Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
གཏམ་ཚོགས་ལེའུ་ལྔ་པ། སྙན་ངག་གི་གཏམ་རིན་པོ་ཆེའི་གཏེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ལྔ་པ། སྙན་ངག་གི་གཏམ་རིན་པོ་ཆེའི་གཏེར།next

གཏམ་ཚོགས་ལེའུ་ལྔ་པ། སྙན་ངག་གི་གཏམ་རིན་པོ་ཆེའི་གཏེར།


JLAZ007_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ངག་གི་གཏམ་རིན་པོ་ཆེའི་གཏེར་ཞེས་བྱ་བ། །རྒྱ་གར་སྐད་དུ། ཀ་བེཿཤཱ་སྟྲ་རཏྣ་ནི་དྷི་ནཱམ། བོད་སྐད་དུ། སྙན་ངག་གི་གཏམ་རིན་པོ་ཆེའི་གཏེར་ཞེས་བྱ་བ། སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །ཚངས་པའི་བུ་མོ་ལུས་མཛེས་མ། །ངག་གིས་སེམས་ཅན་ཀུན་ཡིད་འཕྲོག །དབྱངས་ཅན་མ་ཀྱི་དེ་རིང་འདིར། །བདག་གི་མགྲིན་པའི་དཔལ་དུ་བཞུགས། །ཞེས་བརྗོད་ནས་སྣང་བ་ཚིག་ཏུ་ཤར་བའི་རྟེན་འབྲེལ་གྱི་སྒོ་ནས་དཔལ་ལྡན་དཎྜིའི་སྙན་དངགས་ཀྱི་ལེའུ་གཉིས་པར་སྔོན་གྱི་མཁས་པའི་ལུགས་སུ་ས་བཅད་བསྡུས་པའི་དོན་རྒྱན་སོ་ལྔའི་དཔེ་བརྗོད་བློ་གསལ་རིག་པ་ལ་དགའ་བའི་ལས་དང་པོ་པ་དག་སྤྲོ་བར་བྱེད་པའི་ཕྱིར། ཤིན་ཏུ་གོ་བདེ་བར་བརྗོད་པར་བྱ་བ་ལ། དང་པོ་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་ནི་སྒྲོ་མ་བཏགས། སྐུར་པ་མ་བཏབ་པར་བརྗོད་པ་ལ་ཟེར་གྱིས། དཔེ་ནི། དེ་རིང་ཀ་བ་མིག་ལམ་དུ་མངོན་པས་རྐྱེན་སྦྱར་ནོར་འཛིན་ཡངས་པའི་ལྟོ་བ་ན། ལྗོན་པ་ཡན་ལག་རྨྱང་བ་ཡང༌། །འདི་ན་ཁང་བུ་བརྩེགས་པ་བརྒྱའི། །སྲོག་གི་ཟུངས་སུ་ཆས་ལ་ལྟོས། །ཞེས་སོ། །གཉིས་པ་དཔེའི་རྒྱན་ནི། དཔེ་དོན་གཉིས་འདྲ་ཡུལ་དང་འདྲ་ཆོས་མཚུངས་པ་ལ་སྦྱོར་བ་དཔེར་ན་སྨྱུག་མ་མཐོང་བས་མཚམས་སྦྱོར། ཆུ་ཤིང་བཞིན་དུ་ཀུན་ནས་དྲང༌། །དཱུར་ཝ་ལྟ་བུའི་ཚོགས་པ་དཀོན། །མརྒད་གསར་པའི་འདབ་མ་ཅན། །


JLAZ007_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱུག་མ་ཁོ་ནའི་ཁྱད་པར་རོ། །ཞེས་པ་ལྟ་བུའམ། ཡང་ན། རྐང་པས་འཐུང་བའི་ལང་ཚོ་ནི། །པདྨོ་གཞོན་ནུར་ཤིན་ཏུ་མཚོན། །འདབ་མ་ཨུཏྤལ་སྔོན་པོར་མཚུངས། །ཚིགས་པ་མཛེས་མའི་གདུ་བུ་བཞིན། །ཞེས་པ་ལྟ་བུ་སྟེ་གོང་མ་དངོས་པོའི་དཔེ་དང༌། འོག་མ་ཆོས་དཔེར་སྦྱར་རོ། །གསུམ་པ་གཟུགས་ཅན་གྱི་རྒྱན་ནི། དཔེ་དོན་གཉིས་སྔ་མ་ལྟར་འདྲ་ཡུལ་འདྲ་ཆོས་མཚུངས་པའི་འདྲ་དཔེ་ཙམ་དུ་མ་བཀོད་པར་དོན་དེ་ཀ་དཔེའི་གཟུགས་སུ་བཀོད་པ་སྟེ་འདི་ལྟར། ཐུབ་དབང་ཁྱོད་ཀྱི་ལུང་རྟོགས་གདོང་ལྔ་པས། །སྣ་ཚོགས་ཐེག་པའི་གཡུ་རལ་སྤྲུགས་པ་ན། །འཇིག་ཚོགས་སུམ་བརྒྱར་སྨྲ་བའི་རི་དྭགས་ཀུན། །རྟག་ཆད་ཚང་ཚིང་སྟུག་པོའི་ནགས་སུ་བྲོས། །ཞེས་པ་ལྟ་བུའོ། །བཞི་པ་གསལ་བྱེད་ཀྱི་རྒྱན་ནི། གང་བརྗོད་པར་བྱ་བའི་གཙོ་བོའི་ཁྱད་གཞི་དེ་ཁྱད་ཆོས་དེའི་གནས་སྐབས་ཀྱི་བརྗོད་དོན་ཐམས་ཅད་དང་འབྲེལ་བར་སྦྱར་ཞིང༌། དེའང་ཐོག་མཐའ་བར་གསུམ་གང་དུ་ཡོད་པ་དེ་ལ་དེ་དང་དེའི་གསལ་བྱེད་ཀྱི་མིང་བཏགས་པ་སྟེ། དཔེར་ན། རྒྱལ་པོའི་མདུན་སར་བཙུན་མོ་གཞོན་ནུ་དང༌། རྨ་བྱའི་མགྲིན་པར་སྤུ་སྡུག་འཇའ་ཚོན་རིས། །སྐྱེད་མོས་ཚལ་དུ་པད་དཀར་འཛུམ་པ་རྣམས། །སྲེད་ལྡན་ཀུན་གྱི་ཡིད་ལ་ཆོམ་རྐུན་བྱེད། །ཅེས་པ་ལྟ་


JLAZ007_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །ལྔ་པ་བསྐོར་བ་ཅན་ནི། རྐང་པ་བཞིའི་ཐོག་མཐའ་བར་གསུམ་ཅི་རིགས་པར། བརྗོད་བྱའི་དོན་འདྲ་བའི་རྗོད་བྱེད་ཀྱིས་བསྐོར་བ་སྟེ། དཔེར་མཚོན་ན། རྡོས་བཅས་ལུས་ཀྱི་འབྱུང་བ་དག་པས་དབང་པོའི་གཞུ་ཡང་འདི་ལས་གང༌། །འགྲོ་འོང་རླུང་གི་རྟེན་འབྲེལ་འགགས་པས་སྒྲ་དང་བྲག་ཅའི་ངག་མ་ཡིན། །སྣ་ཚོགས་རྟོག་པའི་དྲི་མས་ཡོངས་བཏང་དེ་ཡི་ཐུགས་ལ་གསལ་འགྲིབ་བྲལ། །མཚོ་ལས་འཁྲུངས་པའི་རྡོ་རྗེ་གཞོན་ནུའི་རྣམ་ཐར་དབང་པོའི་རྡོ་རྗེས་མིན། །ཞེས་པ་ལྟ་བུའོ། །དྲུག་པ་འགོག་པའི་རྒྱན་ནི། དགག་པའི་ཆོས་རང་བཞིན་གྱི་ཡོན་ཏན་ལྟ་བུ་ཞིག་སྔོན་དུ་བཞག་ནས་དམིགས་བསལ་དེ་ཉིད་སྐྱོན་གྱི་རྣམ་པར་འགོག་པ་སྟེ། དཔེར་ན། འཛུམ་པའི་ཞལ་གྱིས་གཞན་ཡིད་འཕྲོག་ན་བཅོས་མའི་ཟུར་མིག་ལྟ་ངེས་ཅི། །རང་བཞིན་མཛེས་པའི་སྐེད་པ་ཕྲ་ན་སྣ་ཚོགས་རྒྱན་གྱིས་ཅི་ཞིག་བྱ། །ཨུཏྤལ་ཡི་དྲི་བསུང་འཐུལ་ན་བུར་ཆུས་བཀྲུས་ལ་དོན་ཡོད་མིན། །དེ་ལ་འཁྱུད་རྒྱའི་ཞགས་པས་མི་འཆིང་ཕྱིན་ཆད་རྙིངས་པའི་ཁུར་མི་བཟོད། །ཅེས་པ་ལྟ་བུའོ། །བདུན་པ་དོན་གཞན་བཀོད་པ་ནི། བསྒྲུབ་བྱའི་དངོས་པོ་ཕྱོགས་མཚུངས་པ་ཞིག་སྔོན་ལ་སྣང་མེད་དུ་བཀོད་ནས། དེ་ནས་སྒྲུབ་བྱེད་ཀྱི་རང་བཞིན་ནུས་པ་ཆེ་བ་ཞིག་བརྗོད་པ་སྟེ། དཔེར་


JLAZ007_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ན། འཇིག་རྟེན་མེས་པོ་ཚངས་པ་ཡང༌། །ལས་ཀྱི་ཕྱི་བཞིན་གཞན་དུ་སོང༌། །སྐྱེས་མཐའ་འཆི་བར་ངེས་པ་འདིར། །བྲོས་ཀྱང་ཐར་བ་མ་ཡིན་ནོ། །ཞེས་པ་ལྟ་བུའོ། །བརྒྱད་པ་ལྡོག་པ་ཅན་ནི། དང་པོའི་ཚིག་ལ་དཔེ་དོན་ཆོས་ཉིད་མཚུངས་པར་བསྟན་ནས། དོན་ལ་མི་མཚུངས་པའི་ཁྱད་ཆོས་ཀྱིས་བསྒྲུབ་ཕྱིར་གང་ཞིག་འཇིག་རྟེན་ན་གྲགས་ཆེ་བའི་རྒྱུ་འགའ་ཟློས་ནས། དེའི་རང་བཞིན་གསལ་བར་སྟོན་པ་སྟེ། དཔེར་ན། མཛེས་མའི་བཞིན་དང་ཀུན་དའི་འཛུམ། །ཤིན་ཏུ་མཛེས་པར་མཚུངས་མོད་དེ། །ཀུནྡ་ཉི་མའི་འོད་ཀྱིས་ཟུམ། །མཛེས་མ་དེ་ཚེ་ལྷག་པར་རྔོམ། །ཞེས་པ་ལྟ་བུའོ། །དགུ་པ་སྲིད་པ་ཅན་གྱི་རྒྱན་ནི། རྒྱུ་མེད་པར་ཡང་འབྲས་བུ་སྲིད་པར་སྟོན་ཕྱིར་འཇིག་རྟེན་ན་དེ་དང་ཆོས་མཚུངས་པའི་དཔེ་འགའ་ཞིག་ཟློས་ནས་བརྗོད་པ་སྟེ། འདི་སྐད་དུ། འདུ་ཤེས་མེད་པའི་གླིང་བུའི་སྒྲ་ཡིས་རི་དྭགས་རྣམས་ཀྱང་མགོ་བོ་སྐོར། །སེམས་མེད་བེམ་པོའི་པི་ཝང་དེ་ནི་གཏམ་གྱི་རྗོད་པ་སྙན་པར་སྒྲོག །སུས་ཀྱང་མ་བྲིས་རྨ་བྱའི་རི་མོས་ཚོན་རྣམས་ཀུན་གྱི་བཀྲག་མདངས་འཕྲོག །དྲི་ཟའི་ན་ཆུང་ཤིན་ཏུ་མཛེས་པ་མ་བཀུག་པར་ཡང་འདིར་བྱུང་ངོ༌། །ཞེས་པ་ལྟ་བུའོ། །བཅུ་པ་བསྡུས་པ་བརྗོད་པ་ནི།


JLAZ007_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོན་གང་ཡིན་ལས་ཕྱིར་ཕྱོགས་པ་ཞིག་ཞེ་འདོད་དུ་སྦས་ནས། ངག་གིས་དངོས་པོ་དེ་ལྟར་མ་ཡིན་པ་ཞིག་གཡོ་སྒྱུའི་ཚུལ་དུ་འགོད་པ། གང་ཚེ་ཟླ་བ་བག་ལ་ཞ། །ཀུནྡའི་ཚལ་ཀྱང་ཟུམ་གྱུར་པས། །དེ་དག་དགའ་བར་མི་བྱེད་ཀྱང༌། །མཁའ་ལ་རྟ་བདུན་རྒྱལ་པོ་མཛེས། །ཞེས་སོ། །བཅུ་གཅིག་པ་ཕུལ་བྱུང་ནི། གང་ཞིག་བརྗོད་བྱར་གྱུར་པ་དེ་འཇིག་རྟེན་ན་ཡོད་པའི་དཔེ་དེ་དག་གིས་མཚོན་པར་མི་ནུས་པས། ཤིན་ཏུ་ཁྱད་པར་དུ་འཕགས་པའི་རང་བཞིན་དུ་བརྗོད་པ་སྟེ། དཔེར་ན། སྲིད་ན་ཟླ་བ་རྣམས་མཛེས་པ། །དེས་ཀྱང་ཁྱོད་ཞལ་མི་མཚོན་ཏེ། །ཁྱོད་ཀྱི་བཞིན་རས་འཛུམ་པ་དེར། །ཆགས་ནས་ཚངས་པའང་གདོང་བཞིར་གྱུར། །ཅེས་པ་ལྟ་བུའོ། །བཅུ་གཉིས་པ་རབ་རྟོག་གམ་རབ་བཏགས་ནི། དཔེར་ན་འཇིག་རྟེན་ན་བདག་པོ་དགའ་བར་བྱ་བའི་སླད་དུ་བོང་བུ་ལའང་དྲེའུའི་མིང་དུ་བརྗོད་པ་ལྟར་རྟོག་པས་རྣམ་པར་སྒྲོ་བཏགས་ནས་དོན་ལ་མི་གནས་པའི་བསྔགས་པ་བརྗོད་པ་སྟེ། དཔེ་ནི། གང་སྐུ་མཛེས་ཤིང་ཡོན་ཏན་རྨད་བྱུང་གཏམ་གྱི་ངང་ཚུལ་གསར་པ་དེ། །གླིང་བཞིའི་སྣང་བྱེད་ཉི་ཟླ་ཟུང་དང་སྤྱན་སྐྱེས་བདུད་རྩིའི་ཟས་ཅན་གྱིས། །སྲིད་པ་སུམ་ཅུ་རྩ་གཅིག་ཀུན་ཏུ་ཅ་ཅོའི་ངག་གིས་བསྒྲགས་པ་ལས། །ཚངས་པའི་བུ་མོ་དབྱངས་ཅན་མ་ཡང་འཁུན་པའི་ཞུ་བ་འབུལ་བ་བཞིན། །ཞེས་སོ། །བཅུ་


JLAZ007_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྒྱུའི་རྒྱན་ནི། ཤེས་བྱེད་ཀྱི་རྒྱུ་ལས་བསྒྲུབ་བྱའམ། སྐྱེད་བྱེད་ཀྱི་རྒྱུ་ལས་འབྲས་བུ་དེ་འདྲ་བ་འགྲུབ་པར་སྟོན་པ་སྟེ། དཔེར་མཚོན་ན། ཁྱོད་ཞལ་མཛེས་པའི་ཟུར་མིག་ལས། །དགའ་བའི་མྱུ་གུ་གསར་པ་དང༌། །ཆུ་སྐྱེས་གཞོན་ནུའི་གེ་སར་ལས། །སྦྲང་རྩིའི་དགའ་སྟོན་ཅིར་ཡང་སྤྱིན། །ཞེས་པ་ལྟ་བུའོ། །བཅུ་བཞི་པ་ཕྲ་མོའི་དཔེ་རྒྱན་ནི། སྔོན་དུ་བློ་བཏང་བའམ། མ་གཏང་ཀྱང་རུང་སྟེ། ཐབས་ཀྱི་རྟེན་འབྲེལ་དེ་བརྡ་དང་རྣམ་འགྱུར་ཁྱད་པར་ཅན་གྱི་སྒོ་ནས་དོན་གཞན་གོ་བར་སྟོན་པའི་ངག་སྟེ། འདི་ལྟར། མཚར་སྡུག་མིག་གི་བདུད་རྩི་ཅན། །ཚངས་པའི་བུ་མོ་ལུས་མཛེས་མས། །ངག་གི་འདོད་ལ་འཇོ་བའི་ཚུལ། །རྒྱུད་མངས་ཟོལ་གྱིས་དོན་དུ་གཉེར། །ཞེས་སོ། །བཅོ་ལྔ་པ་ཆའི་རྒྱན་ནི། གང་ཞིག་བརྗོད་བྱའི་དངོས་པོ་གསལ་པོར་མི་བརྗོད་པར་ཟོལ་གྱིས་བསྒྲིབས་པའི་ངག་གིས་སྦྱོར་བ་སྟེ། དཔེར་ན། གཡོན་ཅན་ཟླ་བས་རང་གི་བཞིན། །འཛད་པའི་ཆོས་ལ་ཡིད་ཞུམ་པ། །མཛེས་པའི་ཟོལ་གྱིས་བསྒྲིབ་པའི་ཕྱིར། །གསར་དུ་ཉ་བའི་རྣམ་འགྱུར་སྟོན། །ཅེས་པ་ལྟ་བུའོ། །བཅུ་དྲུག་པ་རིམ་ཅན་གྱི་རྒྱན་ནི། རྗོད་བྱེད་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་རྣམས་རིམ་པ་བཞིན་དུ་གསལ་བར་བྱས་ནས་གོ་བར་བྱེད་པ་སྟེ། དཔེར་


JLAZ007_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ན། མཛེས་མའི་གདོང་ལ་ཨུཏྤལ་མིག །མཁུར་ཚོས་ལི་ཁྲིའི་ཐིག་ལེ་ཅན། །དེ་ཡི་བཞིན་དཔལ་ཁོ་ན་ཡིས། །དཔའ་བོ་ཀུན་གྱི་བསྙེམས་པའང་འཕྲོགས། །ཞེས་པ་ལྟ་བུའོ། །བཅུ་བདུན་པ་དགའ་བའི་རྒྱན་ནི། བརྗོད་བྱ་དེའི་ངག་ཐོས་པ་ཙམ་གྱིས་ཡིད་ལ་དགའ་བ་ལྷང་གིས་འཆར་བའི་ཚིག་ཏུ་སྟོན་པ་སྟེ། དཔེར་ན། སྐྱེད་མོས་ཚལ་ན་རྨ་བྱ་གཞོན་ནུའི་གྲོགས་བྱས་ཤིང༌། །ལང་ཚོས་མྱོས་པའི་སྨིན་ལེགས་ལག་པའི་གདུ་བུ་འཁྲོལ། །ཤིན་ཏུ་ཆགས་པའི་ཟུར་མིག་གཡོ་བའི་ཞགས་པ་དེས། །འཇིག་རྟེན་མེས་པོའི་དཔའ་བའི་ངང་ཚུལ་འཕྲོགས་པ་སྙམ། །ཞེས་པ་ལྟ་བུའོ། །བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་ནི། གང་ཞིག་སྨྲ་བར་མཛེས་པའི་ངག་དེས་བསྙད་པ་དང་མཚུངས་པར་ཉན་པ་པོའི་བློ་ཡུལ་དུ། སྒེག་ཆོས་དང༌། དཔའ་ཉམས་དང་། དགོད་བྲོ་བ་ལ་སོགས་པའི་ཉམས་འཆར་ནུས་པ་ཞིག་སྟེ། དཔེར་ན། སྨྱོ་ཕྱེད་ཆང་གིས་སྤྲོ་བ་བསྐྱེད་པའི་བཞིན་བཟང་གིས། །དཔའ་བའི་ངང་ཚུལ་ཇི་ལྟར་བསྟན་ཀྱང་བསྙེམས་མི་དགོས། །རང་མཚང་སྟོན་པའི་མེ་ལོང་ཉིད་དུ་དེ་གྱུར་པས། །བབ་ཅོལ་གནས་ལ་རིངས་པར་ཆས་པ་བཞིན། །ཞེས་པ་ལྟ་བུའོ། །བཅུ་དགུ་པ་གཟི་བརྗིད་ཅན་གྱི་རྒྱན་ནི། རྗོད་བྱེད་ཀྱི་ངག་དེ་ཐོས་པ་


JLAZ007_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྨྲ་བ་པོའི་གཟི་བརྗིད་ཁྱད་པར་ཅན་དུ་གོ་བར་བྱེད་པའི་གཏམ་གྱིས་སྦྱོར་བ་སྟེ། དམར་སེར་ལི་ཁྲིའི་ཚོན་གྱིས་བསྐུས་པའི་ལང་ཚོ་བདོ་དེའི་དཔལ་གྱི་མགུར། །ཇི་སྙེད་མཁྱེན་པའི་རྫ་རྔ་བརྡུང་ཞིང་རྨོངས་པའི་དྲྭ་བ་གཅོད་པའི་བརྡར། །ཤེས་རབ་རལ་གྲིའི་ཕྱག་རྒྱ་གདེངས་པ་མཐོང་བའི་མོད་ལ་དེ་ཡི་བྱིན། །བློ་གསལ་སྙིང་ལ་ཞུགས་པའི་གཟི་བྱིན་མ་བཟོད་ནག་མོའི་ཡུལ་ལྷོ་ཕྱོགས་པའི་པཎྜི་ཏ་ཁོལ་ཀྱང་བྲོས། །ཞེས་པ་ལྟ་བུའོ། །ཉི་ཤུ་པ་རྣམ་གྲངས་བརྗོད་པའི་རྒྱན་ནི། ཡིད་ལ་བསམ་པ་དེ་མངོན་གྱུར་དུ་མ་བརྗོད་པའི་སྒོ་ནས་དོན་ཡིད་ཐོག་ཏུ་འབབ་པར་བྱ་བའི་ཐབས་སུ། རྣམ་པ་གཞན་ལ་ཁ། གཡར་བ་ལྟ་བུའི་ཟོལ་གྱིས་སྒྱུ་ཐབས་སུ་སྨྲ་བའི་ངག་སྟེ། དཔེར་ན། རྟ་ལྗང་ཆུ་ལྷའི་བུ་མོ་དང༌། །དགའ་མགུར་སྤྱོད་ཕྱིར་ཕྱོགས་དེར་སོང༌། །བདག་ཀྱང་དེ་རིང་གཉིད་བྲོ་བས། །རེ་ཞིག་མལ་དུ་མནལ་བར་བྱེད། །ཅེས་པའོ། །ཉེར་གཅིག་པ་ཀུན་ཏུ་ཕན་པའི་རྒྱན་ནི། བྱ་བའི་ལས་འགའ་ཞིག་བརྩམ་པ་ལ་བསོད་ནམས་ཀྱི་མཐུའམ། །སྟོབས་ཀྱིས་འབད་པ་མེད་པར་སྒྲུབ་བྱེད་ཇི་བཞིན་པར་ཚོགས་པར་སྟོན་པའི་ངག་སྟེ། དཔེ་ནི། བསོད་ནམས་འདི་ཡི་ནུས་མཐུ་ནི། །རྩོལ་བའི་གྲོགས་ཀྱིས་མ་བྱས་ཏེ། །ཞིང་པ་གདུང་བས་ཉེན་པའི་ཚེ། །སྤྲིན་གྱི་གསེབ་ནས་ཆུ་རྒྱུན་བྱུང༌། །ཞེས་པའོ། །ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་ནི། ལྷག་པའི་བསམ་པའམ། །འབྱོར་པ་སྟོབས་ཆེ་


JLAZ007_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རང་བཞིན་སྟོན་པ་སྟེ། དཔེར་ན། ཆོས་དང་འདོད་ནོར་ཐར་པ་སྟེ། །རྣམ་བཞིས་གཞན་ལ་ཕན་པའི་སེམས། །ནམ་མཁའི་ཁྱོན་ལ་འགྲན་པ་དེས། །མཐོ་རིས་བུ་མོའི་སྐས་ལ་འཛེགས། །ཞེས་པ་ལྟ་བུའོ། །ཉེར་གསུམ་པ་བསྙོན་དོར་ནི། བརྗོད་བྱའི་ངོ་བོ་དེ་འདི་ལས་མ་ཡིན་ནོ་ཞེས་པའི་ངག་གིས་བསྙོན་ནས། །དེ་ལས་ཆོས་ཉིད་གཞན་དུ་དོར་ནས་སྟོན་པ་སྟེ། དཔེར་ན། མཚན་དཔེས་འཁྱུད་པའི་ལང་ཚོ་མཛེས་པ་སངས་རྒྱས་མ་ཡིན་ཚོགས་གཉིས་རྫོགས་པའི་འབྲས་བུ་སྟེ། །རྩྭ་མཆོག་གྲོང་དུ་མྱ་ངན་འདས་པ་འགྲོངས་པ་མ་ཡིན་དགོངས་པ་དབྱིངས་སུ་འཁྱིལ་པའི་ཚུལ། །སྡེ་སྣོད་གསུང་རབ་རྒྱ་མཚོ་བཞག་པ་ཞལ་ཆེམས་མ་ཡིན་ལུང་དང་རྟོགས་པའི་བསྟན་པ་ཡིན། །ཚིག་གིས་སྦྱོར་བ་ཟབ་མོ་འདི་ནི་དྲང་དོན་མ་ཡིན་ངེས་དོན་རྟོགས་པའི་ངག་གིས་བསྔགས། །ཞེས་སོ། །ཉེར་བཞི་པ་སྦྱར་བའི་རྒྱན་ནི། རྐང་པ་གཅིག་ཉིད་ལའང་བསྟན་བྱའི་དོན་གཉིས་གཉིས་སོགས་ཡོད་པའི་ངག་སྟེ། དཔེར་ན། གང་ཚེ་མུན་པའི་དགྲ་བོ་འཇོམས་ཤིང་པདྨའི་ཚལ་ཀྱང་རབ་ཏུ་དགའ། །སྐྱེ་རྒུ་ཀུན་ལ་བལྟ་བའི་མིག་སྦྱིན་གྲང་བའི་རེག་བྱ་དེ་ཡང་བཤུས། །ཤར་ནུབ་གཉིས་ཀྱི་བྱེ་བྲག་ཕྱེ་ཞིང་ནམ་མཁའ་ལ་ཡང་རྒྱན་དུ་བྱས། །གླིང་བཞི་ཀུན་གྱི་བདག་གིར་བྱེད་པའི་སྣང་བྱེད་དྲང་སྲོང་བདུན་གྱིའང་གཙོ། །ཞེས་པའོ། །ཉེར་ལྔ་པ་ཁྱད་པར་བརྗོད་པའི་རྒྱན་ནི། རྒྱུ་འགའ་ཞིག་རྨད་དུ་བྱུང་བར་བསྟན་པའི་ཕྱིར།


JLAZ007_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་ཁྱད་པར་གྱིས་ཆོས་དང༌། ཡོན་ཏན་དང༌། བྱ་བའི་རང་བཞིན་འགའ་མ་ཚང་ཡང་འབྲས་བུ་སྐྱེད་པར་སྟོན་པའི་ངག་སྟེ། འདི་ལྟར། ལུས་མེད་རྣམས་ཀྱིས་བསྔགས་པ་བརྗོད་པའི་བཞིན་བཟང་མར། ཞགས་པ་མེད་ཀྱང་ཟུར་མིག་གཡོ་བའི་ལྕགས་ཀྱུ་དེས། །འདོད་སྲེད་ཅན་གྱི་ཡིད་ལ་རྣམ་པར་བཏབ་པ་ཡི། །ནུས་པའི་ཁྱད་པར་དེ་ལ་སུས་ཀྱང་འགོངས་པ་མེད། ཅེས་པ་ལྟ་བུའོ། །ཉེར་དྲུག་པ་མཚུངས་པར་སྦྱོང་བའི་རྒྱན་ནི། གང་བརྗོད་པར་བྱ་བའི་དོན་དེ་ལས་ཆེས་འཕགས་པ་ཞིག་དང༌། མ་ཡིན་བཞིན་དུ་མཚུངས་པར་སྦྱོར་བའི་རང་བཞིན་ཏེ། །དཔེར་ན། ཁྱོད་ཐུགས་ཀློང༷་ཆེན༷་མེ་ལོང་ངོགས། །ཤེས་བྱ་རབ༷་འབྱམ༷ས་ཀུན་རྫོགས་པས། །འཛམ་གླིང་མཛེས་པའི་རྒྱན་དྲུག་དང༌། །ཁྱད་པར་འགའ་ཡང་ཡོད་མ་ཡིན། །ཞེས་པ་ལྟ་བུའོ། །ཉེར་བདུན་པ་འགལ་བའི་རྒྱན་ནི། ངོ་བོའམ། རྫས་ཀྱི་ཆོས་འགལ་བ་གཉིས་རྣམ་པ་གཅིག་ལ་མི་འགལ་བར་སྟོན་པ་སྟེ། དཔེར་ནི། ལུས་ཀྱི་རྣམ་འགྱུར་མདའ་ལྟར་དྲང་ཡང་ཡིད་ཀྱི་རྣམ་རྟོག་གཞུ་ལྟར་འཁྱོག །བཞིན་རས་ཟླ་བའི་རྗེས་སུ་འགྲོ་ཡང་སྨིན་མ་བུང་བ་བཞིན་དུ་གནག །གཡོ་སྒྱུ་སུམ་ཅུ་རྩ་གཉིས་ཤེས་ཀྱང་སྒྱུ་རྩལ་དྲུག་ཅུ་ཀུན་ལ་རྨོངས། །བདུད་ཀྱི་བུ་མོས་ཐམས་ཅད་བསླུས་ཀྱང་ཟས་གཙང་སྲས་ལ་ནུས་པ་རྡུགས། །ཞེས་པ་ལྟ་


JLAZ007_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །ཉེར་བརྒྱད་པ་སྐབས་མིན་བསྟོད་པའི་རྒྱན་ནི། ཆོས་ཉིད་ཇི་བཞིན་པས་བསྟོད་པའི་སྐབས་མ་ཡིན་ཡང་རང་བཞིན་བསྒྱུར་ནས་བསྟོད་པ་སྟེ། དཔེ་ནི། གང་ཚེ་ཟླ་བ་གཟས་ཟིན་པ། །དེ་ཚེ་སྣང་བྱེད་གཞན་མེད་པས། །ཀུན་གྱིས་ཟླ་བའི་ཡོན་ཏན་མཐོང༌། །ཁྱོད་ལ་སྒྲ་གཅན་དྲིན་དུ་ཆེ། །ཞེས་པས་མཚོན་ནོ། །ཉེར་དགུ་པ་ཟོལ་བསྟོད་ནི། བརྗོད་བྱའི་དངོས་པོ་ལ་བསྟོད་པའི་གནས་སྐབས་ཇི་བཞིན་པ་མ་མཆིས་ཀྱང་སྐྱོན་ཡོན་ཏན་དུ་བསྒྱུར་ནས་བསྟོད་པའི་ངག་སྟེ། དཔེར་ན། ཤིན་ཏུ་མྱོས་པའི་གླང་ཆེན་མི། །དཔའ་ཡང་དེས་པ་ཡོན་མིན་ཏེ། །གཡུལ་ངོར་དགྲ་བོ་འཇོམས་པ་ལ། །ཁྱོད་ལ་འགྲན་ཟླ་འགའ་ཡང་མེད། །ཅེས་སོ། །སུམ་ཅུ་པ་ངེས་པར་བསྟན་པའི་རྒྱན་ནི། བསྟན་པར་བྱ་བའི་དོན་དེ་ལས་ངང་ཚུལ་ལྡོག་པ་ཞིག་བསྟན་ཡང༌། དེ་དང་མཚུངས་པའི་བདག་ཉིད་ཅན་དུ་གོ་བའི་ངག་སྟེ། དཔེར་ན། བུང་བ་པདྨ་ལ་དགའ་བས། སྦྲང་རྩིའི་འབྱུང་གནས་ཡིན་པར་ཤེས། །རྔོན་པ་མིན་ཡང་རི་དྭགས་གསོད། །གླ་རྩི་འདོད་པའི་རྣམ་འགྱུར་ཡིན། །ཞེས་པ་ལྟ་བུའོ། །སོ་གཅིག་པ་ལྷན་ཅིག་བརྗོད་པའི་རྒྱན་ནི། ཆོས་ཐ་དད་པ་གཉིས་ཡོན་ཏན་ནམ། ནུས་པ་ལྷན་ཅིག་ཏུ་སྨིན་པའི་ངག་སྟེ། དཔེར་ན། རིག་པ་བདག་གིས་ཤེས་པ་དང༌། །མཁས་


JLAZ007_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞན་ལའང་མོས་པ་སྐྱེ། །དམུས་ལོང་མངལ་ལས་གྲོལ་བ་དང༌། །ལྷན་ཅིག་མུན་པའི་སྣང་བ་འཆར། །ཞེས་པའོ། །སོ་གཉིས་པ་ཡོངས་བརྗེས་ཀྱི་རྒྱན་ནི། བརྗོད་པ་དང་། རང་བཞིན་དང༌། བྱ་བ་ལ་སོགས་ཕན་ཚུན་བསྣོལ་མའི་ཚུལ་དུ་བརྗོད་པའི་ངག་སྟེ། དཔེར་ན། བློ་ལྡན་ཕུར་བུས་ལྷ་དགའ་ཕྱིར། །རྒྱུ་འབྲས་མེད་པའི་བསྟན་བཅོས་བརྩམས། །རེ་ཞིག་ལྷ་ལ་ཕན་ན་ཡང༌། །མཐར་ཐུག་བདེན་གཉིས་ཆོས་ལ་གནོད། །ཅེས་པ་ལྟ་བུའོ། །སོ་གསུམ་པ་ཤིས་པ་བརྗོད་པའི་རྒྱན་ནི། བརྗོད་བྱ་རྨད་དུ་བྱུང་ཞིང་རྗོད་བྱེད་རང་བཞིན་བརླིང་བའི་ངང་ཚུལ་ལ་སྨོན་པའི་ཚིག་སྟེ། རྐང་པ་ལྔ་པར་བྱས་ན། དྲེགས་ལྡན་མི་སྡུག་ཉམས་ཀྱིས་བཞིན་རས་གསར་པའི་འཛུམ་གྱིས་བསུས་མ་ཡིན། །སྨིན་མ་ཡོན་པོའི་ལྟ་སྟངས་འཁྱོག་པོའི་གཡོ་སྒྱུའི་ཟོལ་གྱིས་བསླུས་པའང་མིན། །དཔུང་ཚོགས་ཡན་ལག་བཞི་པའི་གཡུལ་ངོས་གཞན་སྡེ་ཟིལ་གྱིས་གནོན་མིན་པར། །མཐོང་ན་མི་མཐུན་མེད་པའི་ཐུགས་རྗེས་བདུད་ཀྱི་དཔུང་ཡང་སྐྲག་བྱེད་པའི། །འགྲོ་བའི་བླ་མ་ཤཱཀྱ་སེང་གེས་ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །ཅེས་སོ། །སོ་བཞི་པ་རབ་སྤེལ་གྱི་རྒྱན་ནི། ཚིགས་སུ་བཅད་པ་གཅིག་ལའང་རྒྱན་ཐ་དད་མང་པོ་ཚང་པ་སྟེ། དཔལ་ལྡན་དཎྜིས། སྙན་དངགས་མཛེས་པར་བྱེད་པ་ཡིས། །ཆོས་


JLAZ007_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྒྱན་ཅེས་རབ་ཏུ་བརྗོད། །དེ་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་འཆད་ནུས། །འོན་ཀྱང་རྣམ་རྟོག་ས་བོན་ནི། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །ཞེས་གསུངས་པ་ལྟར། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་རྟོག་པས་རྣམ་པར་སྒྲོ་བཏགས་པ་ཙམ་མོ། །དེའི་ཕྱིར་སྐབས་འདིར་སྙན་དངགས་མཁན་གྱིས་རྣམ་པར་རྟོག་པས་སྒྲོ་བཏགས་ན་ཚིག་གི་སྦྱོར་བ་གང་ལའང་རྒྱན་དུ་མི་འགྱུར་བ་མེད་ཕྱིར་དམིགས་བསལ་མ་དགོས་ཀྱང༌། དང་པོའི་མགོན་པོའི་འདྲ་འབག་བཞེང་བའི་སླད་དུ་འདི་ལྟར། རང་བཞིན་རྣམ་དག་ལྟ་བའི་ངང་ཚུལ་ཤིན་ཏུ་རྨད་བྱུང་དཔེ་ལས་འདས། །འད༵ས་པ་མ་ཡིན་སྒོམ་པའི་རྒྱལ་པོ་དུས་གསུམ་ཀུན་ཏུ་ཁྲི་ལ་བཞུ༵གས། །བཞུ༵གས་ཀྱང་སྣང་བ་ཟིལ་གྱིས་གནོན་པའི་སྤྱོད་པའི་འཕྲུལ་གྱིས་འཁོར་འདས་ཀུ༵ན། །ཀུ༵ན་ཏུ་བཟང་པོའི་དབྱིངས་ལ་བཞག་ཚེ་བརྟན་གཡོའི་དངོས་པོ་རང་སར་ཞིག །ཅེས་སྨྲས་སོ། །སོ་ལྔ་པ་དགོངས་པ་ཅན་གྱི་རྒྱན་ནི། སྙན་དངགས་མཁན་གྱིས་ཇི་ལྟར་བསམ་པའི་ཡུལ་གྱི་ཡོན་ཏན་ལ་སྦྱོར་བར་ནུས་པས་དེ་ཉིད་ཀྱི་དགོངས་པ་འགྲུབ་པའི་ངག་རྒྱུན་ཡིན་པ་དོན་ལ་གནས་ཕྱིར་དཔེར་བརྗོད་ལོགས་སུ་མི་དགོས་ཏེ། མེ་ལོང་ལས་ཀྱང༌། སྙན་དངགས་མཁན་


JLAZ007_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་དགོངས་པ་སྟེ། །སྙན་དངགས་འགྲུབ་པར་གང་གནས་པ། །རབ་སྦྱོར་ཡུལ་གྱིས་ཡོན་ཏན་ཅན། །དེ་ནི་དགོངས་པ་ཅན་ཞེས་བརྗོད། །ཅེས་བཤད་པའི་ཕྱིར་རོ། །མྱུར་པོར་ཕ་རོལ་འགྲོ་བའི་ཚེ། །རང་རིག་བཙན་ས་མ་ཟིན་ན། །བཅོས་མས་བྱས་པའི་སྒྲ་དོན་རྒྱན། །འདི་ལ་སྙིང་པོ་འགའ་ཡོད་མིན། །འོན་ཀྱང་ཤེས་བྱར་སྲིད་ཚད་དངོས་ནས་མ་ཡིན་ཀྱང་བརྒྱུད་ནས་སོ་ཀྱིས། །བསྟན་ལ་བྱ་བ་བྱེད་དོ་ཞེས། །དམ་པས་ཀུན་ཏུ་བསྔགས་མཐོང་ཞིང༌། །མཁས་པ་རྣམས་ལའང་རབ་ཏུ་གྲགས། །དེ་ཕྱིར་བདེན་པ་གཟིགས་པ་ཡི། །པཎ་གྲུབ་མང་པོས་འདི་ཉིད་ཀྱི། །བསྟན་བཅོས་གང་ཞིག་མཛེས་བྱས་ཤིང་། །བློ་གསལ་དགའ་བར་བྱས་པའི་ཚུལ། །མཐོང་ནས་བདག་གིས་འདི་བྱས་སོ། །སྙན་དངགས་ཀྱི་གཏམ་རིན་པོ་ཆེའི་གཏེར་ཞེས་བྱ་བ་འདབ་ལྡན་གཡུང་དྲུང་འཁྱིལ་བའི་ཚལ་ནས་སེན་ཀ་ཨ་ནནྟས་བསྐུལ་པ་ལྟར་དབྱངས་ཅན་མགྲིན་པར་ཆགས་པའི་རྣལ་འབྱོར་པ་མཁྱེན་བརྩེའི་འོད་ཟེར་གྱིས་འོད་གསལ་གཉུག་མའི་ཕོ་བྲང་པདྨ་འོད་གླིང་དུ་རྗེས་ཐོབ་ཀྱིས་སྣང་ཆ་རྟོག་པའི་དྲྭ་བར་བཀོད་པ་རྫོགས་སོ། །གཏམ་ཚོགས་ལེའུ་ལྔ་པའོ།། །།


previousགཏམ་ཚོགས་ལེའུ་ལྔ་པ། སྙན་ངག་གི་གཏམ་རིན་པོ་ཆེའི་གཏེར།next