Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
གཏམ་ཚོགས་ལེའུ་བརྒྱད་པ། རྒྱལ་བུ་ལ་སྤྲིང་བའི་གཏམ་ཆར་སྤྲིན་གྱི་རོལ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་བརྒྱད་པ། རྒྱལ་བུ་ལ་སྤྲིང་བའི་གཏམ་ཆར་སྤྲིན་གྱི་རོལ་མོ།next

གཏམ་ཚོགས་ལེའུ་བརྒྱད་པ། རྒྱལ་བུ་ལ་སྤྲིང་བའི་གཏམ་ཆར་སྤྲིན་གྱི་རོལ་མོ།


JLAZ007_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བུ་ལ་སྤྲིང་བའི་གཏམ་ཆར་སྤྲིན་གྱི་རོལ་མོ་ཞེས་བྱ་བ། བཅོམ་ལྡན་འདས་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་བོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་ཞི་བ་དམ་པའི་དམ་པ་ཆོས་ཀྱི་དབྱིངས། །ཁ་སྦྱོར་བདུན་གྱི་ལོངས་སྤྱོད་མཐའ་ཡས་འཇིག་རྟེན་གྱི། །བཀོད་


JLAZ007_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཀྲམ་ཡང་སྡུག་བསྔལ་བདེན་པའི་མཚན་ཉིད་དང༌། །མཛའ་བ་མ་ཡིན་བདེ་ལྡན་ཞིང་གི་མགོན་དེས་སྲུངས། ༡ །དཀར་པོའི་ཆོས་རབ་ནོར་བུའི་གླིང་ནས་མཐོ་རིས་ཀྱི། །ཡོན་ཏན་བདུན་པའི་ཙིནྟ་མ་ཎི་བོད་ཆེན་པོའི། །མདོ་སྡེ་རྒྱལ་ཁབ་དགེ་བཅུས་སྐྱོང་པའི་ཕོ་བྲང་ཆེར། །སྲོང་བཙན་ཡུལ་བཟུང་མྱུ་གུ་གསར་པའི་འཁྲི་ཤིང་རྒྱལ། ༢ །མངའ་རིས་འཛིན་གྱི་སྐྱེད་ཚལ་ན། །སྡིག་ལྟའི་ཚང་ཚིང་ལ་ཆགས་པའི། །རྒྱལ་ཕྲན་གེལ་པ་མང་མོད་ཀྱི། །འཇིག་རྟེན་ཡང་དག་བལྟ་ལ་རིང༌། ༣ །ཐུབ་བསྟན་ས་ཟླའི་མུ་ཁྱུད་རྩིབས་སྟོང་གི །རྗེས་སུ་དཔུང་ཚོགས་ཡན་ལག་བཞི་འགྲོ་བའི། །མྱུ་གུ་གསར་པའི་གསར་པ་དེའི་རྣ་ལུང༌། །ཕུལ་བྱུང་གཏམ་གྱི་རོལ་མོས་སྙན་པར་བྱེད། ༤ །ཚུ་རོལ་མཛེས་པས་མ་བཀབ་མཐུན་པའི་ཡུལ། །དམ་པའི་མགོན་དང་བཤེས་པ་ལེགས་སྨོན་གཟུགས། །ལེགས་སྤྱད་བསོད་ནམས་རྣམ་འཕྲུལ་རྒྱལ་ཐབས་ཏེ། །འཁོར་ལོ་ཆེན་པོ་བཞི་ཡི་བདག་ཉིད་ཁྱོད། ༥ །སྐྱེ་མཆེད་ཟླ་བ་ཉ་བའི་དེ་མ་ཐག །རིན་ཆེན་གསུམ་ལ་འདུས་ཏེ་རེག་པའི་སྤྱན། །ཆོས་རབ་སྣང་བའི་སྒོ་བརྒྱ་དད་པ་ཡི། །འདུ་ཤེས་རོལ་རྩེད་གཟུགས་ལ་རྔོམ་དེ་མཚར། ༦ །ཉམ་ཆུང་ཞོ་ཤས་བརྟེན་པའི་སྲོག་ཅན་ལ། །སྙིང་རྗེ་གཞན་དབང་བཙའ་བའི་


JLAZ007_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རིག་ཅན། །གདུལ་དུ་རུང་བ་སྐྱེས་བུའི་མཚན་ཉིད་ཕྱིར། །བདེན་པར་སྨྲ་བ་འདི་ནི་ཆོས་ཀྱི་གཏམ། ༧ །མཐའ་ཡས་ཤེས་དང་ཤེས་བྱའི་མི་བརྗེད་གཟུང༌། །ཡི་གེའི་མིང་གཟུགས་ཕུང་པོ་གང་ཞིག་ནི། །རིག་བྱེད་ཚོར་དང་ཚིག་དོན་ཉིང་མཚམས་སྦྱོར། །འདུ་ཤེས་དེར་གཞུངས་བླང་དོར་ལས་འདུ་བྱེད། །སྐྱེ་བས་རྣམ་པར་རིག་བྱེད་འདྲི་ཀློག་བརྩོན། ༨ །མངོན་པར་མཐོ་དང་ངེས་ལེགས་དམ་པའི་སྒོ། །ཤེས་བྱ་ཤེས་བྱེད་རྒྱུ་རྐྱེན་ལས་འབྱུང་ན། །དགེ་བའི་བཤེས་དང་དགེ་བའི་གྲོགས་པོ་ཡི། །ཡོན་ཏན་རྫོགས་པ་ཉེ་བའི་འདུ་བར་བརྟེན། ༩ །ཆོས་ལྟར་བཅོས་ཀྱང་རྣམ་རིག་སྡིག་ཏོས་བཀབ། །ཚུ་རོལ་ལས་གཞན་ཕ་རོལ་ཆད་པར་བལྟ། །སྐྱེས་བུ་གསུམ་ཀའི་གདུལ་བྱ་མ་ཡིན་པ། །ཁྱིམ་པའམ་དྲང་སྲོང་རྒྱལ་མཚན་བཟུང་ཡང་སྲིངས། ༡༠ །ཁྱིམ་བདག་རིན་ཆེན་ལྟ་བུའི་མདུན་ན་འདོན། །རྩོད་པའི་དུས་ཀྱི་སྤོངས་པ་ལྟར་གྱུར་ཀྱང༌། །དྲང་ལ་དཀྱིལ་ཆེ་ཡིད་གཞུངས་བློ་གྲོས་ཅན། །དེ་ལྟ་བུ་ལ་བློན་པོའི་གནང་བ་བྱིན། ༡༡ །དུས་དང་དུས་ཀྱི་རོལ་རྩེད་མ་བཀག་ཀྱང༌། །བྱིས་དང་སྡིག་གྲོགས་སྙོམ་ལས་གསུམ་གྱིས་དུས། །གྲོན་པ་མེད་པར་ཕྱི་ནང་གཙུག་ལག་ལ། །རྣམ་རིག་གསལ་བའི་སྤོབས་པ་ཐོབ་ཀྱང་འཚལ། ༡༢ །


JLAZ007_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་མ་ཡིན་བཅུ་དང་མྱོས་བྱེད་ཆང༌། །མུན་ནས་མུན་པའི་སྒོ་ལ་རྒྱབ་ཕྱོགས་ཏེ། །འཚོ་བ་བཟང་དང་རྣམ་སྨིན་ཚེ་སྦྱིན་སོགས། །མི་ཆོས་བཅུ་དྲུག་སྣང་ནས་སྣང་བའི་སྒོ། ༡༣ །མི་ཡི་ཆོས་ལུགས་ལེགས་པར་སྤྱད་པ་ནི། །སྟོན་པ་འཇིག་རྟེན་མཁྱེན་དང་བློ་གྲོས་་ཀྱི། །དབང་ཕྱུག་དྲང་སྲོང་རྣམས་ལ་གྲགས་པའི་ཕྱིར། །ལུགས་ཀྱི་བསྟན་བཅོས་རྣམས་ལ་འདྲིས་པར་སློབས། ༡༤ །རྒྱལ་རྣམས་ཆོས་ཁམས་རྒྱ་མཚོའི་རྡུལ་སྙེད་ལས། །དམ་བཅའ་སྙིང་པོ་བྱང་ཆུབ་སེམས་ཀྱི་དངོས། །གང་ལ་ཁྱིམ་གྱིས་བར་དུ་མི་གཅོད་པར། །དྲི་མ་མེད་པ་གྲགས་པའི་རྣམ་ཐར་སྐྱོངས། ༡༥ །དེ་ཡི་བློ་གྲོས་འཇམ་དཔལ་གཞོན་ནུས་ཀྱང༌། །དགབ་པར་མི་ནུས་སྨོན་དང་འཇུག་པའི་སེམས། །སྐྱེས་པ་རབས་དང་ཐེག་པ་ཆེན་པོ་ཡི། །སྡེ་སྣོད་དག་ལས་རང་སྟོབས་མཐུས་ཀྱང་བསྐྱེད། ༡༦ །ཐོག་མར་ཚངས་གནས་བཞི་ཡི་བློ་བཅོས་ནས། །ཀུན་ལ་སེམས་སྙོམས་ཕ་མའི་འདུ་ཤེས་ཀྱིས། །ཕན་པར་སྟོན་དང་བྱང་ཆུབ་འཇུག་པ་ནི། །ཐེག་པ་ཆེན་པོར་འཇུག་པའི་ལམ་གྱི་སྒོ། ༡༧ །ཁབ་ཀྱི་འབྱོར་པ་མངའ་རིས་ལས་གྱུར་ན། །དྲུག་ཆའི་དཔྱ་ཐང་ཅུང་ཟད་རྨ་བབ་ཀྱང༌། །བཟོད་པར་མཛོད་དང་སྦྱིན་ལས་གཞན་པའི་གཉེན། །མ་མཆིས་དེ་ནི་ཐུབ་པ་ཆེན་པོའི་བཀའ། ༡༨ །འཆལ་བའི་ཚུལ་ཁྲིམས་


JLAZ007_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེའི་གཟུགས་ཉིད་ཀྱང༌། །རྒྱལ་སྲས་རྣམས་ཀྱི་ཐབས་ལ་མཁས་པ་ནི། །སྟོང་ཉིད་སྙིང་རྗེའི་མཐུས་ཡིན་དེ་ལྟ་ནའང༌། །དུས་ཁྲིམས་ཡན་ལག་བརྒྱད་ལ་གུས་པར་མཛོད། ༡༩ །ལེགས་ཉེས་སྟངས་འཛིན་ཁྲིམས་ཀྱི་རྗེས་འགྲོ་བ། །རྒྱལ་པོ་རང་སའི་ཆོས་ལུགས་ཡིན་མཆི་ཡང༌། །རྨོངས་དང་འདོད་པས་གཟིར་བའི་ནག་ཅན་གྱི། །སྲོག་ལ་ཆད་པ་མ་སྦྱིན་བཟོད་ཀྱང་འཚལ། ༢༠ །དེ་ལྟར་གསུམ་གྱི་བྱང་ཆུབ་འཇུག་པའི་ཆོས། །སྡོམ་མིན་རྒྱུན་ལྡན་ཉིད་དུ་མི་འཁྱམས་ཤིང༌། །རྒྱལ་པོའི་སྲིད་ཀྱང་ཉམས་པར་མི་འགྱུར་ཞེས། །གསལ་རྒྱལ་ཉིད་ལ་གདམས་པའི་མདོ་ལས་བཤད། ༢༡ །ཡིད་དང་ཆོས་སུ་རྟོགས་པའི་བྱ་བྱེད་ནི། །རྒྱལ་པོའི་སྲིད་ལ་མུ་ཁྱུད་ལྟར་བསྐོར་ཡང༌། །བརྩོན་དང་བསམ་ཤེས་དབང་རྣོན་མ་བསྲིངས་ཏེ། །རྒྱལ་པོ་ཛཿདང་དགེ་དབང་ཡབ་སྲས་བཞིན། ༢༢ །དེ་ཕྱིར་ཆོས་སྤྱོད་བཅུ་ལ་སྐབས་བཙལ་ཞིང༌། །ནང་ནུབ་རྡོ་རྗེའི་ལམ་ལ་རྣལ་འབྱོར་པའི། །བརྩོན་འགྲུས་མཆོག་དང་བསམ་གཏན་ལ་བརྟེན་པས། །ཤེས་རབ་ཕ་རོལ་ཕྱིན་ལ་རེག་པར་འགྱུར། ༢༣ །དེ་ཡི་འགལ་ཟླ་ལྟུང་བྱེད་ཆེན་པོའི་གཡང༌། །མཆོད་རྟེན་རྫས་དང་དགེ་འདུན་འདུ་སྒོ་འཕྲོག །ལུང་དང་རྟོགས་པའི་དམ་ཆོས་སྤོང་བ་དང༌། །ཁྲིམས་


JLAZ007_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ལྟ་ཅི་རྟགས་ཙམ་འཛིན་ལ་ཡང༌། ༢༤ །ངུར་སྨྲིག་འཕྲོག་དང་ཁྱིམ་ན་གནས་སུ་འཇུག །བརྡེག་ཅིང་ནོར་འཕྲོག་བརྩོན་རར་གཞུག་དང་གསོད། །ཕ་མ་དགྲ་བཅོམ་གསོད་དང་དགེ་འདུན་དབྱེ། །མཚམས་མེད་ལྔ་ལས་གང་རུང་བྱེད་པ་དང༌། ༢༥ །ཕ་རོལ་མེད་པར་ལྟ་བའི་ལོག་ལྟ་ཡིས། །དགེ་བ་མ་ཡིན་ལས་ལམ་བཅུ་པོ་ལ། །བདག་ཉིད་འཇུག་དང་གཞན་དག་འཛུད་པ་ནི། །རྒྱལ་པོར་གདམས་པའི་རྩ་ལྟུང་ལྔ་ཡིན་པས། ༢༦། སྲོག་འདི་གཏོང་ཡང་སླ་ཡིས་དེ་སྤོང་ཞིང༌། །དེ་བཞིན་གྲོང་དང་གྲོང་ཁྱེར་ཡུལ་འཁོར་གཞོམ། །ལ་སོགས་བློན་པོར་ངེས་པའི་རྩ་ལྟུང་ལྔ། །གཞོམ་སྟེ་བསྒོ་བའི་ཕྱོགས་ལ་ཉེ་བས་སྤོངས། ༢༧ །ཁ་ན་མ་ཐོའི་ལམ་དང་ཀུན་དཀྲིས་སྒོ། །མཐའ་དག་སེམས་དང་སེམས་བྱུང་ལས་སྐྱེ་ན། །འཇིག་རྟེན་ཡང་དག་བལྟ་དང་དྲན་ཤེས་ལ། །གུས་པས་དཀར་པོའི་ཆོས་རབ་འཕེལ་བར་འགྱུར། ༢༨ །མཐོང་ཆོས་སུ་ཡང་མངོན་པར་མཐོ་བ་ཡི། །རྒྱལ་སྲིད་འབྱོར་དང་རྒྱས་ཤིང་ལོ་ལེགས་ལ། །ཕས་ཀྱི་རྒོལ་བས་མི་བརྫི་བསོད་ནམས་སྟོབས། །མང་པོས་བཏུད་པའི་རྒྱལ་སར་བཞག་པ་བཞིན། ༢༩ །ལེགས་སྨོན་ལམ་དེའི་རྟེན་ཅིང་འབྲེལ་འབྱུང་ལས། །མཐར་ཐུག་ངེས་པར་ལེགས་པའི་


JLAZ007_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཁམས་ཀྱང༌། །བདེ་ལྡན་ཞིང་ཁམས་བཀོད་པའི་ཐེམ་སྐས་རྩེར། །གངས་ཆེན་མཚོ་ཡི་རྒྱལ་སྲིད་ལ་གནས་ཤོག ༣༠ །རྒྱལ་བུ་ལ་སྤྲིང་བའི་གཏམ་ཆར་སྤྲིན་གྱི་རོལ་མོ་ཞེས་བྱ་བ། རིག་འཛིན་འཇིགས་མེད་གླིང་པས་གདམས་པ་རྫོགས། །གཏམ་ཚོགས་ལེའུ་བརྒྱད་པའོ།། །།


previousགཏམ་ཚོགས་ལེའུ་བརྒྱད་པ། རྒྱལ་བུ་ལ་སྤྲིང་བའི་གཏམ་ཆར་སྤྲིན་གྱི་རོལ་མོ།next