Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་བཅུ་དགུ་པ། སྒོམ་པ་ལ་སྤྲིང་བའི་གཏམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་བཅུ་དགུ་པ། སྒོམ་པ་ལ་སྤྲིང་བའི་གཏམ།next

གཏམ་ཚོགས་ལེའུ་བཅུ་དགུ་པ། སྒོམ་པ་ལ་སྤྲིང་བའི་གཏམ།


JLAZ007_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་ལ་སྤྲིང་བའི་གཏམ། ཆོས་བཞིན་སྤྱོད་པར་བརྩོན་པ་ཁྱོད་ཅག་གི །ཕྲིན་ཡིག་གསེར་སྲང་གང་གི་ཕྱག་རྟེན་འཕྲོད། །འདི་ན་མཆོག་གསུམ་ཐུགས་རྗེས་བསྐྱངས་པའི་མཐུར། །གཞན་ཕན་བྱང་ཆུབ་སེམས་དང་འབྲེལ་བཞིན་གནས། །དལ་རྟེན་ལན་ཅིག་རྙེད་པ་དོན་ལྡན་དུ། །སྒྲུབ་རྣམས་དབང་པོ་ཐུལ་ལ་བརྩོན་པའི་ཕྱིར། །འཆིང་བ་ཀུན་གྱི་ནང་ནས་མཐུ་བདོ་ཞིང༌། །ཕུང་ཀྲོལ་བསྐྱེད་པའི་ནོར་རྫས་གཏོང་སེམས་ལ། །གོམས་པའི་གནས་ཚུལ་ཐོས་པས་ལྷག་པར་རངས། །ད་ནི་ནམ་འཆི་ཆ་མེད་ཞེན་ལོག་གིས། །རིན་ཆེན་བདུན་ལས་ལྷག་པའི་མི་ལུས་འདི། །འདུ་འཛིའི་ཉེས་དམིགས་གྲོལ་བའི་དབེན་གནས་སུ། །ཚེ་དང་སྒྲུབ་པ་མཉམ་པའི་བརྟུལ་ཞུགས་ཀྱང༌། །འགྲོ་ལ་སྙིང་རྗེ་དམ་པར་མོས་གུས་དང༌། །སྣང་ཆ་ལྷར་སྒོམ་སྟོང་ཆ་སྤྲོས་བྲལ་གྱི། །གཤིས་ལུགས་བཅོས་མེད་དྲན་པའི་སོ་པས་སྐྱོངས། །མོས་གུས་ཐོབ་ན་བླ་མའི་ཞལ་སྐྱིན་མཇལ། །གཟུགས་


JLAZ007_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་མ་མཐོང་སྙམ་པའི་རེ་དོགས་ཆོད། །ཐུགས་ཡིད་འདྲེས་ན་སྐྱེ་དང་ཚེ་རབས་འབྲེལ། །ཐུགས་རྗེའི་ཡུལ་ནི་དད་དང་མོས་གུས་ཕྱིར། །ང་དང་ཁྱོད་ལ་འདུ་འབྲལ་སྐད་ཅིག་མེད། །ཞལ་གདམས་དེ་ཡིན་འཕྲིན་ཡིག་ལན་ཀྱང་འདི། །བརྩེ་བའི་སེམས་དང་ལྷན་ཅིག་དམ་མདུད་དང༌། །སྐྲ་སེན་དང་བཅས་བསམ་ཡས་ཆོས་འཁོར་ནས། །ངྷརྨ་བྷ་དྲའི་ལག་ཏུ་སྤྲིང་བཞིན་དེངས། །སྲིད་པའི་མཚོ་ལས་སྒྲོལ་བའི་བཀྲ་ཤིས་ཤོག །གཏམ་ཚོགས་ལེའུ་བཅུ་དགུ་པའོ།། །།


previousགཏམ་ཚོགས་ལེའུ་བཅུ་དགུ་པ། སྒོམ་པ་ལ་སྤྲིང་བའི་གཏམ།next