Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཉེར་གཅིག་པ། དགེ་སློང་ལ་སྤྲིང་བའི་གཏམ་སྦྱངས་པའི་ཡོན་ཏན་གྱི་རབ་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཉེར་གཅིག་པ། དགེ་སློང་ལ་སྤྲིང་བའི་གཏམ་སྦྱངས་པའི་ཡོན་ཏན་གྱི་རབ་བྱེད།next

གཏམ་ཚོགས་ལེའུ་ཉེར་གཅིག་པ། དགེ་སློང་ལ་སྤྲིང་བའི་གཏམ་སྦྱངས་པའི་ཡོན་ཏན་གྱི་རབ་བྱེད།


JLAZ007_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ལ་སྤྲིང་བའི་གཏམ་སྦྱངས་པའི་ཡོན་ཏན་གྱི་རབ་བྱེད་ཅེས་བྱ་བ། སྟོན་པ་བླ་ན་མེད་པ་ལ་ཕྱག་འཚལ་ལོ། །བདེན་པ་བཞི་ལ་བལྟ་དང་ཁྲིམས་ཀྱིས་དགེ། །དེ་དག་སློང་དང་ཟས་སློང་ཉེར་ཞི་ལ། །ཆགས་པ་སྤོང་དང་ལེགས་འཚོ་ལམ་ཞུགས་ཕྱིར། །དགེ་སློང་ཞེས་བྱ་སྒྲ་དོན་འབྲེལ་འཚལ་ལོ། །བསམ་པ་ཐག་པས་མྱ་ངན་འདའ་བ་ནི། །རྫོགས་པའི་དོན་ཏེ་གནོད་པ་ཀུན་བྲལ་ལ། །བསྙེན་པའི་དགེ་ཚུལ་དགེ་བསྙེན་གང་དག་ལའང༌། །བསྙེན་པར་རྫོགས་པའི་ཐ་སྙད་ཊཱི་ཀས་བཤད། །ཚིག་ལ་རྟོན་དང་དོན་ལ་རྟོན་པ་ཡིས། །མདོ་སྔགས་ཆོ་ག་འགལ་བ་སྡུད་ཤེས་ན། །སྔགས་སྡོམ་ལྡན་པས་དབང་བཞི་ཐོབ་པའི་ཚེ། །དགེ་སློང་ཉིད་དུ་བཤད་པའི་དོན་ཡང་རིག །རིག་པ་རྗེས་སུ་བསྒྲུབ་པའི་ཆོ་ག་ཡིས། །རྒྱུ་ཚོགས་ཚང་ན་ཚིགས་ལ་མ་ལྟོས་པར། །རང་སའི་སྡོམ་པ་ཁོལ་བུར་ཕོག་ན་ཡང༌། །ཆགས་པ་ཡིན་ཏེ་ཉེས་བྱས་དང་བཅས་སོ། །དེ་ཕྱིར་


JLAZ007_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་མེད་ཕུན་ཚོགས་སྡོམ་པ་ནི། །མུ་སྟེགས་བྱེད་དང་ཟླ་བ་བཞིར་དགེ་བསྙེན་ལ་གནས་དགོས་ཤིང༌། དགེ་ཚུལ་མའི་རྗེས་ཐོག་ཏུ་བསྙེན་རྫོགས་ཀྱང་ཚིགས་འདས་ཀྱི་ཉེས་དམིགས་སུ་ཡོད་བུད་མེད་ལས་གཞན་པ། །ཤཱཀྱ་དང་ནི་མེ་བ་རལ་ཅན་སོགས། །དགག་བྱ་མེད་ལ་བསླབ་ཚིགས་སྦྲེལ་བའང་བསྟན། །མིང་ཆེན་མདོ་ལས་སྐྱབས་གསུམ་འཛིན་པ་དང༌། །དུས་ཁྲིམས་ཡན་ལག་བརྒྱད་པ་དགེ་བསྙེན་དུ། །བཏགས་པ་ལྟར་མིན་སི་ཀའི་སྒྲ་ལས་དགེ། །ཨུ་པ་བསྙེན་དེ་དགེ་བསྙེན་རིགས་བདུན་ནོ། །སྣ་གཅིག་སྲུང་དང་ཕྱོགས་གཅིག་ལྡན་པ་སོགས། །མདོ་སྡེ་པའི་ལུགས་བྱེ་བྲག་སྨྲ་བ་ནི། །ཡན་ལག་ངེས་ལ་སྡོམ་པ་མི་སྐྱེ་ཞེས། །ཡོངས་རྫོགས་དགེ་བསྙེན་ཉམས་པའི་ཆ་ལ་འདོད། །གང་ཡང་དགེ་བསྙེན་ནས་བཟུང་བསླབ་ཚིགས་གསུམ། །བྱིན་ནས་བླངས་པའི་ཚུལ་གྱིས་ཐོབ་འདོད་ལ། །འབོགས་པ་པོའི་དེ་ཟད་པའི་གནོད་བྱེད་འབབ། །དེ་ཕྱིར་རྗེས་ཟློས་ཚུལ་གྱིས་ཐོབ་པར་གཟུང༌། །དེ་ཡི་མཚན་ཉིད་སྡོམ་པ་ཁུར་དང་ནི། །གང་ཟག་ཁུར་འཁྱེར་ཐོབ་བློ་སྡོམ་པའི་རྫས། །ལྡན་མིན་འདུ་བྱེད་ནན་ཐག་ལྟ་བུ་དེས། །བསླབ་པའི་ཁུར་ལ་གཏོང་གནས་གཉིས་སུ་བྱེད། །བསླབ་ཚིགས་གསུམ་ཀ་རྫོགས་པའི་གནས་ཚུལ་ཡང༌། །གནས་འགྱུར་འདོད་ན་དགེ་སློང་ཕུལ་བའི་ཞར། །གཞན་གཉིས་འཇིག་པའི་གནོད་བྱེད་ཡོད་པའི་ཕྱིར། །སྡོམ་རྫས་ཐ་དད་གནས་པ་བྱེ་སྨྲའི་ལུགས། །འོན་ཀྱང་སྲོག་གཅོད་ལ་སོགས་གཞི་གཅིག་ལ། །ལས་ཀྱི་


JLAZ007_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་གཉིས་སུ་འདྲེན་པ་ནི། །ཉི་ཟླ་སྐར་གསུམ་ཚོགས་པའི་གནས་སྐབས་སུ། །ཟླ་སྐར་གཉིས་ལའང་གྲིབ་མ་འཚོལ་བཞིན་ནོ། །དེ་ལྟར་ན་ཡང་ལྔ་བརྒྱའི་ཐ་མ་འདིར། །འཇིགས་སྐྱོབ་དང་ནི་ལེགས་སྨོན་གཞན་དབང་གིས། །མྱ་ངན་འདས་པའི་བསམ་པ་ཆུད་གཟོན་པས། །སོ་སོ་ཐར་པ་ཙམ་བོར་ལུས་པ་མང༌། །འདུལ་བ་ལུང་བཞིའི་དགོངས་པའི་མཐར་ཐུག་ནི། །ཆོས་རྣམས་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན། །གསུང་ན་མིང་དང་ཁས་འཆེ་སློང་བ་སོགས། །བཏགས་པ་ཙམ་མིན་དོན་གྱི་དགེ་སློང་མཛོད། །དེ་ཡི་རྒྱུ་ནི་ངེས་འབྱུང་ཁོ་ན་སྟེ། །གཞོན་ནུ་དོན་གྲུབ་ཁབ་ནས་འབྱུང་བའི་རྐྱེན། །ཀུན་ཏུ་མཁྱེན་པར་མཛོད་ཅིག་དེ་མཁྱེན་ན། །གཞི་གསུམ་ཆོ་ག་གཟུགས་བརྙན་འདའ་བར་འགྱུར། །སོ་ཐར་ཙམ་པོ་དོན་ལ་གནས་འགྱུར་བ། །ཨ་ནནྟ་ཡི་ཉེ་དུ་གཉིས་དང་ནི། །དགའ་བོ་འཆར་ཀ་ཉེ་སྡེ་ཇི་བཞིན་དུ། །དགེ་སྦྱོང་འབྲས་བུ་བཞི་ལ་གནས་པ་ལགས། །ངེས་འབྱུང་གི་ནི་ཡོན་ཏན་ཕ་མཐའ་ཡས། །རང་བཞིན་ངང་རྒྱུད་ངན་པ་འདི་ཡིས་སྤོང༌། །ཁྱིམ་པ་སུན་འབྱིན་གནས་ལ་སྤྲོ་བ་ཞེན། །གཤེ་ཡང་སླར་ལ་མིག་གཤེ་ལ་སོགས་པའི། །དགེ་སྦྱོང་གི་ནི་ཆོས་བཞི་བརྟག་པར་འགྱུར། །ངེས་འབྱུང་གིས་ནི་སྡུག་བསྔལ་ཤེས་པ་དང༌། །ཀུན་འབྱུང་སྤོང་ཞིང་འགོག་པ་མངོན་དུ་བྱེད། །དྲན་པ་ཉེ་བར་གཞག་པ་དང་ལྡན་པས། །ལམ་རྒྱུད་ལ་བརྟེན་


JLAZ007_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་སྡོམ་པ་ཐོབ། །ངེས་འབྱུང་གིས་ནི་མཁན་སློབ་གདམས་ངག་དང༌། །སྤོང་བ་བདུན་སོགས་བསླབ་པའི་གནས་ལ་གུས། །ཁྱིམ་དང་འབྲེལ་བའི་བྱ་བ་མཐའ་དག་སྤོང༌། །བྱ་བྲལ་རྣམས་ཀྱི་མཆོག་ཏུ་གྱུར་པ་ལགས། །དེ་ཡི་རང་བཞིན་སྦྱངས་ཡོན་བཅུ་གཉིས་ཏེ། །བསོད་སྙོམས་པ་དང་སྟན་གཅིག་ཕྱིས་མི་ལེན། །ཆོས་གོས་གསུམ་དང་ཕྱིང་བ་ཕྱག་དར་ཁྲོད། །དགོན་པ་པ་དང་ཤིང་དྲུང་བླ་གབ་མེད། །དུར་ཁྲོད་པ་དང་ཙོག་པུ་གཞི་ཇི་བཞིན། །བཅུ་གཉིས་ཞིབ་པར་ཕྱེ་བས་ཉི་ཤུའོ། །དེ་ལས་བསོད་སྙོམས་པ་ལ་རྣམ་པ་གཉིས། །རྙེད་པས་ཆོག་པ་འདྲིས་པའི་ཁྱིམ་ནས་ཟ། །མཐར་གྱིས་སློང་བ་ཁྱིམ་རྣམས་བརྒྱུད་པ་ལས། །ཅི་ཐོབ་བཟའ་ཡིས་དེ་ཡི་འགལ་ཟླ་ནི། །བཟའ་ཆེར་དམིགས་ནས་མགོ་འཕང་བསྟོད་དེ་འགྲོ། །ཤྭ་ནས་ཟ་བའི་གནས་ཀྱང་དབྲོག་པ་མིན། །དེང་སང་ཐོབ་ཀྱིས་འཇལ་ཞིང་འཕྲོག་བཅོམ་བྱེད། །ཐུབ་པའི་ལུགས་མིན་ཀླ་ཀློའི་ཆོས་ལུགས་ཀྱིས། །ཁྱིམ་པ་སུན་འབྱིན་བསྟན་ལ་མོས་པ་ལྡོག །ལོག་འཚོའི་ནང་ནའང་འདི་ཉིད་མཐུ་ཆེའོ། །སྟན་གཅིག་པ་ལ་གསུམ་སྟེ་སྟན་གྱི་མཐའི། །སྟན་གཅིག་པ་ནི་ཟས་གང་བཟའ་བ་ཡི། །སྟན་དེ་ལས་ལངས་ཉིན་ཞག་དེ་ཉིད་ལ། །དུས་སུ་རུང་བའི་ཟས་མི་ཟ་བའོ། །ཆུའི་མཐའི་སྟན་གཅིག་ཟས་ཟོས་ཁ་བཤལ་བའི། །ལག་ཆུ་བླངས་རྗེས་སྟན་ལས་མ་ལངས་ཀྱང༌། །ཉིན་ཞག་དེ་ལ་དུས་རུང་ཟས་མི་བཟའ། །ཟས་མཐའི་སྟན་གཅིག་ཁམ་གྱི་ཐ་མ་མིད། །ཟ་འཕྲོ་བཅད་ནས་སྟན་ལས་


JLAZ007_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལངས་ཤིང༌། །ལག་ཆུ་བླངས་པ་མིན་ཡང་སྔ་མ་བཞིན། །ཟས་ཕྱིས་མི་ལེན་པ་ནི་ཇི་ཙམ་གྱིས། །བདག་ཉིད་འཚོ་བར་གྱུར་པ་མ་ལྡང་བར། །ཟ་བར་མི་བྱེད་ལྡང་ནས་ཟོས་པ་ཡི། །ཕྱི་ནས་ཅུང་ཟད་ཙམ་ཡང་བླང་བྱ་མིན། །དབྱེ་ན་དུས་གཅིག་པ་དང་གསོག་བུ་པ། །གཉིས་ལས་དང་པོ་བཟའ་བ་བྱེད་པའི་གོང༌། །བཏུང་བའང་རུང་གིས་བྱིན་ལེན་ལན་ཅིག་ཉིད། །གཉིས་པའི་དོན་ནི་འབྲས་ཆན་ཚོད་མ་དང༌། །ཞོ་སོགས་སྔ་ཕྱི་རིམ་གྱིས་སྦྱིན་ལེན་མཐར། །ཟོས་ནས་ཟ་འཕྲོ་བཅད་རྗེས་ཕྱིས་མི་ལེན། །ཆོས་གོས་གསུམ་ནི་སྣམ་སྦྱར་བླ་གོས་དང༌། །མཐང་གོས་གསུམ་སྟེ་དེ་བས་ལྷག་པའམ། །མཁོ་བའི་ཡོ་བྱེད་འདྲ་བར་དམ་བཅས་ཀྱང༌། །གདིང་བ་དང་ནི་གཡན་པ་དགབ་པ་དང༌། །གདོང་ཕྱིས་དབྱར་གྱི་རས་ཆེན་བླངས་པ་ཡྀས། །ཆོས་གོས་གསུམ་པ་ཉམས་པར་མི་འགྱུར་ཞེས། །སྦྱངས་པའི་ཡོན་ཏན་བསྟན་པ་ལས་བཤད་དོ། །ཕྱིང་པ་བ་ནི་ལུག་གི་བལ་མ་གཏོགས། །དར་རས་སོགས་ལ་གོས་ཀྱི་རྒྱུར་མི་རུང༌། །ཕྱག་དར་ཁྲོད་པ་གཉིས་ལས་བོར་བ་ནི། །སྲང་མདོ་ནས་རྙེད་གོས་ཀྱི་དུམ་བུ་སོགས། །བཀྲུས་ཤིང་དྲུབས་ལ་ཁ་དོག་བསྒྱུར་ཏེ་འཆང༌། །དུས་ཚིགས་གཅོད་པའི་ཕྱག་དར་ཁྲོད་པ་ནི། །ཟླ་བ་བཞི་ཡན་གཞན་གྱིས་ལོངས་སྤྱད་ནས། །དམན་པར་གྱུར་ལ་སྔ་མ་བཞིན་བྱས་བགོ །དགོན་པ་བ་ནི་གྲོང་ལས་རྒྱང་གྲགས་ཏེ། །གཞུ་འདོམ་ལྔ་བརྒྱ་


JLAZ007_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་གྱིས་བསྲིངས་པ་ཡི། །དབེན་པར་བདེན་བཞིའི་དོན་ལ་བསམ་པའོ། །ཤིང་དྲུང་པ་ནི་ཆོས་ཀྱི་གྲགས་པ་བཞིན། །ལྷགས་སྐྱོབ་ཙམ་གྱི་ཤིང་ལ་བརྟེན་པའོ། །བླ་གབ་མེད་པ་བླ་ནི་ནམ་མཁའ་སྟེ། །གབ་མེད་སྒྲ་ལས་ཐོག་དང་བྲལ་བའོ། །དུར་ཁྲོད་པ་ལ་རྣམ་པ་གཉིས་ཡིན་ཏེ། །ཐམས་ཅད་དུར་ཁྲོད་ལྡན་པ་ཞེས་བྱ་ནི། །གནས་མལ་ཟས་གོས་སྣོད་དཔྱད་ཐམས་ཅད་ཀུན། །དུར་ཁྲོད་རྫས་ལ་བརྟེན་པ་ཉིད་ཡིན་ནོ། །ཕྱོགས་འགའ་དུར་ཁྲོད་ལྡན་པ་ཞེས་བྱ་ནི། །ཤི་བའི་ཟས་ལྔ་དུར་ཁྲོད་དོར་བའམ། །རོ་གོས་བཀྲུས་ཏེ་རུང་བར་བྱས་པའམ། །རྗེའུའི་ཁ་གཞོགས་ལྷུང་བཟེད་བྱས་པའམ། །དུར་ཁྲོད་ཉིད་དུ་རྟེན་མེད་གནས་པ་སོགས། །གང་ཡང་རུང་བའི་ཆ་ཤས་སྤྱོད་པའོ། །ཙོག་པུ་པ་ལ་ཆེ་འབྲིང་ཆུང་གསུམ་ལས། །དང་པོ་ཆོས་གོས་ཆུད་མི་འཛའ་བའི་ཕྱིར། །ཅུང་ཟད་དགུ་ལས་མདུན་རྒྱབ་གཡས་གཡོན་སོགས། །བརྟེན་པ་མེད་པས་ཙོག་པུར་གནས་པའོ། །འབྲིང་པོ་རྩིག་པ་སོགས་ལ་རྒྱབ་བརྟེན་ཡང༌། །གཡས་གཡོན་སོགས་ལ་བརྟེན་པ་སྤང་བའོ། །ཆུང་ངུ་གློ་སོགས་ཅུང་ཟད་བརྟེན་ན་ཡང༌། །མགོ་བོ་སྔས་ལ་འཇོགས་པ་ནམ་ཡང་མིན། །གཞི་ཇི་བཞིན་པ་རྩྭའམ་ལོ་མའི་སྟན། །


JLAZ007_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བཏིངས་པའི་སྟེང་དུ་གནས་མལ་འཆའ་དེ་ཡང༌། །ལན་ཅིག་བཏིངས་ལས་ཡང་ཡང་བརྗེ་བ་སོགས། །གནས་མལ་བརྐམ་ཆགས་སྤང་བའི་ཐབས་ལ་འབད། །དེ་ལྟར་ཟས་ལ་བརྟེན་པ་རྣམ་གསུམ་དང༌། །དེ་བཞིན་གོས་ལ་བརྟེན་པ་རྣམ་པ་གསུམ། །སྤྱོད་ལམ་ལ་བརྟེན་གཅིག་དང་གནས་མལ་ལ། །བརྟེན་པ་ལྔ་ཡི་སྦྱངས་ཡོན་བཅུ་གཉིས་པོས། །འདོད་སྲེད་ཞེན་པ་སྤོང་ཞིང་ཚངས་སྤྱོད་ལ། །གནས་དང་སེམས་མཉེན་ལས་སུ་རུང་བྱེད་པས། །སྦྱངས་པའི་ཡོན་ཏན་ཞེས་སུ་གྲགས་པ་ཡིན། །མདོར་ན་བསྙེན་པར་རྫོགས་ནས་བརྒྱ་ཕྲག་ལོ། །ལོན་དང་གསར་དུ་རྫོགས་པའི་དགེ་སློང་གཉིས། །ཚུལ་ཁྲིམས་རྒྱུ་མཚན་མཉམ་པ་ཉིད་བསྒྲུབ་ཕྱིར། །མཁན་པོ་དང་ནི་གནས་ཀྱི་སློབ་དཔོན་གཉིས། །བཙུན་དང་བརྟན་མཁས་ཕན་འདོགས་ཡན་ལག་བཞི། །ལྡན་ལ་བསྙེན་བྱས་ཞུས་ཏེ་བྱ་བ་བསྒྲུབ། །དེ་ལ་བཙུན་པའི་ཡན་ལག་འདི་ཡིན་ཏེ། །ཕམ་པས་མ་གོས་འཆལ་བའི་ཚུལ་ཁྲིམས་གཟུགས། །ཁ་ན་མ་ཐོའི་མི་དགེས་མ་གོས་དང༌། །བརྟན་པའི་ཡན་ལག་བསྙེན་པར་རྫོགས་ནས་ལོ། །བཅུ་ཕྲག་ལོན་པས་སྡོམ་པ་བརྟན་པའོ། །མཁས་པའི་ཡན་ལག་འདུལ་བའི་སྡེ་སྣོད་ཤེས། །དེ་གསུམ་ཚང་ན་མཁན་སློབ་བྱར་རུང་ཞིང༌། །རང་


JLAZ007_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཅན་དུ་འདུག་ཏུ་རུང་བ་ཡི། །ཡོན་ཏན་གསུམ་བཤད་ཕན་འདོགས་ཡན་ལག་ནི། །སྙིང་རྗེ་བཟོད་ལྡན་ནང་འཁོར་དག་པ་དང༌། །ཕན་འདོགས་གཉིས་ཆོས་དང་ཟང་ཟིང༌བརྩོན་མཚན་མཐུན་ལྟ་བ་དང༌། །སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་གནས། །ཐ་མས་ལུས་གནས་པ་ནི་རང་བཞིན་གནས། །དེ་ལྟར་བཅུ་གཉིས་ཕལ་ཆེར་གོ་སླ་ཡང༌། །ཤེས་པ་རང་བཞིན་མི་གནས་སྨྱོན་པ་སྟེ། །དེ་འདྲས་མཁན་པོ་བྱས་ན་བསྒྲུབ་བྱ་ལ། །ཉེས་བྱས་བསྐྱེད་ཅིང་དེ་བཞིན་ལུས་ཐ་མལ། །དོན་ནི་བལ་འཁུར་ལ་སོགས་ལྟུང་བ་བསྐྱེད། །དེ་བཞིན་ས་གཞན་གནས་ན་མཁན་པོ་སོགས། །ཁྱད་པར་ཅན་་གྱི་སྤྱོད་པ་སྤོང་བ་ཡིན། །གང་དག་བསྙེན་པར་རྫོགས་ནས་ལོ་གྲངས་བཅུ། །ལོན་ཀྱང་འདུལ་བའི་སྡེ་སྣོད་མི་ཤེས་ན། །གནས་ཀྱི་བླ་མ་ཉིད་ལ་མ་བརྟེན་པར། །འདུག་ཏུ་མི་རུང་གཞན་དབང་ཅན་ཡིན་ཏེ། །འདི་ལྟར་འདུལ་བ་གླིང་གཞིས་འཆད་པའི་དོན། །དགག་བཅས་གསུམ་ལ་རྗེས་བཅས་དགག་བསྒྲུབ་གནང༌། །བསྒྲུབ་བཅས་གསུམ་ལ་རྗེས་བཅས་བསྒྲུབ་དགག་གནང༌། །གནང་བཅས་གསུམ་ལ་རྗེས་བཅས་གནང་དགག་བསྒྲུབ། །བཅས་རྐྱང་ལ་སོགས་བསླབ་པའི་གཞི་རྣམས་ལས། །སྤང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང༌། །བླང་བྱ་འཇུག་པའི་ཚུས་ཁྲིམས་བཅུ་བདུན་གཉིས། །མཁན་སློབ་ལ་བརྟེན་


JLAZ007_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྲིད་འཚོ་ཡི་བར། །ཚུལ་གནས་ཐོས་དང་བསམ་གཏན་ལ་བརྩོན་ནས། །སྤང་བླང་བགྱིད་ན་ལྟུང་བ་འབྱུང་བའི་སྒོ། །བཞི་ཡི་དང་པོ་མི་ཤེས་སྒོ་བཅད་ནས། །སོ་སོ་ཐར་པ་དོན་ལྡན་ཉིད་དུ་འགྱུར། །མདོར་ན་ཚུལ་ཁྲིམས་ལྡན་དང་ཅིག་ཤོས་ཁྱད། །ཕམ་པས་མ་གོས་སྟེང་དུ་བཅས་པ་ཡི། །ཡན་ལག་ཕྲ་མོ་ལས་ཀྱང་རང་བཞིན་གྱི། །སྡིག་པའི་གཟིགས་ཅན་ཁ་ན་མ་ཐོ་བས། །ཉམས་པ་མཐུ་ཆེ་མཛད་ལས་དེ་སྐད་དུ། །འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས་ཞེས་བཤད། །དེ་ཕྱིར་བཅས་པའི་ཡན་ལག་ཕྲ་མོ་ལས། །རང་བཞིན་གྱིས་ནི་ཁ་ན་ཐོ་བ། །གཞན་གནོད་གཞི་བཅས་ངོ་བོར་གནས་མང་ལ། །ཇི་མི་སྙམ་སྤང་ཁྲིམས་འཆལ་རྒྱུ་འབྲས་འགོག །དེ་ལྟར་ན་ཡང་ལྔ་བརྒྱའི་ཐ་མ་འདིར། །བསྟན་པ་རིན་ཆེན་རྟགས་ལ་ཉེ་བ་ཡི། །ཆབ་དང་བྱིན་ལེན་མཆིལ་ལྷམ་བསལ་ཙམ་གྱིས། །ཀྲྀ་ཀིའི་རྨིས་ལྟས་ལུང་སྟོན་ཉམས་སུ་མྱོང༌། །དེ་འདྲའི་དུས་ན་སྦྱངས་ཡོན་བཅུ་གཉིས་པོ། །གངས་རིའི་ཁྲོད་པས་སྤངས་པ་ལྟར་གྱུར་ཀྱང༌། །སྐྱེ་ཤིས་འཇིགས་པའི་ངེས་འབྱུང་ཅན་གང་དག །དབེན་པའི་གནས་ལ་བསྐུལ་ཕྱིར་འདི་སྐད་གསོལ། །སྟོན་པས་བླ་གབ་མེད་སོགས་གནས་ཀྱི་ལྔ། །གསུངས་ལས་ཕྱོགས་བླ་གབ་ཆེ་ལ་གཉེར། །དེ་ནི་ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་


JLAZ007_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །འདུ་འཛིས་རྣམ་པར་གཡེངས་ཤིང་ཆོས་ལས་ཉམས། །དུག་དང་འདྲ་བའི་ཡུལ་གྱི་ཉེས་དམིགས་ནི། །དགྲ་གཉེན་ཆགས་སྡང་ཕྱོགས་རིས་ཁོན་གཅུགས་ཀྱིས། །བསམ་སྦྱོར་ལྷུར་ལེན་རྙེད་དང་མི་རྙེད་སོགས། །ལོ་ཀའི་ཆོས་བརྒྱད་ཞགས་པའི་གཞན་དབང་གིས། །ངེས་འབྱུང་རི་དྭགས་ཆོས་མིན་མཐའ་ལ་གཅུར། །མང་པོ་ཚོགས་པའི་དབུས་སུ་ལོག་འཚོའི་རྫས། །མྱོང་བཞིན་མྱོང་བཞིན་རང་རྒྱུད་ཆུད་སོན་པའི། །ངང་ལ་འཚོ་བའི་འདུ་བྱེད་སྐབས་ཡོལ་ཏེ། །དགེ་སྦྱོང་གཟུགས་ཀྱིས་ངན་འགྲོའི་ས་མཁན་བྱེད། །འདི་ལྟར་བསམས་ནས་ཟླ་བ་སྒྲོན་མའི་མདོར། །དབེན་པའི་ཡོན་ཏན་བསྔགས་པ་དྲན་བྱས་ནས། །ཚོང་དང་སོ་ནམ་འདུ་འཛིས་དབེན་པའི་གནས། །བས་མཐའི་ནགས་སུ་མྱུར་བ་མྱུར་བར་སྤྱོན། །དེ་ན་བྱ་དང་རི་དྭགས་བུང་བ་རྣམས། །འཁོན་དང་རྩོད་པ་མེད་པས་རང་རྒྱུད་འཇམ། །ཤིང་དྲུང་བླ་གབ་མེད་དང་དུར་ཁྲོད་སོགས། །གནས་མལ་རྣམས་ཀྱི་དགོས་པ་དོན་གྱིས་ཚང༌། །དེ་བཞིན་མྱུ་གུ་དང་ནི་ལྡུམ་བུའི་ཟས། །ཅོང་ཞི་མེ་ཏོག་ལ་སོགས་དཀའ་ཐུབ་རྫས། །འཚོ་བ་རང་བཞིན་ཉུང་བའང་དུས་ཚིགས་སྤྱོད། །ཡང་ཡང་བཟའ་མིན་བསོད་སྙོམས་འགལ་ཟླ་སྤོང༌། །མང་པོའི་དབུས་ན་སྤྲོས་པ་མེད་ན་ཡང༌། །ཀུན་སྤྱོད་མཐུན་པའི་གོས་ཀྱི་རྩོལ་བསྒྲུབ་འབབ། །བས་མཐའ་


JLAZ007_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ངོན་ཙམ་གྱིས་ཆོག་ཤེས་པས། །གོས་ཀྱི་གསུམ་སོགས་དོན་དང་འགལ་མི་འགྱུར། །དབེན་པར་གནས་པའི་གང་ཟག་བུ་ཆུང་བཞིན། །གཅེར་བུར་གློ་ཕབ་ཉལ་བ་མ་ཡིན་ཞིང༌། །རྣམ་པར་སྣང་མཛད་ཆོས་བདུན་ལ་བརྟེན་པས། །སྤྱོད་ལམ་གྱི་ནི་གཅིག་ལ་ལྷག་པར་གནས། །བྱ་བ་བཏང་བའི་གང་ཟག་གང་ཞིག་ལ། །ནང་ཚང་ཅན་གྱི་སྟན་སོགས་མི་འབྱོར་ཞིང༌། །འབྱོར་ཡང་སྤྲོ་བ་ཞན་པས་ལོ་མའམ། །རྩྭ་ཡི་སྟན་གནས་སྒོམ་པ་ཉམས་སུ་མྱོང༌། །ཇི་ལྟར་སྒོམ་ན་ལྷག་པའི་ཚུལ་ཁྲིམས་མཆོག །ཡོན་ཏན་ཀུན་གྱི་རྟེན་དུ་ངེས་བྱས་ནས། །ལྷག་པའི་སེམས་ཏེ་བསམ་གཏན་རྣམ་པ་བཞི། །ལྷག་པའི་ཤེས་རབ་རྟོགས་པའི་སླད་དུ་སྒོམ། །བསླབ་པའི་འདི་གསུམ་མུ་སྟེགས་བྱེད་སོགས་དང༌། །ཐུན་མོང་མིན་པས་ལྷག་པའི་སྒྲ་ཞུགས་ཞིང༌། །མྱ་ངན་འདས་པ་དབང་དུ་བྱེད་པས་ན། །ཉོན་མོངས་སྤོང་ཞིང་ཞི་བ་དམ་པའི་མཛོད། །དེ་ཕྱིར་དབེན་པའི་ཡོན་ཏན་བསམ་མི་ཁྱབ། །གནས་ལ་བརྟེན་ནས་ལུས་དབེན་ཐོབ་འགྱུར་ལ། །ལུས་ལ་བརྟེན་ནས་ངག་དང་སེམས་དབེན་ཐོབ། །སེམས་དབེན་ཐོབ་པས་མྱུར་དུ་མྱ་ངན་འདའ། །དེ་ཉིད་སློབ་བྱའི་དྲན་པ་ཉེར་གཞག་ལས། །རྒྱུན་དུ་ཞུགས་དང་ལན་ཅིག་ཕྱིར་འོང་དང༌། །ཕྱིར་མི་འོང་ལ་འབྲས་ཞུགས་འབྲས་གནས་གཉིས། །དགྲ་བཅོམ་འབྲས་བཅས་སློབ་པའི་གང་ཟག་བདུན། ཟག་མེད་ཚུལ་


JLAZ007_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཏིང་འཛིན་ཤེས་རབ་དང༌། །ཉོན་མོངས་ཅི་རིགས་ལས་གྲོལ་རྣམ་གྲོལ་གཟུགས། །རྣམ་པར་ངེས་གྲོལ་ཤེས་དང་མཐོང་བ་ལྔ། །འཕགས་པ་སློབ་པའི་ཆོས་ལྔར་ངེསའཚལ་ལོ། །དེ་ཡང་དགྲ་བཅོམ་རྒྱན་མེད་ཤེས་རབ་ཀྱི། །ཆ་ལས་རྣམ་གྲོལ་ཉོན་སྒྲིབ་གྲོལ་བ་ཙམ། །ཡིན་གྱིས་སྙོམས་འཇུག་སྒྲིབ་པ་དང་བཅས་པས། །རྣམ་གྲོལ་ཕུན་སུམ་ཚོགས་པ་མ་ཡིན་ལ། །རྒྱན་ཅན་ཉོན་མོངས་དང་ནི་སྙོམས་འཇུག་སྟེ། །གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་ཕྱིར། །སྤངས་པའི་རྣམ་གྲོལ་ཕུན་སུམ་ཚོགས་པའི་ཁྱད། །ཉོན་མོངས་ཟད་དང་སྡུག་བསྔལ་མི་སྐྱེ་ཤེས། །དེ་ཡང་ཤེས་བཟོད་སྐད་ཅིག་བཅུ་དྲུག་གིས། །སློབ་པ་མིན་པའི་ལྟ་བ་མངོན་མཐོང་བ། །དགྲ་བཅོམ་འབྲས་གནས་རྣམ་པར་གྲོལ་བ་ཡི། །གོ་འཕང་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །གང་འདི་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་ལྷས། །དཔལ་ལྡན་ས་སྐྱའི་མཁན་ཆེན་ཁྲི་ཐོག་པ། །བརྟན་མཁས་ཡོན་ཏན་རྫོགས་པའི་ཨ་ནནྟ། །ཕ་ལ་ཤྲཱིར་སྐྱེས་ཀྱི་མཆོག་ཏུ་བསྔགས། །གང་ལ་དེ་སྐད་སྤྲིང་པའང་ལེགས་སྨོན་གྱི། །རྙོག་པ་དྭངས་པའི་ངེས་འབྱུང་གསེར་འགྱུར་རྩིས། །ལྷག་པའི་ཚུལ་ཁྲིམས་མྱ་ངན་འདའ་ཕྱིར་ཡང༌། །བདག་དང་གང་ཟག་ཅན་དུ་བལྟ་ལ་ཅི། །དེ་ལྟ་མོད་ཀྱིས་འདི་ཡིས་སྐབས་དབྱེ་ནས། །དྲང་སྲོང་རྒྱལ་མཚན་འཛིན་པ་བརྒྱ་ཕྲག་བརྒྱ། །ངེས་


JLAZ007_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བསེར་བུས་བསྐྱོད་པའི་ཚུལ་ཁྲིམས་ཀྱི། །བསུང་ཞིམ་ཙནྡན་དྲི་ངད་ཐུལ་གྱུར་ཅིག །གཏམ་ཚོགས་ལེའུ་ཉེར་གཅིག་པའོ།། །།


previousགཏམ་ཚོགས་ལེའུ་ཉེར་གཅིག་པ། དགེ་སློང་ལ་སྤྲིང་བའི་གཏམ་སྦྱངས་པའི་ཡོན་ཏན་གྱི་རབ་བྱེད།next