Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་བཅུ་བདུན་པ། བླ་མ་ལ་སྤྲིང་བའི་གཏམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་བཅུ་བདུན་པ། བླ་མ་ལ་སྤྲིང་བའི་གཏམ།next

གཏམ་ཚོགས་ལེའུ་བཅུ་བདུན་པ། བླ་མ་ལ་སྤྲིང་བའི་གཏམ།


JLAZ007_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་སྤྲིང་བའི་གཏམ། གང་དུ་བསྟི་བ་ཙམ་ནས་མངོན་མཐོ་དང༌། །ངེས་ལེགས་དམ་པའི་དཔལ་གྱི་བདུད་རྩི་ཡིས། །གཡོན་ཕྱོགས་ལྷ་ལ་འཁྲུགས་པ་སྟེར་བ་དེའི། །འཕགས་པའི་བདེན་པས་ཁྱོད་ལ་སྲུངས་ཤིག་ཀྱེ། །རྒྱུད་དྲུག་སྲིད་པའི་ཕ་


JLAZ007_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་འགྲིམ་པ་ལ། །གཅིག་ཏུ་ཆགས་པ་མ་ཡིན་ལེགས་བྱས་ཀྱི། །བྱེད་པ་རྒྱུ་མཐུན་རཏྣའི་ཟ་མ་ཏོག །སྐྱེ་བའི་རང་ཞལ་ངོམས་པ་རྣམ་པ་གཉིས། །འཚོ་གཞེས་ལྗོན་པའི་ཡ་ལད་བླར་འཕགས་ཤིང༌། །བྱང་ཆུབ་བཀྲག་ཏུ་བརྟས་པའི་ཀྲྀཥྞ་ས། །སྨན་སེམས་གཞན་ལ་སྤོ་བའི་གོམ་སྟབས་ཀྱིས། །བགྲོད་པ་མི་འགོག་ངང་ཚུལ་བསྟན་པ་ནས། །ངེས་པ་བདུན་ལྡན་དབྱངས་ཀྱི་རྗེས་འགྲོའི་མཆིད། །ལྷ་ཡི་རྔ་སྒྲ་ལྟ་བུའི་རོལ་མོ་དང༌། །ས་ཟླ་ཞོར་ཆགས་བསམ་ཡས་ཆོས་འཁོར་ཆེར། །མངོན་སུན་འཕྲོད་པས་མངོན་སུམ་མཐོང་བ་བཞིན། །ས་འདིར་ཉིན་མོའི་བགྲོད་པ་བདུན་ཕྲག་བརྩེགས། །རྟེན་དང་བརྟེན་པར་ལྷག་གནས་མེ་ཏོག་གིས། །ཆར་བསིལ་དབབ་དང་སྣང་སྲིད་ར་ས་ཡར། །སྦྱང་བའི་རྟེན་འབྲེལ་དགེ་མཚན་འབུམ་དུ་འབར། །འདི་ན་སྡུག་བསྔལ་བདེན་པའི་མངོན་རྟོགས་ནི། །བགྲང་བྱའི་ཁུར་གྱིས་དབང་པོ་ལྡོངས་པ་ལས། །རང་བཞིན་ཡོངས་གྲུབ་བྱང་ཆུབ་སེམས་གཉིས་དང༌། །དོན་གཉིས་སྒྲུབ་ལ་གཡེལ་བ་མེད་པར་འདུན། །ཆེས་དཀར་སྨོན་པའི་ཞགས་པས་ཤུལ་རིང་ལམ། །བཅིངས་ཏེ་དངོས་དཀྱིལ་མཇལ་བའི་གནས་ཐོབ་ཀྱང༌། །རྒ་བའི་ཆད་པས་ནོན་པའི་འདྲེན་བྱེད་ཀྱིས། །རེ་བའི་ཤིང་རྟ་གཞན་དུ་ཕྱོགས་ཀྱིས་དོགས། །དེ་ལྟ་མོད་ཀྱི་


JLAZ007_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་བདུད་རྩིའི་དོན། །མགུར་གྱི་དཔལ་བེའུ་ལས་བྱུང་འབབ་སྟེགས་ནི། །ལེགས་པར་མཉན་དང་ཡིད་ལ་བཟུང་བ་ལ། །རག་ཕྱིར་དམ་ཆོས་བུམ་པ་གང་བྱོར་གཏད། །མོས་གུས་སྣོད་ཡིན་དགོངས་གཏད་གདམས་པ་དངོས། །ཐོབ་བློ་དབང་དང་སྡོམ་པའི་རྫས་ཡིན་ན། །ཐུགས་གཏེར་བཀའ་འབུམ་བཅས་པ་ཁྱོད་ཉིད་ལ། །སྦྱིན་ཏོ་གཞན་ཕན་རྒྱ་ཆེན་བསྒྲུབ་འཚལ་ལོ། །གློག་གི་དམ་བཅའ་འཛིན་པའི་སྐྱེས་བུའི་ཚེར། །དེས་ཀྱང་བགྲང་བྱ་རྩེ་མོའི་མུ་ཁྱུད་ནང༌། །ངེས་པར་མཇལ་བའི་རྟེན་འབྲེལ་སྲོག་བསླུ་དང༌། །སྒྲོལ་དཀར་སྐུ་གཟུགས་འབུམ་ཐེར་དང་དུ་བཞེས། །གདོད་ཀྱི་ཆར་ཡང་བྱང་ཆུབ་སེམས་གཉིས་དང༌། །ཕྱིན་དྲུག་ཉམས་སུ་བསྟར་བའི་ཆོ་ག་ལ། །གཡེལ་བ་མེད་པའི་རིང་ནས་མངོན་སུམ་དུ། །མཇལ་བའི་དགེ་མཚན་སྨོན་པས་ཤིས་གྱུར་ཅིག །དམ་པ་རྣམས་ལ་སྐྱེས་བུ་བསྔགས་པའི་རྩེ། །འཁོར་ལོ་དང་པོའི་མཛོད་ཁང་འདུལ་བའི་གཏམ། །ཟུང་དང་དམ་མདུད་རྟེན་འབྲེལ་སྐྱེས་དང་བཅས། །ཨཱརྱ་པ་ལོའི་གླིང་ནས་དཔྱིད་ཟླར་དགེ། །རྒྱ་རོང་སྐུ་སྐྱེ་རྣམ་གཉིས་ཀྱི་ཆབ་ཤོག་ལན་དུ་ཕུལ་བ། གཏམ་ཚོགས་ལེའུ་བཅུ་བདུན་པའོ།། །།


previousགཏམ་ཚོགས་ལེའུ་བཅུ་བདུན་པ། བླ་མ་ལ་སྤྲིང་བའི་གཏམ།next