Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཉེར་གཉིས་པ། རབ་བྱུང་ལ་སྤྲིང་པའི་གཏམ་པྲ་ཏི་མོ་ཀྵ་གརྦྷ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཉེར་གཉིས་པ། རབ་བྱུང་ལ་སྤྲིང་པའི་གཏམ་པྲ་ཏི་མོ་ཀྵ་གརྦྷ།next

གཏམ་ཚོགས་ལེའུ་ཉེར་གཉིས་པ། རབ་བྱུང་ལ་སྤྲིང་པའི་གཏམ་པྲ་ཏི་མོ་ཀྵ་གརྦྷ།


JLAZ007_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་ལ་སྤྲིང་པའི་གཏམ་པྲ་ཏི་མོ་ཀྵ་གརྦྷ་ཞེས་བྱ་བ། རྒྱལ་བ་བུ་རམ་ཤིང་པ་ལ་ཕྱག་འཚལ་ལོ། །གང་ཞིག་དེ་ཡི་ཚུལ་ཁྲིམས་ཕུང་པོ་ཡེ་ཤེས་དམ་པའི་སྙིང་པོ་ཅན། །སློབ་པ་མིན་པའི་ས་ལ་བཞུགས་སོ་ཅོག་གིས་ཀྱང་ནི་བགྲང་དཀའ་བ། །ཐེག་གསུམ་ལམ་གྱི་སྤངས་རྟོགས་གཟུགས་ལས་ཐོས་སྒྲོག་ཞི་བའི་དགྲ་བཅོམ་མིན། །གང་ཕྱིར་ལྷ་དང་ཀླུ་དབང་མཁའ་ལྡིང་དྲང་སྲོང་རིག་འཛིན་གཙུག་ཏོར་ཡིན། །བདེན་པ་གཉིས་ལ་མ་བརྟེན་དམ་ཆོས་དང༌། །ཆོས་ཉིད་ལ་སྡང་འཇིག་ལྟའི་རི་བོ་ལ། །བསྙེན་བསྲིང་བཤེས་པར་མ་གྱུར་དེ་སྲིད་དུ། །ཀུན་རྫོབ་བདེན་པའི་གནས་ལ་གུས་པར་མཛོད། །བལྟ་ན་སྡུག་པའི་དྲང་སྲོང་རྒྱལ་མཚན་གྱིས། །གངས་རིའི་ཁྲོད་འདི་མཛེས་པར་བྱས་ན་ཡང༌། །འཚོ་བའི་དོན་དང་སྒྲོ་སྐུར་ཆད་པས་འཇིགས། །རྙེད་དང་སྲིད་འབྱོར་ལ་ཆགས་ལེགས་སྨོན་མང༌། །གང་ཕྱིར་བྱང་ཆུབ་ཡན་ལག་རྗེས་མཐུན་པའི། །ཡང་དག་ལྟ་བ་ཅན་ལ་གུས་རྣམས་ཀྱང༌། །ལྔ་ཕྲག་ཐ་མའི་ཆོམ་པོས་བདེན་བཞིའི་དབུགས། །ཕྲལ་བས་ངེས་འབྱུང་ཚུལ་ཁྲིམས་བསླབ་པ་དཀོན། །རྒྱལ་བའི་ལུང་རྟོགས་བསྟན་པ་མདོ་སྡེ་དང༌། །ཆོས་


JLAZ007_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སྡེ་སྣོད་གཉིས་ལ་ལེགས་གནས་ཀྱང༌། །ཕམ་ལྟུང་བསླབ་བྱར་བཅས་པའི་སྟོན་པ་ནི། །འདུལ་བའི་སྡེ་སྣོད་ཡིན་གྱིས་གུས་པར་མཛོད། །དེ་ཡི་ངོ་བོ་སྤང་སེམས་དགེ་བ་དང༌། །དགེ་བ་ས་བོན་བཅས་ལ་འདོད་པ་གཉིས། །འགོག་སྙོམས་ཞུགས་དང་གཉིད་མཐུག་དུས་འགལ་བས། །མདོ་སེམས་ལུགས་གཉིས་རྣམ་རིག་ཙམ་དུ་བཞག །དྲང་ལ་དྲང་དོན་བྱེ་བྲག་སྨྲ་བ་ཡིས། །དབང་པོ་ལྔ་དང་དོན་ལྔའི་རྡུལ་ཕྲན་ནང༌། །རིག་བྱེད་མིན་གཟུགས་བསྟན་མེད་ཐོགས་མེད་ཀྱི། །སྡོམ་པ་གཟུགས་ཅན་ཉིད་དུ་མཛོད་ལས་བཤད། །དེ་ཡང་རེག་པས་གཟུགས་སུ་ཡོད་པ་དང༌། །ཡུལ་དང་དཔྱད་པས་གཟུགས་སུ་ཡོད་པ་ལས། །རིག་བྱེད་མ་ཡིན་མཚན་ཉིད་ལྡན་པ་ཡི། །སོ་ཐར་བརྟུལ་ཞུགས་ཆུ་ལོན་ལྟ་བུར་མཛོད། །སྡོམ་དངོས་འབྱུང་བ་གཞན་དང་རྒྱུར་བྱས་པའི། །རྣམ་པར་རིག་བྱེད་ལས་འདས་ལུས་ཀྱི་གསུམ། །ངག་གི་བཞི་སྟེ་སྤོང་བདུན་གཙོ་བོ་ལ། །མྱོས་བྱེད་ལ་སོགས་ཁ་ན་མ་ཐོའི་འཁོར། །ཨ་མྲའི་ཚལ་དང་སྨྱིག་ཚལ་བཞིན་དུ་སྲུངས། །ཉོན་མོངས་གཡུལ་དང་མེ་ཏོག་མདའ་ཅན་ལས། །རྒྱལ་ནས་ཀུན་འབྱུང་རྒྱུ་དང་དེའི་འབྲས་བུ། །སྡུག་བསྔལ་སྤང་ཞིང་མངོན་མཐོའི་བདེ་འབྲས་དང༌། །རྫོགས་པའི་བྱང་ཆུབ་ཐོབ་བྱའི་བྱེད་ལས་ལགས། །གང་ཞིག་སྤང་བྱ་སྤོང་བའི་མི་མཐུན་ཕྱོགས། །ཕམ་པ་བྱུང་དང་དེ་ལ་


JLAZ007_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འཆབ་སེམས་སྐྱེས། །སྡོམ་པའི་དགོས་པ་དྲུག་དང་བྲལ་གྱུར་ན། །རྣམ་པར་གྲོལ་དང་མཐོ་རིས་རིང་དུ་བྱེད། །དགོས་པ་དྲུག་ནི་བྱང་ཆུབ་མཐོ་རིས་དང༌། །བླངས་ན་སྐྱེ་དང་ཆོས་ཀྱི་ལོངས་སྤྱོད་དང༌། །ཟང་ཟིང་ལོངས་སྤྱོད་ཚངས་པར་མཚུངས་སྤྱོད་མཚུངས། །ཕྱིར་བཅོས་རུང་བ་འཆབ་མེད་བྱེད་ལས་ཡིན། །དེ་ལྟའི་སོ་ཐར་སྡོམ་པ་འདུས་བྱས་ནི། །དགེ་བར་ལུང་བསྟན་འབྲས་བུ་བདེ་བའི་ཕྱིར། །ལུང་མ་བསྟན་པའི་རྣམ་སྨིན་འབྲས་བུ་དང༌། །ལམ་བདེན་བྲལ་འབྲས་འགོག་བདེན་གཉིས་ཀ་མིན། །རྒྱུ་དང་དུས་མཉམ་མམ་ནི་ཕྱི་ནས་བྱུང༌། །བྱེད་རྒྱུ་ལས་སྐྱེས་བདག་པོའི་འབྲས་བུ་དང༌། །གང་ཞིག་གོམས་པའི་རྒྱུ་མཐུན་གོང་འཕེལ་ལམ། །སྐལ་མཉམ་རྒྱུས་བསྐྱེད་རྒྱུ་མཐུན་འབྲས་བུའང་དེ། །རྔ་སྒྲ་ལྟ་བུར་ལྷན་ཅིག་འབྱུང་རྒྱུ་ལས། །སྐྱེས་བུ་བྱེད་པའི་འབྲས་བུ་གསུམ་ཡིན་པར། །ཤིས་ནས་གཞི་གསུམ་རྩ་བ་བརྟན་གྱུར་ཅིང༌། །བདེན་པ་བཞི་ཡི་ལམ་ལ་རབ་གནས་འཚལ། །མདོར་ན་ཉེས་སྤྱོད་ལས་ལོག་ཚུལ་ཁྲིམས་ནི། །གཞན་གནོད་གཞི་བཅས་སྤང་དང་དགེ་སྦྱོང་གི །ཆོས་བཞི་བརྟེན་ལ་གོམས་པར་མ་བྱས་ན། །སོ་སོ་ཐར་པ་སྡིག་པ་ཅི་ཡང་མི་བྱ་ཞིང༌། སོགས་དང་། །རབ་ཏུ་བྱུང་བ་གཞན་


JLAZ007_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་སོ། །ལམ་མིན་འཁྱམས་པར་འགྱུར། །ཁྱད་པར་རྒྱལ་པོའི་བྲན་དང་མངགག་ཞུག་པ། །ཞལ་ལྕེ་གཅོད་དང་ཤོ་གམ་ཡུལ་ལྗོངས་བསྲུང༌། །གྱི་ནར་འཕྱན་ལས་ཁྱིམ་པ་སུན་འབྱིན་པའི། །ལས་མཐའ་ལོག་ལ་ངེས་འབྱུང་ཡོད་མ་ཡིན། །ངེས་འབྱུང་བྲལ་བའི་དྲང་སྲོང་རྒྱལ་མཚན་ནི། །མཚམས་ཀྱི་སྤྲིན་པས་རྔོན་ལ་བགོས་པ་བཞིན། །ཁྲིམས་ཀྱི་གཟུགས་བརྙན་ལྟུང་བྱེད་ཆེན་པོའི་གཡང༌། །ཐར་པ་འདོད་པའི་སེམས་ཀྱིས་ཉེ་བར་སྲུངས། །སྐྱེས་བུའི་ཤེས་དང་ལང་ཚོ་གཡོ་བའི་ཆོས། །སྲོག་ནི་ཆུ་བུར་བཞིན་དུ་ཡ་མ་བརླ། །བསྟན་པ་རིན་ཆེན་རྟགས་ལ་ཉེ་བ་ཡི། །དམིགས་པ་འདི་གསུམ་ཆོས་ཀྱི་བསྐུལ་མར་འཚལ། །དེ་ལྟར་བསྐུལ་ནས་ཐོས་པའི་ཤེས་རབ་ལ། །གཅིག་ཏུ་གྲིམས་པའི་བྱང་ཆུབ་སེམས་དཔའ་ནི། །རྒྱལ་པོར་གྱུར་ཀྱང་འདོད་པའི་ཡོན་ཏན་གྱིས། །བསླུ་བར་མི་ཚུགས་ལེ་ལོས་ཟིལ་མི་ནོན། །རྒྱུ་དང་འབྲས་བུ་བསླུ་བ་མེད་པ་ལ། །ངེས་པ་རྙེད་ཅིང་ཆོས་དང་ཆོས་མིན་ཤེས། །ཐུབ་པ་མཆོག་དང་དེ་ཡི་སྡེ་སྣོད་ཀྱི། །ཡོན་ཏན་ཤེས་ནས་དགེ་བའི་བཤེས་གཉེན་མཐོང༌། །སྙིང་པོ་མེད་པའི་འཇིག་རྟེན་ཙམ་ལ་ཡང༌། །བཟོ་ཡི་གནས་དང་སྒྱུ་རྩལ་བདག་ཉིད་བསྲུང༌། །གཙུག་ལག་སྣ་ཚོགས་ཟས་ནོར་བསྒྲུབ་པ་དང༌། །གཞན་ལ་ཕན་འདོགས་ཤེས་རབ་མཐུ་ལས་འབྱུང༌། །ཤེས་རབ་མེད་ན་རྣམ་པར་གྲོལ་བའི་ལམ། །ཤེས་པ་ལྟ་ཅི་སྦྱིན་དང་ཚུལ་ཁྲིམས་སོགས། །ཕ་རོལ་ཕྱིན་པ་དྲུག་ལ་རྩོལ་བྱས་


JLAZ007_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། །ཐར་ལམ་བྲལ་བའི་རྙོག་པ་ཅན་དུ་འགྱུར། །དེ་ཕྱིར་རང་རྒྱུད་ལྡན་གྱི་གང་ཟག་ནི། །རྨོངས་དང་སྡིག་གྲོགས་ལེ་ལོ་སྙོམ་ལས་དང༌། །རྒོད་དང་གཉིད་དང་འདོད་ལ་འདུན་པ་དང༌། །མངོན་པའི་ང་རྒྱལ་ལོག་ལྟའི་གཞན་དབང་ཅན། །ཀུན་ལ་དེ་ལྟར་འཚལ་བའི་ངེས་ཤེས་ཀྱིས། །ཐོས་པའི་ཉེར་ལེན་དགེ་བའི་བཤེས་གཉེན་མཆོག །བསྙེན་ནས་བསྲིང་བར་མི་བྱ་བསམ་སྒོམ་ཀུན། །ཐེག་ཆེན་ལམ་ནས་མྱ་ངན་འདའ་བར་བརྩོན། །ད་རེས་སེམས་ཀྱི་སྟོབས་ཆེན་དམ་པའི་རྟེན། །དལ་རྟེན་ཡིད་བཞིན་ནོར་འདྲ་རྙེད་དུས་འདིར། །རྒྱགས་དང་དྲེགས་པས་རྣམ་བྱང་འཇོམས་པ་ཡི། །ཁ་ན་མ་ཐོའི་གཡུལ་ལས་རྒྱལ་བར་མཛོད། །ཁྱོད་ལ་དེ་སྐད་སྤྲིང་བའི་དོན་བཟང་པོ། །ཐར་པའི་རྒྱལ་མཚན་ཆོས་གོས་རྣམ་གསུམ་གྱིས། །མཛེས་པར་བྱས་པའི་སྙན་དུའང་དོང་གྱུར་ནས། །རྒྱལ་བསྟན་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །དགེ་བའི་བཤེས་གཉེན་ཆེན་པོ་འབྲས་སྤུངས་བདེ་ཡངས་བླ་མ་ལ་རྒྱལ་བའི་མྱུ་གུ་ཨ་བྷ་ཡ་དྭཱི་པས་དཔལ་ལྡན་ཚེ་རིང་ལྗོངས་ཞེས་བྱ་བའི་གཙུག་ལག་ཁང་ནས་གདམས་པ་རྫོགས་སོ། །གཏམ་ཚོགས་ལེའུ་ཉེར་གཉིས་པའོ།། །།


previousགཏམ་ཚོགས་ལེའུ་ཉེར་གཉིས་པ། རབ་བྱུང་ལ་སྤྲིང་པའི་གཏམ་པྲ་ཏི་མོ་ཀྵ་གརྦྷ།next