Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
གཏམ་ཚོགས་ལེའུ་བཞི་པ། རིན་པོ་ཆེ་བརྟག་པའི་གཏམ་ཙིནྟ་མ་ཎིའི་མཛོད་ཁང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་བཞི་པ། རིན་པོ་ཆེ་བརྟག་པའི་གཏམ་ཙིནྟ་མ་ཎིའི་མཛོད་ཁང་།next

གཏམ་ཚོགས་ལེའུ་བཞི་པ། རིན་པོ་ཆེ་བརྟག་པའི་གཏམ་ཙིནྟ་མ་ཎིའི་མཛོད་ཁང་།


JLAZ007_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་བརྟག་པའི་གཏམ། ཙིནྟ་མ་ཎིའི་མཛོད་ཁང་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །རྒྱལ་བ་བྱོན་ནས་ཀླུ་ཡི་དབང་པོའི་བར། །ཀློག་དང་སྒྲུབ་པའི་འཁོར་ལོས་མ་བསྙེངས་བཞིན། །གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་གྱི། །བྱ་བའི་འཁོར་ལོའང་ཡར་ངོའི་གང་བ་བཞིན། །གངས་རིའི་ཁྲོད་འདིར་སེམས་སྟོབས་ཆེན་པོའི་ལྷ། །མེས་དབོན་གསུམ་གྱི་རྒྱལ་བའི་ལུང་རྟོགས་དང༌། །བསྟི་གནས་ཆོས་འཁོར་རིན་ཆེན་རྣམ་གསུམ་གྱིས། །གཏམས་པའི་རྣམ་ཐར་སྒོ་གཏན་སུས་ཁུར་བཟོད། །གང་ཞིག་ས་འདི་རིན་ཆེན་འབྱུང་གནས་དང༌། །བཟོ་གནས་སྤྲུལ་པའི་རྣམ་རིག་ཐབས་ཤེས་སུ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ལ། །རྟོན་ནས་ཡིད་བཞིན་ནོར་བུའི་མཛོད་ཁང་བཤད། །འདི་ལ་གཉིས། རིན་པོ་ཆེའི་རྣམ་གཞག་སྤྱིར་བཤད་པ་དང༌། བྱེ་བྲག་ཏུ་སྨོས་པའོ། །དང་པོ་ནི། མདོ་སྡེ་དང་རྒྱུད་སྡེ་རིན་པོ་ཆེ་ལ་སོགས་པའི་བཀའ་དངོས་དང༌། པཎ་གྲུབ་རྣམས་ཀྱི་བསྟན་བཅོས་ལས་རིན་པོ་ཆེའི་རྣམ་གྲངས་ལྔ་དང༌། བདུན་དང༌། བཅུ་དང༌། བཅོ་ལྔ་དང༌། བཅུ་དགུ་ལ་སོགས་མཆོག་འབྲིང་དམན་པར་ཕྱེ་བ་རྣམས་ཀྱང་རིགས་ཀྱི་སྒོ་ནས་ལྷ་དང་མི་དང་བྱང་ཆུབ་སེམས་དཔའི་ནོར་བུ་གསུམ་དུ་འདུ་བའི་ཚུལ། སློབ་དཔོན་ཀླུ་སྒྲུབ་ཀྱིས། རིན་པོ་ཆེ་རིགས་གསུམ་གྱི་དམན་པ་མིའི་ནོར་བུ་ནི་མཐུ་ཆུང་བ་སྟེ། དེ་ཡང་ཡོངས་སུ་དག་པའི་ཁ་དོག་དང་ལྡན་


JLAZ007_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང༌། དུག་དང༌། གདོན་དང༌། མུན་པ་དང༌། སྐྲངས་པ་དང༌། ཚ་བ་ལ་སོགས་པའི་སྡུག་བསྔལ་སེལ་བར་བྱེད་པས་ནི་ཡོན་ཏན་གྱི་ཁྱད་པར་བདུན་དང་ལྡན་ལ། ལྷའི་ནོར་བུ་རིན་པོ་ཆེ་ལ་ཡོན་ཏན་སྔ་མ་དེ་བདུན་གྱི་སྟེང་དུ། རྟག་པར་ལྷའི་ལུས་ཀྱི་རྗེས་སུ་འབྲང་བ་དང༌། ཡང་དག་པ་དང༌། སྨྲ་བར་རུང་བ་དང༌། ཡང་ཞིང་མི་ལྕི་བ་སྟེ་ཡོན་ཏན་བཅུ་གཅིག་དང་ལྡན་ཞིང༌། བྱང་ཆུབ་སེམས་དཔའི་ནོར་བུ་རིན་པོ་ཆེ་ནི་སྔ་མའི་ཡོན་ཏན་བཅུ་གཅིག་གི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བརྟག་པ་དང༌། སྐྱེ་བའི་མཐའ་ཤེས་པ་དང༌། ཆོས་ཀྱི་སྒྲ་སྐད་སྣ་ཚོགས་པ་འབྱུང་བ་སྟེ་ཡོན་ཏན་གྱི་ཁྱད་པར་བཅུ་བཞི་དང་ལྡན་པའོ། །ཞེས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ནོར་བུ་ནི། ལོངས་སྤྱོད་རྫོགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱན་དང༌། མངོན་པར་དགའ་བ་ལ་སོགས་པའི་ཞིང་ཁམས་དང་གཞལ་མེད་ཁང་གི་རྒྱན་དང༌། གཞི་དང༌། ལྗོན་པས་ལ་སོགས་པ་དཔེར་ན་འོད་དཔག་མེད་པའི་ཞིང་གི་བཀོད་པ་ལས་བཤད་པ་ལྟར་རོ། །ལྷའི་ནོར་བུ་ནི་དབང་པོའི་རིན་པོ་ཆེ་ཨིནྡ་རྙིལ་དང༌། མཐོན་ཁ་ཆེན་པོ་དང༌། སཱ་རཱ་ཛ་ཏིའོ། །ལྷ་མ་ཡིན་གྱི་རིན་པོ་ཆེ་ཛམྦུ་ཀ་དང༌། ཀླུའི་རྒྱལ་པོ་དག་གི་གཙུག་ནོར་བཻཌཱུརྱ་སྔོ་སྐྱ་ཟུར་བརྒྱད་པ་ལ་སོགས་པ་སྡེ་ཚན་མཐུན་པར་བསྡུས་ཀྱང་རུང་སྟེ་ལྷ་མ་ཡིན་ནི་གནས་རིགས་སྣ་ཚོགས་པ་ཅན་གྱི་ཕྱིར་རོ། །དེ་ལས་མིའི་རིན་པོ་ཆེ་ནི་རྣམ་པ་ལྔར་འདུ་སྟེ། སློབ་


JLAZ007_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཀླུས། གསེར་དང༌། དངུལ་དང༌། མུ་ཏིག་དམར་པོ་དང༌། བཻཌཱུརྱ་དང༌། ཙིནྟ་མ་ཎི་སྟེ་ལྔར་བཤད་དོ། །ཞེས་སོ། །འདིར་གཞན་པ་རྣམས་ནི་འོག་ཏུ་འགོད་པར་བྱེད་ལ། ཁྱད་པར་དུ་གྱུར་པ་ཙིནྟ་མ་ཎིའམ། ཡིད་བཞིན་ནོར་བུ་ལ་མཆོག་དམན་གཉིས་ལས། དང་པོ་ནི། དེ་བཞིན་གཤེགས་པའི་རིང་བསྲེལ་རྣམ་པ་ལྔ་དང༌། ཁྱད་པར་ཉུང་འབྲུ་ལྟ་བུའི་རིང་བསྲེལ་ཏེ། མདོ་སྡེ་བསྐལ་བཟང་ལས་ཀྱང༌། སྐུ་གདུང་ནི་རྒྱས་པར་འགྱུར་རོ། །ཞེས་པ་ལྟར་འདྲེན་པ་བཞི་པའི་བསྟན་པ་འདི་ལ་རྒྱ་གར་གྱི་མཆོད་རྟེན་པདྨའི་སྙིང་པོ་ཅན་ནས་བླངས་པ་བསམ་ཡས་མཆོད་རྟེན་དཀར་པོ་ན་བཞུགས་པ་ལས་ཀྱང་འཕེལ་བ་བཞིན་ནོ། །དེ་ལྟ་བུའི་རིང་བསྲེལ་ནི་མི་འབའ་ཞིག་པ་ལས་བདེ་འགྲོ་གཞན་པས་མི་ཐོབ་ཅེས་གྲགས་པ་ནི་དགོངས་གཞི་ཅན་དུ་མ་ཤེས་ན་སྐུ་གདུང་ཆ་བརྒྱད་དུ་བགོས་པའང་དོན་མེད་ལ། འོན་ཀྱང་ཀླུ་སྒྲུབ་ཞབས་ཀྱིས། མིའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་དེ་བཞིན་གཤེགས་པའི་རིང་བསྲེལ་ལས་འབྱུང་སྟེ། དམ་པའི་ཆོས་མ་ནུབ་ཀྱི་བར་དུ་ཡུལ་དེའི་གདུལ་བྱ་སྐྱོང་ལ། དམ་པའི་ཆོས་ནམ་ནུབ་པར་གྱུར་པ་ནི་རིང་བསྲེལ་རྣམས་རྒྱ་མཚོ་ཆེན་པོའི་ནང་དུ་ནོར་བུའི་གཟུགས་སུ་འགྱུར་རོ། །དཔེར་ན་ལོ་སྟོང་ལོན་པའི་ཆབ་རོམ་རིན་པོ་ཆེ་སྤུག་ཏུ་གྱུར་པ་བཞིན་ནོ། །


JLAZ007_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་ནི་བསྟན་པ་ནུབ་པ་ན་རིང་བསྲེལ་གྱི་ཡོན་ཏན་ཤེས་པར་མི་ནུས་པས་རིང་བསྲེལ་རྣམས་རྒྱ་མཚོ་ཆེན་པོའི་ནང་དུ་ནོར་བུར་གནས་གྱུར་ནས་ཀླུ་རྣམས་ཀྱི་དོན་བྱེད་པ་ལ་དགོངས་པའོ། །གཉིས་པ་ནི། གསོལ་བ་བཏབ་ན་འདོད་དགུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་སྟེ། རིང་བསྲེལ་ལས་སླར་གྱུར་པའི་མཆོག་ཀླུ་དབང་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་དང༌། ལྷ་དང་དྲང་སྲོང་རྣམས་ལ་ཕུལ་བས་འཇིག་རྟེན་གྱི་བསོད་ནམས་སུ་གྱུར་པ་ཉིད་ཀྱང༌། རིན་ཐང་འཛམ་བུའི་གླིང་དང་མཉམ་པས་སྐྱེ་བོ་ཕལ་པ་རྣམས་ཀྱི་ལག་ཏུ་མི་འབྱུང་ངོ༌། །དེ་ལ་ཙིནྟ་མ་ཎིའི་མཚན་ཉིད་ནི། ཁ་དོག་ནམ་མཁའ་ཞུན་མ་ལྟ་བུ་ལ་སེར་མདངས་ཅུང་ཟད་མངོན་པ། རྨ་བྱའི་མདོངས་ལྟ་བུའི་རི་མོ་བདུན་གྱིས་ཤིན་ཏུ་མཛེས་པར་བྱས་ཤིང༌། ཆེ་ཤོས་བྱ་གག་གི་ངར་སྒོང་ཙམ་ལ་ཟུར་མང་ཉུང་དུ་མངོན་པ། ནམ་མཁར་བཏེག་ན་དེ་དང་འགྲེ་ཞིང་མིག་ལ་བཀབ་པས་ཉིན་མོའི་འོད་ཀྱང་ཟིལ་གྱིས་ནོན་པ་ལྟར་སྐར་ཚོགས་ཐམས་ཅད་མཚན་མོ་ལྟར་མཐོང་བ། དགོས་འདོད་འབྱུང་བའི་རྟགས་སུ་ངོ་བོ་ཉིད་ལ་ཀ་ཤི་ཀའི་རས་བརྩེགས་མར་བཀབ་ནས་བདེན་པའི་སྟོབས་བརྗོད་ན། དེའི་མོད་ལ་བླ་འོག་བརྗེ་བ་ཁྱད་པར་གྱིས་ཆོས་སོ། །གཉིས་པ་ལ་བཞི། རྟེན་ཁྱད་པར་ཅན་འགྲུབ་པའི་རྒྱུ་བཞུ་བའི་ཁམས་ཀྱི་


JLAZ007_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་མཚན་ཉིད། དེ་ལ་བརྒྱན་པར་འོས་པ་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་རྣམ་དབྱེ། གང་ཞིག་གྲུབ་པའི་འབྲས་བུ་རྟེན་གྱི་ངོ་བོ་ལ་དཔྱད་པ། གང་ལ་རིམ་གྲོ་བསྐྱེད་པའི་ཕན་ཡོན་བཤད་པའོ། །དང་པོ་ནི། དེ་ལ་བཞུ་བའི་ཁམས་ཀྱི་རིན་ཆེན་བཤད། རྒྱ་གར་ཕྲལ་སྐད་སཽན་ཞེས་བྱ་སྟེ། འཁོར་ལོས་སྒྱུར་བའི་ལྕགས་ཀྱི་དང་པོ་གསེར། །འདི་ལ་རིགས་ཕྲན་མང་ཡང་རིགས་ཆེན་གཉིས། །ཁ་དོག་གིས་བརྟག་དམར་སེར་གཉིས་སུ་ཡོད། །མཆོག་ཏུ་གྱུར་པ་གསེར་དམར་ཉིད་ཡིན་ཏེ། །མ་དྲོས་མཚོ་ནང་འཛམ་བུ་བྲྀཀྵའི་འབྲས། །ཀླུ་མཆོག་རྣམས་ཀྱིས་རིན་ཆེན་སྣ་བདུན་དང༌། །བསྲེས་ནས་ཟོས་པའི་ངོ་བོ་གསེར་དམར་ཏེ། །རྟེན་འབྲེལ་ཚོགས་པའི་རང་བྱུང་ཛྷཻཀྵིཾ་ཡིན། །རླབས་ཀྱིས་དེད་པས་སིནྡུའི་འགྲམ་དུ་ཆགས། །དེ་ཉིད་མེ་ཟན་ཞེས་བྱའི་འདབ་ཆགས་ཀྱིས། །ཟོས་པས་ཚེ་རིང་བྱར་གྱུར་དེའི་དྲོད་ཀྱིས། །བཞུ་བཏུལ་སྦྱངས་པས་བཙོ་མ་ལྟ་བུར་གྱུར། །ཇིང་གིར་དང་ནི་ཧོར་གྱི་ཡུལ་དུ་མོད། །ཟངས་དམར་མཚུར་གྱིས་མདོག་འདོན་བྱས་པ་འདྲ། །སེར་པོ་མཆོག་དམན་གཉིས་ལས་ས་ལེ་སྦྲམ། །མཆོག་སྟེ་ངོ་བོ་བྲྀཀྵའི་འབྲས་བུ་ནི། །ཉ་ཡིས་ཟོས་བྱུང་དམར་སེར་གུར་གུམ་མདོག །འོད་ཟེར་སྣུབ་བག་གཉིས་ཀ་ལྡན་པ་ཡོད། །ཕལ་པ་


JLAZ007_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རི་རྡོ་བྱེ་མ་ཟངས་ལས་བྱུང༌། །སེར་ལ་དམར་མདངས་ཆགས་པ་རབ་ཡིན་ལ། །སྟོད་གསེར་སྔོ་ཞིང་མཉེན་ལ་བོད་གསེར་གྱོང༌། །སྔོ་དང་སྐྱ་དང་ནག་ངམས་རིམ་པས་དམན། །རྒྱ་བོད་ཐོ་གར་ལི་ཡུལ་ཀུན་ནས་ཐོན། །ར་གན་བསྲེས་དང་གསེར་འགྱུར་བྱས་པ་ཡིས། །གསེར་མེན་དག་དང་མ་འཁྲུལ་གཅེས་པའོ། །ནུས་པས་ཚེ་རིང་རྒས་སྲ་དབྱིག་དུག་སེལ། །རུ་པཱཾ་དངུལ་ནི་ས་རྡོ་ཤིང་ལས་བྱུང༌། །མཆོག་ཏུ་གྱུར་པ་གླིང་ཕྲན་ཨ་ལ་ཡིར། །ས་གཤོར་བྲུས་པའི་ནང་དུ་ཆར་པའི་ཆུ། །བབས་པའི་རྐྱེན་ལས་ཆབ་རོམ་ལྟ་བུར་ཆགས། །རྡོ་ལས་བྱུང་བ་དངུལ་རྡོ་འོད་ཕྲོམ་པ། །དབྱེ་ན་རྡོ་ཡི་བྱེ་བྲག་ལྔ་ལས་བྱུང༌། །དང་པོ་ལྕགས་སམ་གཤའ་དང་ཞ་ཉེ་དང༌། །ཟངས་འབབ་དེ་ནས་སླར་བཞུ་དངུལ་འབྱུང་བའི། །རིགས་བཞིར་ངེས་ཀྱང་བོད་དུ་རྡོ་དངུལ་ཉིད། །དེ་ཡང་ར་དངུལ་སྔོ་ལ་ལུག་དངུལ་དཀར། །འཁར་བ་སུམ་ཆ་འདྲེས་པ་ཧ་ཡང་ཧོ། །གུ་ལང་ཤིང་ཀུན་གར་ལོག་དངུལ་མདོག་བཟང༌། །ཉིས་བཞུས་ལྕགས་དངུལ་སྔོ་ལ་གཤའ་དངུལ་དཀར། །ཞ་དངུལ་ཁམ་ལ་ཟངས་དངུལ་དམར་ཞེས་གྲགས། །ཤིང་ལས་བྱུང་པ་ཁྭ་ར་ས་ན་ནས། །རུ་པ་ད་རུ་ཞེས་བྱའི་ཤིང་བསྲེགས་ཞུན། །བབས་པ་དེ་ལས་ཆགས་པ་དཀོན་པར་སྣང༌། །ཆུ་སེར་རྣག་ཁྲག་སྐེམ་པར་བྱེད་པ་ཡིན། །རྔལ་


JLAZ007_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་རྒྱ་མཚལ་ཕ་ཝང་ལོང་བུ་དང༌། །རྡུལ་དྲེག་ཆགས་པའི་གོས་དང་རེ་བ་དང༌། །ཕྱུགས་ལྷས་སྔོ་སྣེའུ་ཕུག་རོན་སྡིག་པ་ནག །རྡོ་ལས་འབྱུང་བ་དཀར་ཞིང་གཡོ་བ་བཟང༌། །སྔོ་ལ་བུལ་བ་ངན་ཅིང་འདར་འཁྲིག་ཅན། །ཟངས་ནི་མཆོག་དང་ཕལ་པ་གཉིས་སུ་འདུ། །མཆོག་ནི་ཟངས་རྡོ་སྤང་མ་དག་གི་ལྟེབས། །འབྱར་དང་རང་བྱུང་ཐིགས་པོ་ས་ལས་འབྱུང༌། །ཕལ་པ་གཉིས་ནི་ཟངས་རྡོ་བཞུས་པ་ལས། །ཕོ་ཟངས་དམར་ནག་གྱོང་ལ་སྐད་ཐག་ཐུང༌། །མོ་ཟངས་མཉེན་ཞིང་དམར་ལ་སྐད་ཐག་རིང༌། །གསེར་བཙོད་ལོ་ལྕགས་ཟངས་བཞིར་དབྱེ་བའང་གྲགས། །ལྕགས་ནི་རྡོ་ཡི་སྙིང་པོ་ཉིད་ཡིན་ཏེ། །སྲོག་ཆགས་དག་ལས་བྱུང་དང་གནས་ལྕགས་སོགས། །ངེས་པ་མེད་ཀྱང་མཐིང་རྡོ་ལྕགས་རྡོ་དང༌། །ཁབ་ལེན་མདུང་རྩེ་སོགས་ལས་བྱུང་བ་ལ། །འབྱུང་བ་ལྔ་ཡི་མིང་འདོགས་གྲགས་ན་ཡང༌། །ཕོ་མོ་མ་ནིང་རྗེས་སུག་སྣ་འདུས་ལྔ། །དཀར་ལ་གྱོང་ཞིང་ངར་ཐོགས་གནག་པ་པོ། །གནག་པ་མཉེན་ཞིང་ངར་ཐོགས་དཀར་བ་མོ། །སྔོ་སྐྱ་མ་ནིང་རྗེས་སུ་ག་སྔོ་ལ་དམར། །སྣ་འདུས་རི་མོ་ཅན་དུ་འདོད་པ་ཡིན། །ཀུན་ལ་རྣོ་ཁྱད་འདོན་པ་ངར་གྱི་འཕྲུལ། །ངར་ལ་ཚ་ངར་གྲང་ངར་རྣམ་གཉིས་ལས། །ཕོ་མོ་སྣ་འདུ་མ་འདྲེས་


JLAZ007_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་ལ། །རིམ་བཞིན་ཆུ་སྣ་ཚྭ་སྣ་དུག་སྣ་དང༌། །སྨན་སྣས་ཚ་ངར་འདོན་པ་ཁྱད་པར་ཡིན། །མ་ནིང་གྲང་ཆུ་རྗེས་སུག་ཚ་འོ་ཡིས། །སྦྲུས་པའི་འཇིམ་པ་གཡོགས་པས་གྲང་ངར་འདོན། །ལྕགས་ལ་ངར་གྱིས་བརྒྱན་པ་ཞེས་སུ་གྲགས། །མགར་ལ་མཁས་པ་སོག་པོ་ཐུབ་རྒྱལ་དང༌། །བུད་མེད་གྲི་ལ་བཟོ་བ་ཞང་བཟའ་མོ། །ཧ་གེ་ཧོར་དང་གྲི་བཀུམ་བཙན་པོའི་དུས། །ལི་བྲི་སྤུན་དགུ་འཇའ་ཡུལ་ཐལ་མགོ་སོགས། །བཟོ་ཁྱད་ཆུབ་པས་བྱས་པའི་རལ་གྲི་ནི། །ཆོད་ཚད་ཕལ་པའི་བརྒྱ་འགྱུར་ལ་སོགས་ཡོད། །ཁྱད་པར་ཁབ་ལེན་ལྕགས་ནི་རིགས་བཞི་ལ། །འགུགས་དང་གཅོད་དང་འབིགས་དང་སྐོར་བྱེད་བཞི། །དང་པོས་ས་ལས་རྒྱ་ཁབ་ལེན་པ་ཡིན། །གཉིས་པས་ལྕགས་གཞན་གཅོད་ལ་གསུམ་པས་འབིགས། །སྐོར་བྱེད་ལྷུན་པོའི་ངོས་ལ་ཁབ་ལེན་གྱི། །བྲག་རི་ཡོད་པས་ལྕགས་གཞན་རང་ཕྱོགས་ལ། །བསྐོར་ཚུལ་ཙི་ནའི་ཕྱོགས་བརྟན་འཁོར་ལོས་མཚོན། །དེ་བཞིན་རྒྱལ་ཁབ་དེ་ཡི་ལྕགས་རི་ལ། །ལྕགས་ཀྱི་ཕྱག་རྡོར་བར་སྣང་ལྡིང་བ་ཆག་ལོའི་ལམ་ཡིག་ལས་གསལ་ཡང༌། །ཁབ་ལེན་ལས་བྱས་ལྕགས་རིའི་འཕྲུལ་དུ་སྨྲ། །དུག་ལྕགས་རྡོ་སོལ་ལས་གཞན་བཞུ་མི་ནུས། །གནམ་ལྕགས་རིགས་ལྔར་འབྱུང་ཞིང་སྒྲ་དབྱངས་རིང༌། །སྣུམ་ཞག་ཆེ་ལ་ངམས་


JLAZ007_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ནག་དངས་ཆ་ཆུང༌། །གདོན་བགེགས་འཇོམས་པའི་གཉེན་པོ་ཡིན་པས་ན། །གཏེར་ཕུར་རྩོད་མེད་འདི་དང་འགུགས་བྱེད་མང༌། །ཐོག་ལྕགས་ལི་འདྲ་ས་རུམ་བསྐལ་པ་རུ། །གནས་ཀྱང་བཙའ་ཡིས་མི་འཇིག་གཟུགས་བརྙན་ཅན། །ཁ་དོག་དཀར་སེར་དམར་ནག་མང་བ་ཡིན། །གཤའ་འམ་ཀླུ་ནི་གཤའ་རྡོ་བཞུས་ལས་འབྱུང༌། །རྒྱ་གར་རྒྱ་ནག་ལས་བྱུང་དཀར་ལ་མཉེན། །བོད་ཀྱི་གཤའ་དཀར་འབྲིང་ལ་གཤའ་ནག་ངན། །ཚ་བ་རོང་ནས་དོན་པའི་གཤའ་དཀར་དང༌། །འཇུས་ནས་ཐོན་པའི་གཤར་ནག་གཉིས་སུ་སྲིད། །རྨ་གསོ་གདོན་འཇོམས་སྤུ་ནག་དངུལ་ཆུ་འཆིང༌། །ཏི་ཚ་སྔོ་དམར་རྡོ་རིགས་གཉིས་ལས་ཏེ། །དངུལ་བས་སྔོ་མདངས་ཆེས་ཆེ་སོ་བར་གསེག །སྟོད་ནས་ཐོན་པ་མོ་རིགས་ལྟེབ་མོ་བཟང༌། །སྨད་ནས་བཅག་འཕྲོ་ལྟ་བུ་ཕོ་རིགས་ངན། །གང་ཡང་སོལ་མེར་བསྲེགས་ན་དུད་པར་ཡལ། །མིག་ནད་སྤྱི་དང་ལིང་ཏོག་འཇོམས་པའི་མཆོག །ཟི་ལ་རྒྱ་ནག་གནས་འོང་གཤའ་དཀར་འདྲ། །དེ་ལས་སྲ་ཞིང་སོ་བར་བལྡད་མི་སེག །ཟངས་རག་ལ་བསྲེས་ཏོང་དཀར་ཏོང་དམར་འབྱུང༌། །བཏུལ་མས་རེག་དུག་ནད་ལ་ཕན་པའོ། །ཁྲོ་ནི་རྡོ་བཞུས་ལས་བྱུང་བརྡུང་དུ་མེད། །གདོན་གཟེར་འབུ་སྲིན་ལ་སྦྱར་དུག་ནད་སེལ། །ཞ་


JLAZ007_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་དངུལ་རྡོ་འདྲ་བའི་རྡོ་ལས་སམ། །དངུལ་གྱི་ཐལ་གདན་ལས་དང་ས་འོག་ནས། །འབྱུང་བའི་རྡོ་བ་ལྗང་སར་ལྕི་ལྡན་གསུམ། །བཞུ་བའི་ཁུ་བ་དཀར་དམར་གཉིས་སུ་འབྱུང༌། །དུག་ནད་ཤ་རོ་འཇོམས་པའི་ནུས་པར་ལྡན། །དེ་ལྟར་འཇུ་བའི་ཁམས་ཅན་བཅོ་ལྔ་ལས། །ཟངས་ལ་སྟོད་གཤའ་བརྒྱད་དང་དྲུག་སྐོར་བསྲེས། །དེ་ལས་འཁར་བ་དཀར་དམར་འབྱུང་བ་ཡང༌། །ནེ་པ་ལ་ལས་ཨར་ལི་དངོས་རྒྱུད་དག །ར་གན་ལ་ནི་རྒྱ་རག་བོད་རག་གཉིས། །ཕོ་རག་སྐྱ་ལ་མོ་རག་ལྗང་སེར་ཏེ། །རག་རྡོ་དང་ནི་ཏི་ཚ་བསྲེ་ལུགས་ཁྱད། །སེར་མདངས་ཤིན་ཏུ་ཐོན་པ་གར་ནག་རག །ལི་ལ་རང་བྱུང་བཅོས་བུ་གཉིས་སུ་ཡོད། །རང་བྱུང་སིངྒ་ལའམ་ལི་ཡུལ་གྱི། །རི་བོ་རྒྱལ་བས་བྱིན་བརླབས་ལི་རྡོའི་ཞུན། །བཅོས་བུ་བོད་ལ་སོགས་པར་བྱུང་བ་སྟེ། །གསེར་དངུལ་ཟངས་ལྕགས་གཤའ་དང་ཏི་ཚ་དང༌། །ཟི་ལ་ཁྲོ་དང་ཞ་ཉེ་རྣམ་པ་དགུ། །ཀུན་ནས་འདུས་སམ་གཙོ་ལ་འཁོར་དུ་ལྡན། །དམན་པ་བསྲིངས་ལས་བཟང་ངན་ཁྱད་པར་ཆེ། །དེ་ཡང་མདོག་ལི་སྐད་ལི་གཉིས་སུ་ཡོད། །མདོག་ལི་སྐུ་གསུང་ཐུགས་རྟེན་གསུམ་ཀར་གཅེས། །གཤའ་རིགས་དྲུག་ལ་ཟངས་ཀྱི་སྐོར་ཐང་དང༌། །ཏི་ཚ་གསེར་དངུལ་བསྲེས་པ་མདོག་ལི་སྟེ། །བསྲེ་ལུགས་ལག་རྒྱུན་མཁས་པས་ལི་


JLAZ007_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དང༌། །ལི་དམར་ལི་སྨུག་ལི་ནག་འབོལ་ཞག་ཅན། །སྐད་ལི་ལ་ནི་ཟི་ལ་བསྲེ་བ་གནད། །དེང་སང་ཁ་ཆུར་ཡུལ་ནས་དོན་པའི་རྡིག །སྐུ་རྒྱུར་བསྲེས་ནས་ཁྱད་པར་འཕགས་པའི་རྒྱུ། །དེ་དག་ཀླ་ཀློའི་ཆོས་ལུགས་འཛིན་པའི་ཕྱིར། །སྔོན་བྱུང་སྐུ་གསུང་ཐུགས་རྟེན་ཁྱད་པར་ཅན། །སྦྱངས་ནས་དཔྱད་པ་བཟོ་ན་མི་ཁོམ་པའི། །གནས་ངན་ལེན་ལའང་སྐྱོ་བ་བསྐུལ་བྱས་ནས། །ཇི་ལྟར་བཤད་པའི་དགོས་པ་རིན་པོ་ཆེ། །རྙེད་ན་བསོད་ནམས་དམ་པའི་ཟོང་ཉོས་ཤིག །དེ་སྐད་དུ་ནི་དཔའ་བོ་ཡིས། །ཁྱོད་ཀྱིས་མཐོ་རིས་བྱང་གྲོལ་གྱི། །ཐེམ་སྐས་མི་མཉམ་མཉམ་པའི་ཕྱིར། །བསོད་ནམས་ལས་བྱུང་བཟོ་རིག་ཆེ། །རྟག་ཏུ་ལྷ་ཁང་དག་ཏུ་བསོགས། །ཞེས་སོ།། །།གཉིས་པ་དེ་ལ་བརྒྱན་པར་འོས་པ་ཡི། །རིན་པོ་ཆེ་ཡི་རྣམ་དབྱེ་བཤད་ཀྱིས་ཉོན། །འཇིག་རྟེན་གང་ན་སྙིང་པོས་བཏང་བའི་ལུས། །སོ་བྱས་ཉ་ལ་བཞིན་དུ་འཆི་བདག་གིས། །བདེ་བླག་ཉིད་དུ་སྒྲེན་མོར་བྱེད་པ་ལ། །ནོར་བུའི་དོ་ཤལ་དཔྱང་བ་ཤིན་ཏུ་བླུན། །དེ་ཕྱིར་རིན་ཆེན་རྙེད་ཙམ་བསོད་ནམས་མིན། །བྲམ་ཟེ་དགེ་བས་བཛྲ་ཨ་ས་ནའི། །མ་ཧཱ་བོ་དྷི་བཞེངས་ཚེ་ག་ཤེད་ནས། །ཨཏྨ་གརྦྷ་རྙེད་པ་སྤྱན་འབྲས་དང༌། །ཨིནྡྲ་ནཱི་ལ་མཛོད་སྤུར་ཕུལ་བ་ལས། །


JLAZ007_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོའང་ནོར་བུའི་འོད་ཀྱིས་གསལ་བ་ལྟར། །རྒྱལ་དང་དེ་སྲས་རྣམས་ལ་རྒྱན་མཆོག་གིས། །མངོན་པར་བརྒྱན་པར་བྱ་ཕྱིར་དོན་འདི་བཤད། །དེ་ལ་བཞུ་བ་མ་ཡིན་རིན་པོ་ཆེའི། །དང་པོ་བཻཌཱུརྱ་ལ་རིགས་གསུམ་གྱི། །མཆོག་ནི་བྱི་ལ་མིག་སྟེ་སེར་ཞིང་བཀྲག །གསོན་པའི་མིག་འདྲ་མཚན་མོ་འོད་ཟེར་འབར། །དེ་བཞིན་མེ་ལ་བཅུག་ན་བཀྲག་མདངས་ཆེ། །ཁོང་དངས་གསེར་སྐུད་ལྟ་བུའི་ཟེར་གདངས་མང༌། །རིན་ཐང་གླིང་བཞི་དང་མཉམ་སྦྲུལ་དུག་བསྲུང༌། །མཉྫུ་བཻཌཱུརྱ་ཞེས་གྲགས་པ་ཡིན། །སུ་ག་ཏ་ནི་ཁ་དོག་ལྗང་གུ་ལ། །མཚན་ཕྱེད་འོད་ཟེར་འབར་བས་མུན་པ་འཕྲོག །དཀར་ལ་འོད་ཟེར་མེད་པ་ལ་ནུ་སྟེ། །རིམ་པས་དམན་ལ་གསེར་སྐུད་ལྟ་བུ་ཡང༌། །སྔ་མ་སྔ་མའི་སུམ་ཆ་ཙམ་གྱིས་ཉུང༌། །འདི་དག་ས་འོག་སྲན་ཆུང་ཙམ་གནས་ཀྱང༌། །ནམ་མཁའ་འོད་ཀྱིས་གང་ཞེས་རྒྱུད་ལས་བཤད། །བཅངས་དང་འོད་ཟེར་འཕོག་པས་ནད་ཀུན་སེལ། །ཨིནྡྲ་ནི་ལ་ཁ་དོག་ལས་སྨོས་ཏེ། །རིགས་ཅན་གསུམ་ལས་མཆོག་ནི་སྟོན་གནམ་འདྲ། །སྟེང་དུ་དར་རས་བཞག་ན་རང་གི་འོད། །དེ་ལ་གདུགས་ལྟར་འཁོར་ཏེ་སྔོན་པོར་འགྱུར། །ནཱི་མ་ལ་ནི་སྔ་མ་ལྟ་བུ་ལས། །བཀྲག་མདངས་དེ་ཡི་སུམ་ཆ་ཙམ་ལས་མེད། །ཀ་ཀ་ནཱི་ལ་སྔ་མ་


JLAZ007_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས་ནག །རང་འོད་ཉི་མ་གང་ཡོད་ཕྱོགས་ལ་སྦྲེལ། །ཟུར་ཆག་སྒྲ་ལས་ཨནྡ་རྙིལ་ཞེས་གྲགས། །དབང་པོའི་རྒྱན་ཡིན་རིན་ཐང་རིམ་པ་ལྟར། །གསེར་དང་སྟོད་སྐོར་བརྒྱ་དང་བཅུ་ཕྲག་གོ །ནད་དོ་ཅོག་རྣམས་སེལ་བའི་སྨན་མཆོག་ཡིན། །དེ་བཞིན་རྡོ་ཡི་སྙིང་པོ་མ་རྒད་ལ། །མ་ར་ཀ་ཏི་ཞེས་ཀྱང་གྲགས་པ་སྟེ། །ཁ་དོག་སྔོ་ལ་དྭངས་པ་རབ་ཡིན་ལ། །སྔོ་སྐྱ་འབྲིང་པོ་དཀར་ལ་དམར་མདངས་ཞེར། །ཁ་དོག་ལྗང་སྔོན་དག་ཀྱང་བཤད་པ་ཡོད། །ཀུན་ཀྱང་དངས་ལ་ཚེ་ཚད་སྟར་ཁ་ཙམ། །ནད་ལ་ཕན་པ་ལགྨན་སིངྒར་འབྱུང༌། །པདྨ་རཱ་ག་ལ་ནི་རིགས་དགུ་སྟེ། །དུར་དམར་དྭངས་པ་པདྨ་རཀྟ་སྟེ། །སོར་གསུམ་ཙམ་དུ་རང་འོད་གསལ་བ་ཡིན། །དམར་སྨུག་དྭངས་པ་ཧ་རི་གོ་རི་སྟེ། །ཟེར་གདངས་དམར་སེར་གཉིས་ཀ་ཡོད་པ་ལེགས། །པུ་ཥྤ་དམར་སྨུག་རང་གི་བདུན་འགྱུར་འོད། །ཛ་ཏི་མཚམས་སྤྲིན་མདངས་ལ་འོད་ཁྲུ་གང༌། །ལ་ལ་སོལ་མེ་ལྟར་བཀྲག་འོད་སོར་གསུམ། །མུ་ལ་སེ་འབྲུ་སྨིན་འདྲ་འོད་ཟེར་དམར། །སྦུག་ནི་དམར་ལ་འོད་ཟེར་སོར་དོ་ཙམ། །རྣམ་རྒྱལ་མེ་འདྲ་འོད་ཟེར་སོར་མོ་གང༌། །གོ་མོ་ད་ནི་ཕྱི་བལྟས་མཆིན་ཁ་ལ། །ནང་ནི་མེ་འདྲ་མཁའ་ལ་བཏེག་ན་ཟེར། །ཀུན་ཀྱང་འོད་ཟེར་ཕྱོགས་གཅིག་འཕྲོ་བ་ཡིན། །


JLAZ007_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཚད་མཐེབ་མཛུབ་ཙམ་ནས་ཙུ་ཏའི་འབྲུ། །ཙམ་པའི་བར་ལ་ངེས་པ་མེད་པ་ཡིན། །སིངྒ་ལར་འབྱུང་ནད་གདོན་གཉིས་ཀར་ཕན། །འདི་དག་ཕལ་ཆེར་རིན་ཐང་ཅན་དུ་འདོད། །ཆུ་ཤེལ་ལམ་ནི་ཙནྡྲ་ཀནྟི་ནི། །དཀར་ལ་སྔོ་དྭངས་ཅུང་ཟད་ལྡན་པ་སྟེ། །བཅོ་ལྔའི་ཟླ་པ་ཉ་དང་ཟེར་འདྲེས་པས། །ཆུ་ཐིགས་གྲང་མོར་འབབ་པ་ས་ཤེལ་རིགས། །བཅངས་ནས་ཙད་སེལ་བ་ཁ་ཆེ་དང༌། །མ་ལ་ཝར་འབྱུང་བོད་དུའང་མངོན་རྟོགས་སྲིད། །ཀརྟི་ཀའམ་ཀེ་ཀེ་རུ་ལྗང་སེར། །ཆུ་ཡི་ནོར་བུ་གངས་སམ་ཆབ་རོམ་ལོ། །སྟོང་ཕྲག་ལོན་པ་ཁ་དོག་ལྗང་སེར་རམ། །ཁྲ་བོར་བཤད་པའི་ཕྱོགས་གཉིས་ངོ་བོ་སྤུག །རཱ་གའི་སྤུག་དང་མ་ནོར་ཚད་པ་སེལ། །གངས་ལྡན་བྲག་འགར་ཆུ་ཐིགས་འབབ་མ་རག །རྡོ་བ་སྔོ་ཟར་འདྲ་བ་ཆགས་པ་ཡང༌། །པུ་ཤ་ལོ་གྲངས་མ་རྫོགས་ཉིད་དུ་ངེས། །མེ་ཡི་འཇིགས་པ་སྐྱོབ་པའི་ཆུ་སྙིང་ནི། །ཁ་དོག་དཀར་ལ་སྔོ་བ་ཤེལ་ལྟར་དྭངས། །ཆུ་ནང་བཅུག་ན་འདྲེས་པ་ཀླུང་ལ་བརྟག །མེ་སྟེང་བཞག་ན་མེ་ཡང་མོད་ལ་འཆི། །སྲན་སྦོས་ཙམ་པ་ཕྱུར་བུའི་དབྱིབས་སུ་འོང༌། །ངོ་བོ་ཆུང་ཡང་གསེར་སྲང་རི་བ་ཡིན། །ནི་ལ་ཚ་ནི་མེ་ཡིས་མི་འཇིག་སྟེ། །སྔོན་བས་ཆེས་ཆེ་རྒྱ་གར་ཕལ་ནས་འབྱུང༌། །ཙུ་ཏ་མ་ནི་ཁ་དོག་སེར་པོ་ལ། །གང་བལྟས་ཕྱོགས་


JLAZ007_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མིག་གི་རི་མོ་མངོན། །འོད་ཟེར་མི་འཕྲོ་གྲིབ་གདོན་རྨི་ངན་བསྲུང༌། །སི་རཀ་ཞེས་བྱ་སེར་དྭངས་དོ་ཀེར་འོད། །སོར་གསུམ་འཕྲོ་དང་གཉིས་ཀ་མེས་མི་འཇིག །འདི་དག་ཧོ་རྨུ་ཙ་དང་ཀ་ལིངྐ། །མུ་རྩེ་ར་ཏ་ཞེས་པའི་ཡུལ་ལས་འོང༌། །ཁྱད་པར་ཆུ་ཡི་སྙིང་པོ་རིན་ཐང་ཅན། །ནི་ཙུ་ལ་ནི་ཁ་དོག་སེར་པོ་ལ། །ཀུན་ནས་མིག་རིས་གསལ་ཞིང་ཉི་མའི་སར། །ལག་མཐིལ་དུ་བཞག་མོད་ལ་ཆུ་འབྱུང་ཞིང༌། །ཁ་ནང་བཅུག་ན་སིམ་པ་ཐོབ་པ་སྙམ། །འདི་ནི་གནམ་ཐོག་འབབ་སར་ཐོག་ལྕགས་ལས། །བྱས་པའི་ཡོལ་གོ་ཆུས་བཀང་དེ་ཡི་ནང༌། །འཁར་གཞོང་བཟེད་པས་ནོར་བུ་དེ་རུ་འབབ། །འཁར་གཞོང་བཤིག་ཀྱང་ནོར་བུ་ཆུ་ནང་ལས། །གཞན་དུ་མི་འཕོ་ཐོག་གི་འཇིགས་པ་བསྲུང༌། །ཨཏྨ་གརྦྷ་ལ་ནི་རིགས་གཉིས་ཏེ། །ངོ་བོ་གནག་སྣུམ་དམར་མདངས་ཆགས་པ་ལས། །ཅུང་ཟད་གསལ་དྭངས་ཆེ་ལ་དྲུ་མར་གྲགས། །ཆུ་ནང་རྡོ་ལས་སྐྱེས་པས་རྡོ་སྙིང་སྟེ། །མཆིན་དུག་སེལ་ལ་མཆོག་ཏུ་བསྔགས་པ་ཡིན། །ཏོ་ར་མ་ཎི་ཞེས་བྱ་རིགས་གསུམ་སྟེ། །ཁ་དོག་ལྗང་གུ་འོད་སོར་དོ་པ་དང༌། །ཤཀྐ་མདོག་ནག་མིག་འབྲས་འདྲ་བ་རང༌། །ཀ་ན་ཀ་ནི་གསེར་གྱི་འོད་ཅན་ནོ། །པུ་གནྟི་ལ་རིགས་གཉིས་རཀྟ་ནི། །ཟངས་ཀྱི་མདོག་ལ་འོད་སོར་ཕྱེད་པ་སྟེ། །ནཱི་ལ་སྔོ་


JLAZ007_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ནག་འོད་སོར་གསུམ་པ་ལེགས། །ཟུར་གསུམ་རང་བྱུང་མ་ག་ངྷཱ་ནས་ཐོན། །ཛ་ཏི་རུ་པ་རིགས་གཉིས་སྔོ་སྐྱ་དང༌། དམར་སྐྱས་དབྱེ་སྟེ་གཉིས་ཀ་བླང་བའི་དུས། །རྡུལ་ཆུ་བཞིན་དུ་འགྲོས་སྐྱེན་ཁ་ཆེར་ཡོད། །སྲིད་སྤེལ་བྱིས་གདོན་ཐུབ་པས་ཞོ་བརྒྱ་རི། །པཱ་ནའམ་རྨ་བྱའི་མགྲིན་འདྲ་སྔོན་པོ་ལ། །རི་མོ་ནག་པོ་ཕྲ་མོ་མངོན་ཙམ་པ། །དེ་ཝི་ཀོ་ཊ་ནས་འབྱུང་ཚ་བར་ཕན། །ནལ་ནི་མཆིན་མདོག་དྭངས་ཤས་ཆེ་བ་ལ། །དུང་གི་སྟེང་བཞག་དེ་ལ་དམར་མདངས་འཕོ། །ཆེ་ཤོས་མཐེབ་ཙམ་གྲུ་བཞིར་ཡོད་པ་མང༌། །སྨུག་པོས་དུག་དང་དམར་པོས་མཆིན་ཁྲག་སེལ། །བྷཻ་རོ་ལ་ལ་དྷ་ལ་སིངྒ་གཉིས། །དྷ་ལ་མདོག་སེར་མཐེ་བོང་ལྡབ་འགྱུར་ཙམ། །སེར་གདངས་བཞི་འཕྲོ་སིངྒ་ལར་འབྱུང་བཟང༌། །གཡུ་སྦྲང་མདོག་འདྲ་ཟེར་མེད་ཆུང་བ་ངན། །ཤངྐ་ཤི་ལ་མེ་ཤེལ་དཀར་པོ་སྟེ། །ཉི་འོད་དྭངས་ལ་མེ་འབྱུང་ཁ་ཆེ་དང༌། །མཎྜ་ལར་འོད་གྲང་ནད་གཟའ་གདོན་བསྔགས། །རྒྱ་ཡི་འདྲ་ཅོག་ཝུ་བ་ཅན་དུ་ཡོད། །ཁྱུང་གིས་རྒྱ་མཚོར་ནོར་བུ་མིད་སྐྱུགས་པས། །ཁྱུང་སྐྱུགས་ཞེས་གྲགས་གཞི་གདན་ལྗང་སྐྱ་མང༌། །གཞན་དུ་ཁ་དོག་རིགས་ལྔས་གྲ་རིགས་དབྱེ། །ཁྱད་པར་ཅན་ནི་མཁའ་ལྡིང་རྫུས་སྐྱེས་ཀྱིས། །དུག་སྦྲུལ་ཟོས་པས་སྐྱུག་ཅིང་འཆི་བའི་ཚེ། །ལུས་ནི་ཞུགས་སྦྱངས་དོན་སྙིང་བཻཌཱུརྱའི། །


JLAZ007_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོར་གྱུར་པ་བརླ་ཙམ་ཤིན་དུ་སྔོ། །དབང་པོས་ཐོབ་ན་གཙུག་ནོར་བྱེད་ཟེར་ཡང༌། །ཁང་བཟང་རྣམ་པར་རྒྱལ་བའི་ཀ་བ་ནི། །བརྒྱད་ཁྲི་བཞི་སྟོང་ལྷ་ཡི་བཻ་ཌཱུརྱ། །སྔོན་པོར་མདོ་ལས་གསུངས་པ་མ་མཐོང་ཉམས། །འཁོར་ལོས་སྒྱུར་ཐོབ་ཁྱད་ནོར་བྱེད་པས་དཀོན། །ཕལ་པ་གཡུ་རྙིང་འདྲའོ་མཐིང་མདངས་ཅན། །མཁའ་ལ་བཏེག་ན་ཕྱི་ནང་བསྒྲིབ་མེད་གསལ། །དམའ་སར་འབོལ་ཉམས་ཤེལ་ལྟར་དྭངས་པ་རབ། །ཀོང་ཡུལ་ནད་རྡོ་ལྗང་སེར་འདྲ་ཅོག་ཙམ། །གཞི་ལྡན་དཀར་ལ་སྔོ་དམར་ལྗང་སེར་འདྲེས། །ཤང་ཤང་གིས་འཁྱོངས་དཀར་གྱི་ཕྲ་མེན་གྲགས། །སྦྲུལ་གྱི་ཁ་ནས་བྱུང་བའི་ནོར་བུ་ནི། །ཁ་དོག་སེར་པོ་ཆུ་ལ་མི་བྱིང་དངོས། །དུག་ནད་བསྲུང་བ་ཙི་ནའི་ཡུལ་ནས་འོང༌། །ཏར་མི་དཀར་སྨུག་ཁྲ་དང་ཞུ་ཧུ་རྫིང༌། །མཆིང་བུའི་རིགས་རྣམས་དངས་ཆ་ཆུང་བ་ཡིན། །ཀྲིཥྞའི་རྭ་ནི་གཅུས་ཤིང་ཁྲུ་གང་ཙམ། བསེ་རུ་སྣ་གོང་ལ་ཡོད་འཆི་བའི་ཚེ། །སྒྲ་བཅས་ཡར་བས་གཟུགས་དང་ལྷན་ཅིག་མིན། །སྡེར་ཆགས་སྟག་གི་རྭ་ཅོ་ནག་གོ་སོར་གང་ཙམ། །བྱུ་རུའི་མདོག་ཅན་དེ་བཞིན་ཅེ་སྤྱང་རྭ། །ཤ་བ་ཡུ་མོའི་རྭ་ཅོ་མཐེ་བོང་ཙམ། །རྟ་ཡི་རྭ་ཅོ་རྣ་བའི་ནང་དུ་འོང༌། །ཆ་བདུན་ལ་འོས་གླང་པོའི་མཆེ་བ་ནི། །ག་ཛ་དནྟ་ཞེས་གྲགས་ཐལ་ཀར་ཆེ། ནག་པོ། །རབ་


JLAZ007_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གྱུར་ལ་མཆེ་བ་དྲུག་ཡོད་པ། །གང་ལས་ཐམས་ཅད་ནོར་སྣར་འདོད་པ་འཁྲུལ། །རྡོ་བ་ཆར་འབེབས་རྐྱང་ལས་འབྱུང་བ་མང༌། །ཀླད་རྡོ་ཞེས་གྲགས་སྲོག་ཆགས་མ་ངེས་པའི། །ཀླད་པའི་སྙིང་པོ་རྡོ་བར་གྱུར་པ་ནི། །ངང་སྐྱ་ཀླད་པ་དངོས་དང་འདྲ་བ་ཡིན། །དེ་ཉིད་ཆུར་བཅུག་ཆར་པ་འབེབས་ལ་བསྔགས། །ཆར་དབབ་ཆུ་གནས་སྲོག་ཆགས་ལས་བྱུང་བཟང༌། །དབང་པོའི་རིལ་བུ་རྒྱལ་རིགས་ལ་སོགས་པ། །རིགས་ཅན་བཞིར་བཤད་དཀར་པོ་མཆོག་ཡིན་ལ། །དེ་བཞིན་དམར་དང་ངང་སེར་སྔོན་པོ་སྟེ། །གླ་བ་གླང་ཆེན་རྨ་བྱ་ར་རྒོད་སྦྲུལ། །ཕོ་ལོང་གྲོད་པའི་ནང་བྱུང་སྦྱར་དུག་སེལ། །སྔོན་བྱུང་བདུད་རྩིའི་ཟེགས་མ་འཐོར་བའི་རྒྱུན། །སྲོག་ཆགས་ཁར་སོང་དེ་ལས་ཆགས་པ་ཡིན། །ནང་ན་ཆུ་ཐིགས་བྱུང་ན་བདུད་རྩི་དངོས། །ལྕིད་ལ་ཙནྡན་ལྟར་གྲང་སོ་མི་སེག །ཐུན་པ་རིམ་ཅན་འབོལ་ཞག་ཆེ་བ་ཡིན། །ཉམས་མེད་རྣམས་ལ་སྐྲན་དང་འཛོལ་ས་ཡོད། །དེ་བཞིན་གླ་བའི་རྩི་རིལ་འོད་ཅན་ནག །སྦྲུལ་དུག་བསྲུང་བ་དང་ཡང་ཕྱེད་པ་གཅེས། །མུ་ཏིག་མིང་ཅན་དྲུག་ལས་དང་པོ་ནི། །ངོ་བོ་ཉིད་ཀྱི་དམར་བས་རཀྟ་སྟེ། །རྒྱ་མཚོར་གནས་པའི་སྲོག་ཆགས་དམར་པོ་ཡིས། །བདུད་རྩིས་མཚུངས་པའི་ཆར་ཆུ་འཐུངས་པ་ལས། །གྱུར་པ་མཆོག་སྟེ་གསེར་


JLAZ007_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅུ་སྐོར་ཐང༌། །ག་ཛ་མུ་ཏིག་གླང་པོ་ཕལ་པ་རྣམས། །ཟིལ་གྱིས་གནོན་པའི་གླང་མཆོག་སྤྱི་བོའམ། །མཆེ་བའི་ནང་འབྱུང་འཇམ་འབྲས་ཙམ་པ་ལ། །དཀར་ལ་བཀྲག་ཆེ་གསེར་གྱི་བཅུ་སྡེ་བྱེད། །སརྦ་མུ་ཏིག་སེ་འབྲུ་རློན་པ་འདྲ། །སྦྲུལ་གྱི་ཀླད་པ་ལས་བྱུང་གསེར་དང་བརྗེ། །ཤི་སམ་མུ་ཏིག་ཉ་ཕྱིས་ཆ་ཡང་རྩེ། །ཆར་ཆུ་འཐུངས་འབྱུངས་དཀར་ལ་འཇའ་མདངས་ཅན། །གསེར་དང་འདབ་འཕར་བ་ཡུ་མུ་ཏིག་ནི། །རྒྱ་གར་ལྷོ་ཕྱོགས་དུ་ཡའི་ལྗོན་ཤིང་གི །འདབ་མར་ཆར་ཆུའི་རྐྱེན་གྱིས་ཆགས་པ་ཡོད། །རཾ་པ་མུ་ཏིག་ཤར་ཕྱོགས་གླིང་ཕྲན་དུ། །ཀེ་ལའི་འདབ་མར་ཆགས་ཚུལ་གོང་དང་འདྲ། །རིམ་པས་གསེར་འབུན་ཞོ་གང་བཞི་ཆ་རི། །ཕལ་པ་བཞི་ཡི་ནང་ན་ནག་པོ་མཆོག །རྒྱ་ཏིག་དཀར་ལ་ཨ་མདོ་སྔོ་བ་ཡིན། །སྦྱར་ཏིག་སོབ་ལ་ཤུན་པ་ཅན་དུ་འབྱུང༌། །ཀླད་པ་འཛག་གཅོད་དུག་ནད་ཞི་བའི་སྨན། །ཉ་སྐྱོགས་དང་ནི་པ་ཏྲ་ཞེས་བྱ་བ། །འབུ་སྐྱོགས་རིགས་ཡིན་ནུས་པ་མུ་ཏིག་མཚུངས། །རྡོ་ཡི་རྒྱལ་པོ་གཡུ་ལ་འཕགས་ཡུལ་དུ། །རིགས་བཞིར་དབྱེ་ཡང་བོད་དུ་གཡུ་རྙིང་གསུམ། །བར་གཡུ་གཉིས་དང་གཡུ་གསར་གསུམ་དུ་གྲགས། །དང་པོ་གསུམ་ནི་མཆོག་ཏུ་གྱུར་པ་སྟེ། །སྔོ་གདངས་དཀར་ལ་མུན་པར་བཀྲག་པ་


JLAZ007_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །དམར་དམས་སྣུམ་ལ་དྲུག་དཀར་དྲུག་དམར་བཏགས། །གང་དང་བསྒྲིགས་ཀྱང་མི་འདྲེ་ཆེས་བཀྲག་ཅིང༌། །གཉི་ག་ཟིལ་གནོན་གཡུ་སྤྱང་ཞེས་སུ་གྲགས། །བཀྲག་པའི་ཚད་ལ་སེམས་ཡོད་འགུལ་བ་སྙམ། །བར་གཡུ་གཉིས་ནི་གོང་ལས་བཀྲག་ཞག་ཆུང༌། །དམར་ངམས་བར་དམར་འོ་ཁ་ཅན་གཡུ་སྔོན། །གཡུ་གསར་བརྟག་སླ་འཇིག་རྟེན་གཡུ་དང་ཆེ། །མ་དྲོས་ལས་འོད་རྒྱ་ནག་ཞང་ཞུང་དང༌། །གངས་ཅན་གསུམ་ལས་རྒྱ་གར་ལས་མི་འབྱུང༌། །བྱེ་རུ་ལ་ནི་དམར་ནག་དཀར་པོ་གསུམ། །རྒྱ་མཚོའི་འགྲམ་དང་གྲུ་གུའི་ཡུལ་གྱི་མཐའ། །བྲག་སེར་ཆུ་དང་བྱེ་མ་འཐབ་སར་སྐྱེ། །རྒྱལ་མོ་ལག་གཡས་ལ་སོགས་ཤིང་གི་དབྱིབས། །དེ་ཡང་རླན་གཤེར་ཆེ་སར་སྐྱེས་ན་དམར། །སྐམ་སར་ཚད་པས་གདུངས་པས་སྐྱ་བ་ཡིན། །ནག་པོ་སོ་ཀི་དྷ་རིའི་གླིང་ནས་འབྱུང༌། །དཀར་པོ་དུང་དང་འདྲ་ཡང་ནོར་མིག་ཡོད། །བྱེ་རུ་ཡང་ཞིང་གཞན་དག་ལྕི་བས་ཤེས། །སྤོས་ཤེལ་ལ་ཡང་རང་བྱུང་བཅོས་བུ་གཉིས། །རང་བྱུང་ཐང་ཆུ་རྒྱ་མཚོར་ལྷུང་ལས་བྱུང༌། །ཁ་ཆེ་ཤིང་ཏོག་སྨིན་འདྲ་སེར་ལ་ལུམ། །དམར་ལ་དངས་ཆ་ཆུང་བ་སྟོད་ཧོར་ཏེ། །དཀར་སྐྱ་སྤྲིན་རིས་ཆེ་བ་སོག་པོའི་ཡིན། །བཅོས་བུ་ཐང་ཆུ་ཁ་ཆེ་ག་པུར་གསུམ། །བསྲེས་པས་ལྤུ་བ་ཤར་དང་འགའ་


JLAZ007_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལ། །སྲོག་ཆགས་ཚུད་དང་ཚུད་ཤུལ་ཡོད་པ་ཡིན། །སྦུར་མ་ལེན་པས་སྦུར་ལེན་ཞེས་ཀྱང་གྲགས། །འདོད་ཚུལ་གཅིག་ཏུ་ནི་མ་རི་པ་ཏ། །ཞེས་པའི་རྡོ་དཀར་ན་རི་ཀེ་ལའི་ཆུས། །སྦྲུས་ལ་མཚལ་དང་ཡུང་བ་མཉམ་བསྲེས་པ། །ཤེལ་དང་སྦ་སྣོད་བསྙལ་ནས་ཆགས་ཞེས་ཟེར། །མིག་འགྲིབས་འབྱེད་པ་སྤོས་ཤེལ་རྙིང་མར་འདོད། །མུ་མེན་རིགས་གསུམ་གསེར་ཐིག་ཡོད་པ་དང༌། །སྔོ་ནག་བསླད་མེད་མཐིང་ཤུན་འདྲ་བ་དང༌། །སྔོ་སྐྱ་ཁྲ་ཐིག་ལྡན་ལ་རིམ་པ་བཞིན། །གསེར་མཐིང་གཡུ་ཡི་མུ་མེན་བརྡ་ཆད་བཏགས། །གཟི་ལ་སྟག་ལོག་རྐང་རིང་ཁྲ་ཆུང་གསུམ། །དང་པོ་དབྱིབས་ཟླུམ་བར་བ་འགྱུར་དགུ་འདི། །མིག་ལ་ཕྱེས་དང་ཆུ་ནང་ཞག་བཞག་ནས། །ཆུ་ལྕག་བརྡེག་དང་བཏུངས་པས་ཁྲག་གཟེར་དང༌། །གཟའ་ནད་ལ་ཕན་ལྡེའུར་སྦྱར་བྱས་ནས། །བྱ་གདོན་གཟིར་དང་སྟེང་གདོན་བསྲུང་ཞེས་བཤད། །ཁ་དོག་འདྲེས་དང་གཟི་དཀར་འབའ་ཞིག་ཡོད། །ཕྱི་ནང་བསྒྲིབ་པ་མེད་ལ་མཆོང་དུ་གྲགས། །དངོས་མིན་དཀར་ལ་དམར་དངས་མ་ན་ཧུཾ། །རྟ་ཡི་ཀླད་པ་འདྲ་བ་གཡང་ཏྲེའུ། །ལུག་ཀླད་དང་འདྲ་དཀར་ཤས་ཆེ་བ་ཡིན། །འདི་དག་སྡེ་བརྒྱད་གནོད་པ་སྲུང་ལ་བསྔགས། །དེ་དག་ཀུན་གྱི་ནང་ནས་


JLAZ007_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེ་བ། །རྡོ་རྗེ་རིན་ཆེན་ཕ་ལམ་ཉིད་ཡིན་ཏེ། །ཆོས་ཉིད་རང་བཞིན་རྣམ་པ་ཀུན་གྱི་མཆོག །གཞོམ་གཞིག་བྲལ་བའི་དོན་ལ་གནས་པ་ལྟར། །ཆོས་ཅན་རྫས་ཀྱི་རྡོ་རྗེ་ཕལ་ལམ་གྱིས། །རིན་པོ་ཆེ་ཡི་རིགས་སུ་གྱུར་ཏོ་ཅོག །བརྡར་དང་འབུགས་དང་གཅོད་དང་བཟོ་ཡི་དཔྱད། །ཐམས་ཅད་གདོན་ཅིང་ཚུར་ལ་གང་གིས་ཀྱང༌། །གླགས་བལྟ་མི་ནུས་བརྫ་ཧི་ར་སྟེ། །རི་རབ་ཁོང་ན་བདེན་ཚིག་འགྲུབ་པའི་ལྷ། །དྲང་སྲོང་ཞོ་འཐུང་འཕོས་པའི་རུས་པ་ནི། །ཕ་ལམ་རྡོ་རྗེའི་ངོ་བོར་གྱུར་པ་ལས། །རྐང་རུས་ལས་ནི་དབང་པོའི་རྩེ་བརྒྱ་པ། །རྩིབ་མ་ལས་ནི་དབང་ཕྱུག་མདུང་ཐུང་དང༌། །སོག་པའི་ཆ་ལས་ཁྱབ་འཇུག་འཁོར་ལོ་བཟོས། །སྡང་ལ་རྒྱབ་དང་རྒྱབ་ཚད་ཕོག་པ་དང༌། །ཕོག་ཚད་མཐར་བྱེད་ཤི་ཚད་འདྲེན་པ་ཡིས། །དམ་བཅའ་བཞི་དང་ལྡན་པའི་མཚོན་ཆར་གྲགས། །དེ་དག་བཟོས་པའི་ཕྱེ་མ་འཐོར་བ་གང༌། །འཛམ་བུའི་གླིང་དབུས་བབས་པས་རྡོ་རྗེའི་གདན། །བསྐལ་པ་ཞིག་ཀྱང་འཇིག་ཏུ་མེད་པ་ཆགས། །གཞན་ཡང་རྡུལ་ཕྲན་གང་དུ་འཆགས་པ་ལས། །རྒྱལ་དང་བྲམ་ཟེ་རྗེའུ་དམངས་རིགས་བཞིའི། །རྡོ་རྗེ་རིན་པོ་ཆེར་གྲུབ་དེ་ཡང་ནི། །རྒྱལ་རིགས་ས་ལས་འབྱུང་སྟེ་མེས་མི་འཇིག །བརྡུངས་པས་མི་འཇིག་གཅད་པས་མི་ཆོད་ལ། །བརྡར་བས་མི་འཇིག་


JLAZ007_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཆེན་པོ་སྟེ། །དམར་ཞིང་སྨུག་ལ་ཤིན་ཏུ་དྭངས་པར་ཡོད། །གསེར་དང་ཉི་ཤུ་རྩ་ལྔའི་སྐོར་ཐང་རི། །རྡོ་ལས་བྱུང་བ་བྲམ་ཟེའི་རིགས་སུ་འདོད། །མེ་ཡིས་འཇིག་ཅིང་གལ་ཏེ་འཆག་ན་ཡང༌། །སྲིད་དུ་དུམ་བུ་གསུམ་པ་ཁོ་ནར་འཆག །སྔོན་བས་ཚེས་དམར་རྡོ་རྗེ་ཆུང་བ་ཟེར། །རིན་ཐང་སྔོན་ལས་ལྔ་སྐོར་ཙམ་གྱིས་དམན། །འདི་གཉིས་ཡུལ་དབུས་དང་ནི་ལྷོ་ཕྱོགས་པ། །བྷི་ཏ་བྷི་རའི་ཡུལ་ནས་འཐོན་པའི་ཁུངས། །རྗེའུ་རིགས་ནི་དམར་སྨུག་དྭངས་ཆ་ཅན། །རིན་ཆེན་གཞན་ལ་མི་ཐོགས་སྟོད་ནས་འཐོན། །དམངས་རིགས་རྡོ་པ་ཀོ་རཉྫ་ནི་སྨུག །ཡར་ལྷ་ཤམ་པོའི་མདུན་ནའང་ཤིན་ཏུ་མོད། །གང་ཡང་གཞན་ལ་ཐོགས་ན་ཕ་ལམ་མིན། །དུང་ལ་རིགས་ལྔ་མཆོག་ཏུ་གྱུར་པ་ནི། །སྐྱེ་བ་ལྔ་ཕྲག་བསྟུད་པས་གཡས་འཁྱིལ་ཏེ། །འཁྱིལ་ངོས་དུང་མཇུག་ཡིན་པས་དེ་ལྟར་གྲགས། །བཀྲ་ཤིས་རྫས་མཆོག་གསེར་དང་མཉམ་བརྗེ་བྱེད། །ཆུང་ངུ་ཅུང་ཟད་མོད་ཀྱང་བོད་ན་དཀོན། །རི་མོ་ཅན་ལ་གཟི་དུང་ཞེས་སུ་བརྗོད། །རང་མདོག་སེར་ཁྲ་སྙོང་ལ་སྟོད་སྨད་རིང༌། །གཡས་འཁྱིལ་མཆོག་ལ་གཟི་དུང་རབ་ཏུ་ངེས། །འབྲིང་རྣམས་བཅག་ལ་དམར་མདངས་ཡོད་པ་བཟང༌། །ཚེར་མ་ཅན་ཞེས་རྭ་མང་སྐྱེས་པའང་ཡོད། །དུང་དམར་ཞེས་གྲགས་


JLAZ007_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སེར་རིམ་པས་དམན། །མཱ་ར་ཤ་ཏི་སི་ཀོ་ངྷ་ར་དང༌། །རྡོ་བ་རི་ཀ་སོགས་པའི་རྒྱ་མཚོར་འབྱུང༌། །དེ་དག་རྒྱན་དང་མཆོད་སྤྲིན་ལ་འོས་པའི། །རིན་པོ་ཆེ་ཡི་རྣམ་དབྱེར་ཤེས་པར་བྱ།། །།སྤྱི་དོན་གསུམ་པ་སྐུ་གསུང་ཐུགས་ཀྱི་རྟེན། །རྒྱུ་དང་རིགས་དང་ངོ་བོའི་སྒོ་ནས་དཔྱད། །རྒྱུ་ལ་འཕགས་པའི་ཡུལ་ན་ཛྷཻཀྵིཾ་རིགས། །གཉིས་དང་གསུམ་དང་འདོད་པའི་ཕྱོགས་གཉིས་ལས། །ཅིག་ཤོས་གསེར་དམར་ཡིན་པར་རྩོད་པ་མེད། །བཅོས་བུ་བི་ཤྭ་ཀརྨའི་སྤྱོད་ཡུལ་ཏེ། །རིན་ཆེན་སྣ་བརྒྱད་བཞུ་བཏུལ་བྱས་པ་ལས། །ཨཥྚདྷ་རུའམ་ནི་ལི་ཁྲར་འབོད། །ལི་དཀར་ལས་དམར་ལི་སྨུག་གིས་མི་མཚོན། །སྣ་ཚོགས་འདུས་པའི་བྱེ་ཁ་མངོན་པ་ལ། །སྣང་མུན་མཚམས་སུ་འཇའ་མདངས་གསལ་བ་ནི། །སྟོན་པའི་ཞལ་སྐྱིན་ཤཱཀྱ་མུ་ནེ་མཚོན། །ལི་སྨུག་ཁ་དོག་མཆིན་ཁ་སྔོ་ཞག་ཅན། །སྣང་བས་མདངས་བསྒྱུར་བྱ་ལ་དྭངས་མ་རྙོག་ལས། །ད་དུང་མངོན་རྟོགས་གཞན་དུ་སྣང་བ་ཡིན། །ལི་དཀར་ལི་མདངས་སེར་ཞག་ཆེ་བ་དང༌། །འདི་གཉིས་སིངྒའི་གླིང་གི་རི་བོ་ལ། །དེ་བཞིན་གཤེགས་པ་དྲུག་གིས་བྱིན་བརླབས་སམ། །ལི་ཡུལ་རི་ལ་ཐུབ་དབང་བཞིས་བརླབས་ཟེར། །ལི་དམར་ཕལ་པ་རང་བྱུང་ལྗོན་ཉིད་དེ། །དམར་མདངས་ཉིད་ལ་ཅུང་ཟད་སེར་བ་ཡིན། །འདི་ལྟར་མ་ཕྱེད་གསེར་དམར་གཅིག་ཉིད་ལ། །མིག་


JLAZ007_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁ་དོག་གཉིས་སུ་འདོད་པ་འཁྲུལ། །རིགས་ཀྱི་སྒོ་ནས་དཔྱད་ན་སངས་རྒྱས་ཀྱི། །བསྟན་པ་གང་ཡོད་དེ་ན་སྐྱེས་བུ་ཡིས། །རྣམ་རིག་བཟོ་གནས་སྤྲུལ་པར་བྱིན་རློབ་པས། །སྐུ་གསུང་ཐུགས་རྟེན་བསྐྲུན་པའི་བཟོ་བོ་མཁས། །མུ་སྟེགས་ཀླ་ཀློ་དར་ཚེ་དེ་དག་ནུབ། །དེ་ལ་སྟོན་པ་འཚོ་ཞིང་གཞེས་པའི་དུས། །རི་མོ་མཁན་གྱི་སྤྱོད་ཡུལ་ལས་འདས་པའི། །སྣང་བརྙན་རས་ལ་བཀོད་དེ་སིངྒ་ལར། །སྤྲིངས་པས་མུ་ཏིག་འཁྲི་ཤིང་བདེན་པར་བཀོད། །དེ་བཞིན་གཟུགས་ཅན་སྙིང་པོའི་སྐྱེས་ལན་དང༌། །ཨུ་ཊ་ཡ་ནའི་ཙནྡན་ཇོ་བོ་ལྟར། །སྟོན་མཆོག་མྱ་ངན་འདས་ནས་ལྷའི་བཟོ་བོ། །མི་རུ་སྤྲུལ་པས་བཛྲ་ཨ་སཱ་ནའི། །གནྡྷོ་ལ་ཡི་བྱང་ཆུབ་ཆེན་པོ་དང༌། །དེ་ཡི་ཤར་ངོས་ཆུ་གནོད་བཟློག་པའི་ཕྱིར། །ཀླུ་སྒྲུབ་ཞབས་ཀྱིས་ཕ་ཝང་བདུན་དག་ལ། །སྣང་བརྙན་བརྐོར་སྩལ་ཐུབ་པ་ཆུ་ལོན་མ། །དེ་བཞིན་ཀླུ་ཡི་བཟོ་བོས་མང་དག་བྱས། །མ་ག་དྷཱ་ཡི་འཇམ་དཔལ་རྔ་སྒྲ་དང༌། །མྱ་ངན་མེད་དུས་གནས་བརྒྱད་མཆོད་རྟེན་སོགས། །གནོད་སྦྱིན་གྱི་ནི་བཟོ་བོས་བཞེངས་པ་ཀུན། །བཟོ་གནས་ཁྱད་འཕགས་དངོས་དང་འཁྲུལ་པ་བསྐྱེད། །དེ་ཡི་ཕྱི་ནས་བཟོ་རྒྱུད་མང་དག་ལས། །སངས་རྒྱས་ཕྱོགས་དུས་བི་མ་པ་ས་ར། །ལྷ་དང་མཐུན་པའི་དབུས་ཀྱི་བཟོ་བོར་གྲགས། །


JLAZ007_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ངང་ཚུལ་དུས་ན་མ་རུའི་ཡུལ། །སྲི་ག་དྷ་རི་ཞེས་པའི་བཟོ་བོ་བྱུང༌། །གནོད་སྦྱིན་དང་མཐུན་ནུབ་ཕྱོགས་རྙིང་མའི་ལུགས། །བལ་པ་རྙིང་མའི་བཟོ་རྒྱུན་འདི་དང་གཅིག །རྒྱལ་པོ་ལྷ་སྐྱོང་དང་ནི་ཆོས་སྐྱོང་དུས། །བ་རེནྟ་རུ་དྷཱི་མཱ་ན་དང་ནི། །དེ་ཡི་བུ་བེ་ཏྭ་ལོ་བྱ་བ་གཉིས། །ཀླུ་དང་མཐུན་པའི་བཟོ་རྒྱུན་ཡིན་པ་ལས། །བུ་ནི་བྷཾ་ག་ལར་སོང་དེའི་ཤུགས་ཀྱིས། །གཉིས་པོའི་རྗེས་སུ་འབྲང་བ་ཡིན་ཕྱིན་ཆད། །བཟོ་བོའི་སྐྱེ་ཡུལ་བཟོ་བོའི་གནས་ཡུལ་སོགས། །ཇི་འདྲའང་རུང་སྟེ་ལུགས་སུ་བྱས་ཀུན་ལ། །ཤར་ཕྱོགས་པ་ཡི་ལྷ་ཞེས་དཔྱོད་ལྡན་སྨྲ། །བལ་པོ་བར་རྙིང་རྣམས་ཀྱང་དེ་དང་འདྲ། །འོན་ཀྱང་རི་མོ་མཁན་ནི་ཕ་རྗེས་སུ། །འབྲང་ལ་ཤར་བྲིས་བུ་ཡི་རྗེས་འབྲང་ལ། །དབུས་ཀྱི་རི་མོའི་རྒྱུན་ཞེས་གྲགས་པ་བརྟན། །དུས་ཚོད་དེ་ཡི་ཀ་སྨི་ར་པ་ཀུན། །བཟོ་རྒྱུན་དབུས་དང་ནུབ་གཉིས་ཡིན་པ་ལས། །ཕྱི་ནས་བྲིས་འབུར་གཉིས་ཀར་བྱང་ཆུབ་པ། །ཧ་སུ་ར་ཛ་ཞེས་བྱའི་བཟོ་རྒྱུན་ལ། །ཁ་ཆེ་མ་ཞེས་མཁས་པ་རྣམས་ལ་གྲགས། །དེ་དག་ཀུན་ཀྱང་བྲིས་འབུར་བརྐོས་ལ་སོགས། །བལ་ལ་བློ་གྲོས་བཟོ་བོ་ཉིད་ཡིན་ཀྱང༌། །ཨཱརྱ་པཱ་ལོའི་གླིང་གྲུབ་དངོས་མེད་དུ། །ཡལ་བའི་སྤྲུལ་པའི་བཟོ་བོའི་ཆར་མི་ཉེ། །གང་དག་སོ་སོ་སྐྱེ་བོའི་རྣམ་རིག་ནི། །ཤིན་ཏུ་ཐ་དད་ཕྱིར་ན་བཟོ་གནས་ཀྱི། །


JLAZ007_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྱུར་དཔྱད་ཀྱང་དེ་ཡི་རྗེས་སོན་ཡང༌། །བོད་འདིར་རང་ཉམས་བདེན་པར་སྨྲ་བའི་ཁ། །ཡི་གེའི་ཞལ་ལྕེས་འགོག་པའང་སངས་རྒྱས་མཐུ། །དེ་ལ་ངོ་བོའི་སྒོ་ནས་དབུས་འགྱུར་འཆང༌། །ཝཱ་རཱ་ཎ་སཱིའི་ལྷ་ཡི་ཁྱད་པར་ནི། །ལི་སྨུག་དབུས་ཀྱི་ལྷ་རིགས་འདྲ་བ་ལ། །འཛམ་བུ་ཆུ་བོའི་ཚ་གསེར་གྱིས་བྱུགས་པ། །རྒྱུ་ཚོགས་ཁྱད་དུ་འཕགས་པ་ཁོ་ན་སྟེ། །སངས་རྒྱས་ཕྱོགས་དེ་བསྟན་ལས་ཆེས་དད་པས། །རྒྱ་ནག་ཡུལ་དུའང་མདོ་སྡེ་སྨྲ་བ་བརྫངས། །ཧོར་གྱི་རྒྱལ་པོས་དྲིན་ལན་བསབ་པའི་ཕྱིར། །གསེར་རྐྱང་མི་ཁུར་བརྒྱ་སོགས་བསྐུར་བས་ན། །ཛྷཻ་ཀྵིཾ་དངོས་དང་གསེར་གྱིས་བྱུག་པ་མོད། །ཆོས་རྒྱལ་དེ་ཡི་བཙུན་མོ་དང་བློན་པོ། །བསྟན་ལ་དད་པས་གཙུག་ལག་རྟེན་གསུམ་མང༌། །དབུས་ལྷ་བྱིངས་རྣམས་ལི་དཀར་ལི་དམར་ལ། །སྐུ་ཤ་འཚམ་ཞིང་གཙུག་ཏོར་མཐོ་ལ་དྲང༌། །ཤངས་རྩེ་རྣོ་བའི་རྒྱུན་ལས་ཤངས་རྒྱུད་གཟར། །སྤྱན་དབར་ཤངས་སྟོད་འཛོམ་སར་མཛོད་སྤུ་འབུར། །ནུ་མ་དེར་མཚུངས་སྲིད་ཚད་ཤངས་རྩེ་མ། །ན་མཟའ་ཤ་མི་བསྒྲིབ་ཀྱང་བླ་གོས་ནི། །ཕྲག་པར་གཟར་བའི་གོན་རྒྱུད་ཤིན་ཏུ་དོད། །སྒྲོས་གཙང་རྣམས་ཀྱི་མདུན་ན་རྡོར་གདན་དང༌། །ཕྱག་ཞབས་འཁོར་ལོས་མཚན་པ་དག་ཀྱང་ཡོད། །བཟོ་སྒྲོས་མཛེས་དང་ཅིག་ཤོས་མ་ངེས་ཀྱང༌། །ཚུགས་བཟང་བལྟས་


JLAZ007_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིན་བྱིན་ཆགས་ཁྱད་ཆོས་ཡིན། །པདྨ་ཉིས་བརྩེགས་འགྲིག་པའི་ནང་མ་འབུར། །པད་ཁ་རྒྱས་ཞུམ་འཚམ་ཞིག་ཡས་མས་ལ། །མུ་ཏིག་ཡོད་མེད་གཉིས་ཅར་སྲིད་པ་ཡིན། །ཁྱད་པར་ཚུགས་བཟང་ཞལ་ཁྱིམ་གྲུ་སྟངས་ལ། །དཀྱུས་རིང་ཕྱག་ཞབས་མཉེན་དང་ཞབས་མཐིལ་སྟུབ། །གོས་འཁྱུད་ཞིབ་སྙོམས་དལ་འགྲོའི་ཤམ་བུ་བཞིན། །ལི་མཆོག་གཉིས་ལ་གསེར་དངུལ་ཟངས་སོགས་པས། །ཁྲ་བསྒྲིགས་བྱས་པ་སྟོད་ཧོར་ལི་མ་རུ། །འཁྲུལ་གཞི་ཆེ་བས་ཁྱད་པར་ཕྱེད་པ་གཅེས། །ཟངས་ཐང་མ་ནི་སྐུ་ཤ་ན་བཟའ་གཉིས། །ལི་དཀར་ལི་དམར་ཐ་དད་བྱས་ལ་བཏགས། །ཐུབ་དབང་སྐུ་མང་ཕྱི་ནས་བྱང་སེམས་སྐུ། །འགྱིང་ཉམས་རྒྱན་ཅན་ནོར་བུ་གཉིས་པའང་སྲིད། །དེ་བཞིན་ཁྲོ་བོའི་སྐུ་ནི་འགྱིང་བག་འཚམ། །སྔ་ཕྱིའི་རྒྱུ་མཚན་ཐེག་པ་ཆེན་པོ་གཉིས། །སྦས་དང་གྲགས་པའི་རྣམ་དབྱེས་གསལ་བ་ཡིན། །གདན་ཆུང་མར་གྲགས་རྡོ་རྗེ་གདན་པས་བཞེངས། །ལི་དཀར་དབུ་ཆུང་མཁུར་ཚོས་རྒྱས་པ་ཡིན། །དེ་ཡང་ཝཱ་རཱ་ཎ་སཱིར་ཆོས་འཁོར་མ། །མ་གྡཱ་རུ་ཐུབ་དབང་བདུད་འདུལ་དར། །དབུས་འགྱུར་འཆང་གི་ནང་གསེས་ཤར་གྱི་ལྷ། །དཔྲལ་མཚམས་དབྱེས་ཆེ་སྐུ་སྟོད་ཅུང་ཟད་རྒྱས། །ཕྱག་སོར་འབྲེལ་ཞིང་གཙུག་ཏོར་རྒྱབ་ཏུ་ཉེ། །ཤར་ཕྱོགས་པ་ལ་ལི་དཀར་ཤས་ཆེ་སྟེ། །ལུགས་གཙང་ཞལ་


JLAZ007_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་མཛེས་ལ་སྤྱན་དབར་དོག །ཤངས་འདལ་དེ་ཡང་ཤངས་སྨད་ཅུང་ཟད་མཐོ། །སྐེམ་ཞིང་ཚུགས་བཟང་གཙུག་ཏོར་རྒྱབ་ལ་ཉེ། །གོས་འཁྱུད་འཁྲིལ་ཞིང་པད་འདབ་ཉིས་བརྩེགས་ཞུམ། །པདྨ་ཡས་མས་འགྲིག་པར་མ་ངེས་ཤིང༌། །མུ་ཏིག་གོང་མ་ཞིབ་ལ་འོག་མ་རགས། །ཁྲི་རྒྱབ་ལ་སོགས་དབུས་ཀྱི་ལྷ་དང་མཐུན། །འོན་ཀྱང་པཱ་ལ་རྣམ་གཉིས་དུས་བྱུང་བས། །ཕ་བུ་གཉིས་ཀྱིས་བཟོ་རྒྱུན་ཁྱབ་ཆེ་ཞིང༌། །ཁྱད་པར་དེ་ཝ་པཱ་ལ་ཀླུ་ཡི་བུར། །གྲགས་པས་བཟོ་རྒྱུན་དེར་བྱུང་བཟོ་ཡུལ་ཀྱང༌། །ངེས་པ་མེད་པས་གཅིག་ཏུ་སྟངས་གཅོད་དཀའ། །དྷརྨ་པཱ་ལ་ཐེག་ཆེན་རྣམ་གཉིས་ལ། །ལྷག་པར་དད་པས་བྱང་ཆུབ་སེམས་དཔའ་དང༌། །སྔགས་སྐུ་དག་ཀྱང་འདི་ལ་མང་ངམ་སྙམ། །ཡུལ་དེའི་བྱེ་བྲག་བྷཾ་ག་ལ་ཡི་ལྷ། །ལི་དཀར་ཞལ་སྤྱན་སོགས་ལ་གསེར་དངུལ་ཟངས། །ཕྲ་བྱེད་བཟོ་ཁྱད་བཏོན་དང་ཕྲ་ཁུང་དུ། །རིན་ཆེན་རྒྱན་སྤྲས་ཡི་གར་འོང་བ་ཡིན། །ནུབ་ཕྱོགས་ཀསྨི་ར་བ་རིགས་གཉིས་ལས། །ནུབ་རྙིང་ལི་དམར་ལི་དཀར་སེར་ཞག་ཆེ། །ཞལ་དཀྱུས་མཛངས་སམ་སོག་ཀ་མགུལ་བ་ཕྲ། །སྤྱན་དབར་དོག་ལ་ཤངས་རྒྱུད་རིང་ཞིང་ཟླུམ། །ཞལ་དང་སྤྱན་ལ་དངུལ་ཟངས་ལྷན་ཐབས་ཅན། །ཚུགས་གྱོང་ལྷུ་ཚིགས་ཐུང་ལ་ན་བཟའ་འཁྲིལ། །གོས་


JLAZ007_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་རིང་སྙོམས་གཙུག་ཏོར་ནོར་བུ་ནུབ། །པདྨ་འདབ་ཆེ་རྐྱང་སྦྱར་གཉིས་ཀ་སྲིད། །མི་ཏིག་ལ་སོགས་རྒྱན་གྱིས་སྤྲས་པའང་ཡོད། །བཟོ་བོ་དེ་ཡིས་སྟོད་ཧོར་ནས་བསྒྲུབས་པ། །ཁྲོ་ལི་དམར་སྨུག་ནག་པོ་རིགས་གསུམ་ལ། །ཞལ་རས་སྒོང་གཟུགས་དཀྱུས་ཐུང་གོས་འཁྱུད་རིང༌། །ཆུ་གཉེར་དང་མཚུངས་མེ་ཏོག་དག་གིས་བརྒྱན། །པདྨ་སྐེད་ཉག་འདབ་མ་སྦུབ་ཉམས་ཅན། །ཁྲི་གདན་གྲུ་བཞིའམ་ཟླུམ་པོ་ཀླུས་བརྒྱན་དང༌། །རྒྱབ་ཡོལ་ཅན་ལ་ཚ་གསེར་ཡོད་མེད་གཉིས། །བྲག་གདན་དག་ཀྱང་རེ་རེ་སྲིད་པའོ། །ཡོན་ཏན་འོད་ཀྱི་སྐུ་ཚེའི་སྨད་བྱུང་བའི། །རྒྱལ་པོ་ངང་ཚུལ་དུས་ལ་ནུབ་རྙིང་ཟེར། །ཧུ་ལ་ཧུ་ནས་སྟོད་ཧོར་ཞེས་སུ་གྲགས། །དེ་ཚེ་ཡུལ་དེར་རྒྱ་ནག་རྙིང་མའི་བཟོ། །ཁྲོ་ལི་སྨུག་པོ་ཚུགས་གླེན་ཞལ་སྒོ་གྱོང༌། །སྤྱན་དང་མཆུ་སྒྲོ་མི་འདོད་གོས་འཁྱུད་མང༌། །ཁྲི་སྟན་རྒྱ་རྟགས་གཟོང་རིས་བྱས་པའང་འབྱུང༌། །ཡུལ་དེའི་བྱེ་བྲག་ཡུ་གུར་ཞེས་བྱའི་ལྷ། །ལི་དཀར་དངུལ་བསྲེས་ཆེ་དང་ཁྲོ་ལི་སྨུག །བཟོ་ཡི་ཁྱད་པར་ཤངས་འདལ་སྐྲ་ཚགས་སྟུག །གོས་འཁྱུད་ཉུང་ལ་ཕྱག་ཞབས་སྒྲོས་མི་གཙང༌། །རྒྱན་ཉུང་དབྱིག་ཉམས་པད་གདན་མེད་པ་མང༌། །དེ་བཞིན་ལི་ཡུལ་ཁ་ཤ་ཞེས་བྱའི་ལྷ། །ཁྲ་འབྲུག་གིས་མཚོན་ཆོས་ལི་སྔ་མ་འདྲ། །སྨད་ཧོར་ཞེས་གྲགས་རྒྱལ་པོ་གོ་དན་ནས། །རྒྱལ་རྩབས་


JLAZ007_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་བར་དུ་ཅོང་ལི་དང༌། །ལི་དམར་ཅི་རིགས་ཞལ་རས་སྟོད་ཆ་ཆུང༌། །སྤྱན་དང་མཆུ་སྒྲོས་མི་དོད་ཞལ་ཁུང་ལྟེམ། །ཕྱག་ཞབས་གཞོན་ཤ་ཆགས་ལ་ཉིང་ལག་ཐུང༌། །ཚ་གསེར་གྱིས་བྱུག་བཟོ་ཁྱད་དམིགས་བསལ་རྣམས། །མ་གཏོགས་ཧོར་རིགས་བཞི་པོ་འདྲ་ཤས་ཆེ། །ལྷོ་ཕྱོགས་པ་ལ་རིགས་གཉིས་སྤྱི་ཚན་དུ། །ལི་དམར་ཚ་གསེར་སྟུག་ལ་ཤ་ཉམས་ལྷོད། །ཞལ་རས་དཀྱུས་ཐུང་ཨོལ་ཀོ་བཅུམ་པ་དང༌། །ཤངས་དམའ་ཤངས་གོང་ཉག་ལ་སྤྱན་དབར་ཡངས། །མཆུ་ཙོང་ཞལ་ཁུང་ཀྱོང་ལ་དཔྲལ་དབྱེས་ཆུང༌། །ན་བཟའ་འཁྲིལ་ཞིང་གཟོང་རིས་མེད་པ་ལ། །ཁྲི་ཡངས་པདྨ་རྐྱང་སྦྱར་གཉིས་སྲིད་པའི། །པད་མགོ་ཞུམ་ལ་ཟེ་འབྲུ་ཡོད་མེད་གཉིས། །འདི་ལ་ལྡེམ་སྐུ་མང་རྣམས་བདེ་ཉམས་ཆེ། །བྱེ་བྲག་ལྷོ་ཕྱོགས་བེ་ཏར་བསྐྲུན་པ་རྣམས། །ཞལ་རས་སོག་ཀ་གོང་ལས་ཆུང་བ་ལ། །ན་བཟའ་གཟོང་རིས་ཡོད་པའི་ཁྱད་པར་རོ། །བྱང་ཕྱོགས་པ་ནི་ལི་དཀར་ར་གན་དང༌། །བསྲེས་པས་སྐྱ་ཉམས་ཞག་ཁ་ཆུང་བ་སྟེ། །ལི་དམར་སོགས་ནི་སྲིད་མཐའ་མ་བཀག་ཙམ། །ཤ་ཚུགས་མཉེན་ལ་འགྱིང་དང་བདེ་ཉམས་ལྡན། །ཞལ་ཁྱིམ་དཀྱུས་ཐུང་ལྷོ་ཕྱོགས་འདྲ་ལས་གཙང༌། །ཤངས་བཟང་སྤྱན་དབར་དོག་ལ་ཁྲི་རྒྱན་མཛེས། །འདི་ཡང་གྲོང་ཁྱེར་མ་སོགས་ལྡེམ་སྐུ་མང༌། །ཡུལ་དེའི་བྱེ་བྲག་བལ་པོ་


JLAZ007_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་མའི་བཟོ། །ནུབ་རྙིང་དང་མཐུན་པར་རྙིང་ཤར་ཕྱོགས་པ། །གསར་པ་རྟོགས་སླ་དེང་སང་ཙནྡན་མང༌། །དེ་བཞིན་འཕགས་པའི་ཡུལ་ན་བྱང་ཆུབ་ལྗོན། །དང་ཞིང་འབོལ་བ་རྡོ་རྗེའི་འདག་པའམ། །ཀླུ་སྒྲུབ་ལ་ཕུལ་ཀླུ་འབྱིན་ཞེས་སུ་གྲགས། །དཀར་ཞིང་བཅག་པ་ཀ་མ་རུ་པའི་རྡོ། །ནག་ཅིང་སྣུམ་པ་བསིལ་ཚལ་རྡོ་ནག་ལས། །གྲུབ་པའི་སངས་རྒྱས་བྱང་སེམས་སྐུ་ཡང་སྣང༌། །རྒྱ་ནག་གསར་རྙིང་གཉིས་ལས་རྙིང་མ་ནི། །ཐང་ཅིའི་རབས་ཏི་རྒྱུ་ནི་ཁྲོ་ལི་སྨུག །ཤ་ཚུགས་སྦེག་ཅིང་ཤངས་ལེབ་མཆུ་སྒྲོས་དོད། །ཞལ་དཀྱུས་མཛངས་ལ་སྤྱན་ཕྲ་གོས་འཁྱུད་གཙང༌། །ཕྱག་དཀྱུས་ཐུང་ལ་སོར་མོ་དོད་པ་མང༌། །རྒྱ་ནག་གསར་མ་ཧཱ་མིང་རྒྱལ་པོའི་རབས། །ལྗང་སེར་མང་སྟེ་རག་སྐྱ་དག་ཀྱང་སྲིད། །དེ་ལ་ཐུགས་དམ་མ་དང་སྐུ་རིམ་མ། །དང་པོ་ཚུགས་དང་བྲད་བརྡར་གོས་འཁྱུད་ལེགས། །ཞལ་རས་མཛངས་ལ་གྲུ་སྟངས་ཅུང་ཟད་དོད། །སྤྱན་དཀྱུས་རིང་ཞིང་པདྨ་ཁ་སྦྱར་གཙང༌། །མུ་ཏིག་ཕྲ་ལ་སྙོམས་སམ་མེད་པའང་སྣང༌། །ཚ་གསེར་སྟུག་ལ་མདོག་ལེགས་རྒྱབ་མདུན་གཙང༌། །ཞབས་སྡོམ་རྒྱ་གྲམ་ཇོ་རྩིའམ་ལ་མཚལ་བྱུགས། །ཐུགས་དམ་མར་གྲགས་རྒྱ་རྟགས་བྱས་པའང་ཡོད། །གཙང་ཤ་ཆུང་དང་རག་སྐྱ་མང་བ་ལ། །སྐུ་རིམ་མར་གྲགས་གཟུངས་ཞུགས་གཞན་མེད་པར། །གོས་


JLAZ007_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དར་ལས་བྱས་དོན་ལྔ་བཅུག་ཅེས་གྲགས། །བོད་ལ་ཆོས་རྒྱལ་ལི་མ་སྔ་ཕྱི་གསུམ། །མེས་པོ་བདག་ཉིད་སྲོང་བཙན་སྒམ་པོའི་དུས། །ལི་དམར་ཤས་ཆེ་དེ་བཞིན་ལི་དཀར་དང༌། །དཀར་དམར་ཤོ་བསྒྲིགས་གསེར་དངུལ་རྡོ་སྐུ་སོགས། །མཐའ་འདུལ་ཡང་འདུལ་བཞེངས་ཚེ་འཕེལ་བ་སྟེ། །ཞལ་ཁྱིམ་འབུར་ཀྱོང་ཆུང་བས་ཤ་ཉམས་འབོལ། །ཨོལ་ཀོ་རྒྱས་པས་ཞལ་དཀྱུས་རིང་བར་མངོན། །ཤངས་བཟང་སྤྱན་དཀྱུས་རིང་ལ་མཆུ་སྒྲོས་གཙང༌། །གོས་འཁྱུད་ཉུང་ལ་ཐལ་མོ་ཉམས་འགྱུར་དོད། །པདྨ་རྐྱང་སྦྱར་རི་རིགས་པད་མགོ་མཉེན། །ཁྱད་པར་གཙུག་ལག་ཁང་གི་ལྷ་ཆེན་རྣམས། །ཞབས་ལ་ཕྱགས་དང་བེར་སོགས་ཁྱིམ་པའི་ཆས། །དབུ་རྒྱན་གསུམ་པ་རྩེ་མོ་ནང་དུ་ཉེ། །ལུགས་མ་རྣམས་ལ་གཟོང་རིས་བྱས་པ་མང༌། །པད་གདན་མེད་དང་འབོལ་ལ་བཞུགས་པའང་སྲིད། །ཚ་གསེར་བྱིབ་བྱུགས་མཆོག་ཏུ་བྱིན་ཆགས་ཤིང༌། །སེམས་དཔའི་རིགས་རྣམས་ཤིན་ཏུ་མཛེས་པ་དང༌། །ཁྲོ་བོ་ཞི་ཉམས་བཞད་ཞལ་ཁོ་ནར་འོང༌། །ཆོས་རྒྱལ་རང་གི་འདྲ་སྐུ་ཚ་གསེར་དང༌། །ཇོ་རྩིས་བྱུག་སམ་མ་བྱུགས་ཅི་རིགས་ཡོད། །འདྲ་ཅོག་རྣམས་ནི་སྐུ་རྒྱུ་ངན་པ་ཡིན། །བར་པ་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་དུས། །མེས་ཀྱི་ལྷ་ལས་སྐུ་རྒྱུ་


JLAZ007_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་སྨུག །ཞལ་རས་ཟླུམ་ལ་སོར་མོ་བྲད་བརྡར་ཆུང༌། །ལུགས་ཁ་ཅུང་ཟད་འདལ་བའི་ཁྱད་པར་དང༌། །ཇོ་རྩེ་འཐུག་པོ་བྱུགས་སམ་ཚོན་ཁྲ་བཀྱེ། །བཙན་པོའི་འདྲ་སྐུ་ལ་ཐོད་མེད་པ་ལ། །ལན་བུ་གཡས་གཡོན་འཕྱང་དང་དབུ་རྒྱན་ཡང༌། །རྩེ་བྲན་གསུམ་པ་གྲང་གསེར་བྱུགས་པའང་ཡོད། །ཕྱི་མ་མངའ་བདག་རལ་པ་ཅན་གྱི་དུས། །ལི་དཀར་མང་ལ་བཟོ་བོའང་འཕགས་ཡུལ་བ། །ཡིན་པས་དབུས་འགྱུར་འཆང་དང་རིགས་འདྲ་ལ། །དེ་བས་ཤ་ཉམས་རྒྱས་ཤིང་འགྱིང་བག་ཆེ། །དངུལ་ཟངས་སྤྱན་འབྱེད་རྒྱས་དང་ཟངས་ཐང་མ། །ཟངས་མཆུ་དངུལ་སྤྱན་ལ་སོགས་ཅིར་ཡང་འབྱུང༌། །འདྲ་ཅོག་ར་གན་ལས་གྲུབ་སྒྲོས་མི་གཙང༌། །ཆོས་ལི་ཕྱི་མར་ཚ་གསེར་བྱུགས་པ་མང༌། །བྱང་སེམས་ཁྲོ་བོའི་སྐུ་རྣམས་སྔོན་དང་འདྲ། །ལི་དམར་རྣམས་ལ་ཟངས་བསྲེས་ཡོད་པས་སྨུག །གཞན་ཡང་བཀའ་གདམས་རག་སྐུ་ལྷོ་བྲག་དང༌། །གཉལ་ལོར་ཡར་མོ་ནུབ་ནས་ཆོས་ལིའི་འདྲ། །མང་བ་སྔོན་བྱུང་རྒྱ་ལི་དངོས་བསྟན་དང༌། །ཞག་རྩིའི་རྣམ་པ་ཀུན་ནས་འགལ་བས་དཔྱད། །རྒྱུས་ལ་འདྲིས་དང་མཐོང་མྱོང་ཆེས་ཆེ་བའི། །སྤྱོད་ཡུལ་ལས་གཞན་རང་དགར་སྟངས་མི་ཆོད། །འོན་ཀྱང་ལྷ་བཙུན་ཁུ་དབོན་རྣམ་གཉིས་དུས། །འཇོན་ལ་རྒྱུ་བཟང་འདྲེས་པའི་ལི་སྨུག་དང༌། །ལི་


JLAZ007_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ་དག་ལ་ཛྷཻ་ཀྵིཾ་ཞེས་བཏགས་པ། །རྒྱ་ལི་དང་ཡང་འཁྲུལ་པ་བསྐྱེད་ལ་ཁད། །ཚུགས་ཉམས་ཆོས་ལི་དང་མཚུངས་མང་མཐོང་བ། །འདི་དག་རྣམས་ཀྱང་རྒྱུ་ཚུགས་བཟང་བ་ཡིན། །དེ་བཞིན་རྒྱ་ནག་གསར་མར་འཁྲུལ་བྱེད་པ། །ཚུགས་བཟང་ཞལ་རས་མཚར་ལ་སྐྱིལ་ཀྲུང་ལྷོད། །པད་འཁོར་ཉིས་བརྩེགས་གཉེན་ལ་སྐེད་ཉག་ཐོན། །སྒྲོས་གཙང་ཚ་གསེར་འཐུག་པ་སླེའུ་ཆུང༌། །དེ་ལས་བྲད་བརྡར་ཅུང་ཆུང་ཚ་གསེར་སྲབ། །ན་བཟའ་མེ་ཏོག་རིས་བཀྲ་བདེ་ཉམས་ཆེ། །ཨོལ་ཀོ་ཅུང་ཟད་བཅུམ་པ་པདྨ་མཁར། །ཁྱད་པར་རིན་པོ་ཆེ་ཡི་གཏམ་འདི་ཡི། །དུས་ན་སྟོན་པའི་ཞལ་སྐྱིན་མཆེད་ཀྱི་མདུན། །ལྷ་ཡུལ་ལྡན་གྱི་བཟོ་སྒྲོས་རྩེ་མོ་ནི། །རྒྱ་ནག་གསར་མར་མཚུངས་ཀྱང་པྲ་བཟོ་ཡིས། །བྱོན་ལས་འགྱུར་ཚུགས་རྣམ་པ་ཐ་དད་ཅིང༌། །རྒྱུ་ལ་ཁ་ཆུར་འདྲེས་རྣམས་ཆོས་ལི་དང༌། །མཚུངས་ཤིང་ཟངས་ཐང་མ་ལ་སྐུད་ཚག་གིས། །བལྟ་ན་སྡུག་བྱས་སྦྱར་ལིའི་མདངས་གདོན་ལ། །བཟོ་བས་ཛྷཻ་ཀྵིཾ་དང་ཡང་འཁྲུལ་པ་བསྐྱེད། །དེ་བཞིན་ལི་དཀར་འདྲ་ལ་སེར་ཞག་ཆེ། །ལི་དམར་བཅོས་བུ་ཚ་གསེར་གྱིས་བྱུགས་ནས། །དབྱི་བའི་རྫུ་འཕྲུལ་བྱས་པས་རློམ་ལྡན་ཡང༌། །རྒྱ་ལི་རྙིང་མར་འདུ་ཤེས་རྨོངས་པ་ཡོད། །འཕགས་པའི་ཡུལ་ན་ཐེག་དམན་གྲགས་ཆེ་ཞིང༌། །ཐེག་ཆེན་


JLAZ007_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དར་བ་ནས་ཀྱང་གསང་སྔགས་ནི། །ཤིན་ཏུ་གསང་བ་སྲུང་བ་ཉིད་ཀྱི་ཕྱིར། །སྔགས་སྐུ་ཉུང་བས་ཕལ་ཆེར་རྒྱ་ཧོར་བོད། །སྤུངས་སྐུ་རྒྱ་གར་ཤར་དང་རྒྱ་ནག་མང༌། །གསུང་རྟེན་དྲིལ་བུ་ཧོར་དང་རྒྱ་གར་ནག །བོད་ཆེན་རིགས་བཞི་ལས་ནི་རྒྱུའི་སྒོ་ནས། །ཧོར་དྲིལ་གཉིས་ལས་ཤིང་ཀུན་མཆོག་ཏུ་གྲགས། །རྒྱུ་ནི་ལི་དཀར་དངུལ་མདངས་བཀྲག་ཞག་ཆེ། །དྲིལ་བུའི་སྟོད་ཞུམ་པ་ལང་ཁ་ཁེབས་ལ། །ལུགས་གཙང་བརྡར་གད་མ་བྱས་ལི་རྒྱུ་འཇམ། །ནང་ནི་ཞོ་ཁ་ཞེས་པ་འོ་སྤྲིས་འདྲ། །དྲྭ་ཕྱེད་འབུར་ལ་བར་སྟོང་འཇམ་སང་མང༌། །དཔུང་པའི་པད་འདབ་རིགས་ཀྱི་ཕྱག་མཚན་སྤྲས། །དྲིལ་བུའི་དཔུང་ཟུར་པད་མཐའ་གཅིག་ཏུ་འདྲེས། །སྐད་སྙན་སྦོམ་ལ་རྒྱང་གྲགས་ལྷག་པར་ཆེ། །དབུ་རྡོར་ཅོང་ལི་མང་ལ་དངུལ་དཀར་དང༌། །ཛྷཻ་ཀྵིཾ་དག་ཀྱང་ཉུང་ཟད་སྲིད་པ་ཡིན། །རྩེ་ལྔ་པ་མང་ཆུ་སྲིན་ནང་ལ་བལྟ། །འཁོར་ལོའི་རྒྱན་ལྡན་རྩེ་དགུ་ཉུང་བ་ཡིན། །རྒྱུ་དང་གསུང་ལ་དོ་ཟླ་མེད་ན་ཡང༌། །བཟོ་སྒྲོས་ཕྱིལ་བས་ཉམས་མེད་ཕལ་གྱིས་དོར། །དངོས་བསྟན་ཉུང་ལ་འདྲ་ཅོག་མང་བ་ཡིན། །ཕལ་པ་ལུགས་ཁ་དམ་ལ་གཙང་ཤ་ཆུང༌། །ནང་ལ་བྲད་བརྡར་སོང་བས་ཞོ་ཁ་མེད། །རབ་འབྲིང་ཐ་མའི་ཁྱད་པར་ཆེ་བ་སྣང༌། །རྒྱ་གར་དྲིལ་བུ་ཆ་ཚད་ཁྲུུ་ལ་ཉེ། །ཆུང་བ་དག་ཀྱང་གཞན་ལས་ཆེ་བ་ལ། །པད་སྤུངས་དབྱིབས་ཅན་བྲད་བརྡར་གཙང་ཤ་མེད། །ཉུང་ཟད་


JLAZ007_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ལི་དམར་ཁོ་ནར་མཐོང༌། །དྲིལ་བུའི་རྣམ་གཞག་རྒྱུད་སྡེ་ལས་གསུངས་པའི། །ཐ་སྙད་དང་ཡང་མཚུངས་པར་མ་ངེས་པ། །འཕགས་ཡུལ་དམ་ཚིག་སྲུང་ལ་སྒམ་པའི་ཕྱིར། །ཁྱབ་གདལ་མ་དར་བཟོ་ལ་འདྲིས་པ་ཆུང༌། །གངས་ཅན་ན་ནི་ཁྱིམ་པའི་འཆོར་ཆས་བྱེད། །བླ་མེད་སྔགས་སྐུ་བཞད་གད་གནས་ལྟུང་ན། །དམ་ཚིག་དྲིལ་བུ་དམིགས་པའི་དབྱིངས་ལ་བཞུགས། །རྒྱ་ནག་ཁྱད་དྲིལ་ཕལ་པ་ཏཱ་མིང་གསུམ། །ཁྱད་དྲིལ་སྐྱེ་མཆེད་བྲད་བརྡར་འགྲན་ཟླ་མེད། །དཀྱུས་ལས་ཅུང་ཆེ་བ་ལང་ཁ་སྤུབ་འཐུག །རི་མོ་དོད་ཀྱང་ཧྲོབ་ཉམས་གཏན་ནས་མེད། །རྩེ་ལྔ་པ་རྣམས་ཆུ་སྲིན་ནང་ལ་བལྟ། །འཁོར་ལོའི་རྒྱན་དང་རྩེ་དགུ་ཡིན་ནོ་ཅོག །རྩི་པར་དྲྭ་ཕྱེད་ཁོང་ན་ཕྱག་མཚན་ཅན། །མུ་ཏིག་སྐེ་རགས་ཞིབ་ལ་སྐད་སྙན་འཁྲོལ། །མགོ་རྡོར་གསེར་དང་གསེར་དམར་ལས་གྲུབ་སྲིད། །རྒྱ་རག་ཚ་གསེར་འཐུག་པ་ཀུན་ལ་ཡོད། །ཕལ་པ་སྐྱེ་མཆེད་ཅུང་ཟད་གཙང་ཤ་ཆུང༌། །དབྱིབས་ཀྱང་ཙོང་ལ་སྐད་ངར་གཉིས་སུ་འཚེར། །དྲ་ཕྱེད་སོགས་དང་པད་འདབ་ལྷོངས་ལ་འཇམ། །ས་བོན་ལཉྫར་ཡོད་པ་ཏཱ་མིང་མང༌། །ཐེག་ཆེན་གན་དྲིལ་ལྷག་པར་ཆེ་བ་ལ། །ཁྱད་དྲིལ་མིང་དུ་གྲགས་པ་མེད་ན་ཡང༌། །བཟང་ངན་ཁྱད་པར་ཆེ་བ་ཡོད་པའོ། །དགའ་ལྡན་གན་དྲིལ་དེ་བས་ཅུང་ཐང་ཞེལ། །དྲིལ་བུའི་སྟོད་ཞུམ་


JLAZ007_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་རྡོར་རྩེ་དགུ་མང༌། །བོད་དྲིལ་རྙིང་མ་མདོ་ཁམས་རྩི་ཡུལ་དུ། །ཆེ་ཆུང་གཉིས་བཟོས་བྱི་བྱད་རྒྱ་འདྲ་བས། །ཉམས་མེད་རྣམས་ཀྱིས་རྒྱ་རུ་ངོས་འཛིན་ཡང༌། །རི་མོ་མི་གཙང་དཔུང་མགོ་ཧོར་འདྲ་ལ། །བ་ལང་ཁ་ནི་རྒྱ་ཧོར་གཉིས་ཀ་དང༌། །འགལ་ཞིང་ནང་ལ་སུལ་གྱི་རྣམ་པ་མང༌། །བོད་དྲིལ་གསར་མ་ཟལ་མོ་སྒང་དུ་དར། །རི་མོ་ཧྲོབ་ལ་སྐད་ངར་རིང་དུ་བསྲིང༌། །ཁྱད་དྲིལ་རྣམས་ནི་སྐྱེ་མཆེད་གཙང་ཤ་ཆེ། །དེ་ལས་གཞན་པ་འཇངས་འབའ་ལོ་གྲོ་སོགས། །དྲིལ་བུའི་གཟུགས་བརྙན་བརྟག་པར་སླ་བས་སོ། ༈ །ཏིང་ཏིང་ཤག་ལ་ཧོར་དང་རྒྱ་བལ་བོད། །ཧོར་ལ་རིགས་གསུམ་ཛ་ལནྡྷ་ར་མཆོག །ཤིང་ཀུན་འབྲིང་ལ་ཕལ་པ་ཐ་མ་སྟེ། །ཛ་ལན་དྷ་ར་གླིང་ཕྲན་ལས་འོངས་པའི། །ཤང་ཤང་ལས་བྱུང་ཐོད་པ་སྦུབ་ལ་ཟླུམ། །ལོ་མ་ཆུང་ཤོས་མཐེའུ་ཆུང་གི་རྒྱ། །ཁ་སྒོར་མཐུག་ཅིང་གཞན་ལས་ཆུང་བ་ལ། །སྐད་སྙན་རྒྱང་གྲགས་མཆོག་ཏུ་གྱུར་པ་ཡིན། །ཤིང་ཀུན་ཐོད་པ་དཔངས་མཐོ་རྩེ་མོ་ཕྱུར། །མཐའ་སྐོར་ཁ་སྦུབ་མཐུག་ལ་བར་སྐབས་སྲབ། །རྒྱང་སྐད་ཆེ་ལ་དབུགས་ཐག་རིང་བ་ཡིན། །ཕལ་པ་བརྡར་གད་ཅུང་དོད་ཐོད་པ་དམའ། །ལི་ལ་ཁྲོ་ཉམས་ཡོད་པས་གྲུམས་པའང་སྲིད། །རྒྱ་ཏིང་ཐོད་པ་ཟླུམ་ལ་ཁ་ཕྱར་ཐེག །ལོ་ཐོད་མཚམས་སུ་དཀྲི་ཁ་ཁོར་མོ་ལ། །ནག་གམ་སེར་མདངས་གཡའ་སྟུག་སྐད་གཤིས་འབོལ། །


JLAZ007_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བལ་པོ་ཧོར་ཕལ་ལས་ཆེ་ཐོད་པ་ཕྱུར། །སེར་སྐྱ་སྲབ་ཅིང་སྙན་ཆ་ཆུང་བ་ཡིན། །སྙེ་ཤང་ལ་སོགས་བོད་རྙིང་ཁ་དོག་ནག །སྐད་གཟེངས་མཐོ་ལ་སྙན་ཆ་ཆེ་བའོ། །ཟལ་མོ་སྒང་པ་ཐོད་པ་ཆུང་ལ་འདལ། །ལོ་མ་ཆེས་ཆེ་མཚམས་སུ་དཀྲི་ཁ་ཅན། །རྒྱུ་ཚོགས་ཆེ་ལ་སྐད་འབོལ་རྒྱང་གྲགས་ཆེ། ༈ །སིལ་སྙན་ལའང་ཧོར་རྒྱ་བལ་བོད་བཞི། །ཧོར་ལ་རིགས་གསུམ་ཛ་ལནྡྷར་དང༌། །ཤིང་ཀུན་མ་དང་སྤྱི་བོ་མཁར་པ་ལས། །ཛ་ལནྡྷ་ར་ཐོད་ཆེ་འཁོར་རྒྱ་ཆུང༌། །རྒྱུ་ཚོགས་ཆེ་ལ་སྐད་སྙན་རྒྱང་གྲགས་ཆེ། །སྤྲེལ་ཐོད་སྦལ་ཐོད་ཇི་ལྟའང་གཞན་པས་ཆུང༌། །ཤང་ཤང་ཧེའུ་རེག་པའི་དུག་ཅན་ཕྱིར། །ཡི་གེའི་བརྡ་ལས་རིན་ཐང་གཞལ་ཞེས་ཟེར། །དཀོན་པའི་ཕྱིར་ན་ནོར་སྣར་གྲགས་པ་ཡིན། །ཤིང་ཀུན་འཁོར་རྒྱར་དཔག་པའི་ཐོད་པ་ཆུང༌། །ཐོད་དབྱིབས་གོང་འདྲ་སྐད་འབོལ་སེར་མདངས་ཆེ། །སྤྱི་བོ་མཁར་ལ་ཐོད་དབྱིབས་གསུམ་དུ་ཡོད། །ར་ཐོད་ཙོང་ལ་སྦལ་ཐོད་ཐོད་ཟུར་ཆག །སྤྲེལ་ཐོད་ཟླུམ་ལ་རྩ་བ་ཉག་པ་སྟེ། །འཁོར་རྒྱ་ཆེ་ཆུང་རན་ལ་འཁྲོལ་ཆ་ཆུང༌། །གསེར་ངམས་ཟིལ་པ་ཆགས་པ་ཚེ་འབྲུམ་ཅན། །ནང་ལ་ཐོ་རིས་གསལ་ཞིང་སྲུབས་རིས་མེད། །ཐོད་པའི་རྩ་ནས་ལོ་མ་ཐུར་སེགས་སུ། །སྦོལ་སོང་མཚམས་ཤང་ཁ་གྱེ་ན་ལངས་ཀྱི། །ཁ་


JLAZ007_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བར་མཐའ་མ་རེག་ཙམ་དུ་ཡོད། །རྒྱ་ནག་ཆེ་ཆུང་འཚམས་ལ་ཆུ་ཞིང་གབ། །ཤང་ཁ་བཙན་ཚུགས་ཡོད་པས་འཁྲོལ་བ་དཀའ། །མཐའ་ལ་ཆ་ག་ནང་ལ་ཐོ་རྗེས་གསལ། །སེར་ནག་སྐད་སིལ་ཧོར་ལས་སྙན་ཆ་ཆུང༌། །སྦལ་ཐོད་མ་ཎི་ལནྫར་ཡོང་བ་ཡིན། །བལ་སིལ་སྲབ་དང་བོད་སིལ་རྒྱུ་ཚོགས་ཅན། །རྒྱ་ཧོར་གཉིས་དང་འགལ་བས་རྟོགས་པར་སླ། །དེ་ལས་བོད་སིལ་སྙན་ཆ་ཆེ་བ་ཡིན། ༈ །སྦུབ་ཆོལ་གསུང་རབ་དག་ལས་ཡོངས་མ་གྲགས། །ཕེག་རྡོབ་ལ་དཔགས་རིག་པས་བསྐྲུན་ནམ་སྙམ། །དེ་ཉིད་ལ་ཡང་ཧོར་རྒྱ་བལ་བོད་བཞི། །ཧོར་རིགས་གསུམ་ལས་མཆོག་ཏུ་གྱུར་པ་ནི། །ཛ་ལནྡྷ་ར་ཐོད་ཁྱིམ་ཆེ་ལ་ཕྱུར། །འཁོར་རྒྱ་ཆུང་ལ་ཐོ་རྗེས་ཤིན་ཏུ་གསལ། །གཡའ་ངམས་སེར་ནག་སྐད་སྙན་རྒྱང་གྲགས་ཆེ། །ངོ་བོ་ཆུང་ལ་རྒྱུ་ཚོགས་སྟུག་པ་དང༌། །ཁ་སྒོར་ཟ་ར་ཚགས་སུ་མངོན་པ་ཡིན། །ཤིན་ཀུན་མ་ནི་ཐོད་པ་ཟླུམ་པ་ལ། །ལོ་ཐོད་བར་ཉག་འཁོར་རྒྱ་སྔོན་བས་ཆེ། །རྒྱུ་ཚོགས་ཆེ་ལ་དར་བས་གཞན་དག་གནོན། །སྤྱི་བོ་མཁར་པ་ཐོད་པ་ཆུང་བ་ལ། །ལོ་མ་རན་ཞིང་སྔོན་པས་ཁ་དོག་སྔོ། །མཚན་ཉིད་གཞན་རྣམས་མཚུངས་ཤིང་རྒྱ་གསར་ཀྲོག །བལ་པོ་ཧོར་དུ་བརྫུས་དང་མ་འཛོལ་ན། །ཧོར་གྱི་མཇུག་དང་རྒྱ་ཡི་ཐོག་མ་རུ། །བྱུང་


JLAZ007_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རོལ་མོ་ཁྱད་གཞིས་འཕགས་པ་སྟེ། །སྐྱེ་མཆེད་དོད་ལ་ཐོད་ལོ་མཆུ་ཞིང་གབ། །ཐོད་ཁྱིམ་ཟད་མཚམས་རྩ་རིས་བྱེ་ཁ་མངོན། །གཡའ་མདངས་གསེར་ཞག་ཅན་དང་སྔོ་ནག་སོགས། །སྣུམ་བག་གཞན་བས་བལྟ་ན་སྡུག་པ་ལ། །སྐད་སྙན་འཁྲོལ་ཞིང་རྒྱང་གྲགས་ཆེ་བ་ཡོད། །རྒྱ་སིལ་ལེགས་དང་དྲིལ་བུ་ཁྱད་འཕགས་དུས། །སྤུབ་ཆོལ་ཉུང་བས་ཕལ་རྣམས་ཕྱི་ནས་བྱུང༌། །ཤིན་ཏུ་གསར་པ་ཁ་དོག་སྐྱའམ་གནག །རྒྱུ་ཚོགས་ལྡན་ཞིང་སྐད་སིང་སྙན་ཆ་ལྡན། །བལ་ཆོལ་སྦལ་མགོ་མ་དང་སྤྲེལ་ཐོད་མང༌། །ཐོད་པ་ཅུང་ཆུང་དེ་ཡང་ཅིག་ཤོས་སུ། །ཅིག་ཤོས་ཤོང་ཞེས་ཟེར་ཡང་ཆེ་ཆུང་དུ། །མངོན་པ་ཀུན་ལ་ཡོད་པས་མ་ངེས་ལ། །སྲུབས་རིས་གསལ་ཞིང་ལི་མདངས་སེར་སྐྱར་སྣང༌། །བོད་ནི་གྲ་སྦུག་ཉིད་དང་དེ་བཞིན་དུ། ལྷོ་མོན་དག་ནས་གསར་བྱུང་བལ་རྒྱུད་བཟོ། །རྒྱ་གསར་དག་དང་འཁྲུལ་པ་བསྐྱེད་པ་དང༌། །སྔོན་རབས་འཇང་སྦུབ་སོགས་ནི་རྟོགས་བང་སླ། །གང་ཡང་རྒྱུ་ལ་རྒོད་གཡུང་བྱེ་བྲག་གིས། །ཡས་སྦུབ་མས་སྦུབ་ཁྱད་པར་ཆེ་བ་ཡིན། ༈ །ཐུགས་རྟེན་རྒྱ་གར་རྒྱ་ནག་བོད་གསུམ་ལ། །འཕགས་པའི་ཡུལ་ན་པདྨ་སྤུངས་པ་ནས། །མྱང་འདས་བར་གྱི་རྣམ་གྲངས་བརྒྱད་བཤད་ལས། །བོད་དུ་བྱོན་པ་ལྷ་བབས་རྣམ་རྒྱལ་གཉིས། །


JLAZ007_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་པད་སྤུངས་དབུས་དང་ཤར་ནས་དར། །པདྨ་ཁ་སྦྱར་ཞུམ་ལ་བུམ་སྨད་རྒྱས། །རིམ་པས་སྙོང་ལ་བྲེ་ཡང་ཀྲོང་བ་ལ། །ཡ་མཐའ་བྱིལ་མོ་རྩེ་གདུགས་ཐེག་མོའི་སྟེང༌། །ནོར་བུ་པདྨའི་འབུས་ནས་འཐོན་པ་འམ། །ཉི་ཟླས་སྤྲས་པ་ཕལ་ཆེར་ལི་དཀར་མོད། །བྱང་ཆུབ་ཤིང་དང་ཀ་མ་རུ་པའི་རྡོར། །རྡོ་རྗེ་གདན་གྱི་བཀོད་པའི་གནྡྷོ་ལ། །དེ་ཡི་འདྲ་ཅོག་བོད་དུ་བྱས་པའང་སྲིད། །རྒྱ་ནག་པ་ནི་རྒྱ་རག་ཚ་གསེར་ཅན། །བོད་རྙིང་པདྨ་རྐྱང་སྦྱར་གཉིས་པ་མང༌། །མས་མཐར་མུ་ཏིག་སྤྲས་དང་བུམ་སྟོད་རྒྱས། །བྲེ་དཔངས་དམའ་ལ་མ་མཐར་ཟེ་པྲོག་ཅན། །ཆོས་འཁོར་སྲིད་ཐུབ་སྦོམ་ལ་ཆར་ཁེབས་སྦུབ། །རྩེ་མོ་པད་འབུས་ཏོག་གམ་ཉི་ཟླས་སྤྲས། །དབུས་ན་ལྕགས་མངོན་ལྕགས་ལྟེ་མ་རུ་གྲགས། །ཞབས་བགགས་མེ་ལོང་ཅན་ལ་མེ་ཞབས་མ། །ལ་མཚལ་མ་ནི་རྒྱ་གྲམ་དེ་ཡིས་བྱུགས། །བྲེ་ངོས་སྤྱན་སོགས་མདུན་རྟགས་བྱས་པའང་ཡོད། །རྙིང་པ་རྣམས་ལ་ནང་བཞུགས་རིང་བསྲེལ་དང༌། །ཇོ་བོས་རབ་གནས་འཐོར་བ་གཉིས་སུ་ཡོད། །འདྲ་ཅོག་གསེར་མ་བཀའ་གདམས་རག་སྐུར་མཚུངས། །དེ་ལྟར་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ནི། །ལི་ཡི་ཞག་དང་སྐྱེ་མཆེད་ཁོ་ན་ལས། །འདྲིས་ཅན་རྣམས་ལ་རང་བཞིན་ལྷན་སྐྱེས་སུ། །རྣམ་པར་


JLAZ007_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པའི་རྩལ་གསུམ་རྫོགས་མོད་དེ། །དེ་དུས་རྒྱུ་ཡང་འདུ་ཤེས་གཞུངས་པ་དང༌། །དཔྱོད་པ་ཆེ་ཞིང་རྒྱུས་ལ་གོམས་པ་དང༌། །མིག་སྔར་མང་མཐོང་ནན་ཏན་འདྲིས་པ་ལས། །འབྱུང་གིས་དཔྱད་སྟོན་མཐོང་བ་ཙམ་གྱིས་མིན། །འཇིག་རྟེན་དག་ན་ཟོང་གིས་སྤངས་པ་ལས། །ཉམས་ཀྱིས་སྤངས་པ་གོད་ཁ་ཆེ་བའི་ཕྱིར། །རྣམ་པར་དཔྱོད་པའི་མཐུ་ལ་གོམས་པར་མཛོད།། །།བཞི་པ་ཕན་ཡོན་གྱི་སྒོ་ནས་དེ་ལྟ་བུའི་རིན་པོ་ཆེས་སྐུ་གསུང་ཐུགས་རྟེན་འབའ་ཞིག་ལ་རིམ་གྲོ་བསྐྱེད་པའི་ལུང་སྟོན་པ་ནི་འཕགས་པ་སྒྲ་ཆེན་པོ་ལས། ཀུན་དགའ་བོ་གང་ཞིག་གིས་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་པ་ལས། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་མཚོན་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ་བསོད་ནམས་དེ་ལ་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། གྲངས་དང༌། ཆ་དང༌། དཔེ་དང༌། རྒྱར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་


JLAZ007_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང༌། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང༌། ཤེས་རབ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཞེས་དང༌། ཀུན་དགའ་བོ་ལུས་འཕགས་མོའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་ཕ་རྒྱུན་དུ་ཞུགས་པ་བསད་ནས་དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་བྱ་བའི་ཕྱིར་སྐུ་གདུང་གི་བརྒྱད་ཆ་ལ་བཀུར་སྟིར་བྱ་བ་དང༌། བླ་མར་བྱ་བ་དང༌། རི་མོར་བྱ་བ་དང༌། མཆོད་པར་བྱ་བ་དང༌། བརྗེད་པར་བྱ་བ་དང༌། གསོལ་བར་བྱ་བ་ལ་བརྩོན་པར་འགྱུར་རོ། །ཞེས་སངས་རྒྱས་ཀྱིས་བསྔགས་པའི་ལས་དེ་དེས་བྱས་པས་སེམས་ཅན་དམྱལ་བར་ལན་ཅིག་སོང་ནས་ལས་དེ་ཉིད་དང་དགེ་བའི་རྩ་བ་དེ་ཉིད་དང༌། སྔོན་ལེགས་པར་སྤྱད་པ་དེ་ཉིད་ཀྱིས་དེ་ནས་ཐར་ནས་བསྐལ་པ་ཉི་ཤུར་ལོག་པར་ལྟུང་བར་མི་འགྱུར་ལ། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པར་ཁྱིམ་ནས་ཁྱིམས་མེད་པར་རབ་ཏུ་བྱུང་ནས་རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་ཏེ། རང་


JLAZ007_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བར་འགྱུར་རོ། །ཞེས་པ་ལ་སོགས་པས་མཚོན་ཟད་མི་ཤེས་པ་ཡོད་དོ། །རྙེད་ལ་ཁེངས་ཤིང་འབྱོར་ན་བརྐམ་པ་སྡུག་བསྔལ་བདེན་པའི་ས་བོན་ཏེ། །བྱིས་པ་རྣམས་ཀྱིས་སྦྱིན་འབྲས་སྔོན་སོང་དེ་ཡང་གློག་སྤྲིན་ཟློས་གར་ལས། །དཔེར་བྱ་གཉིས་པ་ཡོད་མིན་རིག་པ་འཕགས་པ་རྣམས་ཀྱི་རྗེས་ཐོབ་ནི། །གསེར་དང་བོང་བ་རིན་ཐང་མཉམ་པ་འཁོར་གསུམ་ཡང་དག་ཕྱོགས་སུ་ལྷུང༌། །ཆོག་ཤེས་དམ་པའི་གན་མཛོད་ལ་དབང་རྣམས། །རྙེད་ལ་དགའ་མགུར་མི་ལྡང་མི་རྩོལ་ཡང༌། །གནས་མ་ཡིན་པར་དེངས་སུ་མི་འཇུག་པ། །རྣམ་སྨིན་ཟླ་ཞུན་ཁམས་སུ་བསྐྲུན་ཕྱིར་ཡིན། །བརྒྱ་ཕྲག་ལྔ་ཡི་གླང་པོའི་ཐུར་སྲང་གིས། །བཏེག་པའི་དངུལ་དཀར་ཞུན་མའི་མཆོད་སྡོང་ནི། །བཙོ་སྦྱངས་རིན་ཆེན་མང་པོས་ཁུར་བཟོད་པའི། །ནོར་བུའི་རྣ་ཆ་གཡོ་བའི་དུས་ཀྱི་གཏམ། །ཞེས་པའང་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་རྒྱལ་བསྟན་ཡུན་དུ་གནས་པ་དང༌། འགྲོ་བའི་བདེ་སྐྱིད་སྤེལ་བའི་སླད། དངུལ་སྲང་ལྔ་བརྒྱའི་རྒྱུ་ཚོགས་ལས་བྱང་ཆེན་མཆོད་སྡོང་གསར་དུ་བསྐྲུན་ནས་རྒྱལ་དབང་པདྨའི་ལུང་བསྟན་བཞིན་བསམ་ཡས་བར་ཁང་དུ་བཞུགས་སུ་གསོལ་བའི་ཚེ་སྦྱར་བའོ། །གཏམ་ཚོགས་ལེའུ་བཞི་པའོ།། །།


previousགཏམ་ཚོགས་ལེའུ་བཞི་པ། རིན་པོ་ཆེ་བརྟག་པའི་གཏམ་ཙིནྟ་མ་ཎིའི་མཛོད་ཁང་།next