Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་བཅོ་བརྒྱད་པ། ལྷོ་བྲག་གསུང་སྤྲུལ་ལ་སྤྲིང་པའི་གཏམ་ཚངས་པའི་རྣ་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་བཅོ་བརྒྱད་པ། ལྷོ་བྲག་གསུང་སྤྲུལ་ལ་སྤྲིང་པའི་གཏམ་ཚངས་པའི་རྣ་རྒྱན།next

གཏམ་ཚོགས་ལེའུ་བཅོ་བརྒྱད་པ། ལྷོ་བྲག་གསུང་སྤྲུལ་ལ་སྤྲིང་པའི་གཏམ་ཚངས་པའི་རྣ་རྒྱན།


JLAZ007_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་བྲག་གསུང་སྤྲུལ་ལ་སྤྲིང་པའི་གཏམ་ཚངས་པའི་རྣ་རྒྱན་ཅེས་བྱ་བ། གསུང་གི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྲིད་ཞིར་མི་གནས་པདྨའི་


JLAZ007_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཀེ་ས་རར། །འོད་མཚན་ཉིད་བྱེད་འབར་བའི་ཐུགས་གསུང་སྐུར། །མངོན་བྱང་ལྔས་ཆུབ་སངས་རྒྱས་པདྨ་སྐྱེས། །ལྷུན་གྲུབ་རིགས་འཛིན་མཆོག་དེས་ཁྱོད་ལ་སྲུངས། ༡ །འབྱུང་ཆེན་རྒྱུ་ལས་སྲིད་པའི་རྟེན་འབྲེལ་དང༌། །མ་རིག་ཞགས་པས་འདུ་བྱེད་དབང་བྱས་ཏེ། །རྒ་ཤིའི་བར་དུ་འབྲེལ་བའི་རྟེན་འབྱུང་འདིས། །བདག་ཅག་འཁོར་བར་བཅིངས་པ་མཁྱེན་ལགས་སམ། ༢ །དེ་ཉིད་ལྡོག་བྱེད་ལམ་དང་འབྲས་བུའི་ཆོས། །སྡུག་བསྔལ་ཤེས་བྱས་ཀུན་འབྱུང་སྤོང་བ་དང༌། །འགོག་པ་མངོན་གྱུར་ལམ་མཆོག་མཐོང་བའི་ཕྱིར། །སྡེ་སྣོད་རྒྱ་མཚོའི་གནས་ལ་འཇུག་པར་འཚལ། ༣ །དེ་ཡང་འཁོར་ལོ་དང་པོའི་མཛོད་ཁང་གིས། །སྡུག་བསྔལ་བདེན་པའི་ཆོས་ཉིད་ཤེས་བྱས་ནས། །འཁོར་བ་འདི་ལ་སྙིང་ནས་སྐྱོ་བ་ཡི། །ངེས་འབྱུང་ལྷག་པའི་ཚུལ་ཁྲིམས་གོམས་འཚལ་ལོ། ༤ །ངེས་འབྱུང་སྤངས་པའི་ལྟར་སྣང་བསླབ་གཞི་ནི། །མངོན་པར་མཐོ་ལས་ཐར་པའི་ལམ་མིན་པར། །དགའ་བོའི་མདོ་ལས་འདོམས་དེ་ཤེས་བྱས་ནས། །རྟག་ཏུ་སྲིད་པའི་ཁམས་ལ་སྐྱོ་བར་མཛོད༌། ༥ །དེ་ལྟར་སྐྱོ་ན་འདུས་པ་འབྲལ་བ་དང༌། །སྣང་ནས་མུན་པ་མུན་ལས་སྣང་སོགས་བཞིར། །ཉིང་མཚམས་སྦྱོར་བ་ལས་དང་འབྲས་བུ་ཡི། །རྣམ་སྨིན་བསླུུ་བ་མེད་ལ་ངེས་ཤེས་སྐྱེ། ༦ །ཇི་སྲིད་རྣམ་པར་


JLAZ007_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་མ་ཟད་བར། །དེ་སྲིད་དེ་ཡི་ལས་འབྲས་རྗེས་འབྲང་ན། །དབྱིངས་ལ་གོ་བས་དཔྱད་པའི་སྙམ་བྱེད་དང༌། །སྡིག་པས་བསྒྲུབས་པའི་དགེ་རྩ་ཀླ་ཀློའི་ཆོས། ༧ །དེ་ཕྱིར་མཐོང་བས་སྤང་བྱའི་ཉོན་མོངས་ནི། །ཀུན་འབྱུང་རྒྱ་མཚོའི་བདག་ཉིད་ཡིན་པས་ན། །རྟག་ཏུ་རྣམ་པར་རྟོག་པ་བརྟགས་བྱས་ཏེ། །ཀུན་སློང་ཆོས་དང་འདྲིས་ན་དམ་པ་ཡིན། ༨ །དགའ་བར་བགྱིད་པའི་ཡུལ་ལ་ཆགས་པ་དང༌། །རྒྱགས་པར་བགྱིད་པའི་སྡེ་ལ་སྲེད་པ་ཡང༌། །བལྟར་མི་མངོན་པའི་ཕུང་དཀྲོལ་ཆེན་པོའི་གནས། །ཡིན་གྱི་རྟག་མི་ཐུབ་པ་མཁྱེན་ཡང་འཚལ། ༩ །ཟླ་བ་སྒྲོན་མའི་མདོ་སྡེ་ལ་སོགས་ནས། །ནགས་ཀྱི་ཡོན་ཏན་མངོན་པར་བཤད་པའི་ཚེ། །ལྗོན་ཤིང་མེ་ཏོག་བྲག་རིའི་ཁང་བཟང་དང༌། །བྱ་དང་རི་དྭགས་རྣམ་ཐར་བཤད་པ་ཡང༌། ༡༠ །བདུད་ཀྱི་བཙོན་ར་ཁྱིམ་དང་འདུ་འཛི་ལ། །མངོན་པར་ཞེན་རྣམས་ཐབས་ཀྱིས་འབྲིད་ཕྱིར་ལས། །གཞན་དུ་ཆགས་སེམས་སྐྱེ་ན་ཡུལ་གང་ཡང༌། །གསེར་དང་ཐག་སྒྲོག་འཆིང་བར་མཉམ་ལ་ལྟོས། ༡༡ །མདོར་ན་སེམས་ལས་སེམས་བྱུང་སྐྱེ་བའི་ཕྱིར། །འཁོར་དང་མྱ་ངན་འདས་པའི་ལམ་བདེན་ཀུན། །རྒྱལ་བའི་གཞུང་ལམ་ཐེག་པ་ཆེན་པོའི་སྒོར། །བྱང་ཆུབ་སེམས་གཉིས་དོན་ལ་བསྡུ་བར་བྱ། ༡༢ །གྲངས་མེད་གསུམ་གྱི་ཚོགས་གཉིས་བདག་པོ་དེས། །


JLAZ007_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་གསུམ་དུ་དགོངས་ཤིང་དཔྱད་པས་ཀྱང༌། །བྱང་ཆུབ་སེམས་ལས་གཞན་དུ་མ་གཟིགས་པས། །བྱང་ཆུབ་སེམས་ཀྱི་དེ་ཉིད་མངོན་དུ་མཛད། ༡༣ །སྡིག་པའི་གྲོགས་ཀྱིས་སྤངས་པ་མཐུན་པའི་ཡུལ། །དགེ་བའི་བཤེས་དང་དགེ་བའི་གྲོགས་པོ་བསྙེན། །སློབ་པར་གུས་ཤིང་ཚོགས་གཉིས་ལ་བརྩོན་པའི། །འཁོར་ལོ་ཆེན་པོ་བཞི་ཡི་ཤིང་རྟར་འཇོགས། ༡༤ །དམ་ཆོས་སྣང་བའི་སྒོ་ནི་དད་པ་སྟེ། །གང་དང་བྲལ་ལ་དམ་པའི་རྩི་མི་འགོ །སྡེ་སྣོད་ཀློག་དང་ཆགས་སྡང་ལས་བརྒལ་བའི། །བྱང་ཆུང་སེམས་དཔའ་རྣམས་ཀྱི་རྣམ་ཐར་གཟིགས། ༡༥ །ཁྱིམ་ཆུང་ནང་ནས་བསྟན་པའི་སྒོར་ཞུགས་ཀྱང༌། །ཁྱིམ་ཆེན་གཟུང་ནས་བྱ་བ་མཐའ་ཡས་ཤིང༌། །གསོག་དང་སྲུང་དང་སྤེལ་བས་འཁྲུགས་པ་ཡང༌། །སྣང་ནས་མུན་པའི་སྒོ་རུ་མཁྱེན་འཚལ་ལོ། ༡༦ །དེ་ལྟར་མཁྱེན་ནས་སྣང་ནས་སྣང་བའི་སྒོ། །གསུམ་ལ་སྐྱབས་ཀྱི་དམ་པར་འཛིན་པ་དང༌། །རིགས་ལས་ཉམས་ཤིང་ལུང་མ་བསྟན་པ་ཡི། །སེམས་འདི་ཐེག་པ་ཆེན་པོར་སད་པར་བྱ། ༡༧ །དེ་ཡི་ས་མཁན་ཚད་མེད་བཞི་ཡིན་ཏེ། །བྱམས་པའི་སེམས་དང་སྙིང་རྗེའི་གཞན་དབང་ཅན། །ཀུན་ལ་ལེགས་སྨོན་བྱམས་སྡང་འབྲལ་བ་རྣམས། །བསྡུ་བའི་དངོས་པོ་རྣམ་བཞིའི་ཁུར་གྱིས་བརྟེན། ༡༨ །ཞི་


JLAZ007_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་ལྟ་བ་ངན་པ་ཉམས་བྱེད་པའི། །རླབས་ཆེན་བྱང་ཆུབ་སེམས་ཀྱི་རིན་ཐང་ལ། །བདག་གི་སྲོག་ཀྱང་ལྟོས་མེད་གཏོང་བྱས་ནས། །ཕྱིན་དྲུག་ལམ་དུ་དགེ་བའི་ཆོས་རྣམ་སྡུད། ༡༩ །བདག་ལ་བདོག་པ་གཞན་གྱི་རྫས་ཡིན་ཏེ། །དགྲ་དང་ཆོས་རྐུན་རྒྱལ་པོས་ཕྲོགས་ལ་ལྟོས། །ལུས་དང་སྲོག་ལའང་གཏོང་སེམས་གོམས་པའི་ཚེ། །ཆོས་མིག་རྡུལ་བྲལ་ཐོབ་ལའང་ཐག་མི་རིང༌། ༢༠། མངོན་མཐོའི་རྟེན་གྱུར་ཡན་ལག་བརྒྱད་པ་ནས། །ཡོན་ཏན་སྣོད་མཆོག་བསྙེན་པར་རྫོགས་པའི་བར། །བདེན་པ་བཞི་ཡི་ལམ་དང་འབྲེལ་གྱུར་ན། །དགྲ་བཅོམ་གོ་འཕང་མཐོང་བའི་་ཆོས་ལ་གནས། ༢༡ །ཞེ་སྡང་ལས་ནི་དམྱལ་བའི་རྒྱུ་འབྲས་གྲུབ། །བཟོད་པ་ལྟ་བུའི་དཀའ་ཐུབ་ཡོད་མིན་ན། །ལྟར་སྣང་བསླབ་པས་བཅིངས་པའི་ཚུལ་འཆོས་ལས། །མི་མཇེད་བཟོད་པའི་རྩ་བ་བརྟན་པ་མཆོག ༢༢ །གཉིད་རྨུགས་ལ་སོགས་སྒྲིབ་པ་ལྔ་ཡི་རྒྱར། །དགེ་བའི་རི་དྭགས་འཛུད་པའི་སྐྱེས་བུ་དེ། །སྙོམ་ལས་གནས་སམ་རྣམ་པར་གཡེང་ཡང་རུང༌། །བརྩོན་འགྲུས་སྙོག་པའི་ལམ་མིན་རྒྱུན་ལྡན་ཡིན། ༢༣ །ཕུང་པོ་ལྔ་ལ་ཉེ་བར་ལེན་པའི་སེམས། །མིག་གི་འདུས་ཏེ་རེག་པ་ལ་སོགས་པ། །ཚོགས་དྲུག་དག་པའི་བསམ་གཏན་མ་སྐྱེས་ན། །ཞི་བར་གནས་ཙམ་དུད་འགྲོ་ལ་ཡང་ཡོད། ༢༤ །


JLAZ007_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་ཐོས་བསམ་སྒོམ་པའི་ཤེས་རབ་མཐའ། །ཤེས་བྱའི་ཚུ་རོལ་མ་ལུས་རྫོགས་པ་ཆེ། །རང་བཞིན་མེད་པའི་དེ་ཉིད་རྟོགས་གྱུར་ན། །ཀློང་ཆེན་རབ་འབྱམས་ནམ་མཁའི་རྣལ་འབྱོར་ལགས། ༢༥ །དེང་སང་འདི་ན་ཐུན་མོང་ལམ་གྱི་གནད། །སྤངས་ཏེ་སྔགས་ཀྱི་ལྟ་སྤྱོད་ལ་སྙེགས་ཏེ། །འཁྲུལ་སྣང་བསྐྱེད་པའི་རིམ་པར་འདོད་པ་དང༌། །གཏི་མུག་རྫོགས་པའི་རིམ་པར་འཁྲུལ་པ་རྣམས། ༢༦ །སྐྱེ་གནས་བཞི་ཡི་བག་ཆགས་སྦྱོང་ཚུལ་དང༌། །མངོན་བྱང་ལྔ་དང་རྡོ་རྗེའི་ཆོ་ག་གསུམ། །ཕྱག་རྒྱ་བཞི་ཡི་ཆིངས་ཀྱིས་བཅིངས་པའི་མཐར། །ཡོངས་གྲུབ་ལམ་ནས་མྱ་ངན་འདའ་བར་མཛོད། ༢༧ །གང་ཡང་ཕ་རོལ་ཕྱིན་པའི་ལམ་ལྔ་ཡི། །བརྟག་པ་དང་སྦྱར་སྔ་འགྱུར་རྒྱུད་སྡེའི་སྲོལ། །རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྲུབ་ཆེའི། །གྲུབ་མཐའ་མ་འདྲེས་ཡོངས་རྫོགས་བསྐྱེད་རིམ་ལམ། ༢༨ །དེ་བཞིན་རྫོགས་པའི་རིམ་པ་ཉིད་ལ་ཡང༌། །སྲིད་པའི་བདག་པོ་གཟུང་འཛིན་རོ་རྐྱང་གི །ལས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་ལས། །རྩ་མདུད་གྲོལ་ཞིང་དུལ་སྦྱོར་རླུང་དག་པས། ༢༩ །འདུན་པ་སེམས་དང་རིགས་ཆེན་འབྱེད་པ་དང༌། །དབུགས་ཆེན་འབྱིན་དང་ལུང་ཆེན་ཐོབ་པ་དང༌། །རྩལ་ཆེན་རྫོགས་པའི་གོ་འཕང་ལ་སོན་ན། །དང་པོའི་སངས་རྒྱས་མངོན་སུམ་


JLAZ007_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་མཐོང༌། ༣༠ །བདག་ཏུ་མི་འཛིན་གཞན་ལ་དམིགས་པ་བྲལ། །བདག་གཞན་གཉིས་ཀར་མི་དམིགས་རྫོགས་པ་ཆེ། །འཁོར་གསུམ་ཡོངས་དག་རང་བྱུང་རྡོ་རྗེའི་ཞལ། །འདི་ཉིད་ཡིན་ནོ་ཐུགས་ཀྱི་ཐིགས་ལེར་བསྟིམ། ༣༡ །གཏམ་ཚོགས་ལེའུ་བཅོ་བརྒྱད་པའོ།། །།


previousགཏམ་ཚོགས་ལེའུ་བཅོ་བརྒྱད་པ། ལྷོ་བྲག་གསུང་སྤྲུལ་ལ་སྤྲིང་པའི་གཏམ་ཚངས་པའི་རྣ་རྒྱན།next