Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
གཏམ་ཚོགས་ལེའུ་གསུམ་པ། ལྷོ་ཕྱོགས་རྒྱ་གར་གྱི་གཏམ་བརྟག་པ་བརྒྱད་ཀྱིས་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་གསུམ་པ། ལྷོ་ཕྱོགས་རྒྱ་གར་གྱི་གཏམ་བརྟག་པ་བརྒྱད་ཀྱིས་མེ་ལོང་།next

གཏམ་ཚོགས་ལེའུ་གསུམ་པ། ལྷོ་ཕྱོགས་རྒྱ་གར་གྱི་གཏམ་བརྟག་པ་བརྒྱད་ཀྱིས་མེ་ལོང་།


JLAZ007_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཕྱོགས་རྒྱ་གར་གྱི་གཏམ་བརྟག་པ་བརྒྱད་ཀྱིས་མེ་ལོང་ཞེས་བྱ་བ། ལྷ་མོ་འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །གང་ཞིག་དམ་པ་མ་ཡིན་ཀྱང༌། །ཆོས་ཞེས་བྱ་བའི་ངེས་ཚིག་ནི། །འཇིག་རྟེན་ཉིད་ཀྱི་མངོན་བརྗོད་ལའང༌། །འཇུག་ཅིང་ཁྱད་པར་རི་བོང་ཆལ། །ལ་བརྟེན་བསྟི་གནས་སྤོང་བ་དང༌། །བསམ་གཏན་ཚེར་མ་འབྱིན་པའི་སླད། །བརྟག་པ་བརྒྱད་ཀྱི་མེ་ལོང་བཤད། །དེ་ལ་ལྷོ་འཛམ་བུའི་གླིང་འདི་སོག་ཁའམ་ཤིང་རྟའི་དབྱིབས་སུ་ཡོད་པའི་ཁ་གདངས་ཆེ་བ་རི་རབ་དང༌། ཆུང་བ་རྒྱ་མཚོའི་མུ་ཁྱུད་ལ་བསྟན་


JLAZ007_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་མདོ་སྡེ་ཁང་བུ་བརྩེགས་པ་ལས། ཀུན་དགའ་བོ་ཁྱོད་ཀྱིས་འཛམ་བུའི་གླིང་མཐོང་ངམ། ཀྱེ་བཙུན་པ་མཐོང་ལགས་སོ། །འཛམ་བུའི་གླིང་གི་གླིང་ནི་ཞིང་དུ་དཔག་ཚད་བདུན་སྟོང༌། ཆུར་ཡང་དཔག་ཚད་བདུན་སྟོང༌། དེ་ལ་བྱང་གི་ཞིང་ནི་ཆེ། ལྷོ་ནི་ཤིང་རྟའི་དབྱིབས་སོ། །ཞེས་པ་ལས། རྒྱ་གར། ཁ་ཆེ། ཏ་ཟིག་གསུམ་ནི་སོག་པའི་ཡུ་བ། བོད་རྣམས་སོག་པའི་ཏེར་ཏེར་པོ། རྒྱ་ནག འཇང༌། ཧོར་རྣམས་སོག་པའི་ཁ་གདངས། སོག་པའི་ཁ་སྒོར་ལ་མཐའ་འཁོབ་སུམ་ཅུ་རྩ་དྲུག་ཡོད་པ་ལས། རྒྱ་བོད་ཀྱི་མཚམས་ན་ལྷོ་མོན་ཁ་བཞིར་གྲགས་པའི་ལས་སྒོ་ནི། འདི་ལྟ་སྟེ། སྤུངས་ཐང་དབུས་སུ་བྱས་པའི་ཤར་གདུང་བསམ་ཁ། ལྷོ་དཔག་བསམ་ཁ། ནུབ་རྔ་གླིང་ཁ། བྱང་སྟག་རྩེ་ཁ་བཞི་ལས་དང་པོ་གསུམ་ནས་རྒྱ་གར་དུ་བགྲོད་པ་མང་བས། ཤར་གྱི་ཤར་ཨ་མ་ཏཱ་ལ་ནས་ལྷོ་དྲང་པོར་ཕྱིན་པ་ཨ་ཤོང་གི་ས་མཚམས་ན་ཤིང་གྷི་རེ་ཟེར་བའི་གནས་ཕྱི་མཆོད་རྟེན་ལ་ནང་མཚོར་སྣང་བའི་དབུས་ན་སྟོན་པའི་རྡོ་སྐུ་དང་པོ་སྐུ་དངོས་སུ་མཐོང་ཡང༌། དུས་ཕྱིས་མཚོར་ནུབ་པ་ལག་པས་བཙལ་ན་དབུའི་གཙུག་ཏོར་ལ་རེག་པ་དང༌། ཉེ་སྐོར་རྡོ་ལེབ་ཆེན་པོའི་དབུས་སྐྱུ་རུ་རའི་སྡོང་པོ་ཡོད་པ་སྟོན་པའི་དབུ་སྐྲ་ཉག་གཅིག་ལུས་པ་ལས་འཁྲུངས་པ་ཡིན་ཟེར།


JLAZ007_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཤར་ཕྱོགས་ལ་ཨ་ཤོང་གི་ཡུལ་ཁམས་ལ་རི་ཐང་གཉིས་ཀ་ཡོད་པས། གླང་པོ་ཆེ་དང༌། མ་ཧེ་དང༌། སྦྲུལ་སོགས་ཡོད་ལ། ཁོ་རང་གི་ཁྱད་ནོར་རྒྱ་དར་འཁོར་ལོ་དང༌། གླང་ཆེན་དང༌། མེ་ཏོག་ལ་སོགས་པའི་རི་མོ་ཡོད་པ་དང༌། ལིའི་དཔྱད་པ། ཐ་ལི། གྷ་ཊ། བྷ་ཊ། གཟེད་ཞལ་སྐེད་ཉག །བ་སོ་ལས་གྲུབ་པའི་རེ་ལྡེ་དང༌། བསིལ་ཡབ་གཡའ་ཕྲུག །སྒམ་ཆུང་གླིང་མང༌། གླང་མཆེ་སོགས་རུས་དཔྱད་དང༌། རྨ་བྱའི་གདུགས་དང༌། བསིལ་ཡབ་སོགས་ཐོན། རང་གི་ཡུལ་ནས་གསེར་ཐོན་ཟེར་ཡང༌། བོད་ཀྱི་གསེར་ཐམས་ཅད་ཁོའི་ལས་སྒོ་ལ་འགྲོ་བ་མང༌། མངའ་རིས་ཀྱི་མཐའ་ཚོར་མི་མཇུག་མ་ཅན་དང༌། རྣ་བ་ཆེན་པོ་ཡང་ཡོད། རྟ་མཆོག་ཁ་འབབ་ཀྱི་ལོ་ཧི་ཏ་འདི་ཡང་ཀོང་པོ་རྒྱ་ལ་ནས་ཀློ་ཡུལ་དང༌། པདྨ་བཀོད་ཆེ་ཆུང་ལ་བདར་ཏེ་ཙ་རི་བསྐོར། རྒྱ་དཀར་ནག་གི་མཚམས་ཀློ་ཁ་ཁྲའི་ཡུལ་བརྒྱུད་ཨ་ཤོང་གི་གཞུང་ལ་འབབ་པས། རོང་སྐོར་ལམ་ཕྱོགས་གཅིག་གི་དུས་ཆུ་ཆེན་གྱི་ཕ་རིར་ཨ་ཙ་ར་འགྲོ་ལྡོག་བྱེད་པ་མཐོང་ཟེར། ཨ་ཤོང་གི་ཤར་མཐའ་ཟད་པའི་རི་བྲག་གི་དབར་ན་བུ་ལ་མདུན་མ་བྱེད་པའི་ཚེ་ཆུང་མའི་འབོགས་སུ་མ་མགོ་གཤེར་བའི་ཁ་ཁྲ་དང༌། གྷྲྀ་དྷོ་ཟེར་བའི་ཀློ་ལོངས་སྤྱོད་ཀྱི་


JLAZ007_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་བ་མེན་ལ་བྱེད་པ་ཡོད། ཐུབ་པས་སྤངས་པ་མིན་པའི་བསྐལ་པར་ཡང༌། མ་ཤ་བཟའ་དང་དུད་འགྲོའི་རྣམ་ཤེས་ཅན། །སངས་རྒྱས་འབྱུང་ལ་མཉེས་པར་མི་བྱེད་པའི། །ལས་འབྲས་ཡིན་ན་བསམ་ཤེས་ཅན་དག་སྨྱོ། །དེ་ལ་གྷྲྀ་དྷོ་ན་རེ། ངེད་ཅག་དང་པོར་སྲིན་པོའི་རིགས་ཡིན་པས། མིའི་ཤ་ཁྲག་ལ་ལོངས་སྤྱོད་དེ་སློབ་དཔོན་གུ་རུས་བཀག་པ་ནས། ངེད་ཀྱི་དཔོན་དང་གུ་རུ་རྫུ་འཕྲུལ་འགྲན་པར་བྱས་པས། བྲག་ལ་མདའ་འཕེན་པ་སོགས་ཁྱད་པར་མ་བྱུང༌། སློབ་དཔོན་གུ་རུ་ནམ་མཁར་གཤེགས་པས་འགྲན་མ་ནུས་ཏེ། ངེད་ཅག་དམ་འོག་ཏུ་བཅུག་པའི་རྟགས་ཡིན་ཟེར། ད་ལྟ་རྐང་ལག་གི་ངར་པ་ཚོར་རྩིད་སྐུད་ཀྱིས་དཀྲིས། མི་ཤ་མི་ཟ་བར་བཀར་བཏགས་ཚེ། བདག་ཅག་གི་ལྟོ་མི་རྙེད་བྱས་པས། སློབ་དཔོན་གུ་རུས་ནམ་མཁའ་ནས་བ་མེན་ཕོ་མོའི་ས་བོན་བཀུག་ནས་འདིའི་འོ་མ་ལ་ལོངས་སྤྱོད་ཅེས་ལྟོ་སྐལ་དུ་བྱིན་པ་ལས། འཕེལ་བ་ཡིན་ཟེར། དེ་ལ་རིན་ཆེན་པོ་བྱིན་ནས་ཤར་ལས་སྒོ་ཚོར་འཕེལ་བ་ལ་རྒྱ་ཚ་ཟེར། ཤིང་གྷྲྀ་རི་ནས་ནུབ་དྲང་པོ་ན་ད་ལྟ་གྲགས་ཚོད་ཀྱི་རྩྭ་མཆོག་གྲོང་དང༌། བྱ་རྒོད་ཕུང་པོ་ཡོད། རྩྭ་མཆོག་གྲོང་ནས་བྱང་དྲང་པོར་ཉིན་ལམ་གསུམ་ཕྱིན་ན་གདུང་བསམ་བདེ་བ་ཐང་ཟེར་བར་སླེབ། ཨ་རུ་རས་མཚོན་པའི་འབྲས་བུ་གསུམ་ཀའི་ནགས་ཚལ།


JLAZ007_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀ་རུ་དང༌། དུ་རུ་ཀ །བིལྦ་སོགས་ཡོད། གདུང་བསམ་བདེ་བ་ཐང་ཟེར་བ་ནས། ཨ་ཤོང་གི་ལས་སྒོ་ཆེ་བ་བ་ཤ་ཀའམ། ཀཱ་མ་རཱུ་པ་ཟེར་བ་ཡོད་པའི་བར་ལའང་ལོ་ཧི་ཏའི་ཆུ་ཀླུང་འགྲོ། རྒྱ་མཚམས་དེར། བིལྦ། དོང་ཀ །ཀོ་བྱི་ལ། ཞོ་ཤ་གསུམ། སེ་འབྲུ། བ་ཤ་ཀ །ཁ་ལག་སི། ན་ལེ་ཤམ། པི་པི་ལིང༌། ཀ་ཀོ་ལ། འཁྲི་ཤིང༌། སླེ་ ཏྲེས། སོ་མི། སྦྲུ་མ་སོགས་སྐྱེ། ཨ་ཤོང་བརྒལ་བའི་ལྷོ་ཕྱོགས་རི་བྲག་བཙན་པོ་ཞིག་ན། གྷ་རོག་ཟེར་བའི་རྒྱལ་ཕྲན་ཞིག་ཡོད། ལིའི་སྡེར་དཔྱད་ཆེན་པོ་ཐོ་རིས་གསལ་བ་དེ་ནས་འོང༌། ཁོའི་ཡུལ་མཐའ་ལ་ཆུ་ཀླུང་ཆེན་པོ་ཞིག་ཤར་ནས་ནུབ་བརྒྱུད་འགྲོ་བ་ཀ་ལི་ཀ་ཏར་སླེབས་མཚམས་ནས་ཕེ་རེང་པ་རྣམས་ཀྱིས་གྲུ་གཟིངས་སྒོར་མོ་ལྕགས་གཟེར་གྱི་ཚབ་ཏུ་ཚར་ཟེར་བའི་སྤ་འདོམ་ཉི་ཤུ་ཙམ་ཡོད་པས་བསྡམས་པ་ལ་ཞུགས་ནས་རྒྱ་ནག་ཏུ་ཚོང་ལ་འགྲོ། རྒྱ་ནག་པས་པི་ཅིང་ནང་ལ་མི་གཏོང་ཡང༌། ཚོང་རྒྱག་པའི་ས་ཡུལ་ཅིག་ཁོ་ལ་བྱིན་པར་རྒྱ་དཀར་ནག་གཉིས་ཀ་འཛོམ། དེའི་སྟབས་ཀྱིས་རྒྱ་གར་ལ་ཙི་ནའི་དཔྱད་དངོས་ཐམས་ཅད་ཡོད་ཟེར། ཡང་ཕག་རི་དང་མོན་སྤ་གྲོ་ཉེ་ཞིང༌། སྤ་གྲོ་ནས་ལྷོ་དྲང་པོ་ཉིན་ལམ་ལྔ་དྲུག་གི་ས་ན་དཔག་བསམ་ཁ་ཡོད། དེ་ནས་ལྷོ་དྲང་པོར་ཉིན་ལམ་གཅིག་ན། རྩེ་བཟང་ཁ་སྟོང་


JLAZ007_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་ད་ལྟ་ལྷོ་འབྲུག་གིས་བདག །ཀ་ཙ་རའི་གྲོང་རྡལ་ཡོད། འདི་དག་རྒྱ་གར་ཁ་སྟོད་རི་ཐང་གཉིས་ཀ་ཡོད་པས་སྟག་གཟིག་དང༌། གུང༌། ཕག་རྒོད། མ་ཧེ། ཤ་བ་སོགས་ཀྱང་མོད། སྟག་དང་ཕག་རྒོད་གཉིས་མཐོང་བར་སྔ་ཤོས་དེ་རྒྱལ་ལ། གུང་རྩལ་ཆེ་བས་ལྗོན་ཤིང་སྟེང་ནས་སྟག་ལ་མཆོངས་ཏེ་གསོད་པས། བོད་ན་གུང་གདན་ཆེ་བར་བྱེད་པ་འདི་ལ་རྟོག་པས་བརྟགས། དེ་ནས་ལྷོ་དྲང་པོར་ཉིན་ལམ་གཅིག་ན་བྷེ་ཧར་རམ། གྷ་ཊ་ཀ་ཟེར་བ་དབང་ཕྱུག་གི་བརྒྱུད་པ་ཡིན་ནོ་པའི་རཱ་ཛ་ཆེ་བ་ཞིག་ཡོད་པ་ད་ལྟ་ཕེ་རེང་གིས་བདག །དེ་ནས་ལྷོ་དྲང་བོར་རོང་ཕུའི་ལས་སྒོ་ནས་བྱུ་རུ། སྤོས་ཤེལ། མུ་ཏིག འགོ་སྣམ། ཙན་དན། བཟང་དྲུག །རས་སྲབ་ལ་ཁ་ཞིང་ཆེ་བའི་ཁ་ཤ་ཟེར་བ་རྣམས་ཐོན། རོང་ཕུ་ནས་ཤར་ཕྱོགས་སུ་སོང་ན་ཛོ་ཀི་གྷོབ་ཟེར་བའི་ཡུལ་རི་ཐང་གཉིས་ཀ་ཡོད་པའང་ཨ་ཤོང་གིས་མཚམས་ཡིན། དེ་དང་ཐག་ཉེ་བ་ན་སྤྲེའུའི་ཡུལ་ཁམས་སུ་གྲགས་པ། སྤྲེའུའི་དཔོན་བློན་འཁོར་མང་པོ་དང་བཅས་པའི་ཞལ་ཏ་པ་བྲམ་ཟེ་ཞིག་གིས་བྱེད་པ་ཡོད། སྤྲེའུའི་མངའ་ཞབས་སུ་སྡོད་པའི་མི་རྣམས་ཀྱི་འབྲས་ཞིང་བགོ་བཤའ་བྱས་པའི་ཆ་ནས་འབྲས་གཡོས་སྦྱར་བ་སྤྲེའུ་ལ་བསྟབ་དགོས། གལ་ཏེ་མ་བསྟབས་ན་སྤྲེའུ་ཐམས་ཅད་ཀྱིས་འབྲས་ཞིང་རྙོག་ནས་


JLAZ007_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཐོག་བསྡུ་རྒྱུ་མི་ཡོང༌། མངའ་ཞབས་པས་གཡོས་སྦྱར་བ་བྱུང་བའི་ཚེ། བྲམ་ཟེ་ཞལ་ཏ་ཕས་སྤྲེའུའི་རྒྱལ་པོ་བཙུན་མོ་བློན་པོ་ནས་རིམ་པར་སྐལ་བ་བཅད་ཚར་བ་དང༌། རྒྱལ་པོ་ནས་རིམ་པར་འོངས་ཏེ་ལོངས་སྤྱོད། གཡོས་སྟབ་མཁན་ལ་མི་དགེ་བ་འོང་རྒྱུ་ཡིན་ན་སྤྲེའུས་ཟས་མི་ཟ། མི་དེ་རྣམས་བུ་ལོན་ཆགས་པ་སོགས་སྔ་ཕྱི་དགོས་པ་བྱུང་ཡང༌། བྲམ་ཟེ་ལ་བརྡ་སྦྱར་བས། སྤྲེའུའི་རྒྱལ་པོས་ཊཾ་ཁ་ཙམ་དགོས་སྔ་ཕྱི་སྟེར་ཟེར། སྲིད་པ་ལས་ཀྱིས་བསྐོས་པ་འདིར། །བཙན་པོའི་མཐུས་ཀྱང་མི་བརྫི་ན། །གྱ་གྱུའི་སྤྱོད་པ་འབའ་ཞིག་ལ། །རེ་ལྟོས་འཆའ་བ་སྨྱོན་པ་ཡིན། །ཡང་རོང་ཕུའི་ལས་སྒོ་ནས་ལྷོ་ཕྱོགས་ཀྱི་ཡུལ་གྲུ་མང་པོ་བརྒལ་བ་ན། ཌ་ཀ་ཟེར་བའི་རྒྱལ་ཁག་ཆེ་བ་རྒྱ་མཚོ་དང་ཐག་ཉེ་བར་ཡོད་པར་ཡང་ཕེ་རེང་པས་བདག །རོང་ཕུའི་ནུབ་ཕྱོགས་ལ་མོང་གོར་ཟེར་བའི་རྒྱལ་ཕྲན་ཞིག་ཡོད་པ་སྔར་ལྷོ་འབྲུག་གིས་བདག་ཀྱང་གོརྵས་བླངས། ཡུལ་དེའི་ལྷོ་ཕྱོགས་ན་ཁ་གྷ་ར་ཟེར་བའི་ཡུལ་ཕྲན་ན་ཚོང་དཔོན་ཙནྜ་ཕ་ལའི་ཁྱིམ་ཡིན་ཟེར་བའི་ཁང་ཤུལ་ཡོད། མོང་གོར་གྱི་ནུབ་ཕྱོགས་བལ་པོ། ཡམ་བུ། ཡེ་རང༌། ཁོ་ཁོམ་གྱིས་མཚོན་པའི་རྒྱལ་ཕྲན་ཉི་ཤུ་སྐོར་ཡོད་པ་རྒྱལ་བསྟན་ལ་གུས་པ་ཅན་ཡིན་ཡང༌། འཕྱིས་ཨ་སུ་རའི་བརྟུལ་ཞུགས་འཛིན་པ་


JLAZ007_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གོརྵས་མནན། ད་ལྟ་ཡུལ་དེ་ན་བཞུགས་པའི་མཆོད་རྟེན་བྱ་རུང་ཁ་ཤོར་དང༌། འཕགས་པ་ཤིང་ཀུན་གཉིས་ཀྱང་གཞན་སྣང་ཙམ་དུ་བསྟི་སྟང་ཆུང་བར་བཞུགས། མོང་གོར་གྱིས་བྱང་ཕྱོགས་འབྲས་མོ་ལྗོངས། ཁ་ཆེ་ནི་བལ་པོའི་བྱང་ཕྱོགས་ཡིན། དེ་ན་ཛ་ལནྡྷ་ར་དང༌། ཕུ་ལ་ཧ་རི་ཡོད། ནཱ་རོ་པའི་ཚོགས་ཁང་གྲོང་གི་དབུས་ན་ཡོད་ཀྱང༌། མུ་སྟེགས་ཀྱིས་གནོད་པས་རྡོ་བཅལ་སྦུབ་པ་ལ་ལྷ་མོའི་སྐུ་སྣང་ཟེར། དགོན་པ་དངོས་དེའི་ཕུ་ན་ཡོད་པའང་འུག་པའི་ཚང་བཅས་པའི་ཉམས་གོག་ལ་ཐུག་བཞིན། བོད་འདིར་ཛོ་ཀའི་རྫུན་གཏམ་ལ་ཡིད་རྟོན་པའང་སྣང༌། ཡང་རོང་ཕུ་ནས་ལྷོ་ནུབ་མཚམས་སུ་ཕྱིན་པ་ན་དྷེ་ན་ཕུར་ཟེར་བའི་རྒྱལ་ཁག་ཅིག་ཡོད་པར་རོང་ཕུ་ཇི་ལྟ་བའི་ཚོང་འདུས་ཡོད། དེ་ནས་ལྷོ་ཕྱོགས་སུ་གཙང་ཆུ་ཟེར་བའི་ཆུ་ཆེན་ལ་གྲུ་གཟིངས་བྱས་ནས་འགྲོ་བ་དང༌། བྲང་ཟེར་བའི་ཕྱུགས་ལ་ཁལ་བྱས་ནས་སྐམ་ལ་འགྲོ་བའི་ཚོང་པ་མང༌། དེ་དག་འགྲོ་བའི་ཚོང་འདུས་མང་པོ་བརྒལ་ནས་ཕྱིན་པ་ན། མ་ཧཱ་ནོ་དི་ཟེར་བའི་ཙོང་ཆུད་དང༌། གཙང་ཆུ་གཉིས་འཛོམ་སར་སླེབ། དེ་ནས་ཀྱང་ཚོང་དུས་དང་ཡུལ་ཁམས་མང་པོ་བཅད་ནས་ཕྱིན་པའི་ནུབ་ཕྱོགས་ནས་ཆུ་བོ་གངྒ་ཚན་པ་གཉིས་སུ་གྱེས་པའི་ཆེ་ཤོས་དང་ཕྲད། དེ་ཡང་ཉིན་ལམ་དགུ་བཅུའི་ས་ནས་ཚན་པ་


JLAZ007_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་གྱེས་པའི་གཅིག་ཤར་ལྷོ་ཌ་ཀིའི་རྒྱལ་ཁབ་དང༌། གཅིག་ལྷོ་དྲང་པོར་འགྲོ་བ་ཤནྟ་པུར་གྲགས་པའི་ཡུལ་ཁམས་སུ་བྷངྒ་ལའི་རྒྱལ་པོའི་ཕོ་བྲང་གི་རྩ་བ་བརྒྱུད་འོངས་པའི་གངྒཱ་དང་འདྲེས། དེ་ལྷོ་ཕྱོགས་ཀ་ལི་ཀ་ཏ་བརྒྱུད་ནས་རྒྱ་མཚོར་འབབ། གངྒཱ་གཉིས་འདྲེས་ས་ནས་ཞག་བཅུ་སྐོར་གྱིས་མ་སླེབ་ཙམ་ནས་ཀ་ལི་ཀ་ཏ་ཟེར་བའི་ཡུལ་གྱི་སྣེ་ཟིན། སྔོན་དེ་ན་ཕྱི་རོལ་པའི་དྲང་སྲོང་ཞིག་ཡོད་པ་ཤི་བའི་ཚེ་ངའི་ཕུང་པོ་འདི་བཟུང་ནས་འདིར་ཡུལ་སྡེ་ཆེན་པོ་ཆགས་ཟེར་བ་བཞིན་བྱས་པས་ཡུལ་གྲུ་ཆེན་པོ་ཆགས་པ་སྔར་བྷངྒ་ལའི་སྡེ་ཡིན། ཁོའི་རོ་ཀ་ལི་ཀ་ཏར་ཀ་ཤི་བྷ་བྷུར་ཟེར་བའི་ཕྱུག་པོ་ཞིག་གི་ཁྱིམ་ན་ཡོད། འཕྱིས་ཡུལ་འདི་ཕེ་རེང་པས་བཟུང་ནས་དཔོན་ཞིག་བཞག་པ་ལ་གྷོ་རོས་ཧེ་བ་དང༌། གྲོས་ལ་དབང་བའི་ལས་དོན་བྱེད་མི་ཆེ་བ་བཞི་ཡོད་སྐད། ཀ་ལི་ཀ་ཏ་འདི་ཡུལ་ལྗོངས་ཆེ་བས་འཛམ་བུའི་གླིང་གི་མི་སྣ་ཕལ་ཆེར་འཛོམ། རྒྱ་གར་བ་ལ་གྱད་དང་རྩལ་པའི་རིགས་གཉིས་ལས་གྱད་སྟོབས་ཆེ། རྩལ་པ་བདེ་བླག་འཛོམ་པས་ཤེད་སྟོབས་གཅིག་པོས་མི་འགྲོ། མི་རིགས་ཤིན་ཏུ་མཚར་སྡུག་དང་ལྡན་པའང་ཡོད་ཅིང༌། མཛེས་མ་གླུ་གར་ལ་མཁས་པ་རྫ་རྔ་དང༌། གླིང་བུ་དང་ལྷན་ཅིག་བརྩེ། ཙུ་ཏའི་ཡུལ་གྱི་མི་རྐང་གཅིག་པས་


JLAZ007_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སླེབ། རྐང་གཅིག་པ་དེ་ཁོ་རང་གཅིག་པོས་ཀྱང་གྱོལ་ལེར་འགྲོ་ཤེས་ཏེ། གཉིས་གཉིས་སྦྲེལ་པ་ཤིན་ཏུ་མགྱོགས། ཤ་དཀར་དང་དངུལ་ཆུ་ལ་དངུལ། འཇོན་ལ་གསེར་བཟོ་ཤེས་པའི་ཚོང་པས་ཀྱང་སླེབ། རྡོའི་སྣོད་སྤྱད་དང༌། སྣང་བརྙན། ལི་ཁྲི། རྒྱ་ཚྭའི་རིགས་ཀྱང་བཟོ། ཨ་མྲ། གོ་ཡུ། ཏཱ་ལ། བེ་ཏ་སམ། འཁྲི་ཤིང༌། ཁ་རུ་མུ་ས་རིགས་གཉིས། ག་གོན་ཆེ་ཆུང༌། ཀ་ཀ་རུ་དཀར་སྔོན། འབྲས་བུ་མི་ཁུར་ལོངས་པའི་སྦྲམ་སི་ལ་སོགས་ཤིང་འབྲས་མང༌། ངང་ལག་ཟེར་བ་ཆུ་ཤིང་གི་འབྲས་བུ་དང༌། བུར་ཤིང་ལས་བུ་རམ། བུ་རམ་ལས་བྱེ་དཀར། དེ་ལས་ཤེལ་དཀར་བཟོ། མེ་ཏོག་ལས་བྱུང་བའི་ཆང་དང༌། ཤིང་ལས་བྱུང་བའི་ཆང་ནི་ཛཱ་ཏི་སྲུང་བ་དག་འཐུངས་པས་མྱོས་བྱེད་ཀྱི་རིགས་མིན། མེ་ཏོག་པདྨ་དང༌། ཨུཏྤལ་དང༌། ཀར་ཝཱི་ར་སོགས་དྲི་ཞིམ་པ་དང༌། མདངས་མཚར་པ་གང་ཡང་སྐྱེ། ས་འོག་ཏུ་སྨིན་པའི་ཁ་ཟས་སྐྱེ་པ་དཀར་དམར་ཟེར་བ་ཡོད། རྨ་བྱ་དང༌། གླང་ཆེན། བསེ་རུ། ནེའུ་ལེ་ཆེ་ཆུང་གཉིས། ཤེའུ་ལེ་སྟེ་རྐུན་པོ་ཅེ་སྤྱང་ལ་སོགས་པ་ཡུལ་ལྗོངས་ཕལ་ཆེར་ལ་ཡོད་ཀྱང༌། ནོར་སྣར་རྩི་བའི་གླང་ཆེན་མཆེ་བ་དྲུག་པ་ནི་མངོན་གྱུར་དུ་མེད། མཆེའུ་ཆུང་དང་བཅས་པའི་མཆེ་བ་བཞི་ཡོད་པ་སྲིད་པ་


JLAZ007_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡིན། གླང་ཆེན་ཐལ་ཀར་དཀར་པོའི་རིགས་བྱུང་ན། དེས་གླང་པོའི་ཁྱུ་མཆོག་བྱེད་པས། བྱིངས་རྣམས་དེའི་འགྲོ་སྡོད་ཀྱི་རྗེས་སྙེག །བལ་གྱི་གླང་པོ་ཆེ་སོགས་དག་པའི་ཞིང་ཁམས་ཀྱི་བགྲོས་ཡིན་པ་འདྲ། གླང་པོ་བས་བསེ་རུ་ཆུང་ཡང༌། ཤེད་སྟོབས་ཁོ་ཆེ་བས། འཐབ་མོ་ཆེན་པོ་བྱེད། ཁོའི་མཆན་འོག་གི་དྲོད་དང་རླན་ལ་འབུ་སྦྲང་འཁོར་བ་ཡན་ཆད་ལྕེས་ལྡག་ཟེར། གཅིག་པུར་སྡོད་པ་ལས་ཁྱུས་འཚོ་བ་མ་ཡིན། །ཀྲྀཥྞ་སའམ་ཁྲི་གཉན་ནི་དཀོན་ལ་བྱམས་པའི་སེམས་དང་ལྡན་པས་ཁོ་གཞན་གྱིས་སྲོག་འཕྲོག་པའི་ཆེད་དུ་དེད་ཀྱང་འབྲོས་ལམ་གྱི་སྲོག་ཆགས་ཆུང་ངུ་རྨིག་པས་གཞར་གྱིས་དོགས་ནས་སྣས་བསལ་བ་ཡིན་ཟེར། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་འཕེལ་བའི་རྟེན་འབྲེལ་དུ་གྲུབ་ཆེན་རྣམས་ཀྱིས་སྟན་མཛད་ཅིང་རིན་ཐང་ཆེ། གཅུས་ར་དེའི་སྒྲ་ཐོས་པའང་བྱང་ཆུབ་ཀྱི་སེམས་སྐྱེ་བས་འབུད་དུང་ཞིག་ལ་འདི་བཟང་ངོ༌། །དམ་པའི་ལེགས་སྨོན་སྔོན་སོང་ནས། །དུད་འགྲོ་ལ་ཡང་བྱང་ཆུབ་ཀྱི། །རིགས་ཡོད་ཕྱིར་ན་རྣམ་རིག་ཀུན། །སྡིག་ཏོར་སོང་བའི་སྐྱེས་བུས་ཅི། །ཀ་ལི་ཀ་ཏ་དེར་སྔོན་དབང་ཕྱུག་གི་ཆུང་མ་ཙཎྜི་ཤི་བའི་རོ་བསྐྱུར་མ་ཕོད་ནས་ཕང་པར་བཟུང་སྟེ་འཛམ་གླིང་བསྐོར་བའི་ཡན་ལག་རྣམས་


JLAZ007_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གླིང་སོ་སོར་བཞག་པའི་མགོ་བོ་ཡིན་ཟེར། ད་ལྟ་རྡོའི་མི་མགོ་ལྕེ་ནར་བའི་ལྷ་ཁང་ཞིག་ཡོད། དེ་ལ་སེམས་ཅན་མང་པོ་སྲོག་བཅད་ནས་དམར་མཆོད་བྱེད། དེ་ནས་ནུབ་ཕྱོགས་ཉིན་ལམ་ལྔ་ནས་སྔོན་རྒྱལ་པོར་མ་ཕ་ལས་སྲིན་པོར་དམག་དྲངས་པའི་ཚེ་ཕྲུ་མ་བཏབ་པ་ཡིན་ཟེར་བའི་ལྷ་ཁང་ཞིག་ན། མཚོན་ཆ་མང་པོ་དང༌། ཉེ་འདབས་སུ་ཙནྡན་དཀར་པོའི་ཤིང་ཡོད་པས་ཕྱོགས་གཞན་ལ་དེའི་ས་བོན་བཏབ་ཀྱང་མི་སྐྱེ། ཁྱོ་བོ་ཤི་ན་ཆུང་མ་ལ་ལ་རོ་དང་མཉམ་བསྲེགས་སུ་འགྲོ་བའི་སྲོལ་ཡང་ཡུལ་འདི་དག་ཕལ་ཆེར་ལ་ཡོད་ཟེར། ལར་འདི་དག་ལྟ་བ་ངན་པ་ལ་ཞུགས་པ་ཡིན་པས་ཤནྟ་པུར་དུའང་སྔོན་ཡུལ་དེའི་རྒྱལ་པོ་བྷ་གི་ར་ཐས། སྔོན་སྐྱབས་སེང་བུས་དགྲ་རྔན་དཔུང་བཅོམ་པ་དམྱལ་བའི་མེ་དཔུང་ནང་སྐྱེས་པ་དམྱལ་བའི་མེ་གསོད་པའི་ཆེད་དུ་ལྷ་ཚངས་པ་མཉེས་པར་བྱས་ནས་གངྒཱའི་རྒྱུན་བྱུང་བ་ཡིན་ཟེར། མཆོད་པའི་གཙོ་བོ་མུག་ཤུ་དྷའི་ཕོ་བྲང་རྩ་བ་བརྒྱུད་ཡོང་བའི་གངྒཱ་དེ་རང་ལ་བྱེད། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་འདི་དག་གང་ལས་བྱུང༌། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ལགས་པར་ཐུབ་པས་གསུངས། །ཞེས་རང་རང་གི་སྡིག་སེམས་གོམས་པའི་འབྲས་བུ་རྨི་ལམ་གྱི་སྣང་བ་ལྟ་བུར་སོ་སོའི་ངོ་ཁ་ལ་སྣང་བའི་དམྱལ་


JLAZ007_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མེ་སྤྱི་མཐུན་གྱི་སྣང་ངོ་ལ་ཤར་བ་འབྱུང་བའི་ཆུས་ག་ལ་གསོད་ཐུབ། མ་རྟོགས་པ་རྣམས་ཤིན་ཏུ་ཡང༌། །སྙིང་རྗེ་ཆེན་པོའི་གནས་ཡིན་ཏེ། །ལོག་པར་རྟོགས་དང་དེའི་རྗེས་སུ། །འབྲེང་འདི་བསོད་ནམས་ཟད་པའི་སྐྱོན། །གོང་དུ་སྨོས་པའི་ཤནྟ་པུར་གྱི་བྱང་ཕྱོགས་ན་བྷངྒ་ལའི་རྒྱལ་ཁབ་དེ་ཚོང་འདུས་ཆེན་པོ་བཞིས་བསྐོར་ནས་ཡོད། ཕོ་བྲང་གསེར་གྱི་རྒྱལ་མཚན་ལ་སོགས་ཇོ་བོའི་རྣམ་ཐར་ན་ཡོད་པ་དེ་ཚོའི་རྟེན་དང་བརྟེན་པ་ཐམས་ཅད་དེངས་ནས་རིང་ཞིག་ལོན་པ་འདྲ། དེང་སང་ནི་རྒྱལ་ས་དེའི་མིང་ལ། མུག་ཤུ་དྷར་ནོ་བབ་ཟེར། སྔར་རྒྱལ་ས་དེ། ཊི་ལིང་བཅས་བདག་པ་ཕྱིས་ཕེ་རེང་པས་འཕྲོགས་ནས་སྔར་གྱི་རྒྱལ་ས་པ་ལ་ཏི་རུབ་འབུམ་བཅུ་དྲུག་རེའི་ཕོགས་སྟེར་སྐད། སྔོན་རྒྱལ་ཁབ་དེ་དར་ཆེ་བའི་སྐབས་སོ་ཕག་གི་ལྕགས་རིས་བསྐོར་བའི་སྐྱེད་མོས་ཚལ་ན་ཁྲུས་ཀྱི་རྫིང་བུ་གཉིས་གཉིས་ཡོད་པ་མུ་ཏིག་རྫིལ་དང༌། ཧི་ར་རྫིལ་གཉིས་ཀྱི་སྟེང་ན་སྤྲོ་ཁང་བརྒྱད་འབབ་སྟེགས་རྡོ་སྐས་དང་བཅས་པའི་ཧི་ར་རྫིལ་དུ་མེ་ཏོག་རྒྱས་པའི་དུས་ནམ་མཁའ་ནས་ལྷ་མོ་ཁྲུས་ལ་འོང་བ་བཟུང་བར་སེམས་པ་ན། ནམ་མཁའ་ལ་འཕུལ་བའི་ཤུལ་དུ་མཆིལ་ལྷམ་ཅིག་ལུས་པ་ཤའུ་དྷེ་ཅིག་གིས་ཏི་རུབ་འབུམ་རི་ཟེར། རྫིང་བུ་དེ་ལས་གཅིག་ལ་ལྷས་


JLAZ007_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དམོད་བོར་པས་ཁྲག་མདོག་ཏུ་སྣང་ཞིང་ད་ལྟ་ཁྲུས་དང་བཏུང་བ་མི་བྱེད་སྐད། བྷངྒ་ལའི་ནུབ་ཕྱོགས་པ་ཊ་ན་ཟེར་བའི་རྒྱལ་ཁབ་ཆེ་བ་ཞིག་ཡོད་པའི་མི་རིགས་ལ་མོ་གོལ་ཟེར། ཀ་ལི་ཀ་ཏ་ནས་རྒྱ་མཚོར་འགྲོ་བའི་ལམ་བར་ན་བ་ཚྭ་དང་བཅས་པའི་བྱེ་མ་བཙོས་ནས་ལན་ཚ་བཟོ་བ་ཡོད། ལར་ཡུལ་འདི་དག་ལྷ་ཡུལ་ལྟར་གྱ་ནོམ་ཞིང༌། ཉམས་བདེ། གྲོང་ཁྱེར་མང༌། ལམ་ཐམས་ཅད་ཀྱང་རྫ་ཕག་ལས་བྱས་པས་དངོས་གཙང་ཞིང༌། བགྲོད་བདེ་ཡང་ཐར་པའི་ལམ་མེད་པས་བླུན་པོ་རྟག་འཛིན་ཅན་ཚོའི་སྤྱོད་ཡུལ་ལ་བདེ་བ་ཙམ་ཞིག་གོ །དེའི་ནུབ་བྱང་མཚམས་ན་ཝཱ་རཱ་ཎ་སཱི་དགོན་པའི་ཚུལ་དང༌། ཀ་ཤི་གྲོང་རྡལ་གྱི་ཚུལ་དུ་ཡོད། ཀ་ཤི་ཀའི་རས་དངོས་འདི་ནས་ཐོན་ཞིང་རས་ཡུག་ཤིན་ཏུ་རིང༌། སྲབ་པའི་ཚད་ཕྱི་ནང་སྒྲིབ་མེད་དུ་གསལ་བས་ནེའུ་གསེང་གི་ཁར་བཞག་ཀྱང་རྩྭ་ལྗང་གི་མདོག་མི་བསྒྲིབ། དེ་ནས་ལྷོ་ཕྱོགས་སུ་ཕྱིན་པ་ན་གྷ་ཡ་ཟེར་བའི་གནས་སྟོབས་ཆེན་བྲམ་ཟེའི་གླིང་དུ་ཡོད་པ་ལ་གསོན་གཤིན་གཉིས་ཀའི་སྦྱིན་པ་གཏོང་ས་བྱེད། ཁོར་ཡུག་ལྕགས་རིས་བསྐོར་བའི་ནང་ན་རྡོའི་མཆོད་རྟེན་གཅིག །སྤྱན་རས་གཟིགས་ཀྱི་རྡོ་སྐུ། སྟོན་པའི་ཞབས་རྗེས་ཡིན་ཟེར་བ་ལ་མཆོད་ཅིང༌། རང་རང་གི་ཕ་མེས་ཀྱི་མིང་ནས་བོས་ན་ངན་སོང་ནས་ཐར་ཟེར། འདི་མ་གྷ་དྷཱ་ཡིན་ནམ་


JLAZ007_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བའི་ཕོ་ཚོད་ཙམ་ལས་ཡོངས་གྲགས་སུ་སྟངས་ཆོད་པ་མེད། མུ་སྟེགས་ཀྱི་དཀའ་ཐུབ་པ་ཤོ་ན་བྷྲཾ། བྷེ་རཾ་གི །ཛོ་ཀི་སོགས་སུ་འབོད་ཅིང༌། ལག་པ་གཉིས་སྤྱི་བོར་བཀན་པ་དང༌། ཐལ་མོ་སྦྱར་བ་དང༌། ཅིག་ཤོས་གདེངས་བཞིན་དུ་རེངས་པ་ལ་ལའི་ཟེར་ལུགས། གྷ་ཡ་ནས་ནུབ་ཕྱོགས་ཟླ་ལམ་གསུམ་གྱི་ས་ན་རྡོ་རྗེ་གདན་གྱི་ངོ་བོ་ཙམ་ཡོད། ལྕགས་རི་སོགས་ཉམས་ནས་མེད་ཟེར། ལར་སློབ་དཔོན་དཔའ་བོ་བྱོན་པའི་ཡང་ཕྱི་ནས་རྒྱལ་པོ་དྷརྨ་པཱ་ལས་རྒྱལ་སྲིད་བྱེད་ཚེ། ཏུ་རུཥྐའི་དམག་གིས་མ་གྷ་དྷཱ་པ་བཅོམ། ན་ལེནྡྲར་ཡང་གནོད་པ་ཆེན་པོ་བྱུང༌། དེའི་ཕྱི་ནས་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱིས་ཏ་ཟིག་གི་རྒྱལ་པོ་ཏུ་རུཥྐ་ཕམ་པར་བྱས། ཆོས་གཞི་མང་པོ་སོར་ཆུད་པར་བྱས་ཀྱང་མུ་སྟེགས་ཅན་གཉིས་ཀྱིས་ཉི་མའི་རིག་སྔགས་བསྒྲུབས་པས་སངས་རྒྱས་པའི་ཆོས་གཞི་བརྟེན་པའི་ལྷ་ཁང་བརྒྱད་ཅུ་སྐོར་མེ་ལ་བསྲེགས། དེ་བཞིན་དུ་བྲམ་ཟེ་རྒྱལ་བཤེས་ལ་སོགས་པའི་མུ་སྟེགས་ཅན་རྣམས་ཀྱིས་ཀྱང་ཡུལ་དབུས་ཛ་ལནྡྷ་རའི་བར་གྱི་གཙུག་ལག་ཁང་མང་པོ་ཞུགས་ལ་སྦྱངས་པས་རྡོ་རྗེ་གདན་གྱི་བཀོད་པ་མཐོང་དཀའ་བའི་གནས་ལ་སྐྱོ་བ་སྐྱེས་ནས། མེས་དབོན་གྱི་གཙུག་ལག་ཁང་རྣམས་ལ་བསྟི་སྟང་བསྐྱེད་པར་རིགས། གྷ་ཡ་དེ་ཡུལ་དབུས་སུ་བྱས་


JLAZ007_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནུབ་ཕྱོགས་ཟླ་ལམ་གསུམ་གྱི་ས་ཎ་ཊི་ལིང་པ་ཅ་ཁོ་ལ་ཕེ་རེང་པས་འབུལ་སྣ་རེ་བྱེད་ཟེར། གྷ་ཡ་ནས་ལྷོ་ཕྱོགས་སུ་ལོ་བཞི་ལྔ་སྐོར་བགྲོད་པ་ན་སྔ་མ་ལས་སྟོབས་ཆེ་བ་རུམ་པ་ཅ། འདིས་འཛམ་བུའི་གླིང་གི་མཐའ་དཔལ་ལྡན་འབྲས་སྤུངས་ལ་བདག་བྱེད། ཁོང་གཉིས་འཛམ་བུའི་གླིང་གི་རྒྱལ་ཁབ་ཆེ་ཤོས་ཡིན་ཡང༌། ཊི་ལིང་པ་ཅའི་མངའ་རིས་རྣམས་རྒྱལ་པོའི་ལུང་འོག་ཏུ་སྡོད་མི་སྡོད་སྣ་ཚོགས་པས་སྙིགས་མ་རྩོད་ལྡན་ལ་རང་སྲིད་ཀྱང་རྣལ་དུ་མི་ཕེབས་ན་གྲིབ་མ་ཤ་ཟར་དོགས་པའི་རེ་དོགས་སྤངས་ལ་རང་གི་དལ་རྟེན་ལ་དགའ་བ་བསྒོམས་ནས་ཆོས་ལ་བརྩོན་པ་བསྐྱེད་ཅིག །པ་ཅ་འདི་གཉིས་ཀ་ཀླ་ཀློའི་ཆོས་ལུགས་འཛིན་ཞིང་གཞན་དག་ཀྱང་དེ་ལ་འཛུད་གང་ཐུབ་བྱེད་པས་རྒྱ་གར་པ་ཕལ་ཆེར་ཀྱང་ཀླ་ཀློའི་ཆོས་ལུགས་མང༌། དེ་སྐད་དུ་རབ་དབྱེར། སྙིགས་མའི་དུས་སུ་འཕགས་པའི་ཡུལ། །ཀླ་ཀློའི་ཆོས་ཀྱིས་གང་བར་འགྱུར། །དེ་ནས་ཀླ་ཀློའི་རྫུ་འཕྲུལ་གྱིས། །ཤམ་བྷ་ལ་རུ་དམག་འདྲེན་འགྱུར། །དེ་ཚེ་ཕྱག་ན་རྡོ་རྗེ་ཡིས། །སྤྲུལ་པ་དྲག་པོ་ཞེས་བྱ་ཡི། །རྒྱལ་པོས་ཀླ་ཀློ་ཀུན་བཅོམ་ནས། །འཕགས་པའི་ཡུལ་གྱི་བར་དུ་ཡང༌། །སངས་རྒྱས་བསྟན་པ་སྤེལ་བར་གསུངས། །ཞེས་སོ། །ཀླ་ཀློའི་ཁུངས་ནི། སློབ་དཔོན་ཀླུ་སྒྲུབ་ལྷོ་ཕྱོགས་ཀྱི།


JLAZ007_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ན་བཞུགས་པའི་ཚེ། སྡེ་སྣོད་འཛིན་པ་གཞོན་ནུ་སྡེ་ཞེས་བྱ་བ་བདུད་སྡིག་ཅན་གྱིས་བཀབ་ནས། འཚེ་བ་ཆོས་སུ་སྨྲ་བ་ཀླ་ཀློའི་གྲུབ་མཐའ་བརྩམས་པ་ཡིན། དེའི་ཚུལ་ནི་གསང་ཚིག་ལས། ངེས་པར་བརྩེ་མེད་དཔའ་བོ་ཡིས། །གཡུལ་ངོར་འབྲོས་པ་མེད་པར་ནི། །གཡུལ་ལ་མངོན་པར་ཕྱོགས་གྱུར་ན། །ཤི་ནས་མཐོ་རིས་འགྲོ་བར་འགྱུར། །ཞེས་པ་དང་མཐུན་པར་གླེང་ངོ༌། །མུ་སྟེགས་ཀྱི་སྡེ་ཚན་གཅིག་ལས་འབྲས་ལ་གུས་པ་དང༌། ལྟ་བ་ནང་པ་དང་ཉེ་བའང་ཡོད་པ་དེ་འདྲའི་རིགས་ཐལ་འགྱུར་རྣམ་དག་གིས་ཚར་གཅོད་ནུས་པ་བྱུང་ན། སློབ་དཔོན་དཔའ་བོ་ལ་སོགས་པ་ལྟར་གདུལ་དུ་རུང་བ་སྐྱེས་བུའི་མཚན་ཉིད་ལ་གནས་པ་ཡིན། བྷོ་ཊའི་ཡུལ་འདིར་དགེ་སྦྱོང་ཡིན་ནོ་བར་བསྙེམས་ནས་ལས་འབྲས་ལ་ཅི་ཡང་མི་སེམས་པར་གཞན་གནོད་གཞི་བཅས་ལྷུར་ལེན་པའི་ཁྱིམ་པ་སུན་འབྱིན་གྱིས་ནི་བསྟན་པ་ལ་མོས་པ་ལྡོག་ཅིང༌། མེས་དབོན་རྣམ་གསུམ་གྱིས་དབང་དགེ་འདུན་ལ་བསྐུར་བའི་ཕྲིན་ལས་ཆུད་སོན་པར་བྱེད་ན། དོན་གྱི་ཀླ་ཀློའི་ཆོས་ལུགས་ལ་ཉེ་བས་བསྟན་པ་ནུབ་པའི་སྔོན་འགྲོར་འོང་བའི་ཚུལ། བཟོད་པ་དཀའ་ཐུབ་བཟོད་པ་དམ་པ་ནི། །སོགས་པའི་ཤློ་ཀས་བསྟན། རུམ་པ་ཅའི་རུས་ལ་ཏ་ཟིག་ཏུ་རུཥྐ་ཟེར་


JLAZ007_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། དེ་ཡང་རུས་ལས་ཏུ་རུབ་དང༌། ཆོས་ལུགས་ལས་ཀླ་ཀློར་བཏགས་ཀྱང༌། ཁོའི་སྔུན་དུ་མིང་དེ་བརྗོད་ན་མི་དགའ་བས། མུ་སུར་མན་ཟེར་སྐད། ཁོའི་རྟ་དེ་རྟ་གཞན་ལས་ཉིས་འགྱུར་རམ་འབུན་གྱིས་ཆེ་བས་མིང་ལ་ཏ་ཟིག་དུརྐི་ཟེར། ཊི་ལིང་པ་ཅའི་ལྷོ་ཕྱོགས་ན་བྷོ་རོང་གྷི་ཟེར་བའི་རྒྱལ་ཁབ་ཅིག་ཡོད་པ་དེའི་མི་དང་རྟ་གཉིས་ཀ་རྩལ་ཆེ། ཁོ་ལ་མཚོ་རྟའི་བརྒྱུད་ཡིན་ཟེར་ཤ་གཟུགས་གྲིམས་ཤིང་ཆུའི་གཏིང་ལའང་ཞོན་ནས་འགྲོ་ཐུབ་པས། རྟ་གཞན་གྱིས་ཉིན་ལམ་གསུམ་དེ་ཉིན་གཅིག་ལ་ཆོད་ཟེར་ཡང༌། རྟ་ཐམས་ཅད་དེ་འདྲ་ཡིན་པ་དཀའ། བོད་འདིར་སྟོད་ཧོར་དང༌། དེའི་རྟ་སོགས་རི་བོང་གི་ཆལ་བྲག་ཅ་ལྟ་བུར་སྒྲོག་ཅིང༌། ལུང་བསྟན་མཁན་པོ་རྣམས་ཀྱིས་ཀྱང་དེ་དང་མཐུན་པར་སྒྲོག་པ་འདི་དག་མ་ཕྱེད་པའི་སྒྲ་འགྲོགས་པ་འདྲ། གཏེར་ཁ་གོང་འོག་དང༌། ཡར་རྗེ་ཨོ་རྒྱན་པ་སོགས་རྩོད་མེད་ཀྱི་ལུང་བསྟན་རྣམས་ནི་སྔར་རྒྱལ་པོ་སེ་ཆེན་གན་གྱི་ཕུ་བོ། ཧུ་ལ་ཧུས་རྒྱལ་ས་མ་ཐོབ་ནས་སྐལ་པར་དམག་འབུམ་ཚོ་གཅིག་བྱིན་པ་ཁྲིད་ནས་སྟོད་དུ་གཞི་ཆགས་པ་ལ་སྟོད་ཧོར་དང༌། ཙི་ན་ལ་སྨད་ཧོར་དུ་གྲགས། གཞི་ཆགས་ནས་རིང་པོར་མ་ལོན་པར་ས་འབྲི་གཉིས་བྱ་འུག་གི་བརྟུལ་ཞུགས་འཛིན་པའི་ཚེ་འབྲི་གུང་དབོན་པོས་ས་སྐྱའི་སྟེང་དུ་


JLAZ007_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་དམགས་དྲངས་པས། ཙི་ནའི་དམག་དཔོན་ཐི་མུར་བྷོ་ཁ་དང༌། དཔོན་ཆེན་ཨང་ལན་གྱིས་བོད་ཁྲི་སྐོར་བཅུ་གསུམ་གྱི་དམག་ཁྲིད་ནས་དཔལ་མོ་དཔལ་ཐང་དུ་སྟོད་ཧོར་ལ་ཇུས་ཉེས་བཏང༌། རྣ་བ་ཡ་གཅིག་གཞུར་བ་དྲེལ་རྒྱབ་གཉིས་དང༌། གཙོ་བོ་ཁ་ཤས་ཀྱི་མགོ་ལག་དྲངས། ཧུ་ལ་ཧུའི་རྒྱལ་བུ་རིན་ཆེན་དང༌། འབྲི་གུང་དཔོན་པོ་བཙོན་དུ་བཟུང་ནས་ས་སྐྱར་ཁྲིད་སླར་ཙི་ན་པ་ཅའི་ལུང་དང་བསྟུན་ནས་ཧུ་ལ་ཧུའི་བུ་གློད། སྒོམ་པ་དཔོན་པོ་དཔོན་པོ་རའི་རྒྱབ་ཏུ་སྙིང་རྒྱབ་ནས་བཏོན་ཏེ་ཁྲག་སྦྱོར་བྱས་པས་མི་ཁྱད་དང་རྟ་ཁྱད་ཤོར་བའི་བགྲོས་མེད། དེའི་བརྒྱུད་པ་རྒྱ་གར་ན་སྟངས་མི་ཆོད་ཀྱང་སྒོར་ཐོག་དང་ཉེ་བའི་ཁ་ཆུ་ལ་དེ་ཡིན་ནི་ཟེར། ཨོ་རྒྱན་པ་རང་བྱུང་དཔལ་གྱི་ལམ་ཡིག་ན། ཏེ་ས་ནས་རིང་ཙམ་ཐལ་བ་ན། ཡུལ་ཉེར་བཞིའི་ཆ་ལག་ཀུ་ལུ་ཏ་དང༌། མཱ་རུ་ཏི། དེ་ནས་རི་བོ་ཆེན་པོ་གཎྜ་ལ། དེ་ནས་ཛ་ལནྡྷ་ར། དེ་ནས་ཞག་ཉི་ཤུ་ན་ཙན་དྷ་བྷ་ག །དེ་ཡན་ཆོད་ལ་ཧིནྟུ་ཞེས་རྒྱ་གར་དང་མུ་སུར་མན་ཞེས་སོག་པོ་གཉིས་འདྲེས་མར་ཡོད། དེ་ནས་ཁ་ཆེའི་ཆུ་མཇུག་གཙང་པོར་ཐལ་བ་ནས་ཧོ་ར་ཞེས་པའི་གྲོང་ཁྱེར་འབུམ་ཕྲག་བདུན་ཡོད། དེ་ནས་ཉིན་ཞག་རེ་རེ་འདས་པ་ན་སྨན་ཚྭའི་རི་དང༌། བྷ་ཊོ་ལ་དང༌། མ་ལ་ཀོ་ཏྲེ། མུ་ཏིག་འབྱུང་བའི་རྒྱ་


JLAZ007_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་སྒོར་སླེབ། དེར་རྒྱལ་པོ་ཧུ་ལ་ཧུའི་ལྷ་ཁང་བཞེང་ཞིང་འདུག །དེ་ནས་ཞག་ལྔ་ན་རུ་ཀ་ལ་ཞེས་པའི་གྲོང་ཁྱེར་དང༌། དེ་ནས་ཞག་བཞི་པ་ལ་ར་ཛ་ཧུར་སླེབ། དེར་ཨོ་རྒྱན་གྱི་སྒོ་བཞི་ལས་ཡ་གྱལ་གཅིག་ཡིན་སྐད་ཟེར་བ་ལ་དཔགས་ན་ལམ་ཕྱོགས་ལྷོ་ནུབ་སོ་སོའི་ཁྱད་ལས་མ་ལ་ཀོ་ཊི་དེ་སྟོད་ཧོར་གྱི་གནས་སུ་མངོན། ལྔ་པ་རིན་པོ་ཆེའི་དུས་སོག་པོ་དགའ་ལྡན་གྱིས་ལ་དྭགས་བཅོམ། ལ་དྭགས་པས་ཡུལ་ན་བབས་ཀྱི་ཆ་ལས་བརྒྱུད་དེ་པ་ཅའི་རྒྱལ་པོ་བརྔན་ཏེ་དམག་རོགས་ལ་ཁྲིད་པ་དེ་ཡང་བཅོམ་ཟེར་བ་འདུག་ཀྱང༌། རུ་མ་དང་ཊི་ལིང་ནི་མིན། བྷོ་རོང་ནི་ཐག་རིང༌། ཀླ་ཀློ་རྣམས་རྒྱལ་ཁག་ཆེ་བ་ལ་པ་ཅ་ཟེར་ཏེ་རྒྱལ་པོའི་མིང་ཡིན་ནས་སྟོད་ཧོར་དང་པ་ཅ་ཡང་མ་ཕྱེད་པས་དེའི་ཧོར་ལ་རྒྱུ་མཚན་མེད། ཀུན་ལ་ངེས་པ་འབྱུང་བ་འཆི་བ་ཡིན། །འཆི་བ་སྦས་ཡུལ་གྱིས་ཀྱང་ག་ལ་ཐུབ། །བསྟན་པ་ནུབ་ན་ཐར་བའི་ལམ་འགགས་པས། །འཁྲུག་རྩོད་རང་སར་སྤངས་ལ་ཆོས་ལ་འབུངས། །དེ་ལྟར་བྷོ་རོང་གྷི་དེ་འཕྲུལ་ཆེ་བས་སྔོན་གྱི་ཚེ་ཊི་ལིང་པ་ཅས་ཀྱང་ཁོ་གནོན་མ་ཐུབ་པས་བྷངྒ་ལ་རང་འོག་ཏུ་ཡོད་པའི་ཚེ་དཔྱ་ཁྲལ་གྱི་དོད་ཏི་རུབ་རེ་ནས་བརྒྱད་ཆ་རེ་བྷོ་རོང་ལ་སྦྱིན་ནས་དགྲ་ཇག་མི་བྱེད་པའི་ཆད་བྱས། འཕྱིས་བྷངྒ་ལ་པ་ཕེ་རེང་པས་བླངས་རྗེས་བྷོ་རོང་ལ་གང་ཡང་མ་བྱིན་པས་


JLAZ007_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མང་ཞིག་ལོན་པ་དང་དགོས་ཟེར་རྩོད། དེར་ཕེ་རེང་པས་ཁོའི་སྟེང་དུ་དཔུང་ཆེན་པོ་བཏང་བས་ཐང་ཆེན་པོའི་དཀྱིལ་ན་བྲག་རི་ཡོད་པའི་སྟེང༌། ཛི་ཏ་ར་ཞེས་པའི་བཙན་རྫོང་ལ་འཕྲས་ནས་དགྲ་ཡ་མི་བྱེད་པས་ཕེ་རེང་རྣམས་ཐང་དཀྱིལ་དུ་བག་ཕབ་ནས་ཉལ་བའི་ནུབ་མོ་གང་ནས་འོངས་ཆ་མེད་པའི་ཆུ་ཀླུང་ཆེན་པོས་དམག་རྣམས་ཆུ་ལ་སྦྱངས་སྐད། ཀ་ལི་ཀ་ཏར་ཡང་དམག་གཏང་རྒྱུ་ཡིན་ཟེར་བས་ཕེ་རེང་པ་འཁུམས་ཏེ་གསེར་གླང་པོ་ཆེའི་རྒྱབ་ཁལ་མང་པོ་བྱིན་ཏེ་འདུམས་ནས་ད་ལྟ་ས་བྱ་ཕན་ལ་ལོ་སྐོར་གཅིག་ཙམ་ལས་མ་སོང༌། ཀ་ལི་ཀ་ཏ་ནས་ལྷོ་ནུབ་ཕྱོགས་ལ་ཉིན་ལམ་བཅོ་ལྔ་སྐོར་ཕྱིན་པ་ན། ཛོ་ཀ་ན་ཟེར་བའི་མཆོད་རྟེན་ཆེན་པོ་ཉིན་ལམ་གསུམ་ནས་མཐོང་བ་ཞིག་ཡོད། དེ་ལ་མཆོད་པའི་གཙོ་བོ་ཚོགས་འཁོར་ལ་བྱེད་ཀྱང༌། ཕེ་རེང་དང་ཏུ་རུབ་ལ་སོགས་པ་རུས་ངན་མི་གཅིག་ཟེར་ནས་མཆོད་དུ་མི་འཇུག །བྷོ་ཊ་དང་ངེད་ཅག་རུས་གཅིག་ཟེར་ནས་མི་བཀག་པ་ལ་དཔགས་ན། རྒྱལ་པོ་རུ་པ་ཏའི་གཏམ་རྒྱུད་དང་མཐུན་ནམ་སྙམ། ཚོགས་གཡོས་བྱེད་དུས་ཁོག་མ་བདུན་བརྩེགས་བྱས་པའི་སྟེང་མ་སྔ་ཤོས་དང༌། དེ་ནས་རིམ་པར་ཚོས་ཟེར། ཚོགས་ལ་རོལ་དུས་བཟང་ངན་མེད་པར་བསྲེས་ནས་མ་ཟོས་ན་ཞིང་སྐྱོང་གི་ཆད་པས་དེ་མ་ཐག་སྣ་ཁྲག་ཟགས་ནས་ཤི་ཟེར་བ་


JLAZ007_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་བརྟུལ་ཞུགས་འདྲ་བ་དང༌། གཞན་ཡང་ཧིནྟུ་ཟེར་བའི་རིགས་གཅིག་མཆོད་པ། སྦྱིན་སྲེག འཕོ་བ། གཅོད་སོགས་ནང་པ་དང་ཆ་འདྲ་བས། ཆོས་ལུགས་གཅིག་ཟེར་བ་དང༌། ཛཱ་ཏི་སྲུང་བ་ཟེར་ཆང་མི་འཐུང༌། ཕག་དང་ཁྱིམ་བྱའི་ཤ་མི་ཟ། ནོར་གྱི་འོ་མ་བཏུངས་པས་ཨ་མ་དང་འདྲ་ཟེར་དེའི་ཤ་མི་ཟ། ཨ་མ་ལ་ཨ་ཡི་ཟེར། དེ་གཙོ་བོར་བྱས་ནས་ཕ་མ་བཀུར། ལོག་གཡེམ་ལྟ་ཅི་དགག་བྱ་མེད་པའང་རིན་མ་བྱིན་པ་སྲུང༌། ནང་པ་དང་ཆོས་ལུགས་གཅིག་ཟེར་ཡང༌། སྤྱོད་ལམ་འདྲ་བ་བྲམ་ཟེའི་ཁྲོད་ནའང་ཡོད་ཅིང༌། དེ་བཞིན་དུ་ཕྱི་རོལ་པའི་འཇུག་པ་བཅུའི་སྡེ་ཚན་ན་སྟོན་པ་དང་བྱང་སེམས་ཀྱི་སྐུ་འདྲ་བའང་ཡོད་པས་གང་ཡིན་དཔྱད་དཀའ། རྒྱ་གར་གྱི་ཛོ་ཀི་རྣམས་ཡན་ལག་ལ་དཔུང་པ་ནས་རིམ་པར་གསེར་དངུལ་ཟངས་མ་དང༌། ཐ་ན་སྤའི་ལྕུག་མ་ཡན་ཆད་ཀྱིས་ཚིགས་རྒྱན་མང་པོ་བྱེད་པའི་རིན་པོ་ཆེའི་རིགས་ཚོ་ལ་གཟུགས་བརྙན་དེ་འདྲ་ཡོད་པས་སོ། །དེ་སྐད་དུ་ལོ་མ་ཅན་གྱི་གསང་ཚིག་ཏུ། ཉ་དང་རུས་སྦལ་ཕག་རྒོད་དང༌། །ར་མ་ཎ་གཉིས་ནག་པ་དང༌། །མི་ཡི་སེང་གེ་མི་ཐུང་དང༌། །སངས་རྒྱས་ངང་པ་ཅན་དེ་བཅུ། །ཞེས་སོ། །མཆོད་རྟེན་དེ་ལ་ཟླ་བ་དང་པོའི་ཚེས་བཅོ་ལྔའི་མཚན་མོ་སྲིན་པོ་རྣམས་


JLAZ007_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ལ་འོང་བས། དེའི་ཚེ་མི་རྣམས་རྒྱང་རིང་པོར་འབྲོས། མཆོད་རྫས་ལ་ཛཱ་ཏི་ལི་ཤི་མང་པོ་ཕུལ་རྗེས་དེ་ཐམས་ཅད་རྒྱ་མཚོ་ལ་གཏོར་བས་ཚོང་པ་རྒྱུས་ཅན་གྱི་གྲུ་གཟིངས་བཏང་བས་རས་ཀྱི་ཁུད་དུ་བཟུང་བ་ལས་རིམ་པར་ཚོང་དུས་འགྲིམ་པ་ཡིན། གཞན་ལི་ཤི་ནི་སྡོང་པོའི་ཁུངས་ཀྱང་མི་ཆོད། ཛཱ་ཏིའི་སྡོང་པོ་ཨོ་ལོན་བྷེ་ཟེར་བའི་རྒྱ་མཚོའི་གླིང་དབར་ཞིག་ན་ཡོད་ཟེར། ཛཱ་ཏི་ལ་སྟར་སྐོགས་ལྟ་བུའི་ཤུན་ལྤགས་འཇམ་པོ་སྲ་བ་ཞིག་འོང་བས་ཆུ་ནང་དུ་ཡུན་རིང་ལོན་ཡང་ཆུད་མི་འཛའ་བ་མཐོང་ཆོས་ཅན་ཡིན། ལྗིད་ཡང་བའི་ཕྱིར་ཤུན་པ་དོར་བར་སྣང༌། ཡུལ་དེའི་གཏམ་རྒྱུད་ལ་མཆོད་རྟེན་མཆོད་པའི་སྔོན་རྒྱ་མཚོར་ཁྲུས་ལ་ཞུགས་པ་དང༌། རྒྱ་མཚོའི་ནང་གི་གདོན་ཞིག་གིས་ཆོ་འཕྲུལ་བྱས་པའི་སྐུད་པ་ཤིན་ཏུ་ཕྲ་བ་ཞིག་མིའི་ལྟེ་བ་ལ་ཟུག །སྐུད་པ་དེ་གང་གིས་ཀྱང་མི་ཆོད་པས་མཚན་མོ་མི་འཐེན་ནས་སྲོག་གཅོད་ཟེར། སྔོན་དེ་འདྲ་བྱུང་བའི་མི་ཞིག་གིས་མཆོད་རྟེན་དེ་ལ་ལན་མང་བསྐོར་བ་བྱས་པས། སྐུད་པ་དེ་མཆོད་རྟེན་ལ་འཁྲི་ལ་སྟབས། ཆུ་འདྲེས་སྐུད་པ་འཐེན་པས་མཆོད་རྟེན་འགུལ་བསྐྱོད་ཀྱི་རྐྱེན་ལས་མཆོད་རྟེན་གྱི་རྩེ་མོ་ན་ཡོད་པའི་ལྕགས་ཀྱི་འཁོར་ལོ་ལྷུངས་ནས་སྐུད་པ་ཆད་དེ་ཐར་བ་ཡིན། ད་ལྟ་དེའི་ཤུལ་ན་ཆུ་མིག་ཅིག་ཡོད་སྐད། སྲིན་པོ་དང་འཛམ་བུའི་གླིང་པ་ཚོང་བྱེད་ནའང་མིག་གིས་བརྡ་འཕྲོད་པའི་ཚོད་ཀྱིས་གྲུ་གཟིངས་ལ་ཞུགས། ཚོང་ཟོང་གི་


JLAZ007_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཐང་སྲིན་པོའི་ཡི་གེ་ལ་བྲིས་ནས་བཞག །མེ་མདས་བརྡ་སྦྱར་ནས་ཕྱིར་ལོག་ཙ་ན་སྲིན་པོའི་རྒྱལ་པོས་སྲིན་པོ་རྣམས་ཀྱི་ཐད་ནས་མི་འགྲོ་བ་སོགས་མི་ལ་མི་གནོད་པའི་དམ་ལ་བཞག་ནས་ཚོང་ལ་འོང༌། ཆད་བཙན་པས་དགོས་ཚོད་ཀྱི་དངོས་པོ་ཁྱེར་ནས་རིན་འཇོག་པ་ཡིན་ཟེར། ཤང་ཤང་དང་ཚོང་བྱེད་ལུགས་ཀྱང་འདི་འདྲ་བ་ཞིག་སྣང༌། ལར་མཐའ་འཁོབ་པ་རྣམས་ནི་སངས་རྒྱས་མི་ཤེས། ཆོས་མི་ཤེས་པ་ཡིན་པས། སྔོན་རྒྱལ་པོ་ར་མ་ཎས་སྲིན་པོའི་རྒྱལ་པོ་བསད། ཁོང་གི་ནུ་བོ་རྒྱལ་པོ་ལ་བསྐོས་ནས་འཛམ་བུའི་གླིང་དུ་སྲིན་པོ་བསྲུངས་བཅུག་པ་ཙམ་ལས་རཀྵ་ཐོད་ཕྲེང་རྩལ་གྱི་མཚན་ཉིད་མི་ཤེས། ཀ་ལི་ཀ་ཏ་ནས་གངྒཱ་རྒྱལ་མཚོར་འབབ་པ་དེ་ལ་གངྒཱ་ཤ་ཀ་གྷོར་ཟེར། ལྷ་མོ་དབྱངས་ཅན་མ་ཡང་དེར་འཁྲུངས་པའི་ལོ་རྒྱུས་སྨྲ། གངྒཱ་དང་རྒྱ་མཚོ་རང་བཞིན་འདྲེས་ནས་མི་སྡོད་པར་གངྒཱའི་ཀླུང་དཀར་པོར་སྣང་བ་དེ་རྒྱ་མཚོའི་གཏིང་ལ་ཐུག་པར་འགྲོ་བདེ་ལ་མུ་སྟེགས་པ་འགའ་ཞིག་ལྕེབ་པར་བྱེད་པ་ནི། རྒྱལ་བྱེད་ལས། དགུན་གྱི་དུས་སུ་ཆུ་ཡི་ནང་དུ་གནས། །ཚ་བའི་དུས་སུ་གདུང་བ་ལྔ་བསྟེན་བྱ། །དབྱར་གྱི་དུས་སུ་བླ་གབ་མེད་པར་གནས། །བྲམ་ཟེ་དེ་དག་དཀའ་ཐུབ་དྲག་པོར་སྤྱོད། །ཅེས་པའི་སྡེ་ཚན་ཡིན་ལ། གཞན་ཡང་མགོ་བྲེགས་ཏེ་ཙནྚི་ཀ་ལ་འབུལ་བ་དང༌། ཏྲི་ཤུ་ལའི་རྩེ་ལ་མཆོད་པ་དང༌། རྐང་པ་ཡ་གཅིག་སྒྲེང་ཞིང་ཉི་མ་ལ་བལྟས་པས་འཕྱིས་སྡུག་བསྔལ་མྱོང་འགྱུར་རྣམས་སྐྱེ་བ་འདིར་ཟད་ནས་ཡང་སྲིད་མི་ལེན་པར་འདོད།


JLAZ007_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ལ་མི་དགེ་བཅུ་སྤོང་གི་སྡོམ་པ་ཡོད་དོ། །རྒྱ་མཚོའི་དུས་རླབས་ཉིན་ཞག་རེ་ལ་ཚར་རེ་ལྡང་བས་ཆུ་བོ་གངྒཱ་གྱེན་དུ་ལྡོག་པ་ནས་ས་གཞི་ཐམས་ཅད་འུར་སྒྲས་འབིར་ཞིང༌། འབྲུག་སྟོང་བསྒྲགས་པ་ལྟ་བུའི་ཟིལ་དང་བཅས། རྒྱ་མཚོའི་རླབས་ཀྱིས་གངྒཱ་དེད་ནས་གྱེན་དུ་སློག་པའི་དབའ་རླབས་ཐོག་སོ་ལྔ་དྲུག་ཙམ་དུ་ལྡང་བ་ལ་ལྟད་མོ་དང་འཇིགས་ཟིལ་གཉིས་ཀ་ཡོད། ཀ་ལི་ཀ་ཏ་བརྒལ་ནས་ཞག་བདུན་བརྒྱད་སར་སླེབས་པ་ནས་མར་ལོག་དུས་འཇམ་ཉལ་གྱི་འགྲོ། ཁོ་རང་ཚོས་དུས་རླབས་ཉིན་མཚན་གྱི་ཆ་གང་ལ་ཡོང་ཤེས་པས་དེའི་གོང་ནས་གྲུ་ལ་སོགས་པ་བསྡུ་ཞིང་འགྲིམ་འགྲུལ་གཅོད། ལར་དུང་ལ་སོགས་པའི་རྒྱ་མཚོའི་ནོར་སྣ་འགའ་ཞིག་ཀྱང་རྒྱ་མཚོའི་འགྲམ་དུ་དོང་བྲུས་ཏེ་བཞག་པ་ན། དུས་རླབས་འོང་སྐབས་དེའི་ནང་དུ་ཆུད་པ་ལས་འོང༌། ཀ་ལི་ཀ་ཏ་ཟད་མཚམས་ནས་རྒྱ་མཚོར་གཟིངས་ལ་ཞུགས། ནུབ་ལ་གཏད་ནས་ཕྱིན་པས་ཟླ་བ་དྲུག་ལ་ཕེ་རེང་པའི་ཡུལ་ངོ་ཐོག་བྷི་ལ་ཏིར་སླེབ་ཟེར། དེར་འགོ་སྣམ་དང་གོས་ཆེན་གཉིས་ཀ་འཐག །རྒྱ་མཚོའི་གླིང་དབར་ཡིན་པས་ནོར་སྣ་མང་པོ་འཐོན། ལོ་རྒྱུས་གཞན་དུ་རིན་པོ་ཆེའི་རིས་རྒྱ་མཚོའི་ཁ་དོག་འགྱུར་བ་ཡོད་པར་གྲགས་ཀྱང༌། ཁོང་ཚོས་ཕྱིན་པའི་རྒྱ་མཚོར་ནི་རིའི་གསེབ་ནས་རིན་པོ་ཆེ་མང་པོ་


JLAZ007_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་པ་ལས། རིན་པོ་ཆེའི་རི་དངོས་སྣང་མེད་ཟེར་སྐད། བཟོ་གནས་ལ་ཤེས་མིག་ཆེ་ཆུང་དང༌། དཀར་ཡོལ། ཤེལ་བུམ་ལ་སོགས་པའི་ཤེལ་སྤྱད་ཀྱང་སྤུས་ཤིན་ཏུ་དག །ཆུ་ཚོད་ཆེ་ཆུང་དང༌། སྤྲ་བ་དང་སྦི་ཐི་མི་དགོས་པའི་མེ་མདའ་ཁྱད་མཚར། གྲི་ཆེ་ཆུང་སོགས་མཚོན་ཆ་རྣོ་ངར་ཅན། ཁྱད་པར་བཟོ་རྩེད་ལ་མཁས་པས་སྒམ་ནང་དུ་ཤ་དཀར་གྱི་དོང་བུ་ཆེ་ཆུང་མང་པོ་ལས་སྐད་སྦོམ་ཕྲ། འགྱུར་དང་ཁུགས་དགོས་སར་བཟོ་དབྱིབས་སྣ་ཚོགས་པའི་སྤུག་ཀྱོང་རྣམ་གྲངས་མང་པོ། ཚིག་གི་སྒྲ་དགོས་སར་གཟེར་བུའི་འཁྲུལ་འཁོར་མང་པོ་བྱས་པ་མུ་སྦྲེལ་གྱི་ནང་རླུང་ཁོར་ཡུག་ཏུ་འགྲོས་ཡོད་པར་བྱས་པ་ལ། སྒམ་གྱི་ཕྱི་ནས་གཅུས་ཕུར་བསྒྲིམས་པས་ནང་དུ་པགས་པ་མཉེན་པོའི་རྦུད་པ་ལས་རླུང་བྱུང་ནས་སྐྱེས་བུའི་ངག་ནས་བཏོན་པ་ལྟ་བུའི་གླུ་དབྱངས་ཤིན་ཏུ་སྙན་པར་སྒྲོག་པ་ལ་ཏི་རུབ་སྟོང་ཕྲག་རི་བ་ནས་རིམ་པར་གོང་ཐང་ཆེ་ཆུང་གིས་བཅད་པ་དང༌། ཡང་སྒམ་གྱི་སྟེང་དུ་ཤེལ་སྒོ་བསླངས་པ་ལ་ཕྱིའི་ཡུལ་ལྗོངས་གསལ་བ་གང་ཞིག་གི་གཟུགས་བརྙན་མེ་ལོང་ནང་མ་བསྙལ་བ་ལ་གསལ་བའི་འཕྲུལ་གྱིས་ཡུལ་ལྗོངས་ཆེན་པོའི་བཀོད་པ་བདེ་བླག་ཏུ་འབྲི་ཐུབ་པ་དང༌། འཛམ་བུའི་གླིང་བུའི་གླིང་གི་ཡུལ་བཀོད་བྱང་བུ་ཆུང་ཆུང་སྣ་ཚོགས་ལ་བྲིས་པ་ཤེལ་སྒོའི་ནང་དུ་ཤིན་ཏུ་ཆེ་བར་འཆར་བ་སོགས་བཟོ་གནས་ངོ་


JLAZ007_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་བ་མང་པོ་ཐོན་ཡང༌། བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་སྨན་པ་མ་ཡིན་པས་བཟོ་གནས་སྤྲུལ་པའི་སྐུར་མི་རུང་ཞིང༌། ནོར་སྲེད་ཆེ་བས་གླ་སྤྲད་ན་དམག་མི་ཡང་གང་དགོས་འབྱོར་བའི་མིང་ལ་ཤི་བར་ཟེར་བ་ཡིན། འདུ་ཤེས་གསུམ་དང་སྙོམས་འཇུག་གི་ངང་དུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བསྒྲུབ་པའི་ལོག་ཤེས་ཙམ་མོ། །དེ་ལ་འདི་སྐད་ཅེས། བཟའ་དང་ཉལ་དང་འཆག་པ་གསུམ། །དུད་འགྲོ་རྣམས་དང་ཐུན་མོང་སྟེ། །སྨད་འཚོང་བཀུར་དང་ཕ་རོལ་གྱི། །སྲོག་དང་ནོར་དང་འགྱེད་ལ་དགའ། །དམག་དང་ཆོམ་རྐུན་འདུ་འཛིས་གཡེངས། །སྲོག་ལ་འབེམ་བཅས་རྒྱ་མཚོར་བགྲོད། །དེ་ཙམ་དེ་ཡིས་མཐོ་རིས་ཀྱི། །ཁྱད་པར་ཡིན་པ་མཁྱེན་པར་མཛོད། །ལར་ཤང་ཤང་དང༌། ཁྲུང་ཁྲུང་དང༌། ཀུ་ཤའི་གླིང་ལ་སོགས་པ་དུས་ཀྱི་འཁོར་ལོ་ལ་སོགས་ཏེ་བཀའ་བསྟན་བཅོས་དག་ལས་བཤད་པ་དང༌། དེར་མ་ལྟོས་པའང་གཟིངས་ཀྱིས་ཟླ་བ་ཙམ་པ་དང༌། ཟླ་བ་ཕྱེད་ཙམ་ལ་སོགས་པས་བགྲོད་པའི་གླིང་ཕྲན་མང༌། རྒྱ་མཚོ་ཆེན་པོ་ལ་བགྲོད་པའི་གཟིངས་ཆེ་ཤོས་ལ་ཛ་ཧ་ཟེར། ཆེ་ཆུང་ཁང་པ་ཀ་བརྒྱད་མ་ཙམ་ལ་ཐོག་རིམ་བཞི་པ་གནམ་སྒོ་ཅན། ཆུས་མིང་འཇིག་པའི་རྩིས་བསྡམས་ཤིང༌། འགྲོ་ས་གནམ་སྒོ་དང༌། གཞན་གློ་སྐར་


JLAZ007_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མང༌། གཟིངས་ཀྱི་སྟེང་དུ་རས་ཀྱི་གུར་དང༌། རླུང་གིས་འགྲོ་ལུགས་དང་མཐུན་པར་ཕན་འདོགས་པའི་དར་པོ་ཆེ་བཟོ་དབྱིབས་ཐང་ཀ་ལྟ་བུ་ཏེར་ཏེར་པོར་སྡོད་པ་དང༌། ཟུར་གཉིས་སྤྲད་པའི་རླུང་ཚང་སྦུ་གུའི་ཚུལ་དུ་དོད་པ་སོགས་བཟོ་དབྱིབས་སྣ་ཚོགས་བརྒྱད་ཙམ་ཡོད་པས་རླུང་འགྲོ་ཕྱོགས་ལས་གོ་ལྡོག་ནའང༌། གཟིངས་རླུང་ཕྱོགས་སུ་མི་ཁྱེར་ཞིང༌། ཙུག་གི་འང་སྡོད་མི་དགོས་པའི་ཐབས་ལ་མཁས་པ་ཡོད། དེ་ཡང་དབུས་སུ་ཤིང་རིང་པོ་འདོམས་པ་བརྒྱད་ཙམ་གསུམ་བཞི་སྐོར་བཙུགས་པའི་རྩེར། རླུང་དང་སྤྲིན་གྱི་འགྲོ་ཕྱོགས་ཀྱིས་མཚོན་དགེ་སྐྱོན་བརྟག་པའི་དེད་དཔོན་འདུག་ཏུ་རུང་བ་དང༌། དེ་ལ་ཡན་མན་དུ་བགྲོད་པའི་ཐག་སྐས་བྱས། དར་པོ་ཆེ་དེ་སྟོབས་ཆེས་པས་གཟིངས་མི་ལྡོག་པའི་ཐབས་སུ། གཟིངས་ཀྱི་འོག་ཁང་དུ་ཚ་ལ་སོགས་པ་འཇོག །གཟིངས་སྡོད་པའི་ཐབས་ལ་ལྕགས་ཀྱི་ལངྐ་ཏེ་གཏིང་རྡོ་ཆེན་པོ་སྔ་ཕྱི་གཉིས་བྱས་པ། འཇུག་ལྡོག་གཅུས་ཕུར་ལྟ་བུའི་འཁོར་ལོས་བྱེད། ཡང་གྲུ་བོ་ཆེ་འདྲང་པའི་གྲུ་ཆུང་ན་ཧོ་ཟེར་བ་མི་བདུན་བརྒྱད་ཙམ་ཤོང་བ་མང་པོས་སྡོན་ལ་འདྲད། སོང་ན་ཐར་ས་མེད་པའི་རྒྱ་མཚོའི་ཀློང་དང༌། ཆུ་སྲིན། ཆུ་སྲིན་གྱི་དབྱིབས་འདྲ་བའི་གཟིངས་ལ་གནོད་པ་ཅན་ཀུ་མི་ར། ཉིན་ལམ་ཙམ་ཁྱབ་པའི་ཉ་བོ་ཆེ། ཆུའི་སྡིག་སྲིན་


JLAZ007_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གནོད་པ་མང་བས་གཟིངས་ཀྱི་ཕྱོགས་བཞིར་གནམ་ལྕགས་བསྒྲགས། རྒྱང་ལ་ཤེལ་མིག་གིས་བལྟ། ཆུ་ཕྲན་ལ་བགྲོད་པའི་གྲུ་ཤར་གྱི་མིང་ལ་བྷོ་སོར་ཟེར་ཏེ་དར་ཆེན་གཉིས་དང་གཅིག་མ་ངེས་པས་ཆོག །དེ་ལ་སོགས་ཏེ་རྒྱ་མཚོ་བརྟག་པའི་རབ་བྱེད་སྐྱེས་པ་རབས་ཀྱི་རྒྱུད་དང༌། དེད་དཔོན་ཚོའི་གཏམ་རྒྱུད་ཀྱིས་མཚོན་པས། འདི་ནི་མཐོང་ཆོས་གཏན་ལ་ཕབ་པའི་གཏམ་མོ། །ལར་ཀ་ལི་ཀ་ཏ་དེ་འཛམ་བུའི་གླིང་ནས་རྒྱ་མཚོར་འགྲོ་བའི་འགྲོ་ལམ་ཉེ་བ་ཞག་གསུམ་ན་སླེབ་པ་ཞིག་ཡིན་ལ། གཟིངས་ལ་ཞུགས་ནས་ཕེ་རེང་པའི་ཡུལ་ལ་ནུབ་བཅད་འགྲོ་བའི་འགྱངས་ཁ་ཡོད་པ་ཞིག་ན། འཛམ་བུའི་གླིང་ལ་ཉེ་བའི་རྒྱ་མཚོའི་གླིང་དབར་སིངྒ་ལར་གྲགས་པའི་ཡུལ་གླིང་ཆེན་པོ་ཞིག་ཡོད། རིན་པོ་ཆེའི་རིགས་དང་ཁྱད་པར་མུ་ཏིག་མང་པོ་ཐོན། མུ་ཏིག་ལེན་པའི་ཚེ་མགོ་ལ་ཤེལ་གྱི་ཡོལ་གོ་གྱོན། སྐེད་པ་ལ་ལྕགས་ཐག་བཏགས་ནས་རྒྱ་མཚོ་ལ་འཛུལ་བའི་གླ་ཏི་རུབ་སྟོང་ཕྲག་རེ་སྤྲོད། ལར་སེར་བ་བབས་མ་ཐག་ལ་རྫས་སྦྱོར་བྱས་པའི་མུ་ཏིག་ཀྱང་ཡོད་སྐད། ཁྲ་ནི་ཤ་བདའ་བའི་དོན་དུ་ཡིན་ཟེར་བ་དོན་ལ་གནས། མི་རྣམས་ཀྱང་འབྱོར་པ་ཆེ། གཟུགས་བྱད་མཚར། སློབ་དཔོན་ཙནྡྲ་གོ་མིས་བཞུགས་


JLAZ007_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཙནྡྲ་དཱི་པ་ནི་ཡིན་མིན་ཆ་མི་ཕྱེད། ལི་རྡོ་རང་བཞུས་བྱུང་བའི་རི་ཡོད་མིན་ཡང་མ་འཚལ། ཡུལ་དེར་ཤིང་ཚྭ་གཞན་ཚོ་ལས་རོ་བཟང་ཞི་ལི་ཤི་དང་དབྱིབས་མཚུངས་པའི་འབྲས་བུ་ཆགས་པ་ཞིག་ཡོད་པ་ལ་རིན་ཆེ། དེར་འཛམ་བུའི་གླིང་པའི་མེ་སླེབས་ན་དགའ་ཚོར་ཆེན་པོ་བྱེད་ཅིང་ནོར་མང་པོ་སྟེར། ཁྱད་པར་ཕོབས་མོ་མང༌། བུད་མེད་དེ་ཚོས་ངེད་ཚོའི་ནོར་ལོངས་སྤྱོད་ཀྱི་བདག་པོ་གྱིས་ལ་སྡོད་ཟེར། སྡོད་མཁན་ཡང་ཡོད་ཟེར། དེ་ཙམ་ནི་ཀ་ལི་ཀ་ཏར་ལོ་གསུམ་བསྡད་ནས། རྒྱ་མཚོ་ལ་ཐུག་གི་བར་ཕྱིན་པའི་ཁོ་བོ་ཅག་གི་སློབ་མ་གདུང་བསམ་པ་བྱང་ཆུབ་རྒྱལ་མཚན་གྱིས་རང་ལོ་བདུན་ཅུ་དོན་གསུམ་པའི་ཁར་བསྙད་པ་ལ། དཔྱད་པ་གསུམ་གྱིས་བརྟགས་ཤིང་བགྲོས་གཞན་དང་ཡང་བསྟུན་ནས་བཤད་པ་སྟེ། གཞན་དུ་ན་རྒྱ་གར་གྱི་ཡུལ་ཤིན་ཏུ་རྒྱ་ཆེ་བའི་གཏམ། སངས་རྒྱས་འཕགས་པའི་སྤྱན་གྱིས་གཟིགས་ནས་སམ། རྫུ་འཕྲུལ་ཐོབ་པས་བསྐོར་བའི་རྒྱུད་འཆད་པ་ལས་རྔོ་ཐོགས་པ་མ་ཡིན་ནོ། །འདི་ནི་བརྟག་པ་བརྒྱད་ཀ་དང༌། །མཐུན་པའི་དཔེར་བརྗོད་ལ་བརྟེན་ནས། །ཕ་རོལ་གྱི་ནི་གནས་ཤེས་སླ། །བརྗོད་པས་དགོས་པའི་གནས་མཁྱེན་མཛོད། །གཏམ་ཚོགས་ལེའུ་གསུམ་པའོ།། །།


previousགཏམ་ཚོགས་ལེའུ་གསུམ་པ། ལྷོ་ཕྱོགས་རྒྱ་གར་གྱི་གཏམ་བརྟག་པ་བརྒྱད་ཀྱིས་མེ་ལོང་།next