Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་བཅུ་པ། དམངས་ལ་སྤྲིང་བའི་གཏམ་དཔེ་དོན་འབྲེལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་བཅུ་པ། དམངས་ལ་སྤྲིང་བའི་གཏམ་དཔེ་དོན་འབྲེལ་བ།next

གཏམ་ཚོགས་ལེའུ་བཅུ་པ། དམངས་ལ་སྤྲིང་བའི་གཏམ་དཔེ་དོན་འབྲེལ་བ།


JLAZ007_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དམངས་ལ་སྤྲིང་བའི་གཏམ་དཔེ་དོན་འབྲེལ་བ་ཞེས་བྱ་བ། འཇིག་རྟེན་གྱི་ངེས་བརྗོད་ལ་བརྟེན་ནས་དམ་པའི་གནས་ལུགས་སྟོན་པ། མཚོ་བྱུང་ལྷ་མོ་ལ་ན་མ། །པ་


JLAZ007_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སངས་ཤར་རིའི་རྩེ་ལ་ཆས་གྱུར་ཅིང༌། །ཟླ་བ་སྒྲ་གཅན་ཁ་ནས་ཐར་ན་ཡང༌། །ཉི་མ་མེད་ན་འཇིག་རྟེན་ལོང་བར་འགྱུར། །དེ་ཕྱིར་མིག་ཀྱང་ཉིན་མོའི་གཞན་དབང་ཅན། །ཆེན་པོའི་རིགས་གཟུགས་ལང་ཚོས་སྒེག་བྱས་ཤིང༌། །དབང་ཕྱུག་ལ་སོགས་རྒྱན་གྱིས་འབྱོར་ན་ཡང༌། །ཡོན་ཏན་མེད་ན་ནམ་མཁའི་གླང་ཆེན་ཏེ། །འགྲོ་ལྡིང་བརྗིད་ལ་འདི་ཕྱིའི་དོན་རབ་ཉམས། །འཇིག་རྟེན་འདི་ན་ནོར་བུའི་རིན་ཐང་ཙམ། །རྙེད་པ་མིན་པས་ཞོ་འཐུང་རྡོ་རྗེའི་རྡུལ། །ཚངས་དང་དབང་པོའི་རྣ་རྒྱན་ལ་དཔྱངས་ཀྱང༌། །མང་དུ་ཐོས་པའི་རྒྱན་ལ་བསྐྲུན་མི་ནུས། །ཡིད་བཞིན་ནོར་ལས་དགོས་འདོད་འབྱུང་བ་ཡང༌། །ཤེས་རབ་མཐུས་བྱེད་བེམ་པོའི་རང་བཞིན་ནི། །རྟོག་པ་མེད་ལ་འདོད་པ་འཇོ་བ་དེ། །སྐྱེས་བུའི་རྣམ་རིག་ལ་རག་མཁྱེན་པར་མཛོད། །ཡོན་ཏན་ཡོད་ཀྱང་ཀུན་ཏུ་འཕྱར་བྱེད་ཅིང༌། །བདག་ཉིད་བསྟོད་ནས་གཞན་མཚང་འདྲུ་བྱེད་ན། །བརྒྱ་བྱིན་ཡིན་ཡང་ལྷ་ཡི་དམོད་འདོར་པས། །ང་རྒྱལ་འདྲ་བའི་གནོད་པ་གཞན་ན་མེད། །ཡོན་ཏན་མེད་ལ་བརྙས་དང་དཔྱས་གདགས་ཤིང༌། །ཡོན་ཏན་ཅན་ལ་ཁྲོས་པའི་རྣམ་འགྱུར་སྟོན། །རང་ལ་དགོས་ཀྱི་གཞན་ལ་མི་རུང་བའི། །སྡུག་བསྔལ་ཅན་དེ་ལྷ་མིན་སྡེ་ཚན་གཅིག །ཡོན་ཏན་ལ་


JLAZ007_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་མཁས་པའི་གནས་ཐོབ་ཀྱང༌། །རང་ཕྱོགས་འཕྱར་བ་འབའ་ཞིག་གཟེངས་བསྟོད་ནས། །བསྟན་པ་དཀྲུག་ཅིང་གཞན་གྱི་ཁུར་འགྲོ་ན། །ཆུ་ཀླུང་གནོད་པ་ཅན་ལ་བསྙེན་དང་མཚུངས། །དེ་ཕྱིར་དབང་པོ་ཉེ་བར་ཞི་བ་ཡི། །ཚད་མས་ཐོག་མར་རང་ཉིད་གཞལ་བྱས་ན། །གདོད་ཀྱིས་ཕ་རོལ་གཞལ་བའི་གཏན་ཚིགས་ཀྱང༌། །དྲང་སྲོང་ངག་གི་རྗེས་སུ་སོན་པར་འགྱུར། །གླེང་གཞིའི་རབ་བྱེད་དོ། །མཁས་པ་ཚིག་ལ་རོ་མྱོང་གིས། །ཕལ་པ་ཟས་སྐོམ་ཙམ་གྱིས་ཚིམ། །མུ་ཏིག་མེད་པའི་ཉ་གསོད་པ། །གདོལ་པ་རྣམས་ཀྱི་སྤྱོད་ཚུལ་ཡིན། །དམ་པ་གྲོགས་སུ་བསྟེན་པ་ལས། །འདི་ཕྱིའི་ལེགས་སྨོན་ཐམས་ཅད་འགྲུབ། །ཤཱཀྱ་བཟང་ལྡན་ལ་བསྟེན་ནས། །འདྲེག་མཁན་འདུལ་བ་འཛིན་པར་འགྱུར། །ནགས་ཚལ་ཕལ་པ་མང་མོད་ཀྱི། །ཙན་དན་ཡོད་པ་མ་ལ་ཡ། །ཀུན་ཏུ་སྐྱེ་བོས་གང་གྱུར་ཀྱང༌། །དགེ་བའི་གྲོགས་པོ་ལ་ལ་ཙམ། །རང་བཞིན་ངན་པ་ལ་བསྟེན་ན། །དམ་པ་མཐོང་ཡང་ཐེ་ཚོམ་སྐྱེ། །ཁྱི་ཡིས་ཕུག་པའི་བྱིས་པ་དག །ནེའུ་ལེ་མཐོང་ནའང་སྐྲག་ཅིང་བརྒྱལ། །གཡོ་ཅན་རྣམས་ཀྱིས་རང་ཉིད་ལ། །སྨ་འབེབས་བྱས་པ་མ་ཤེས་པས། །དྲང་ཞིང་བདེན་པར་སྨྲ་བ་ལ། །ལྐུགས་པ་ཡིན་ཞེས་བླ་དྭགས་འདོགས། །ཡོན་ཏན་


JLAZ007_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་སྐྱེས་བུ་ནི། །ས་ཕྱོགས་གཞན་ལ་ཕྱིན་ན་བྲིན། །ཁུ་བྱུག་མོན་དུ་སྐྱེས་ན་ཡང༌། །ཅ་ཅོ་བྷོ་ཊའི་དབུས་ན་སྙན། །གཞོན་ནུའི་དུས་ན་བསམ་མེད་ཀྱི། །དབང་དུ་གྱུར་པ་ཐལ་ཟིན་ཀྱང༌། །ད་ནི་ལང་ཚོར་གྱུར་པའི་དུས། །འཆལ་དང་ཆུང་མའི་དབང་མ་གཏོང༌། །རྒས་པ་ཤི་བའི་སྔོན་འགྲོ་ལ། །ངེས་འབྱུང་སྐྱེ་བ་ལྟ་ཞོག་གི །བུ་ལ་ཁྱིམ་ཐབ་ཕོགས་ཟེར་ནས། །ད་དུང་སོས་དལ་བྱེད་པ་བླུན། །འཇིག་རྟེན་དག་ན་དགྲ་མང་ཡང༌། །འཆི་བདག་ལྟ་བུའི་འཇིགས་པ་མེད། །གཤིན་རྗེའི་ཁ་རུ་ཆུད་ཟིན་པ། །བསམས་ནས་ཆོས་ལ་གུས་པར་གྱིས། །ངོ་ཚ་དཔང་པོར་མི་བྱེད་ཅིང༌། །ཁེ་ཉེན་ཅུང་ཟད་མི་བལྟ་ན། །ཟས་གོས་སྒྲུབ་ལ་ཐབས་མཁས་ཀྱང༌། །ཉ་པ་རྣམས་དང་ཁྱད་པར་ཅི། །ངན་པ་ཇི་ཙམ་ཉམ་ཆུང་བ། །དེ་ཡི་བར་དུ་དུལ་ཞིང་འཇམ། །ཅུང་ཟད་རྒྱགས་པར་གྱུར་པའི་ཚེ། །གླང་པོའི་ཀོ་བ་སྐམས་དང་མཚུངས། །སྒོག་སྐྱ་ག་པུར་གྱིས་བྱུགས་ཀྱང༌། །རང་གི་མཚན་ཉིད་མི་འདོར་ལྟར། །ཅུང་ཟད་རྐྱེན་གྱིས་མཐོ་དམན་ཅན། །སྲང་མདའ་ལྟ་བུའི་སྐྱེ་བོ་སྤང༌། །རྒྱལ་པོ་སྙན་ཁུང་སྲབ་པ་དང༌། །བློན་པོ་གཟུ་བོར་མི་གནས་པ། །བཙུན་མོ་ཕྲ་མར་དགའ་བ་གསུམ། །


JLAZ007_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་དཀྲུག་པའི་སྲུབ་ཤིང་ཡིན། །སེངྒེ་རི་དྭགས་ཤ་ཟ་ཡང༌། །ལོ་གཅིག་འདོད་པ་ལན་ཅིག་སྤྱོད། །འབངས་རྣམས་རྒྱལ་པོའི་དཔལ་ཡིན་ཡང༌། །དཔྱ་ཐང་ཡང་ཡང་སྡུད་ན་ཉམས། །བོང་བུ་བཞིན་དུ་འདོད་པ་ལ། །ཆོག་ཤེས་མེད་པའི་འཁོར་ངན་གྱི། །ལྐོག་ཏུ་མི་ལྟོགས་མནར་བྱེད་པའི། །འཚིར་དཔྱད་འགར་བ་ལ་ཡང་མེད། །དྲུག་ཆའི་དཔྱང་ཐང་ཐོབ་པའི་གནས། །མང་པོས་བཀུར་བ་ཁོ་ན་སྟེ། །དེ་ཡི་ཁྲིམས་ལུགས་མི་སྲོང་ན། །བུ་ལོན་འབངས་ལ་བླངས་པ་ཡིན། །རི་བོ་ས་ཡི་ཁུར་ཡིན་ཀྱང༌། །ཐེག་པ་དམན་པའི་རྣམ་འགྱུར་མེད། །གང་དག་བྱས་པ་མི་གཟོའི་ཁུར། །དབང་ཆེན་ས་གཞིས་ག་ལ་ཐེག །སྐྱེ་བོ་ཉོ་ཆང་ལ་དགའ་དང༌། །བུད་མེད་ལྐོག་ཟས་བྱེད་པ་གཉིས། །ཁྱིམ་ཐབ་བརླག་ལ་མཚུངས་པ་ཡི། །དབང་པོ་སྲང་རྡོ་ཁོ་ན་ཡིན། །གཞན་དག་འབྱོར་པ་མཐོང་ནས་ནི། །ཤིན་ཏུ་འཁྲུགས་པའི་སེམས་བསྐྱེད་ཀྱང༌། །དེ་ལས་ཅུང་ཟད་མི་རྙེད་སྟེང༌། །རང་གི་བསོད་ནམས་ལྷག་མེད་འཇོམས། །ནོར་ལྡན་སེར་སྣས་བསྡམས་པ་རྣམས། །མཆོད་སྦྱིན་ཡུལ་ལ་འཁོན་པའི་རྒྱུས། །སྒྲ་ལྔ་འདོན་པའི་ཡི་དྭགས་ཀྱི། །རྒྱུ་མཐུན་ད་ལྟ་སླེབ་པ་མང༌། །མི་བསྲུན་ཁ་ནས་དོན་པ་ཡི། །ཚིག་ངན་


JLAZ007_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་གྱི་ལྕེ་རྐྱོང་ན། །ཕ་རོལ་སྙིང་ལ་ཟིན་པའི་ནད། །རྒྱུན་ཤེས་བུས་ཀྱང་བཅོས་པར་དཀའ། །བདག་ལ་གནོད་པ་དེ་བྱུང་ན། །བཟོད་པའི་སྨན་ལ་བསྟེན་བྱ་སྟེ། །ལང་ཚོ་རྒུད་པར་མི་འགྱུར་བའི། །དཀའ་ཐུབ་ནང་ན་དེ་ཉིད་མཆོག །ཁྱིམ་པ་ཡོན་ཏན་མི་ལྡན་ཀྱང༌། །བསམ་པ་བཟང་པོར་ནན་གྱིས་སློབ། །མེ་ཡི་གྲོགས་སུ་རླུང་བཞིན་དུ། །དགེ་བའི་ཆོས་རྣམས་སྡུད་པའི་ཕྱིར། །སློང་བ་དང་འདྲའི་མཛའ་བཤེས་དཀོན། །མ་སྦྱིན་ཁ་ནས་མ་འདོན་ཅིག །གཏོང་བ་དང་འདྲའི་བང་མཛོད་ནི། །མགོན་མེད་ཟས་སྦྱིན་ལ་ཡང་མེད། །ཁྱིམ་ཐབ་རྙེད་པ་སླ་མོད་ཀྱི། །ཕ་མ་རྙེད་པ་ཤིན་ཏུ་དཀོན། །དེ་ཉིད་བཀུར་བའི་བསོད་ནམས་ཁྱད། །ཤས་ན་ལོག་ལྟའི་གཡང་ལས་གྲོལ། །གཞན་ལ་གནོད་པ་ལྷུར་བྱེད་ན། །དེ་ནི་ཚངས་པར་སྤྱོད་ཀྱང་ཅི། །སྤུ་གྲིས་བཟུང་བའི་སྦྲང་རྩི་ཡིས། །རྨས་པ་ཉིད་ལས་གསོས་པ་མེད། །དགྲ་བོ་ཐུལ་བའི་མཐའ་འཚོལ་ལ། །ཚེ་ཡི་གཏུགས་པར་འགྱུར་བ་སྟེ། །དེ་ལ་ཉེ་བར་ལེན་པའི་སེམས། །བཅུལ་ན་རང་ཉིད་བདེ་བ་ཐོབ། །ཇི་སྲིད་ཆོག་ཤེས་མ་ཐོབ་པ། །དེ་སྲིད་ནོར་གྱིས་ཕོངས་པ་སྟེ། །བྱི་བས་འབད་ནས་བསགས་པའི་མཐར། །ལྟོགས་གྲིར་ཤི་བ་མ་ཐོས་སམ། །


JLAZ007_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་པོ་རེ་ཞིག་མཐུ་ཆུང་ཡང༌། །དེ་ཡི་རང་བཞིན་ཉམས་པ་མེད། །ཉི་མ་སྤྲིན་གྱིས་སྒྲིབ་ན་ཡང༌། །དེ་མ་ཐག་ཏུ་ལྷག་པར་གསལ། །དགྲ་བཅོམ་རྣམས་ཀྱི་ཚུལ་ཁྲིམས་ནི། །ཁྱིམ་ནས་རྙེད་པར་མི་འགྱུར་ཀྱང༌། །དུས་ཁྲིམས་ཡན་ལག་བརྒྱད་པ་དང༌། །དགེ་བསྙེན་གནས་ལ་གུས་པར་གྱིས། །དགེ་སྦྱོང་གཞན་སྡེ་འཐག་པ་དང༌། །སྔགས་པ་མཐུ་གཏད་བྱེད་པ་ལས། །ཁྱིམ་པ་གཟུ་བོར་གནས་པ་རྣམས། །ཕ་རོལ་ལེགས་པ་མངོན་སུམ་ཡིན། །སྡོམ་པ་ལན་ཅིག་དྲལ་གྱུར་ཀྱང༌། །འཆབ་སེམས་མེད་ན་གསོར་ཡོད་ཀྱི། །རྟག་ཏུ་བསམ་པ་ཉམས་པ་རྣམས། །འགྲོ་ས་ངན་སོང་གསུམ་ལས་མེད། །སྡེ་སྣོད་ཤེས་པས་མི་ཆོག་གིས། །བསླབ་པའི་གནས་ལ་གུས་པ་གཅེས། །ལྷས་བྱིན་གྱི་ནི་བརྟུལ་ཞུགས་ལྔས། །མེ་ལྕེར་དྲངས་པ་མ་ཐོས་སམ། །དམ་པ་རེ་ཞིག་ཉམས་གྱུར་ཀྱང༌། །དེ་ལས་ལྡང་བའི་ཐབས་བྱེད་དེ། །ཟླ་བ་ཉ་བ་གཟས་ཟིན་ཀྱང༌། །ད་དུང་གླིང་བཞི་བསྐོར་ལ་བརྩོན། །དགོན་པར་བསྡད་པས་མི་ཆོག་གིས། །དགེ་སྦྱོང་གི་ནི་ཆོས་བཞི་བརྟག །འབྲོག་གནས་དབེན་པ་སྤྱང་ཀི་དང༌། །ཝ་མོས་བཟུང་བ་མ་མཐོང་ངམ། །གང་ལ་སྙིང་རྗེ་ཡོད་པ་དེར། །ངེས་པར་ཐར་པའི་ས་བོན་ཡོད། །ཀུན་ཏུ་རིགས་ཅན་དེ་ཡིན་གྱི། །ཆོ་འབྲང་བཙུན་པ་ལྟར་


JLAZ007_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཙམ། །རིན་ཆེན་སྣ་བདུན་ལྡན་ན་ཡང༌། །འཆི་བའི་ཚེ་ན་རྗེས་མི་འབྲང༌། །འཕགས་པའི་ནོར་བདུན་བསྙེན་པ་རྣམས། །དབང་ཕྱུག་བརྒྱད་དུ་འགྲོ་བ་མང༌། །ཆོས་བཞིན་སྤྱོད་དང་དབང་པོ་ཐུལ། །དེ་ལ་དགྲ་བཅོམ་ཐག་མི་རིང༌། །ཚོས་ཀྱིས་བཙོས་ཀྱང་སྡིག་པས་བཀབ། །དེ་འདྲ་ཐར་པའི་རྒྱལ་མཚན་མིན། །རྫས་ལས་འཕེལ་བའི་བསོད་ནམས་བདུན། །སྒྲུབ་པ་ཐུབ་པའི་ལུགས་ཡིན་གྱིས། །དམ་པར་བཏགས་ནས་དཀོར་རྫས་ལ། །གཟི་བྱིན་བསྒྲུབ་ན་ཤིན་ཏུ་ཉམས། །སོ་སོ་སྐྱེ་བོའི་རང་ཉམས་ཀྱིས། །འཕགས་པ་འཇལ་བར་མི་བྱ་སྟེ། །ཁྲོན་པའི་སྦལ་པ་རྒན་པོ་ཡིས། །རུས་སྦལ་བཞད་གད་སློང་མིན་ནམ། །བྱ་བ་ཀུན་ལ་མ་བརྟགས་ན། །འགྱིང་ཚུལ་སྟོན་ཡང་དཔའ་བོ་མིན། །བྱི་ལ་སྦོས་པའི་ཟུངས་ཁྲག་དེ། །ཁྱི་རྒན་གོམ་པ་འཁྱོར་བས་ལྡག །གལ་ཏེ་ནོར་ལ་སྲེད་ན་ཡང༌། །དྲང་པོའི་སྤྱོད་པས་བང་མཛོད་དགང༌། །བཀང་ནས་ལེགས་པར་སྤྱོད་ཤེས་ན། །རང་གཞན་སྲུང་བའི་དཔལ་ཐོབ་འགྱུར། །ཇི་སྲིད་ཕ་རོལ་མཐོང་བ་སྟེ། །དེ་སྲིད་གཞན་ལ་ཕན་པ་གྱིས། །གཡོ་སྒྱུ་མེད་པའི་བསམ་སྦྱོར་འདིས། །རང་དོན་ཚགས་སུ་ཚུད་པ་ཡིན། །རྒྱལ་པོ་ཡུལ་འཁོར་མི་བསྲུང་དང༌། །བློན་པོ་ཐབས་ལ་མི་མཁས་པས། །


JLAZ007_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་འཕེལ་ལྟ་ག་ལ་ཞིག །རང་གི་སྲོག་ཀྱང་བསྲུང་མི་ནུས། །མི་མཁས་ང་རྒྱལ་ཆེ་བ་དང༌། །གཙོ་བོ་འདོད་དང་ཞལ་ཏ་མང༌། །བསམ་པ་མི་མཐུན་འུར་རྡོ་ཡིས། །རང་སྲིད་ཆམ་ལ་ཕབ་པ་མང༌། །བྱི་བས་ལྡེ་མིག་འཛིན་པ་དང༌། །བྱ་རོག་ཕྱག་ཚང་བྱེད་པ་ནི། །བང་མཛོད་མྱ་ངན་འདའ་བ་ཡི། །སྔ་ལྟས་ཡིན་པ་སུས་མི་ཤེས། །དེ་ཕྱིར་རྒྱལ་བློན་འབངས་བཅས་ཀུན། །ལྗོན་ཤིང་ལ་ནི་འཁྲི་ཤིང་ལྟར། །ཕན་ཚུན་ལྟོས་གྲུབ་གཟུ་བོའི་བློས། །རང་སའི་བྱ་བ་དྲང་པོར་སྲོངས། །བཟའ་ཤིང་བཏུ་བར་བྱ་མོད་ཀྱིས། །སོལ་བ་མཁན་གྱི་ལུགས་མི་སྐྱོང༌། །དཔྱ་ཁྲལ་ཡན་ལག་མ་རྫོགས་ཀྱང༌། །ཞོ་ཤའི་དྲིན་ལ་ལེགས་པར་སོམས། །སྦྲང་རྩི་དང་ནི་ཐི་བྱའི་ཚང༌། །ཟླ་བ་ཆོས་དང་རྒྱལ་པོའི་ནོར། །ཅུང་ཟད་བསགས་པས་འཕེལ་བའི་ཕྱིར། །ཆུ་ཐིགས་ལྟ་བུའི་རྣམ་འགྱུར་སྤོངས། །མི་དགེ་བཅུ་ལ་ལོག་ལྟ་ཐུ། །དེ་ལས་སྲོག་གཅོད་འབྱུང་བས་ན། །ཕྱི་རོལ་ཉམས་པ་མི་བསམ་ཀྱང༌། །ཚེ་ཐུང་གྱུར་ལ་སྐྲག་པར་བྱ། །རྨ་བྱ་ཚད་པས་གདུངས་གྱུར་ཀྱང༌། །རྫིང་བུ་སྙོག་མར་འཇུག་མི་བྱེད། །ཡ་རབས་ཤིན་ཏུ་ཉམ་ཐག་ཀྱང༌། །མ་བྱིན་ལེན་ལ་སྤྲོ་བ་ཞན། །ལོག་གཡེམ་རྣམ་པ་མང་མོད་ཀྱི། །སྡོམ་པ་འཇིག་པར་བྱེད་པ་ནི། །ཁ་ན་མ་ཐོ་ཆེན་པོའི་གནས། །དེ་བཞིན་གཞན་སེམས་བསྲེག་ལས་བྱོལ། །ཁྱིམ་པ་ལ་


JLAZ007_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྫུན་བཀག་ན། །ཕ་རོལ་བསླུ་བའི་དགེ་སྦྱོང་དང༌། །དགེ་འདུན་ལྷག་མར་ལྟུང་བཞིན་དུ། །ཡང་དག་འབུལ་བ་མཚང་རེ་ཆེ། །དེ་བཞིན་ཕྲ་མ་ལ་སོགས་པ། །བསམ་པའི་ལྷག་མ་གསུམ་པོ་དང༌། །སེམས་པ་ཡིད་ཀྱི་རྣམ་གསུམ་པོའི། །རྒྱུ་འབྲས་ཤེས་པའང་མཁས་པ་ཡིན། །དུག་སྦྲུལ་སྲོག་ཆགས་གསོད་པ་དང༌། །གླང་པོ་རྩྭ་མཆོག་ཟ་བ་གཉིས། །སྐེམ་སྦེག་ཁྱད་པར་ཆེ་བ་བཞིན། །ཁྲེལ་དང་ངོ་ཚ་ཟས་ཀྱི་མཆོག །ངེས་པར་བརྫུན་པ་མེད་པའི་ཚིག །སྨྲ་བའི་ཁ་ནི་ཡི་གེ་སྟེ། །དེ་ལས་གཞན་དུ་ལྕེ་བདེ་ཡང༌། །ནེ་ཙོ་བཞིན་དུ་སྙིང་པོ་མེད། །ལོང་བར་ཟ་འོག་སྟོན་པ་དང༌། །ཕྱུགས་ཀྱི་མགྲིན་པར་མུ་ཏིག་འདོགས། །དད་པ་མེད་ལ་ཆོས་འཆད་གསུམ། །དུས་ཚོད་གྲོན་པའི་རྒྱུ་རུ་ཟད། །སྒྲ་པ་དོན་འགྱུར་ལ་རྨོངས་དང༌། །ཚད་མ་རྫས་ལྡོག་མི་ཕྱེད་དང༌། །བཟོ་གནས་ཆ་ཚད་མི་ལྡན་དང༌། །གསོ་རིག་ཞུ་རྗེས་མི་ཤེས་དང༌། །སྡེ་སྣོད་ལ་རྨོངས་ནང་རིག་པ། །རིག་གནས་ཡིན་ཀྱང་གཟུགས་བརྙན་ཙམ། །རང་སྡེ་ཤིན་ཏུ་སྲུང་མཁས་པ། །མུ་སྟེགས་ཀླ་ཀློའི་ཁྲོད་ནའང་ཡོད། །འདོད་པར་བགོ་བཤའ་བྱེད་ནུས་པའི། །སྐྱེས་བུ་དེ་ནི་དྲང་སྲོང་ཡིན། །ཤིན་ཏུ་འདོད་པས་གདུངས་ན་ཡང༌། །ཁྲེལ་དང་ངོ་ཚའི་གོས་མི་འཕུད། །དེ་ལ་ཡ་རབས་


JLAZ007_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ། །འབྱོར་ལྡན་གཡུང་པོའི་ཁྲོད་ནའང་མང༌། །གཡུལ་ངོར་ཞུགས་ན་བརྟུལ་ཕོད་ཀྱང༌། །ཡུལ་གྱི་མི་ལ་དེས་ཤིང་འཇམ། །དམན་པ་རྣམས་ལ་སྙིང་རྗེ་བ། །དེ་ལ་དཔའ་བོ་ཞེས་སུ་བརྗོད། །དམ་པ་རྣམས་ལ་མི་སྙན་སྒྲོགས། །བྱིས་པའི་གྲོགས་ལ་ཤིན་ཏུ་གདུང༌། །ཆུང་མའི་འོག་ནས་མི་ལྷོངས་པ། །སྐྱེས་པ་འདྲ་བའི་བུད་མེད་ཡིན། །ལུགས་གཉིས་སྒྲུབ་པའི་མཐུ་ཆུང་ཞིང༌། །ཕན་དང་གནོད་པའི་མཐའ་མི་ཤེས། །ལྟོ་བ་འགེངས་པ་གཙོར་བྱེད་པ། །ཆུ་དང་ནགས་མའི་མི་ཆུང་དངོས། །ཡོན་ཏན་མེད་པའི་སློབ་དཔོན་དང༌། །སེམས་བསྐྱེད་མེད་པའི་སྨན་པ་དང༌། །སྤྱི་ཚིག་མེད་པའི་གྲོས་པ་གསུམ། །ཕན་ལས་གནོད་པ་ཆེ་བའི་རྒྱུ། །མཁས་པ་ང་རྒྱལ་ཆེ་བ་དང༌། །ཆེན་པོ་དྲེགས་པས་རྒྱགས་པ་དང༌། །ཕྱུགས་པོ་སེར་སྣས་བསྡམས་པ་གསུམ། །དུག་སྦྲུལ་གདེངས་ཀའི་བསིལ་ཡབ་ཡིན། །སློང་ལ་ངོ་ཚ་མེད་མོད་ཀྱིས། །མི་སྟེར་ཟེར་ན་དེ་བས་དམན། །སྦྱིན་ནོ་ཟེར་བ་དམ་པའི་ཚིག །མི་འདོད་ཟེར་ན་དེ་བས་འཕགས། །རང་ཉིད་བསྲུང་བ་དེ་ཙམ་དུ། །གཞན་ལའང་ཕན་པ་འབའ་ཞིག་སྒྲུབས། །ངུར་པ་གཅིག་གིས་ཅིག་ཤོས་ལ། །བསྟི་སྟང་ཇི་ལྟར་བྱེད་མཐོང་ངམ། །རྗེ་བོ་ངན་ལ་བསྟེན་པ་དང༌། །


JLAZ007_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གཟིང་གོག་པོར་འཇུག་པ་དང༌། །རྒྱ་མཚོའི་ཆུ་ལ་འཐུང་བ་གསུམ། །སྲོག་ལ་འཇིགས་པ་བསྐྱེད་པའི་རྒྱུ། །ངན་པ་ཆེ་སར་སླེབ་པ་དང༌། །དབང་ཡོད་ངོ་ཚ་མེད་པ་དང༌། །ཕུག་རོན་ལྷ་ཁང་ཞུགས་པ་གསུམ། །གྲིབ་གནོན་བཞིན་དུ་གནོད་པ་མང༌། །ཟིལ་པའི་ཆུ་དང་རྩྭ་ཡི་མེ། །སྤྲིན་གྱི་གྲིབ་མ་འཇག་མའི་སྐྱབས། །སྐྱེ་བོ་ངན་པའི་མཛའ་བཤེས་ལྔ། །དགོས་པའི་དུས་སུ་བསླུ་བར་མཚུངས། །གྲོ་གའི་ཕྱིར་དུ་གསོད་ཅིང་འཚེ། །ཐབས་ཀྱིས་རྐུ་དང་ལོག་པར་གཡེམ། །ཁེ་ཕྱིར་རྫུན་སོགས་མི་དགེའི་རྒྱུན། །རྒྱ་བའི་ལག་ན་ཡོད་ཟེར་ན། །དེ་ཡི་སྟེང་དུ་ཡུལ་ངན་དང༌། །ཆོམ་རྐུན་འཇིགས་ལའང་མི་འཛེམ་པའི། །དགེ་སྦྱོང་ཤོ་སྣ་ཁྲིད་བྱས་ནས། །བསླབ་པ་ཚོང་བ་བདུད་ཀྱི་ལས། །ས་ཞིང་རེངས་དང་ཁེ་མེད་ཚོང༌། །མ་དུལ་རྟ་དང་རྐུན་པོའི་བྲན། །སྐོག་གྱུར་བྱེད་པའི་བུད་མེད་ལྔ། །ཁྱིམ་ཐབ་བཤིག་པའི་ཐན་ཆེན་ཡིན། །རྒྱལ་པོ་སྡིག་སྤྱོད་བྱེད་པ་དང༌། །བློན་པོ་ལྐོག་བརྔན་ཟ་བ་དང༌། །ཧོར་འདྲ་ཡུལ་འཁོར་འཐག་པ་གསུམ། །མངའ་ཞབས་འཇིག་པའི་ཐོ་བར་མཚུངས། །དམག་དཔོན་སྙིང་སྟོབས་མེད་པ་དང༌། །དམག་མི་གོ་མཚོན་བྲལ་བ་དང༌། །དཔུང་གི་འགྲོ་ལྡོག་མི་ཤེས་དེས། །རུ་པ་ཏི་ཡི་བརྟུལ་ཞུགས་འཛིན། །ཞལ་


JLAZ007_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་འཁྱོག་པོར་སྤྱོད་པ་དང༌། །རྟོག་དཔྱོད་མེད་པའི་ཕྲ་མ་དང༌། ཁྲིམ་རྐུན་རེངས་སུ་འཇུག་པ་གསུམ། །རྒྱལ་ཁྲིམས་ཞིག་པའི་སྔོན་འགྲོར་འོང། །གཙུག་ལག་ཁང་དང་བླ་མའི་དཀོར། །མཁན་སློབ་དགེ་འདུན་ལས་བྱེད་དང༌། །ཀུན་སློང་ངན་པའི་དགེ་བ་གསུམ། །ངན་འགྲོར་འགྲོ་བའི་ས་མཁན་ཡིན། །དཔོན་ལ་རྒོལ་དང་བག་མེད་ཆང༌། །ཕོ་བས་མི་ཆུན་བཟའ་བཏུང་སྲེད། །ཉིན་ཕྱེད་གཉིད་དང་ནམ་ཕྱེད་ཟ། །འདི་ལྔ་འགྱུར་བའི་སྡུག་བསྔལ་རྒྱུ། །སློང་མོས་འཚོ་ཞིང་ཁེངས་ཚིག་སྨྲ། །ཟ་བའི་ཡུལ་ལ་འབར་ཞིང་འཁུན། །ཕ་མའི་དྲིན་ལན་མི་བསམ་པ། །འདི་གསུམ་ཤེས་ལྡན་ཁྲེལ་བའི་རྒྱུ། །དུས་ལ་མ་བབས་འགྲོ་དོན་དང༌། །ཉམས་རྟོགས་མེད་པའི་ཐོ་ཅོ་དང༌། །བདུད་ཀྱིས་བརླབས་པའི་ལུང་བསྟན་གསུམ། །བླུན་པོ་རྣམས་ལ་མཛེས་པ་ཡིན། །མི་ལུས་ཐོབ་པ་ད་རེས་ཙམ། །དལ་འབྱོར་ཚང་བ་ལན་རེ་ལ། །བཤེས་གཉེན་འབད་ནས་མི་བསྟེན་ཅིང༌། །གལ་ཅུང་ཆོས་ལ་བྱེད་པ་འཁྲུལ། །འཕགས་པ་མཐོང་བ་ལན་ཅིག་དང༌། །དབང་བཞི་ཐོབ་པ་རེས་འགའ་ལ། །དམ་ཚིག་ཡལ་བར་འདོར་བ་ཡི། །སྐྱེས་བུ་དེ་ནི་སྨྱོན་པ་དངོས། །འབྱོར་པ་ཆུ་ཡི་ལྤུ་བར་མཚུངས། །སྲོག་ནི་གཤིན་རྗེའི་གཞན་དབང་ཅན། །


JLAZ007_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་མཆོག་གི་སྨན་པ་ལ། །བསྙེན་ནས་དམ་ཆོས་བདུད་རྩི་འཐུང༌། །གསོ་དཔྱད་ཕལ་པ་འདི་འདྲས་ནི། །རྣམ་པ་ཀུན་ཏུ་ག་ལ་སྐྱོབ། །ནད་དོ་ཅོག་གི་རྩ་བ་ནི། །མ་རིག་འཛིན་པ་ཡིན་པའི་ཕྱིར། །དེ་ལྟ་ན་ཡང་རྨོངས་ཆེན་རྣམས། །སྨན་ལས་དུག་ལ་རིན་ཐང་ཆེ། །ཀུན་གྱི་ཕྱག་མཆོད་བྱེད་པ་ཡི། །མཆོད་རྟེན་ཁྭ་ཏས་བརྙས་ལ་ལྟོས། །གང་ཞིག་ནོར་བུའི་འབྱུང་གནས་ནི། །རིན་པོ་ཆེ་ཡི་གླིང་ཡིན་བཞིན། །ཆོས་དང་ནོར་དང་འདོད་པ་དང༌། །ཐར་པའི་འབྱུང་གནས་ཤེས་རབ་ཡིན། །དེ་དེ་དགེ་བའི་བཤེས་གཉེན་དང༌། །ཐོས་པ་མང་པོ་ལས་འབྱུང་ན། །རིགས་གཟུགས་ལང་ཚོས་སྒེག་གྱུར་ཀྱང༌། །དེ་ཉིད་བསྲིང་ན་ཉམས་པའི་རྟགས། །འདི་ན་ནམ་མཁའ་ས་གཞིའི་བར། །རིང་བ་ལས་ཀྱང་ཕལ་པ་དག །དམ་པའི་ཆོས་ལས་རིང་གྱུར་པས། །མཁས་ལས་སྤྲེལ་རྒན་ངོ་མཚར་ཆེ། །དེ་བཞིན་རྒྱ་མཚོའི་ཕ་རོལ་དང༌། །ཚུ་རོལ་ཡན་མན་དེ་སྲིད་ལས། །ཕལ་དང་དམ་པའི་ཆོས་རིང་བས། །ལེགས་པར་བཤད་ལ་སུ་ཡིད་གཏོད། །དེ་ལྟར་ཡང་ཀེ་ཏ་ཀས། །ཆུ་དང་རྙོག་མ་དབྱེ་བ་བཞིན། །རིགས་པ་དང་ནི་མ་ཡིན་པའི། །མཚན་ཉིད་བཤད་ལ་ཉེས་པ་མེད། །ཅི་ཕྱིར་ཞེ་ན་རྨོངས་པ་དང༌། །


JLAZ007_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བའི་མུན་པ་ཡོད་མ་ཡིན། །ལེགས་བཤད་འདྲ་བའི་སྐྱེས་མེད་པས། །དམ་པའི་དོན་ལྡན་གཏམ་འདི་བྱས། །ངེས་པ་ཁོ་ནར་འབྱུང་འགྱུར་བའི། །འཆི་བ་ལ་ཕན་དམ་པའི་ཆོས། །དེ་ཉིད་ཤེས་པའི་སྔོན་འགྲོར་ནི། །འཇིག་རྟེན་གྱི་ནི་ཆོས་ལུགས་བརྟག །ལྷ་དང་མི་ཡི་ཐེམ་སྐས་ལ། །བརྟེན་ནས་ཐར་པ་བསྒྲུབ་པའི་ཕྱིར། །རིག་དང་ཞབས་སུ་ལྡན་པའི་ཟླར། །འཇིག་རྟེན་མཁྱེན་པ་བསྔགས་མིན་ནམ། །ཉི་མའི་སྔ་དྲོ་ཕྱི་དྲོ་དང༌། །ནོར་དང་ལང་ཚོ་མི་བརྟན་ཀྱང༌། །ཆོས་དང་བདེན་པ་བརྟན་པའི་མཐུས། །འདིས་ཀྱང་གཞན་ལ་ཕན་པར་ཤོག །དམངས་ལ་སྤྲིང་བའི་གཏམ་དཔེ་དོན་འབྲེལ་བ་ཞེས་བྱ་བ་རྒྱལ་བའི་མྱུ་གུ་ཨ་བྷ་ཡ་དྭཱི་པས་རྒྱ་གར་ཀཱ་མ་རཱུ་པའི་གནས་དང་ཉེ་ཞིང༌། བྱ་རྒོད་ཕུང་པོའི་རི་བོ་བལྟར་ཡོད་པའི་ཨ་ཙ་ར་ཁ་སྤུ་ཅན་གྱིས་སྟོང་དཔོན་བྱང་ཆུབ་རྒྱལ་མཚན་ལ་གདམས་པ་རྫོགས་སོ། །གཏམ་ཚོགས་ལེའུ་བཅུ་པའོ།། །།


previousགཏམ་ཚོགས་ལེའུ་བཅུ་པ། དམངས་ལ་སྤྲིང་བའི་གཏམ་དཔེ་དོན་འབྲེལ་བ།next