གདུལ་བྱའི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕུང་པོས་འདོམས། དེ་ལས་འདའ་བ་མ་ཡིན་པས་འགྱོད་པ་དང་བྲལ། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་འཐོབ། མདོ་སྡེའི་སྡེ་སྣོད་ཀྱི་ཐེག་པ་ཆེ་ཆུང་གཉིས་ཀའི་བསླབ་པ་གསུམ་རྒྱས་པར་དབྱེ་ཞིང་ལྷག་པ་སེམས་ཀྱི་བསླབ་པ་ལ་ཡང་དག་པར་སྦྱོར། ཆོས་མངོན་པའི་སྡེ་སྣོད་ཀྱིས་བརྗོད་བྱའི་མཚན་ཉིད་མ་འཁྲུལ་བར་ཆོས་རབ་ཏུ་འབྱེད་པའི་བློ་གྲོས་ཀྱི་དྲི་མ་སྤངས་པ་བསྒྲུབ་པའི་ཕྱིར་ལྷག་པ་ཤེས་རབ་ཀྱི་བསླབ་པ་ལ་སྦྱོར་བར་དགོངས་པ་ཡིན་ནོ། །དེའི་དོན་འཕགས་པའི་བསྟན་བཅོས་དགོངས་འགྲེལ་དང་བཅས་པས་ཅུང་ཟད་བསྙད་ན། བཤེས་སྤྲིང་ལས། ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་ཀྱིས། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད།


JLAZ007_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང༌། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་གཅིག་ཀྱང༌། །གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། །ཞེས་གསུངས་པ་བཞིན་ཐར་པ་ནི་གྲོགས་ཀྱིས་བསྟང་བའི་ཁ་ན་རག་ལུས་པ་མ་ཡིན་པར་བདག་འབའ་ཞིག་གི་ལུང་དང༌། རིག་པ་དང༌། གཏན་ཚིགས་དང༌། དཔྱད་བཟོད་པ་དང༌། ལྡན་པ་དང་མཐུན་པའི་མང་དུ་ཐོས་པ། ཉམས་པ། བཅོམ་པ། ལྟུང་བ། ཕམ་པར་གྱུར་པ་མེད་པའི་ཚུལ་ཁྲིམས། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བསམ་གཏན་རྣམས་དང་ལྡན་པས་འཕགས་པའི་བདེན་པ་བཞི་ལ་དམིགས་པར་བྱའོ། །བཞི་གང་ཞེ་ན། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་གྱི་བདེན་པ་བཞིའོ། །དང་པོ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི་སྡུག་བསྔལ་བའི་བདེན་པའོ། །གཉིས་པ་ནི། ཡང་འབྱུང་བའི་སྲེད་པ། དགའ་བའི་འདོད་ཆགས་དང་ལྷན་ཅིག་པ། དེ་དང་དེར་མངོན་པར་དགའ་བ་གང་ཡིན་པ་སྟེ། འདི་ལས་སྡུག་བསྔལ་ཀུན་འབྱུང་བས་ན་ཀུན་འབྱུང་སྟེ་སྡུག་བསྔལ་གྱི་རྒྱུར་བསྟན་ཏོ། །གསུམ་པ་ནི། སྲེད་པ་དེ་ཉིད་གཏན་འགོག་པ་དང་རྣམ་པར་ཞི་བ་གང་་ཡིན་པ་དེ་ནི་ཐར་པའོ། །བཞི་པ་ནི།


JLAZ007_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པ་དེ་འཐོབ་པར་བྱེད་པའི་ལམ་གྱི་བདེན་པ་འཕགས་པའི་ལམ་ཡན་ལག་བརྒྱད་དེ་ཡང་དག་པའི་ལྟ་བ་ནི་ཟག་པ་མེད་པའི་ཤེས་རབ་བོ། །ཡང་དག་པའི་འཚོ་བ་ནི་ཁ་གསགས་ལ་སོགས་པ་ལོག་པའི་འཚོ་བ་ལྔ་སྤངས་པའོ། །ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་བརྩམ་པའོ། །ཡང་དག་པའི་དྲན་པ་ནི་དམིགས་པ་མ་བརྗེད་པའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བསམ་གཏན་བཞི་པའོ། །ཡང་དག་པའི་ངག་ནི་དགེ་བའི་ལས་ཀྱི་ལམ་བཞིའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ལུས་ཀྱི་མི་དགེ་བའི་ལས་ལམ་སྤོང་བའི་རང་བཞིན་གསུམ་མོ། །ཡང་དག་པའི་རྟོག་པ་ནི་གནོད་སེམས་མེད་པ་དང༌། ངེས་པར་འབྱུང་བའི་རྟོག་པ་ལ་སོགས་པའི་རྟོག་པ་རྣམ་པ་དུ་མའོ། །དེ་བཞིན་དུ་ལྷག་པའི་ཚུལ་ཁྲིམས་ནི་མྱ་ངན་ལས་འདའ་བར་ཡོངས་སུ་བསྔོ་བ་གང་ཡིན་པའོ། །ལྷག་པའི་སེམས་ནི་འཕགས་པའི་ལམ་གྱི་རྟེན་བསམ་གཏན་བཞི་པའོ། །ལྷག་པའི་ཤེས་རབ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །བསླབ་པ་གསུམ་པོ་འདིའི་ནང་དུ་བསླབ་པ་བརྒྱ་ལྔ་བཅུ་ལྷག་གཅིག་འདུ་བ་དེ་ལ་འབད་པས་བསླབ་པར་བྱེད་པ་གང་ཞིག་ལ་འཕགས་པའི་དགེ་འདུན་ཞེས་བྱའོ། །རྟེན་དེ་ཐེག་པ་ཆེན་པོའི་ལམ་ལ་སྦྱར་ན། སོ་སོ་ཐར་པའི་སྡོམ་པ་ནི་གཞན་གནོད་གཞི་བཅས་ལས་


JLAZ007_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་ཙམ་ཡིན། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་དེའི་སྟེང་དུ་ཕན་འདོགས་པ་དང་བཅས་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་མཐའ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་བསྒྲུབ་པས་དགེ་བའི་ཆོས་སྡུད་ཀྱི་ཚུལ་ཁྲིམས། དངོས་སམ་བརྒྱུད་ནས་གཞན་དོན་འབའ་ཞིག་བྱེད་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་རྣམ་པ་གསུམ། དེ་བཞིན་དུ་སོ་སོ་ཐར་པ་སྤངས་པ་བདུན་གྱིས་བསྡུས་པ་ལུས་ངག་གཉིས་གཙོ་བོར་བྱེད་ཅིང༌། གཞན་དོན་དུ་བཅས་པ་མི་འདྲལ། བྱང་ཆུབ་སེམས་དཔའ་སྤངས་པ་བཅུ་ཀ་གཙོ་བོར་བྱེད་ཅིང༌། གཞན་དོན་དུ་བཅས་པ་འདྲལ་བས་བསླབ་པ་དང་། བསླབ་བྱ་གཉིས་ཀ་ལ་ཁྱད་པར་ཡོད་དོ། །དེ་བཞིན་དུ་འབྲས་བུའང་ཉན་རང་གཉིས་རྒྱུའི་དུས་ན་ཚོགས་རྒྱ་ཆུང་ངུ་ལས་མི་གསོག་པས་རང་ཉིད་རྣམ་པར་གྲོལ་བའི་ལམ་ཙམ་ལས་མི་ཐོབ། བྱང་ཆུབ་སེམས་དཔའ་ནི་རྒྱུའི་དུས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ལ་བརྩོན་པས་འབྲས་བུ་སྐུ་གསུམ་ཐོབ་པ་ན་ནོ། །དེའི་སྟེང་ན་སྔགས་ཀྱི་དབང་བསྐུར་ཐོབ་ནས་སྡོམ་པ་སུམ་ལྡན་དུ་འགྲོ་སྟེ། རྩིག་པ་ལ་ཕ་གུ་དང་པུ་ཤུ་བསྣན་པ་བཞིན། བསླབ་བྱ་དང་ཡོན་ཏན་གཉིས་ཀ་མངལ་ཆེ་བར་སོང་བ་ཡིན་པས། དེ་དག་ནང་འགལ་བྱུང་ན་གོང་མ་གཙོ་བོར་བྱེད་པ་དང༌། འོག་མ་གཙོ་བོར་བྱེད་པའི་


JLAZ007_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་གཉིས་ཀའང་གནོད་པ་སྤོང་པ་དང༌། ཕན་འདོགས་པ་དགོས་པ་མཐུན་པའི་དོན་གང་ཟག་རྒྱུད་ལ་ནུས་པ་གང་ཆེ་བའི་ཐོག་ཏུ་བཏང་ནས་འགལ་ན་ནི་གནང་མི་སྲིད། གནང་ན་ནི་འགལ་མི་སྲིད་པའི་དོན་དང་མ་འཛོལ་བ་དགོས་ཏེ། འདི་ལྟར་སྡོམ་པ་གསུམ་པོའི་རྣམ་པར་ངེས་པ་ནི་ལུང་གི་ཆོས་ཀྱིས་བརྟག་ལ། དེ་གནས་འགྱུར་མི་འགྱུར་གང་ཟག་རང་རྒྱུད་ཀྱི་རྟོགས་པའི་ཆོས་ལ་རག་ལུས་པའི་ཕྱིར་རོ། །དོན་ལ་སྡོམ་པ་སུམ་ལྡན་དུ་ཁས་འཆེ་བའི་ལམ་ཞུགས་མོས་པས་དཔྱོད་པ་དང༌། ཆོས་ཉིད་ཇི་བཞིན་པ་ལ་བརྟུལ་ཞུགས་གྲུབ་པའི་རྒྱུད་གཉིས་རྫས་མ་འགལ་ཡང་མཚན་ཉིད་ཤིན་ཏུ་འགལ་བའི་ཁྱད་པར་ཉིད་གཙོ་བོར་བཟུང་ངོ༌། །དེ་ལ་སྤྱིར་དམ་པའི་ཆོས་ཀྱི་མཚན་ཉིད་ནི། བསོད་ནམས་དང༌། ལམ་དང༌། མྱ་ངན་ལས་འདས་པ་གསུམ་བརྗོད་བྱའི་དོན་ཉིད་དུ་ངེས་པར་བྱའོ། །དེ་ལའང་བརྗོད་བྱ་དང་རྗོད་བྱེད་ལ་ལྟོས་ནས་ལུང་དང་རྟོགས་པའི་དམ་ཆོས་གཉིས་སུ་གནས་པའི་ཚུལ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ནི། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་པའི་ལུང་གི་ཆོས་ནི་རྟོགས་པའི་དོན་ལ་འཇུག་པར་བྱེད་པས་བརྗོད་པ་ཕུན་སུམ་ཚོགས་པ་མཐའ་དག་སྟེ། དེ་ལའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་


JLAZ007_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་གཉིས་ལས། སྔ་མ་ནི་བརྟག་པ་བརྒྱད་ལ་སོགས་པའི་གཏམ་འཁོར་བའི་ཆོས་དང་མཐུན་པ་དག་ལ་གྲགས་པའི་ཕྱིར། འདིར་ཡང་འཇིག་རྟེན་དང་མཐུན་པར་འཇུག་པའི་ཕྱིར་སྣོད་བཅུད་བརྟག་པ་ལ་སོགས་པའི་གཏམ་གྱི་རབ་བྱེད་ཐོག་མར་བཀོད་པ་ཡིན་ཏེ། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པར་ཐག་མི་རིང༌། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་ཡོད། །ཅེས་པ་ལྟར། དངོས་བསྟན་མངོནཔར་མཐོ་བའི་རྒྱུ་ལས་མ་སྨོས་ཀྱང༌། བརྒྱུད་ནས་རྟོགས་པའི་ཆོས་ལ་འཇུག་པའི་རྐང་སྟེགས་ཡིན་པའི་ཕྱིར་ལྷ་མིའི་ཐེག་པར་བཀྲི་བའི་སླད་དུའོ། །ཕྱི་མ་ནི་རྗོད་བྱེད་ཀྱི་སྒོ་ནས་གསུང་རབ་ཡན་ལག་བཅུ་གཉིས་སུ་བཞག་ཀྱང༌། གཉེན་པོའི་སྒོ་ནས་སྡེ་སྣོད་གསུམ་དུ་ངེས་པ་སྟེ། དེ་ཀུན་ཀྱང་ཆོས་ཉིད་རྟོགས་པར་བྱེད་པའི་རྒྱུ་མཐུན་ནམ། ཆོས་དབྱིངས་རྟོགས་པར་བྱེད་པའི་རྒྱུ་མཐུན་ལས་བྱུང་བས། མྱ་ངན་ལས་འདས་པའི་མདོ་ལས། ཆུ་བོ་ཆེན་པོ་རྒྱ་མཚོར་བབ། འབབ། གཞོལ་བ་དེ་བཞིན་དུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པར་བབ། འབབ། གཞོལ་ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་ཆོས་ཁམས་མཐའ་དག་ངེས་པའི་དོན་འབའ་ཞིག་ལ་འབབ་ཅིང་གཞོལ་བར་འགྱུར་བ་ལ་འབྲས་བུ་རྟོགས་པའི་དམ་


JLAZ007_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཞེས་བྱའོ། །དེ་ལའང་གང་ཞིག་འདོད་ཆགས་དང་བྲལ་བར་གྱུར་པ་དང༌། གང་གིས་འདོད་ཆགས་དང་བྲལ་བར་བྱེད་པའི་དབྱེ་བ་གཉིས་སུ་གནས་པའི་ཕྱིར། མགོན་པོ་བྱམས་པས། གང་ཞིག་གང་གིས་ཆགསབྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་དངོས། །ཆགས་བྲལ་ཉིད་ཀྱི་འགོག་པ་དང༌། ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་འབྲས་བུའི་རང་བཞིན་དུ་གནས་པ་འགོག་པའི་བདེན་པའི་ཆོས་དང༌། བྱ་བའི་རང་བཞིན་དུ་གནས་པ་ལམ་གྱི་བདེན་པའི་ཆོས་གཉིས་སུ་གནས་པའོ། །དེ་ལྟ་ནའང་ཆོས་ཀྱི་དོན་གཞུང་ལུགས་ཀྱིས་རྣམ་པར་ཕྱེ་བ་འདི་ནི་གདུལ་བྱ་བློ་དམན་པ་གྲུབ་མཐའ་ལ་མ་ཞུགས་པ། སྣང་བ་ལ་བདེན་འཛིན་འཐས་པ། ཆོས་ཀྱི་ཚིག་དོན་ལ་རྨོངས་པ། སྐྱེས་བུ་དམ་པས་མ་ཟིན་པ། ཤེས་རབ་དང་སྙིང་རྗེ་འཛོལ་བ། ལམ་གོལ་དམན་པར་འཁྱམས་པ། དབེན་པར་ལྟ་བ་ཉམས་པ། ལུང་དང་རིག་པ་སྤངས་པ། ཆོས་དང་གང་ཟག་འཛོལ་བ་དག་གིས་ཤེས་པར་མི་ནུས་པས། དེ་དག་ལ་གཏམ་རྒྱུད་དང༌། ཡུལ་སྐད་གོ་བདེར་སྦྱར་ནས་ལུང་རིག་གཏན་ཚིགས་ལ་མ་ལྟོས་པར་བཤད་པས་ཕན་པ་རྒྱ་ཆེན་པོ་འགྲུབ་པར་མཐོང་ནས་གཏམ་གྱི་ཚོགས་འདོད་རྒྱལ་རྣམས་ལེའུར་བསྔུས་པ་ཡིན་ཏེ། གང་ཞིག་ཐར་པའི་ལམ་དུ་འཇུག་ཅིང་


JLAZ007_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་སྤོང་པ་ཐམས་ཅད་སྟོན་པ་སངས་རྒྱས་ཀྱི་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་རྒྱུད་བླ་མ་ལས་ཀྱང༌། ཁམས་གསུམ་དག་ན་ཉོན་མོངས་སྤོང་བྱེད་གསུང༌། །ཞི་བའི་ཡོན་ཏན་བརྗོད་པར་མཛད་པ་གང༌། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་གསུངས་སོ། །གཏམ་ཚོགས་ལེའུ་དང་པོའོ།། །།


previousགཏམ་ཚོགས་ལེའུ་དང་པོ། གཏམ་ཚོགས་ཡོན་ཏན་རྒྱ་མཚོའི་སྤྱི་དོན་ཐེག་པའི་གྲུ་གཟིངས་ཞེས་བྱ་བ།next