Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་བཅུ་གཉིས་པ། དམ་པ་ལ་སྤྲིང་བའི་གཏམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་བཅུ་གཉིས་པ། དམ་པ་ལ་སྤྲིང་བའི་གཏམ།next

གཏམ་ཚོགས་ལེའུ་བཅུ་གཉིས་པ། དམ་པ་ལ་སྤྲིང་བའི་གཏམ།


JLAZ007_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་ལ་སྤྲིང་བའི་གཏམ། ཨོ་རྒྱན་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །གང་དུ་སྤྲིང་ན་དེ་ཉིད་ལ། །སྟ་ཟུར་ཁ་ཊྭཱྃ་གས་མཚན་དེའི། །བྱིན་གྱིས་ཆར་རྒྱུན་མི་ཟད་པའི། །རྟེན་ཅིང་འབྲེལ་འབྱུང་ཡང་འདིའོ། །གང་ཞིག་དམ་པའི་ངག་སློབ་པ། །དེ་ཡང་དམ་པའི་རང་བཞིན་ཏེ། །བདག་ཉིད་བསྟོད་ཀྱིས་ཤེས་པ་རྣམས། །རྙེད་བཀུར་གྲགས་པས་མ་རུངས་བྱས། །འཁོར་བ་ཆུ་སྲིན་གྲོང་ཁྱེར་ན། །འཁོར་གསུམ་རྗེས་མཐུན་ཡོན་ཏན་དང༌། །འཁོར་ལོ་གསུམ་ལ་དད་ཁྱོད་ཅིག །འཁོར་འདས་རུ་ཤན་དེང་འབྱེད་འཚལ། །དཔལ་དང་མིང་དོན་ཐ་དད་པའི། །ཏི་མུག་གླང་པོའི་གོམ་ཚུགས་ཅན། །སྙིང་པོ་བྲལ་བའི་མྱ་ངམ་ཐང༌། །འཁྱམས་ལས་ཕྱིར་ཕྱོགས་ངོ་མཚར་གནས། །རྒྱལ་བསྟན་རིན་ཆེན་འབྱུང་ལྡན་ནི། །སྡེ་སྣོད་གསུམ་དང་སྔགས་རྒྱུད་ཀྱི། །སྤྲོ་དང་གསང་ཚིག་མཐའ་ཡས་ཀྱང༌། །གཟུགས་བརྙན་མགྲོན་དུ་གཉེར་བས་སྐྱོ། །དེ་ཕྱིར་གཞི་གསུམ་ཆོ་ག་ཡིས། །དགེ་འདུན་མཛེས་པར་བྱས་ནས་ཀྱང༌། །བསླབ་པ་གསུམ་གྱི་མངོན་རྟོགས་ལ། །ཐེམ་སྐས་བཞིན་དུ་འཛེགས་དང་ཀྱེ། །ལྔ་བརྒྱ་ཕྲག་བཅུར་གནས་ཚད་ཀྱིས། །མི་གཏུགས་ཉོན་མོངས་དགྲ་སྡེ་ལས། །རང་དབང་གྱུར་པའི་ཐེག་ཆེན་ལམ། །དོན་གཉེར་མགྲོན་པོའང་བྱང་ཆུབ་སེམས། །ཁྱད་


JLAZ007_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པར་དབང་དང་བསྐྱེད་རྫོགས་རྫོགས་པ་ཆེ། །ཐབས་ཤེས་འབྲེལ་པ་ཤིང་རྟའི་སྒྱུ་ཐབས་ལ། །བརྟེན་ནས་ཚེ་གཅིག་རྡོ་རྗེ་འཆང་འགྲོ་བའི། །རྒྱུད་སྡེ་དྲུག་གི་གནས་ལ་མཁས་པར་མཛོད། །དེ་ཡང་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་དུས། །རྒྱལ་བའི་ཞལ་སྐྱིན་ལོ་པཎ་མཁས་རྣམས་ཀྱིས། །བསྒྱུར་ཞིང་ཐུགས་ཉམས་བསྟར་བའི་མདོ་སྒྱུ་སེམས། །ཕྱོགས་དེར་གསལ་མཛད་ཁྱོད་ལ་ལྷག་པར་རངས། །དེ་ལ་ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་རྣམ་གསུམ་ཞལ། །རིམ་པ་དགུར་རྫོགས་རྒྱལ་བསྟན་ཡོངས་རྫོགས་དོན། །སྔགས་སུ་སྟོན་པ་ཚོགས་ཆེན་འདུས་པ་ཡིན། །བཤད་གཞི་དེ་ལས་བཤད་བྱ་མ་འཁྲུལ་བ། །རྒྱུད་ཀྱི་དངོས་པོ་བཅུ་དང་ཐབས་གྲོལ་ལམ། །ཟུང་དུ་འཇུག་པར་མཐའ་དྲུག་ཚུལ་བཞི་ཡིས། །རིག་འཛིན་བཞི་ཡི་ལམ་བགྲོད་སྒྱུ་འཕྲུལ་ལུགས། །མདོར་ན་རྡོ་རྗེའི་ལམ་གྱི་ལུས་ཡོངས་རྫོགས། །རིམ་པ་དབང་གི་དེ་ཉིད་རིག་པ་ལས། །མེ་ལོང་ནང་དུ་གཟུགས་བརྙན་རྫོགས་པ་ལྟར། །གསལ་བའི་ངེས་འབྱེད་རྣམ་མཁྱེན་ཤིང་རྟས་མཁྱེན། །མདོ་སྡགས་ཆོ་ག་འགལ་བ་མ་ཡིན་པས། །སྡོམ་པ་གསུམ་དང་ཕྱིན་དྲུག་ལམ་སྲོལ་ཀུན། །དབྱིངས་དང་ཡེ་ཤེས་རིམ་འཇུག་ཅིག་ཅར་ཅན། །བསྐྱེད་དང་རྫོགས་པའི་སྐྱ་རེངས་གཅིག་པས་


JLAZ007_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། །དམ་པའི་སྐྱེས་བུ་མཆོག་ལ་བསྙེན་བྱས་ནས། །བསོད་ནམས་ཚོགས་དང་ཐོས་བསམ་ལ་བརྩོན་པ། །དྲན་པ་ཉེར་གཞག་ཚོགས་ཀྱི་ལམ་མཆོག་སྟེ། །རྫུ་འཕྲུལ་རྐང་པའི་ཡོན་ཏན་ངང་གིས་ཐོབ། །བསླབ་པ་ནོད་དང་རིམ་པའི་ཆོ་གས་སྨིན། །སྦྱང་གཞི་སྦྱོང་བྱེད་ཚང་བའི་བསྐྱེད་རིམ་ལ། །ཕྱིན་དྲུག་གཞན་དུ་བསྐལ་པར་མི་བལྟ་ན། །དྲོད་རྩེ་ལ་སོགས་སྦྱོར་བའི་ཡོན་ཏན་རྫོགས། །མཆོད་དང་སྦྱིན་དང་ཕྱག་རྒྱའི་དམ་ཚིག་བཞི། །སྐྱོ་ངལ་བཟོད་དང་འགལ་ཟླ་ལེ་ལོ་བསྲུང༌། །མཚན་དཔེ་ལྟར་སྣང་ལྟ་བུའི་རྩིས་ཟིན་ལ། །བྱང་ཆུབ་ཡན་ལག་བདུན་རྫོགས་མཐོང་ལམ་ཐོབ། །དེ་ལྟར་མཐོང་ཟིན་གོམས་པར་བྱས་པ་ལས། །བལྟར་མི་མངོན་པའི་ཤེས་སྒྲིབ་ཆེས་ཕྲ་བ། །ཐབས་ལས་ཐབས་གྱུར་གསུམ་པའི་དཔེས་སྦྱངས་ནས། །སྒོམ་ལམ་འཕགས་པའི་ཡེ་ཤེས་ཆེན་པོར་རྫོགས། །སློབ་བྱའི་མཐར་ཐུག་སྐུ་ལྔ་ཡེ་ཤེས་ལྔ། །གྲངས་མེད་གསུམ་གྱི་གདུངས་པས་མ་ཐུག་པར། །ཚེ་གཅིག་ལུས་གཅིག་མངོན་སངས་རྒྱ་བ་ཡི། །སྐལ་བ་ཆེན་པོ་ལྡན་པའི་བཀྲ་ཤིས་ཤོག །དམ་པ་ལ་སྤྲིང་བའི་གཏམ་ཞེས་བྱ་བ། མདོ་སྨད་རྫོགས་ཆེན་སྤྲུལ་སྐུ་ལ། རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སྤྲིང་བ་རྫོགས་སོ། །གཏམ་ཚོགས་ལེའུ་བཅུ་གཉིས་པའོ།། །།


previousགཏམ་ཚོགས་ལེའུ་བཅུ་གཉིས་པ། དམ་པ་ལ་སྤྲིང་བའི་གཏམ།next