Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་བཅོ་ལྔ་པ། བཤེས་གཉེན་བུདྡྷ་ལ་སྤྲིང་བའི་གཏམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་བཅོ་ལྔ་པ། བཤེས་གཉེན་བུདྡྷ་ལ་སྤྲིང་བའི་གཏམ།next

གཏམ་ཚོགས་ལེའུ་བཅོ་ལྔ་པ། བཤེས་གཉེན་བུདྡྷ་ལ་སྤྲིང་བའི་གཏམ།


JLAZ007_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་བུདྡྷ་ལ་སྤྲིང་བའི་གཏམ། ཞི་བ་དམ་པའི་ཡོན་ཏན་གང་ཆེན་མཚོ། །བདེན་གཉིས་ལྷ་ཡི་རྔ་སྒྲ་བསྟན་པའི་དངོས། །རིག་གྲོལ་སྤོབས་པ་ལྷུན་ཆགས་ཚུལ་ཁྲིམས་སྣོད། །རྟག་ཏུ་བསྙེན་དང་རྫོགས་པའི་ཆོས་གཅིག་གོ །སྔོན་ཆད་འཕགས་པའི་ཡུལ་ཞེས་བསྔགས་འོས་ཀྱང༌། །ད་ནི་སྡིག་སྤྱོད་ཀླ་ཀློས་ཉེར་བཀབ་ཅིང༌། །བྷོ་ཊའི་ཡུལ་ཡང་ལྔ་ཕྲག་ཐ་མ་ཡིས། །ཆོམ་པོས་མ་རུངས་བྱས་པ་གཟིགས་ལགས་སམ། །ཁྲིམས་ཀྱི་བསླབ་པའི་དང་པོ་ངེས་འབྱུང་གི །སྤངས་པ་གང་དག་དགེ་སྦྱོང་ལྟ་ཅི་སྨོས། །རང་གཞན་འབྱོར་པའི་རྫས་ཀྱི་ཡན་ལག་ཀྱང༌། །ཉམས་ནས་དམན་པར་ལྟུང་ལ་སྐྱོ་བར་མཛོད། །གནས་ཀྱི་སློབ་དཔོན་བསྙེན་དང་ཁྱུས་འཚོ་བ། །སྟོན་པས་བཅས་


JLAZ007_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསླབ་པ་ཡིན་མོད་ཀྱང༌། །གངས་ཅན་འདི་ན་ཁྱིམ་ཆུང་སྤངས་པ་ཡིས། །ཁྱིམ་ཆེན་མང་བས་དབེན་པར་བསྟི་ཡང་འཚལ། །སྤང་བྱའི་རང་བཞིན་ཉིས་བརྒྱ་ལྔ་བཅུ་དང༌། །བླང་བྱ་བཅུ་བདུན་འཇུག་པའི་ཚུལ་ཁྲིམས་ཀྱི། །སྙིགས་མ་ལྔ་བདོའི་གདུལ་དཀའ་སྦྱང་དཀའ་འདིར། །རྣམ་པར་ཤེས་པ་ལྐོག་གྱུར་ཅན་གྱིས་མིན། །གང་ཕྱིར་དལ་འགྲོ་མ་མཆིས་ཁྲོན་པ་དང༌། །རི་མོ་མཁན་གྱི་ནཱ་དའི་ཆོས་བཞིན་དུ། །ཡོན་ཏན་སྣོད་མ་གྱུར་ལ་བརྟགས་བྱས་ནས། །སྐྱོ་བའི་སེམས་ཀྱིས་ནགས་ཁྲོད་དམ་པར་བྱོན། །མང་དུ་ཐོས་པ་ནགས་ཀྱི་ནང་སོང་ན། །བསམ་དང་སྒོམ་པའི་ཡོན་ཏན་ཤུགས་ལ་འབྱུང༌། །ཡུལ་ལས་བྱུང་བའི་ཉོན་མོངས་བརྒྱ་ཕྲག་གིས། །བརྫི་བར་མི་ནུས་སྡིག་པའི་གྲོགས་པོས་སྤང༌། །ལོག་འཚོའི་ཡོན་གྱིས་ཀུན་འབྱུང་མི་བསྐྱེད་ཅིང༌། །འཁོར་བའི་རང་བཞིན་སྡུག་བསྔལ་བདེན་པ་རུ། །ཡང་དག་མཐོང་བར་ངེས་པར་འབྱུང་བའི་བློ། །ཤུགས་ལ་སྐྱེས་ན་སོ་སོར་ཐར་པ་ཡིན། །ཁྱད་པར་དྲན་པ་ཉམས་པ་མི་མངའ་བའི། །སྟོན་པ་མཆོག་དེས་བསྐལ་པ་གྲངས་མེད་གསུམ། །དགོངས་ཤིང་དཔྱད་ཀྱང་བྱང་ཆུབ་སེམས་མཆོག་ལས། །བསྟན་པའི་ཆོས་གཞན་གང་ཡང་མ་གཟིགས་ན། །ཐེག་དམན་ལམ་ལྟར་རྒྱུ་


JLAZ007_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་གཅིག་མིན་པའི། །བྱང་ཆུབ་སེམས་ཀྱི་ལྗོན་པ་བལྟ་ན་སྡུག །ཚད་མེད་བཞི་པའི་རྒྱུན་གྱིས་བསྐྱེད་བསྲིངས་ནས། །སྨོན་འཇུག་འབྲས་བུའི་སྙེ་མ་གཡུར་ཟ་མཛོད། །དེ་ཡིས་སྤྱོད་པ་ཕ་རོལ་ཕྱིན་དྲུག་ཀྱང༌། །གསོག་དང་སྲུང་དང་སྤེལ་བའི་བློ་བྲལ་ཞིང༌། །གཏོང་སེམས་གོམས་པ་སྦྱིན་པའི་དངོས་པོ་དང༌། །བསྲུང་སེམས་བརྟན་པ་ཚུལ་ཁྲིམས་ཕ་རོལ་ཕྱིན། །ལོག་སྒྲུབ་དང་ནི་ཆོས་ཕྱིར་སྐྱོ་ངལ་བཟོད། །གོ་ཆ་ཆེ་ཞིང་ལེ་ལོས་ཟིལ་མི་ནོན། །དམིགས་པ་མེད་པ་དྲན་པའི་བསམ་གཏན་ཏེ། །སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་དོན། །ཁྱད་པར་བདེ་གཤེགས་སྙིང་པོའི་རང་བཞིན་ནི། །མ་ནོར་མངོན་སུམ་སྟོན་པ་དབང་བཞིའི་ལམ། །གྲོལ་བྱེད་རྩ་ཐིག་རླུང་གི་ཐབས་མཆོག་ལས། །ཞུགས་གནས་ཐིམ་གསུམ་རྫོགས་པའི་དོན་ལ་བསྙེན། །སྲིད་པའི་རྩ་ལག་གཟུང་འཛིན་རོ་རྐྱང་མདུད། །རྣམ་གྲོལ་སྤྲོས་པ་ཉེར་ཞིའི་ཧེ་རུ་ཀ །ཁ་སྦྱོར་ཡན་ལག་བདུན་གྱི་བདག་ཉིད་ཅན། །གང་ལ་སངས་རྒྱས་བཟང་པོ་རེག་གྱུར་ཅིག །གཏམ་ཚོགས་ལེའུ་བཅོ་ལྔ་པའོ།། །།


previousགཏམ་ཚོགས་ལེའུ་བཅོ་ལྔ་པ། བཤེས་གཉེན་བུདྡྷ་ལ་སྤྲིང་བའི་གཏམ།next