Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་བཅུ་གསུམ་པ། སྟོན་ཆེན་དབེན་པ་ལ་བསྐུལ་པའི་གཏམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་བཅུ་གསུམ་པ། སྟོན་ཆེན་དབེན་པ་ལ་བསྐུལ་པའི་གཏམ།next

གཏམ་ཚོགས་ལེའུ་བཅུ་གསུམ་པ། སྟོན་ཆེན་དབེན་པ་ལ་བསྐུལ་པའི་གཏམ།


JLAZ007_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཆེན་དབེན་པ་ལ་བསྐུལ་པའི་གཏམ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཁྱེད་མཚན་ཨུཏྤལ་ཡི་ཀེ་ས་ར། །རྣ་ལུང་དཔྱངས་པའི་མོད་ལ་སྙིང་དབུས་སུ། །ཤེས་དང་ཤེས་བྱའི་རི་དྭགས་བཀྲག་བརྟས་པ། །གཞོན་ནུ་སྨྲ་བའི་ཉི་མ་གང་ལ་འདུད། །ལེགས་སྨོན་ཁྲིམས་སུ་རློམ་པས་མ་བཅིངས་ཤིང༌། །ཐོས་དང་བསམ་པའི་དྲེགས་པས་རྒྱགས་མིན་པར། །རྣམ་གྲོལ་དོན་དུ་གཉེར་བའི་སྐྱེས་བུ་ལ། །དྲང་སྲོང་ངག་གི་བདེན་གཏམ་སྨྲ་བའི་རིགས། །ཁོམ་ལྡན་ཙམ་གྱི་ལུས་རྟེན་མང་ལགས་ཏེ། །རང་གཞན་འབྱོར་པའི་ཐ་མ་གཉིས་གཉིས་ཀྱི། །མིག་འཕྲུལ་ལྟ་བུར་འདུ་འབྲལ་བགྱི་བརྟགས་ན། །སྲིད་ན་དཀོན་པ་མི་ལུས་རིན་ཆེན་ཡིན། །དེ་ཡང་སྐྱེ་རྒ་ན་འཆིའི་འཁྲུལ་འཁོར་གྱིས། །འདུས་པ་འབྲལ་བའི་ཆོས་ཅན་ལ་སྦྱོར་བ། །འདི་ལ་སྐྲག་ནས་ཤཱཀྱའི་སྲས་པོ་ཡང༌། །རྒྱལ་པོའི་ཁབ་ནས་བྲོས་ན་འོ་སྐོལ་ལ། །ཆགས་རིན་ཆོག་པའི་དཔལ་འབྱོར་འདུག་གམ་སོམས། །གངས་རིའི་ཁྲོད་འདིར་འཆི་ལ་འཇིགས་ལྟའི་ཆོས། །ཕལ་ཆེར་ཆོས་ཀྱང་མ་ཡིན་འཇིག་རྟེན་མིན། །ཆགས་སྡང་ལྟོ་གོས་གཏམ་གྱི་འདུ་འཛིའི་ངང༌། །འཇིག་རྟེན་ཕ་རོལ་ལག་སྟོང་འགྲོ་བ་མང༌། །དགང་བར་དཀའ་བ་འདོད་པའི་ཉེས་དམིགས་


JLAZ007_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཇི་ཙམ་འབྱོར་ཀྱང་ཆོག་ཤེས་མི་སྐྱེ་ལ། །གསོག་དང་སྲུང་དང་སྤེལ་བས་སྡུག་བསྔལ་བའི། །རྒྱུ་དང་འབྲས་བུའི་གནས་ལ་སྐྱོ་བར་མཛོད། །འཁོར་བར་དགའ་ཞིང་བདག་གཞན་ཕྱོགས་རིས་ཆེ། །བྱས་པ་མི་གཟོ་ཕན་གནོད་རྟག་མི་ཐུབ། །འདུ་འཛི་ལ་དགའ་བྱིས་དང་སྡིག་གྲོགས་ལས། །རི་དྭགས་རྒྱ་ནས་ཤོར་བ་ལྟ་བུར་བྱོལ། །ཚེ་འདི་ཡིད་ལ་བགྱིད་པའི་ཐོས་བསམ་དང༌། །སྐྱོ་ཤས་བྲལ་བའི་ཁྲིམས་ཀྱི་གཟུགས་བརྙན་གྱིས། །ཐར་པའི་ལམ་དུ་ཕྱིན་པ་མ་མཆིས་པས། །དབེན་པའི་གནས་སུ་དེ་རིང་ཉིད་ནས་དེངས། །ཐོས་པའི་མཐའ་ལ་འདི་ཞེས་ཐུག་པ་མེད། །ཇི་ཙམ་བསམས་བཞིན་འཁོར་བར་མི་སྐྱོ་ན། །དེ་ལས་བྱུང་བའི་དྲེགས་དང་འདུ་འཛི་ཡིས། །ངན་འགྲོའི་ས་མཁན་བྱེད་པ་གཟིགས་ལགས་ལམ། །ཁྱད་པར་འཕགས་པའི་ཡུལ་གྱི་དགེ་སྦྱོང་ནི། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ལྷུར་བྱེད་ཀྱང༌། །གངས་རིའི་ཁྲོད་པས་སྤངས་པ་ལྟར་གྱུར་པས། །ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་བྱ་བ་མང༌། །རྒྱལ་བས་བསྔགས་པའི་ནགས་ཁྲོད་བས་མཐའ་ན། །འདུ་འཛི་ལས་སྐྱེས་ལོ་ཀའི་ཆོས་བརྒྱད་དང༌། །ཚོང་དང་སོ་ནམ་བྱིས་དང་སྡིག་གྲོགས་མེད། །བྱ་དང་རི་དྭགས་འགྲོགས་ན་བདེ་བས་གང༌། །བྲག་རིའི་ཕུག་དང་


JLAZ007_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མའི་ཁང་བཟངས་དང༌། །འདུལ་བ་དང་མཐུན་བྲང་ཁང་ཆུང་ངུ་ནི། །བསྒྲུབ་པར་སླ་ཞིང་ཐིག་ཚགས་རྣམ་གཡེང་ཉུང༌། །དེ་ལ་ཆགས་ཞེན་མེད་པས་འགྲོ་སྡོད་བདེ། །ལྗོན་ཤིང་རླུང་གིས་བསྐྱོད་པའི་གཡོ་བ་དང༌། །འབབ་ཆུ་ལྷུང་ལྷུང་འགྲོ་བའི་སྒྲ་སྐད་ལ། །ལུས་ངག་ལས་སྐྱེད་མི་དགེའི་ས་བོན་མེད། །དེ་ལ་བརྟེན་ནས་སྐྱོ་ཤས་ངེས་འབྱུང་འཕེལ། །ཚེ་རབས་ཀུན་ཏུ་ཕུང་ཀྲོལ་བསྐྱེད་པ་ཡི། །ཡུལ་གྱི་ཉེས་དམིགས་དུག་ལས་ཐུ་བ་ཡང༌། །དབེན་པའི་གནས་ན་ཆེས་ཆེར་ཉུང་བས་ན། །ཡིད་ལ་བརྟེན་པའི་ལས་ལམ་དག་ཀྱང་དཀོན། །ཁྱད་དང་སྡེ་དང་སྟོབས་དང་དབང་ཕྱུག་དང༌། །ཕན་ཚུན་འགྲན་དང་གཟི་བྱིན་རྔོམ་པ་དང༌། །འཁྲུགས་དང་བསྲེ་བ་ལས་གྱུར་འདུ་འཛིའི་སྒོ། །བརྒྱ་ཕྲག་འབྱེད་པའི་གནས་ལས་རིང་གྱུར་པས། །དབུ་བ་རབ་བརྩེགས་ཕུང་པོའི་ཟག་པ་འདི། །རི་མཆོག་ལྟ་བུར་འཁྲུལ་བར་མི་འགྱུར་ལ། །གནོད་པ་མང་ཞིང་རླུང་གི་དབུས་གནས་པའི། །མར་མེ་ལྟ་བུའི་ཚེ་ལའང་སྐྱོ་བར་འགྱུར། །དེ་ལྟར་སྐྱོ་ན་སྡེ་སྣོད་ཤེས་པ་རྣམས། །ཕྱི་སའི་གནས་རིགས་རང་དབང་ཅན་མིན་པའི། །གནས་ལ་སྐྲག་ནས་བླང་དོར་མི་འཛོལ་ཞིང༌། །ཚེ་འདི་བསྒྲུབ་པའི་བསམ་སྦྱོར་རིང་དུ་སྲིངས། །དེ་ཚེ་ཁྱོད་ཀྱིས་བདེན་པ་རྣམ་བཞི་དང༌། །


JLAZ007_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའ་སྨྲ་བ་བཞི་ཡི་ལུང་རིག་དང༌། །ཐོས་དང་བསམ་པས་གོམས་པར་བྱས་པ་ཡི། །རྣམ་གྲངས་པ་ཡི་དོན་དམ་ངེས་དོན་འགྱུར། །འཁོར་བའི་ས་བོན་དྲུངས་ནས་འབྱིན་པ་ནི། །སྟོང་པ་ཉིད་དེ་དེ་ཡི་བཞུགས་ཚུལ་ལ། །རྟོག་གེས་རྣམ་པར་བརྟག་ཏུ་མི་བཟོད་པས། །གཤིས་ཀྱི་གནས་ལུགས་སེམས་ཀྱི་ཐོག་ཏུ་དཔྱད། །དེ་ལྟར་དཔྱད་ན་ཐུན་མོང་མ་ཡིན་པའི། །བསམ་བྱུང་ཤེས་རབ་ཁྱད་པར་འཕགས་པ་ཡི། །ཁ་ཕྱིར་ཕྱོགས་པའི་ཐོས་བསམ་དང་འགལ་བའི། །སྒོམ་བྱུང་ཤེས་རབ་རྣམ་པར་དག་པ་སྐྱེ། །འདི་ལྟར་རྟེན་ཅིང་འབྲེལ་འབྱུང་དམ་པའི་དོན། །སྐྱེ་བ་མེད་པས་རྟག་པའི་མཐའ་བསལ་ལ། །འགག་པ་མེད་པས་ཆད་པའི་མཐའ་བསལ་བའི། །སྤྲོས་བྲལ་ལྟ་བ་དབུ་མ་ཆེན་པོ་ཡིན། །དེ་ལྟའི་ལྟ་བ་སྒོམ་པས་ཉམས་བླང་ཕྱིར། །འགྲོ་འོང་སྨོན་འཇུག་ལས་འདས་བྱང་ཆུབ་སེམས། །གཅིག་དང་དུ་མར་འགལ་བའི་བློ་འདས་དོན། །དྲན་པ་ཉེ་བར་གཞག་པས་རྟག་དུ་སྐྱོངས། །གང་ཚེ་བློ་ཡིས་སྤྱོད་ཡུལ་མ་ཡིན་པའི། །དོན་དམ་ཞི་བ་འདུས་མ་བྱས་པ་ལ། །རྟོག་དཔྱོད་ཚེར་མ་རྣོན་པོས་གཞར་བྱས་ན། །རྟག་ཆད་མཐར་ལྟའི་གཡང་དུ་ལྷུང་ཉེན་ཆེ། །ཅི་ཕྱིར་ཞེ་ན་དོན་དམ་བདེན་པ་ནི། །བསམ་མི་ཁྱབ་ཅིང་འདུས་མ་བྱས་པ་ཡིན། །རྟོག་དཔྱོད་ཡུལ་ནི་སེམས་དང་བཅས་པའི་ཕྱིར། །དབྱིངས་ལ་དགག་


JLAZ007_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་ནམ་མཁའི་མེ་ཏོག་འདྲ༌། །དོན་འདི་རྒྱལ་བའི་གསུང་རབ་མཐའ་དག་དང༌། །ཁྱད་པར་སྡུད་པ་ཚིགས་སུ་བཅད་ལ་དྲིས། །ངའི་འདི་ཡིན་གྱིས་གཞན་དག་ནོར་རོ་ཞེས། །འཆད་པ་གངས་རིའི་ཁྲོད་ན་མང་མོད་ཀྱང༌། །ཡིན་པ་དེ་གས་རང་ལྟ་མཆོག་འཛིན་དང༌། །ནོར་སྙམ་དེ་ཀ་རྟག་ཆད་མཐར་ལྟའི་གཡང༌། །ཉིད་དེ་མཉམ་གཞག་ངང་ན་དེ་ཡོད་མིན། །དེ་སྐད་བརྗོད་པ་ཀུན་སློང་མ་རུངས་པའི། །ལྟ་བ་ཡིད་ལ་བཞག་པས་མ་ཡིན་ཏེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །རྟག་པར་ཡིད་ལ་འདྲིས་པའི་ཆ་རྒྱུས་ཡིན། །མདོར་ན་དེ་ལས་མང་དུ་སྨོས་ཅི་དགོས། །སྤྱོད་པ་བྱང་ཆུབ་སེམས་དཔའི་ཕྱོགས་ལ་བརྟེན། །ལྟ་བ་མངོན་པ་སྒོམ་པ་གསང་སྔགས་ཀྱི། །ལམ་ལ་མཆོག་གི་དངོས་གྲུབ་བརྙེས་པར་མཛོད། །འདི་ནི་རྟ་མཆོག་རོལ་པ་ཡང་གསང་དང༌། །འཕྲོག་བྱེད་བཏུལ་བའི་ཕུར་བ་བཞུགས་པའི་གནས། །སེར་སྨད་སྐུ་སྐྱེས་སྨོན་ལམ་རབ་འབྱམས་པའི། །གསུང་ངོར་དུས་མཐའི་རང་བྱུང་རྡོ་རྗེས་སོ། །གཏམ་ཚོགས་ལེའུ་བཅུ་གསུམ་པའོ།། །།


previousགཏམ་ཚོགས་ལེའུ་བཅུ་གསུམ་པ། སྟོན་ཆེན་དབེན་པ་ལ་བསྐུལ་པའི་གཏམ།next