Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
གཏམ་ཚོགས་ལེའུ་དྲུག་པ། རྒྱལ་པོ་དང་དམངས་ལ་སྤྲིང་བའི་གཏམ་རབ་ཏུ་བྱེད་པའི་འཇིག་རྟེན་གསོ་བའི་སྨན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་དྲུག་པ། རྒྱལ་པོ་དང་དམངས་ལ་སྤྲིང་བའི་གཏམ་རབ་ཏུ་བྱེད་པའི་འཇིག་རྟེན་གསོ་བའི་སྨན།next

གཏམ་ཚོགས་ལེའུ་དྲུག་པ། རྒྱལ་པོ་དང་དམངས་ལ་སྤྲིང་བའི་གཏམ་རབ་ཏུ་བྱེད་པའི་འཇིག་རྟེན་གསོ་བའི་སྨན།


JLAZ007_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དང་དམངས་ལ་སྤྲིང་བའི་གཏམ། རབ་ཏུ་བྱེད་པའི་འཇིག་རྟེན་གསོ་བའི་སྨན་ཞེས་བྱ་བ། ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །


JLAZ007_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས་ཆོས་ལྡན་རྒྱལ་པོ་ལ། །ཡན་ལག་རྣམ་པ་བཅུ་བཤད་དེ། །མང་པོའི་དབུས་ནས་བཀྲབས་པ་དང༌། །བློན་དང་བློ་གྲོས་གཡོན་ཅན་གྱིས། །དེ་ཡི་བརྟུལ་ཞུགས་མི་བརྫི་ཞིང༌། །འབངས་ལ་གནོད་པ་མེད་པ་དེར། །གནམ་གྱིས་བསྐོས་པ་ཞེས་སུ་གྲགས། །བྱ་བ་ཀུན་ལ་བརྟགས་མཁས་ཤིང༌། །རིགས་པའམ་མ་ཡིན་རྣམ་པར་ཕྱེད། །གཟུ་ལུམས་འཁོར་དུ་མི་ལྡན་ན། །འབངས་དང་གློ་བ་ཉེ་བར་འགྱུར། །བསམ་པ་མཆོག་ཏུ་དགེ་ན་ཡང༌། །ཐབས་མཁས་ཤེས་རབ་མཐུ་མེད་ན། །སྐྱེ་དགུ་བདེ་བར་སྐྱོང་མི་ནུས། །དེ་ཕྱིར་ལུགས་ཀྱི་བསྟན་བཅོས་བསླབ། །བྱ་བ་དང་ནི་མ་ཡིན་པའི། །གནས་ལ་དེ་མ་ཐག་མི་ཁྲོ། །ཐེག་པ་ཆེ་ན་དགྲ་ཟླ་ཉུང༌། །བདེ་བར་གནས་ན་བང་མཛོད་སྤེལ། །རྟག་ཏུ་བསོད་ནམས་འཕེལ་བའི་ཕྱིར། །རྒྱལ་སྲིད་ཆོས་ཀྱི་ལུགས་སུ་བསྐྱང༌། །ཧ་ཅང་མི་བསྲུན་ཚེར་མ་ལྟའི། །སྐྱེས་བུ་འཕེལ་ན་ཁྲིམས་ཀྱིས་གཞར། །དེ་ལྟ་མོད་ཀྱི་ཁྱུ་མཆོག་དང༌། །གླ་བ་སྲོག་དང་བྲལ་གྱུར་ཀྱང༌། །གི་ཝང་གླ་རྩི་ཡོད་པའི་དཔེས། །ངུར་སྨིག་གཟུགས་གནས་ཁྲིམས་འཆལ་ཡང༌། །ལྕགས་དང་དབྱུག་པས་གཞུས་པ་དང༌། །བཙོན་རར་འཆིང་དང་ཡན་ལག་གཏུབ། །སྟོན་པ་ཉིད་ཀྱིས་མ་གནང་ན། །ཚུལ་ཁྲིམས་ལྡན་ལ་སྨོས་ཅི་དགོས། །


JLAZ007_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་རྩོམ་ལ་དཀྱིལ་ཆེ་ཡང༌། །ལས་མཐའ་རིང་ན་དེ་དང་དེ། །འགྲུབ་བམ་ཅིག་ཤོས་ཐེ་ཚོམ་ཕྱིར། །མྱུར་དུ་རྫོགས་ན་མཁས་པ་ཡིན། །སྤྱོད་པ་བརླང་པོས་ཡུལ་འཁོར་འབྲོས། །འཇིག་རྟེན་ན་ནི་ངེས་པ་དང༌། །བྱམས་པར་གྱུར་པ་ཆོས་རྒྱལ་ཞེས། །གུས་པ་ཁྱོད་ཀྱིས་མ་ཐོས་སམ། །སྐྱེ་དགུ་བདེ་བར་སྐྱོང་བ་ལ། །དེ་ཡི་ཀུན་སྤྱོད་རིག་པ་དགོས། །གནས་དང་གནས་མིན་མི་ཤེས་ན། །ཆོ་རིགས་བཙུན་ཡང་ལྐུགས་པ་ཡིན། །བྱ་བ་བདག་གིས་ལེགས་ཤེས་ཀྱང༌། །འགྱོད་པ་སྤངས་ཕྱིར་གྲོས་ཀྱིས་བསྒྲུབ། །དེ་ལྟར་བསྒྲུབས་ནས་སྡུག་བསྔལ་ཡང༌། །མི་འཇིགས་པ་དེ་བློ་ཆེན་ཡིན། །ཇི་ཙམ་རྒུད་པའི་མཐར་ལྷུང་ཡང༌། །དཀོན་མཆོག་རྣམ་གསུམ་མི་སྤང་ཞིང༌། །བཤེས་གཉེན་དམ་པའི་ངག་མཉན་པ། །དེ་ལ་ཆོས་ལྡན་རྒྱལ་པོར་གྲགས། །གལ་ཏེ་དེ་ལས་དགྲས་གཙེས་ཀྱང༌། །ཐབས་ལ་མཁས་པའི་ནན་ཏན་གསུམ། །ཐོག་མཐའ་བར་དུ་ཉམས་བསྟར་ལ། །འཐབ་མོ་ཞི་བའི་བརྟུལ་ཞུགས་བླང༌། །ཕྱི་དུས་འདི་ན་རྒྱལ་པོའམ། །བློན་པོ་དང་ནི་གཙོ་བོ་དག །མི་མཁས་གཏི་མུག་རང་བཞིན་ཕྱིར། །མཛའ་བའི་ཐབས་ལ་ནན་ཏན་བྱ། །དྲེགས་ལྡན་ཉིད་ཀྱང་ནོར་ལ་སྲེད། །གཡུལ་གྱི་ཕྱིར་ན་དེ་བཏང་སྟེ། །གྲོང་


JLAZ007_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ཕྱིར་དུ་གྲོང་ཡང་བཏང༌། །ནན་ཏན་བྱ་བ་གཉིས་པ་ཡིན། །སྐྱེས་རབས་ལས་ཀྱང་དེ་སྐད་དུ། །ཁྱིམ་གྱི་ཕྱིར་ན་གཅིག་བཏང་སྟེ། །སྲོག་གི་ཕྱིར་ན་ཁྱིམ་བཏང་ངོ༌། །ལྗོངས་ཀྱི་ཕྱིར་ན་གྲོང་ཁྱེར་ཏེ། །བདག་གི་དོན་ལ་མ་བཏང་བཤད། །དེས་ཀྱང་ཉེ་བར་མ་ཞི་ན། །དཔུང་གི་གཟི་བྱིན་མཐུ་བསྐྱེད་དེ། །ཕྱོགས་ནི་མང་པོ་ཉེ་བར་བཟུང༌། །དགྲ་ཟླ་འཇིགས་པའི་བརྟུལ་ཞུགས་རྔོམ། །ནན་ཏན་གསུམ་གྱིས་མ་ལྡོག་ན། །བདག་ནི་གཡུལ་ལ་སྤྲོ་བའང་མེད། །སྐྱེ་དགུ་ཕུང་བར་མི་འགྱུར་གྲང༌། །གྱུར་པ་ལས་ཀྱང་སླར་ལྡོག་གོ །སྡིག་པའི་ཕྱོགས་ལས་མ་རྒྱལ་ན། །སྲོག་ཀྱང་གཟུང་བར་ཡོང་མི་ནུས། །བསྟན་པ་ཉིད་ཀྱང་ཉམ་ཉེས་འགྱུར། །སྙམ་དུ་དྲན་པ་ཉེ་བར་གཞག །གཡུལ་གྱི་ཕྲུ་མ་ལ་གནས་པའི། །དཔའ་བོ་རབ་འབྲིང་ཐ་གསུམ་ལས། །ཐ་མ་ཉིད་ནི་ཐོག་མར་བཤམ། །རྟ་པའི་ཚོགས་ནི་རྒྱབ་ནས་སོ། །དེ་དག་བདེ་བར་བརྒལ་བ་དང༌། །བརྟུལ་ཞུགས་བརྟན་པར་འགྱུར་བ་དང༌། །བྱས་པ་གཟོ་བའི་གནས་སྟོན་ཕྱིར། །མི་དབང་ཉིད་ནི་ཕྱི་བཞིན་འབྲང༌། །དེ་ལྟར་ཐབས་ལ་མཁས་པ་ཡིས། །ཕ་རོལ་གྱི་ནི་དཔུང་བཀུམ་མམ། །རྨ་བྱུང་ན་ཡང་རྒྱལ་པོ་ལ། །ཁ་ན་མ་ཐོ་ཉུང་བར་འགྱུར། །


JLAZ007_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་འདུ་ཤེས་བརྒྱད་ལ་བསླབ། །ཡུལ་འཁོར་ལ་ནི་བུ་བཞིན་དེ། །བྱམས་པའི་སེམས་ཀྱིས་མཐུན་པར་བལྟ། །སྤྱོད་པ་ཡུལ་ལ་ཁྲོ་བ་སྤང༌། །འཕྲལ་དུ་ཟས་དང་དབྱིག་གིས་བརྔན། །ཡུན་དུ་ཕན་དང་བདེ་བའི་ཕྱིར། །ཡན་ལག་བརྒྱད་དང་དགེ་བཅུའི་ཁྲིམས། །འཆའ་ཞིང་རི་རྒྱ་ཀླུང་རྒྱ་བསྡམ། །དཔྱ་ཁྲལ་རིགས་པར་བསྡུ་མོད་ཀྱི། །ལོ་ཏོག་ལ་ནི་སེར་བའམ། །དུས་ཀྱི་ཆད་པས་ཉམས་པའི་ཚེ། །འབངས་ལ་སྣུམ་ལྟར་འཚིར་བ་སྤང༌། །གལ་ཏེ་མི་བསྲུན་ཚར་གཅོད་ཀྱང༌། །དེ་ལ་ཁྲོ་བ་འགོད་པ་མིན། །སྨན་པས་ནད་ལ་གཏར་བསྲེགས་བཞིན། །སྐྱོན་བསལ་ཆོ་ག་ཡང་དག་བསམ། །འབངས་ལས་ཕྲོགས་པའི་ལོངས་སྤྱོད་ནི། །ཆེན་པོའི་རྒྱན་དུ་མཛེས་མ་ཡིན། །མཚོན་ཆའི་ཐབས་ལ་མཁས་གྱུར་ཀྱང༌། །རྔོན་པ་དཔའ་བོར་སུ་ཞིག་སྒོམ། །འཇིག་རྟེན་ན་ནི་དགྲ་འབྱུང་བའི། །ལེ་ལན་འཁོན་སེམས་ཉིད་ལ་གནས། །འཁོན་དང་ཁྲོ་བ་ཚར་བཅད་ན། །དགྲ་ཡང་མཛའ་བཤེས་འགྱུར་བ་སླ། །ཉེ་བ་ལྔ་ཡི་ཆར་གཏོགས་པས། །ཁྲིམས་ལྡན་མ་ལ་གཡེམ་མི་བགྱིད། །མེ་ལོང་གདོང་གི་གཏམ་རྒྱུད་བཞིན། །ཞལ་ལྕེ་ཉེ་འཁོན་མེད་པར་བཅད། །བདག་ཉིད་བསྲུང་བ་ཡིན་པའི་ཕྱིར། །


JLAZ007_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འཛའ་བཤེས་རྣམས་ལ་ཕྱི་ཕྱིར་བལྟ། །ཀུན་དང་བཤེས་པའི་རྟེན་འབྲེལ་འདིས། །དགྲ་བོ་མོད་ལ་མེད་པར་འགྱུར། །འཇིག་རྟེན་ཕ་རོལ་འགྲོ་བའི་ཚེ། །རྒྱལ་སྲིད་ལོངས་སྤྱོད་རྗེས་མི་འབྲང༌། །ནན་ཏན་ཆོས་ལ་བགྱི་བ་འདི། །བརྟུལ་ཞུགས་ཀུན་གྱི་ནང་ན་མཆོག །རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པ་སྟེ་དང་པོའོ། །གཉིད་དང་རྨུགས་ལ་བརྐམ་པ་ཡི། །སྐྱེས་བུས་ལེགས་ཚོགས་ཐོབ་པ་མེད། །གལ་ཏེ་ཐོབ་ན་ལེ་ལོ་ཡི། །ཉེས་པ་བཤད་པ་བརྫུན་དུ་འགྱུར། །གང་ཞིག་སེར་སྣ་ལ་གནས་པས། །ལོངས་སྤྱོད་ཕུན་ཚོགས་ཐོབ་གྱུར་ཀྱང༌། །འཆི་ཚེ་ངན་འགྲོའི་གྲོང་ཁྱེར་དུ། །ལག་པ་སྟོང་པར་སོང་ཞེས་ཐོས། །འགྲོ་བ་གཞན་གྱི་སྲོག་གཅོད་པ། །དེ་ནི་བདག་ཉིད་གསོད་པ་ཡིན། །ཕ་རོལ་ཉམས་པ་སྨོས་ཅི་དགོས། །འཇིག་རྟེན་འདིར་ཡང་ཚེ་ཐུང་འགྱུར། །ཆང་ལ་དགའ་བའི་སྐྱེས་བུ་་ཡིས། །རིགས་དང་ཡོན་ཏན་བསྲུང་བ་མེད། །ཆེན་པོའི་གནས་དང་འབྱོར་པའི་དཔལ། །མཁས་པའི་སྨད་དང་ལྷན་ཅིག་ཉམས། །ལེ་ལོས་དོན་རྣམས་ཉམས་འགྱུར་ན། །གསར་པ་ཐོབ་པ་ག་ལ་ཞིག །སྙིང་སྟོབས་ཕུན་སུམ་ཚོགས་པའང༌། །བསྒྲིམ་པ་མེད་པས་མ་རུངས་བྱས། །གཞན་གྱི་ནོར་དང་ལོངས་སྤྱོད་ལ། །བརྣབ་སེམས་ཕྲག་དོག་


JLAZ007_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ནི། །མཛའ་བཤེས་འབྲོས་ཤིང་ཁྱིམ་ཐབས་ལ། །འདུ་བ་གཅོད་པའི་སྒོ་ཡིན་སྤང༌། །ཤིན་ཏུ་གཟུ་ལུམས་གཏུམ་པའི་མིར། །ཕ་མ་དག་ཀྱང་འབྲོས་བྱེད་ན། །སྐྱེ་བོ་གཞན་ལྟ་སྨོས་ཅི་དགོས། །ཁྲོ་བ་ཐུལ་ལ་འཁོར་འདབ་མང༌། །མང་དུ་ཟ་བ་མཁས་པ་མིན། །ཟས་ཀྱི་བུ་ལོན་ལྟ་ཞོག་གི །ལུས་ལྕི་དགེ་བ་ཉམས་འགྱུར་ལ། །མ་འཇུས་སྲོག་ལ་རྒོལ་བའང་ཡོད། །རྒོད་ཅིང་ཅ་ཅོ་ལ་དགའ་བ། །འགྱོད་པ་མང་པོའི་སྣོད་ཡིན་ཏེ། །དེ་ནི་ཆོས་ཀྱི་ལམ་གནས་ཀྱང༌། །བདེན་པ་གཉིས་ལ་རིང་དུ་གནས། །ཁ་ནི་སྡིག་པའི་སྒོ་ཡིན་པས། །མང་པོའི་གསེག་ཏུ་བསྒྲིམས་ཏེ་སྨྲ། །ཚིག་ངན་རྦབ་ཏུ་ལྷུང་བ་འདི། །གནོད་པ་མང་ལ་ལྡོག་པར་དཀའ། །ངེས་པར་བདེན་པའི་ཚིག་ཉིད་ཀྱང༌། །སྨྲའམ་ཅིག་ཤོས་མཁས་པས་བསྒྲིམ། །བདེན་སྨྲས་རང་ལ་གནོད་པའི་ཚུལ། །གཏུམ་པོ་རབ་སྣང་གཏམ་རྒྱུད་བཞིན། །མ་བསྡམས་སྐྱེ་བོ་བྱི་ལ་དགའ། །དེ་ལ་དེ་ཡི་ཁྱིམ་བདག་དང༌། །རང་གི་ཆུང་མའང་དགྲར་གྱུར་ནས། །འདི་ཕྱིར་སྡུག་བསྔལ་མང་པོ་མྱོང༌། །ཕྱུག་པོ་འདོད་ནས་མ་བྱིན་ལེན། །དབུལ་པོ་རིན་གྱིས་ཉོ་བ་སྟེ། །གྲགས་པ་ཤིན་ཏུ་ཉམས་པའི་མཐར། །ལུས་དང་ལོངས་སྤྱོད་གཞན་གྱིས་འཕྲོག །རྫུན་


JLAZ007_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྲ་མས་བྱ་བ་འགའ། །རེ་ཞིག་གྲུབ་ཀྱང་ཐ་མར་མིན། །སྲིན་བྱའི་རྫུན་གྱིས་བདག་ཉིད་ནི། །ལྟས་ངན་གནས་སུ་གྱུར་པ་བཞིན། །བསམ་ངན་བསྐྱེད་པའི་གང་ཟག་ལ། །བསོད་ནམས་རི་ཙམ་ཡོད་གྱུར་ཀྱང༌། །དེ་མ་ཐག་ཏུ་ཉམས་འགྱུར་ཏེ། །རྒྱལ་པོ་ང་ལས་ནུ་ལ་ལྟོས། །ལོག་ལྟས་རང་གི་དཔལ་ཉམས་པ། །འདི་ནི་གཞན་གྱིས་མི་ཤེས་ཏེ། །མ་སྐྱེས་དགྲ་ལ་རྒྱལ་ཕྲན་གྱིས། །གཡུལ་གྱི་ཕྲུ་མ་བཏབ་པ་བཞིན། །སྐྱེ་བོ་ཆོས་ལ་མི་གནས་ཀྱང༌། །ཕ་མ་ལ་ནི་བསྙེན་བཀུར་བྱ། །མཐོ་རིས་བགྲོད་པའི་ཐེམ་སྐས་གཅིག །དེ་ཉིད་ཡིན་པར་ཐུབ་པས་གསུངས། །སློང་བ་སྐྱེང་དུ་མི་འཇུག་གོ །བཅུག་ན་གཏན་གྱི་མཛོད་ཆུད་གསན། །སྤྱིན་པས་ཕྱི་མར་ཕན་པ་ཙམ། །གཏེར་དུ་སྦས་ཀྱང་འབྱུང་བ་མིན། །གལ་ཏེ་སློང་བའི་རེས་བབ་ན། །ངང་ཐུང་བསམ་སྤོབས་པའི་བློ་གྲོས་ཀྱིས་སངས་རྒྱས་ལ་བསྙེན་བཀུར་བའི་ཚེ་དབུལ་པོའི་རེ་བ་མ་ཐོབ་པས་སྟོན་པ་ལ་ཁོང་འཁྲུགས་ཤིང་བདག་རྒྱལ་པོར་གྱུར་ན་འདི་དག་གི་མགོ་བཅད་དོ་སྙམ་པ་སྐྱེས་པས་རང་ཉིད་ཀྱི་མགོ་ཤིང་རྟའི་འཁོར་ལོས་ཆད་པ་བཞིན་ངན་མི་བགྱི་སྟེ། །ཡིད་ནི་དུག་ཅན་ཉིད་ཀྱི་ཕྱིར། །གནོད་སེམས་རང་གི་ཐོག་ཏུ་འབྱུང༌། །ངེས་པར་འབབས་པོའི་དཔྱ་དང་ཁྲལ། །སྟོབ་པར་ནུས་བཞིན་མ་བསྟབས་ན། །


JLAZ007_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་བང་མཛོད་ཉམས་པའི་ཕྱིར། །ལ་ཡོགས་རྣམ་སྨིན་ཉིད་ལ་འཛེམ། །མི་ཡིས་འབད་ཀྱང་མི་ཐོབ་པའི། །ལོངས་སྤྱོད་ལྷ་ཡུལ་བསམས་པས་འབྱུང༌། །དེ་ནི་བསོད་ནམས་མཐུ་ཡིན་ཏེ། །རིགས་ངན་རྒྱལ་པོར་གྱུར་ལ་ལྟོས། །དེ་ཕྱིར་བསམ་པ་དགེ་བ་ལས། །བསོད་ནམས་ཐམས་ཅད་འདུ་བྱེད་དེ། །ལོ་བརྒྱར་འབད་ནས་ངལ་བྱེད་ལས། །ཉིན་གཅིག་བསོད་ནམས་བསགས་པ་མཆོག །དམངས་ལ་གདམས་པའི་རབ་ཏུ་བྱེད་པ་སྟེ་ལེའུ་གཉིས་པའི་བདག་ཉིད་ཅན་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་དཔལ་ལྡན་པདྨ་འོད་གླིང་དུ་སྦྱར་བའོ། །གཏམ་ཚོགས་ལེའུ་དྲུག་པའོ།། །།


previousགཏམ་ཚོགས་ལེའུ་དྲུག་པ། རྒྱལ་པོ་དང་དམངས་ལ་སྤྲིང་བའི་གཏམ་རབ་ཏུ་བྱེད་པའི་འཇིག་རྟེན་གསོ་བའི་སྨན།next