Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཉི་ཤུ་པ། སྤོང་བ་བསམ་གཏན་པ་ལ་སྤྲིང་བའི་གཏམ་དོན་རབ་འབྱེད་པའི་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཉི་ཤུ་པ། སྤོང་བ་བསམ་གཏན་པ་ལ་སྤྲིང་བའི་གཏམ་དོན་རབ་འབྱེད་པའི་རྒྱན།next

གཏམ་ཚོགས་ལེའུ་ཉི་ཤུ་པ། སྤོང་བ་བསམ་གཏན་པ་ལ་སྤྲིང་བའི་གཏམ་དོན་རབ་འབྱེད་པའི་རྒྱན།


JLAZ007_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བ་བསམ་གཏན་པ་ལ་སྤྲིང་བའི་གཏམ་དོན་རབ་འབྱེད་པའི་རྒྱན་ཅེས་བྱ་བ། དོན་གཉིས་མཐར་སོན་རྒྱལ་བ་གཉིས་པའི་ཞབས། །ཚོགས་བརྒྱད་རང་གྲོལ་ཡང་དག་དྲན་པའི་ཞལ། །དུས་གསུམ་དུས་མེད་ཆེན་པོར་སངས་རྒྱས་པ། །སེམས་ལས་འདས་པའི་རིག་པ་མཁྱེན་ལགས་སམ། །སྨྲ་བསམ་བརྗོད་མེད་བློ་ཡིས་འཇལ་བྱེད་པ། །རྟོག་གེའི་ལུགས་ཡིན་སོ་སྐྱེའི་འོལ་ཚོད་ཀྱིས། །དགག་བསྒྲུབ་འབྲས་བུ་དབུ་མར་འཁྲུལ་པ་བཞིན། །བཀྲུས་བཞིན་བཀྲུས་བཞིན་སླར་ཡང་དག་བྱ་འཕེལ། །སྒོམ་ཆེན་རྣམས་ཀྱང་སྐྱེ་འགག་སྟོང་པ་རུ། །ཤེས་པའི་རྒྱུན་ལ་འགྱུ་དྲན་ཀུན་དཀྲིས་ཀྱིས། །གོ་མྱོང་རྟོག་པ་ལྟ་བར་འཁྲུལ་གྱུར་ནས། །ཆད་པར་ལྟ་ལ་འབད་པས་འཇུག་


JLAZ007_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐོང། །དེ་ཕྱིར་སེམས་ལས་འདས་པའི་རིག་པ་ནི། །བཅོས་སུ་མེད་པའི་ལྷུན་འབྱམས་རྒྱ་ཡན་ལ། །ཡེང་དུ་མེད་དེ་འདུ་བྱེད་དྲན་པས་སྟོང༌། །ཕུང་པོ་ལྔ་བྲལ་མཉམ་གཞག་མཁྱེན་པར་མཛོད། །སེམས་ནི་འདུས་བྱས་རིག་པ་ཅིག་ཤོས་ཏེ། །སེམས་རིག་ཆུ་དང་རྙོག་མ་ལྟར་གྱུར་པའི། །དྭངས་གསལ་དྲི་མེད་ཀུན་ཏུ་བཟང་པོའི་ཞལ། །མངོན་སུམ་མཐོང་ན་ལམ་བདེན་སྤོང་བའི་དུས། །རྟོགས་སོ་སྙམ་དང་སྙམ་བྱེད་མེད་ཟེར་རྣམས། །གོལ་སར་འཕྱན་ནམ་འཕྱན་ནམ་མ་འཕྱན་རེ་དོགས་ཀྱི། །ཕྲང་ལ་གོམ་པ་འཁྱོར་བ་མི་སྲིད་པས། །ཡོངས་གྲུབ་ལྟ་བ་ལྷུམས་སུ་ཞུགས་པར་མཛོད། །སྒྲ་ཆེ་མིང་མང་ཆོས་ཀྱི་དབྱིངས་ཆེན་ནི། །བླ་མའི་དྲིན་གྱིས་རྟོགས་པར་གྱུར་པའི་ཚེ། །ཤེས་རབ་ལ་སོགས་འཕགས་པའི་ནོར་བདུན་པོ། །རང་བཞིན་རྒྱུད་ལ་སྐྱེ་བ་ལམ་རྟགས་ཡིན། །དེ་ཕྱིར་བསྒྲུབ་པའི་དམ་བཅར་རྗེས་ཡི་རངས། །དངོས་ཞལ་མཇལ་ལས་རྣལ་འབྱོར་སྒོམ་པ་ཟབ། །བླ་མའི་མདུན་སར་མཉམ་འགྲོགས་བདུད་ཞུགས་ན། །ཡོན་ཏན་མི་མཐོང་བྱིན་རླབས་རིང་དུ་བྱེད། །དེ་ཡི་རྒྱུ་མཚན་རྒྱུད་སྡེ་རྒྱ་མཚོ་ནས། །ཕ་བུ་དང་ནི་ཕུ་ནུ་ཉེ་དུ་ཡི། །དཔོན་སློབ་བཀག་པ་མིག་འདྲིས་ཁྱེར་བ་ཡིས། །དངོས་གྲུབ་སྣོད་ལ་རིང་དུ་བྱེད་ལ་དགོངས། །


JLAZ007_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་དངོས་ཉིད་དྲན་པ་ངའི་ཞལ་སྐྱིན། །དགོངས་གཏེར་བསྟན་བཅོས་རྟོགས་པའི་འདྲ་འབག་ཡིན། །མ་ཡེངས་མི་སྒོམ་ངང་ན་ང་དང་ཁྱོད། །འདུ་འབྲལ་མེད་དོ་བླ་མ་ཆོས་སྐུའི་ཞལ། །མངོན་སུམ་རྗེན་པར་མཐོང་བའི་བཀྲ་ཤིས་ཤོག །ཅེས་པའང་མདོ་ཁམས་རྒྱ་རོང་རི་ཁྲོད་པ་ཀརྨ་བསམ་འགྲུབ་བམ། འཇིགས་མེད་བསྟན་དར་གྱི་ནན་གྱིས་བསྐུལ་ངོར། ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་རྟ་མགྲིན་གླིང་དུ་བྲིས་པའོ། །གཏམ་ཚོགས་ལེའུ་ཉི་ཤུ་པའོ།། །།


previousགཏམ་ཚོགས་ལེའུ་ཉི་ཤུ་པ། སྤོང་བ་བསམ་གཏན་པ་ལ་སྤྲིང་བའི་གཏམ་དོན་རབ་འབྱེད་པའི་རྒྱན།next