Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཉེར་གསུམ་པ། སྔགས་པ་ལ་སྤྲིང་པའི་གཏམ་བཤགས་ལེ་བཞི་པའི་ཊཱིཀ་དམ་ཚིག་རྒྱ་མཚོའི་གསལ་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཉེར་གསུམ་པ། སྔགས་པ་ལ་སྤྲིང་པའི་གཏམ་བཤགས་ལེ་བཞི་པའི་ཊཱིཀ་དམ་ཚིག་རྒྱ་མཚོའི་གསལ་བྱེད།next

གཏམ་ཚོགས་ལེའུ་ཉེར་གསུམ་པ། སྔགས་པ་ལ་སྤྲིང་པའི་གཏམ་བཤགས་ལེ་བཞི་པའི་ཊཱིཀ་དམ་ཚིག་རྒྱ་མཚོའི་གསལ་བྱེད།


JLAZ007_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་པ་ལ་སྤྲིང་པའི་གཏམ་བཤགས་ལེ་བཞི་པའི་ཊཱིཀ་དམ་ཚིག་རྒྱ་མཚོའི་གསལ་བྱེད་ཅེས་བྱ་བ། དཔལ་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་རྟག་པ་རྡོ་རྗེའི་སྐུ། །ཀུན་ནས་ཀུན་ཏུ་བཟང་པོའི་ཞལ། །ངོ་བོ་ཉིད་མེད་


JLAZ007_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྐུ། །བདེ་ཆེན་བྱང་ཆུབ་སེམས་ལ་འདུད། །འདིར་ཆོས་རྒྱལ་ལུང་བསྟན་རྡོ་རྗེའི་ཆོས་ཆར་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་གླང་པོ་ཆེ་རབ་ཏུ་འབོག་པ་སྟེ། སྐྱེས་བུ་རྣམས་ཀྱི་སྲོག་རྩར་རླུང་ཞུགས་ཏེ་སྨྱོ་བའི་ཕྱི་ནས་དབུ་མར་རླུང་སེམས་འདུས་པའི་ཆོས་ཉིད་ངོ་མ་འཕྲོད་པ་ལ་བོག་པར་འདོགས་པ་ལྟར། འདིར་བླ་ན་མེད་པའི་རྒྱུད་སྡེ་རིན་པོ་ཆེ་ཀུན་རྫོབ་ཀྱི་ཚིག་ཙམ་ལ་མི་རྟོན་པར་ཆོས་ཉིད་ཀྱི་དོན་རྣམ་པར་མི་རྟོག་པ་ལ་གཙོ་བོར་རྟོན་པའི་ཆོས་ཀྱི་རབ་ཏུ་བྱེད་པ་ལས། བཤགས་པའི་རྒྱུད་ཀྱི་ལེའུ་བཞི་པའི་དོན་བརྗོད་མེད་དོན་བཤགས་ཀྱི་ཊཱི་ཀས་གསལ་བར་བསྟན་པ་ལ། །ཨོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང༌། །ཐུགས་རྗེའི་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །ཞེས་པ་ནི། སངས་རྒྱས་ཆོས་ཀྱི་སྐུ་རྟག་ཏུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་ནས་ཡེ་ཤེས་ཀྱི་འཁོར་ལོ་སད་པར་བྱས་ཏེ་ཚོགས་ཞིང་དྲང་བའི་དོན་ཏེ། ཡུལ་དང་ཡུལ་ཅན་གྱི་རྟོག་དཔྱོད་ལ་མི་འཇུག་ཅིང༌། བདེ་བར་གཤེགས་པའི་ཁམས་ཀྱི་ཡེ་ཤེས་རང་གསལ་བའི་ཆོས་ཉིད་ནི་གཟུགས་ཀྱི་སྐུ་ལས་འདས་པས་ཆོས་ཀྱི་སྐུའི་མཆོག་སྟེ་སུས་ཀྱང་མ་བཅོས་པར་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོའི་བདག་ཉིད་ནི་ཟླ་བའི་དཀྱིལ་འཁོར་འོད་སྣང་


JLAZ007_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གསལ་དུ་རྒྱས་པ་བཞིན་དུ་རྟོག་པ་སྣ་ཚོགས་ཀྱི་སྤྲོས་པ་མི་མངའ་ཡང་ཕྱོགས་རིས་བྲལ་བའི་ཐུགས་རྗེའི་རང་གཟུགས་ཉི་མ་ལྟར་གསལ་ཞིང་བྱམས་པའི་འོད་ཟེར་སེམས་ཅན་ལ་བུ་བཞིན་དུ་སྙོམས་པར་འཇུག་པར་མཛད་པ་གང་ཞིག་གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་པའི་བདག་ཉིད་ཅན་དུ་དེང་འདིར་གཤེགས་ནས་བདག་ཅག་ལ་སོགས་པ་ཐམས་ཅད་ལ་དགོངས་ཤིང་བཞུགས་སུ་གསོལ། ཞེས་སོ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེར་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པ་ནི། ཡོད་མེད་རྟག་ཆད་ཀྱི་དོན་ལ་བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་ཤེས་རབ་ཀུན་ནས་མི་གཡོ་མི་འགྱུར་བ་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་གང་ཞིག །སྡུག་བསྔལ་བ་དང༌། ཀུན་འབྱུང་བ་ལ་སོགས་ཏེ་ཟག་པ་ཐམས་ཅད་དང་བྲལ་བའི་བདེ་བ་ཆེན་པོའི་རང་བཞིན་ལ་ངེས་པ་ལྔ་ལྡན་དུ་ལོངས་སྤྱོད་ཅིང་ཡོན་ཏན་ཐམས་ཅད་རྫོགས་པའི་སྐུ་དེ་བཞིན་གཤེགས་པ་རིགས་ལྔའི་བདག་ཉིད་ནི་གཙོ་བོ་སྟེ། གང་གི་ཐུགས་རྗེ་ཆེན་པོ་དང་ཐབས་ལ་མཁས་པས་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་རྣམ་པ་རྒྱ་ཆེར་རོལ་པའི་སྐུར་སྟོན་པ་ནི་ཞི་བ་བཞི་བཅུ་རྩ་གཉིས་དང༌། ཁྲོ་བོ་ལྔ་བཅུ་རྩ་བརྒྱད་དེ་སྤྲུལ་པའི་སྐུ་དཀྱིལ་འཁོར་གྱི་བདག་ཉིད་ཅན་རྣམས་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ཏོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱི། །


JLAZ007_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཅེས་པ་ནི། བླ་ན་ཡོད་པ་དངོས་སུ་འབྱོར་པ་དང༌། བླ་ན་མེད་པ་ཡིད་ཀྱིས་རྣམ་པ་སྤྲུལ་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་རྣམ་པ་ཐམས་ཅད་པས་བླ་ན་མེད་པར་སྤྲུལ་པའི་མཆོད་སྤྲིན་གྱིས་རྣམ་ཐར་གསུམ་དང་ལྡན་པའི་ཀུན་ཏུ་བཟང་མོའི་མཁའ་དབྱིངས་ཆོས་ཉིད་ཀྱི་ནམ་མཁའ་རྣམ་པར་དག་པའི་ཁྱོན་ཐམས་ཅད་རྒྱ་ཆེར་ཡོངས་སུ་བཀོད་དེ། དབང་པོས་ཡུལ་ལ་སྤྱོད་པ་ཕྱིའི་མཆོད་པ་དང༌། དབང་ཤེས་ཀྱིས་བདེ་སྟོང་དུ་སྤྱོད་པ་ནང་གི་མཆོད་པ་དང༌། དེ་དག་གི་ངོ་བོ་མཆོད་བྱ་མཆོད་བྱེད་ལས་འདས་པར་རྟོགས་པ་དེ་ཁོ་ན་ཉིད་གསང་བའི་མཆོད་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་རྒྱ་ཆེ་ལ་དོན་དབྱིངས་ཟབ་པའི་ཆ་ནས་རྒྱ་མཚོས་མཆོད་ཅེས་སྨོས་པའོ། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་འབྱམས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །ཅེས་པ་ནི། མཆོད་པའི་ཕྱག་རྒྱ་ཆེན་པོ་སྟེ། དེ་ལ་ཀུན་རྫོབ་དང་དོན་དམ་གཉིས་ལས། དང་པོ་ནི། རྣམ་བཅས་ལྷ་མོ་ལ་བརྟེན་ནས་ཀུན་ཏུའམ་དུས་གསུམ་གྱི་རྟོག་པ་འགགས་པར་བྱེད་པས་ན་བཟང་མོ་སྟེ། དེ་ཉན་ཐོས་ཀྱི་ཐེག་པ་ཅན་ལ་སོགས་པ་སྐལ་མེད་ལ་གསང་བའི་དོན། རྣམ་ཐར་སུམ་ལྡན་གྱི་བདག་ཉིད་ཅན་དུ་མཚོན་པའི་བྷ་གའི་དབྱིངས་ག་ལ་བར་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་རབ་ཏུ་


JLAZ007_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་ཀླས་པ་ཀུན་གདན་གསུམ་འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས་བཞུགས་པ་ལ། ཞུ་བ་དེས་དྲངས་པའི་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་དམ་པས་མཉེས་པར་གྱུར་ཅིག་སྟེ་ལྷན་སྐྱེས་ཀྱི་བདེ་ཆེན་དང་མཇལ་བའི་དོན་ཏོ། །གཉིས་པ་ལྟར་ན། དུས་གསུམ་ཀུན་ཏུ་རྟོག་པ་དང་བྲལ་བས་ན་བཟང་མོ་སྟེ། དེ་ཉིད་སོ་སོ་སྐྱེ་བོ་རྣམས་ལ་རང་བཞིན་གྱིས་གབ་པས་ན་གབ་པའི་གསང་བ་དང༌། དབང་བསྐུར་མ་ཐོབ་པ་དང༌། སྐལ་མེད་ལ་སྦ་བའི་ཕྱིར་ན་སྦས་ཏེ་གསང་བའི་དོན་སྟོང་པ་ཉིད་དང༌། མཚན་མ་མེད་པ། སྨོན་པ་མེད་པའི་དབྱིངས་རྡོ་རྗེ་བཙུན་མོའི་བྷ་ག་ལ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཤིང་རབ་ཏུ་འབྱམས་ཀླས་པ་ཀུན་ཆོས་ཉིད་བརྗོད་པ་དང་བྲལ་བའི་ཀློང་ཆེན་པོར་དུས་གསུམ་འདུ་འབྲལ་མེད་པའི་ངང་དུ་ཆོས་མཉམ་པར་རོ་གཅིག་པས་ན། གཉིས་སུ་མེད་པ་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རྟོགས་པ་ཁྱད་པར་ཅན་གྱིས་མཉེས་པར་གྱུར་ཅིག་ཅེས་པའོ། །སེམས་ཀྱི་རང་བཞིན་ཆོས་ཉིད་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང༌། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་བརྗོད་ལས་འདས། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཅེས་པ་ནི། བསྟོད་པའི་ཕྱག་རྒྱ་ཆེན་པོ་སྟེ། སེམས་ཀྱི་རང་བཞིན་ནམ་མཚན་ཉིད་ནི་མཚོན་བྱེད་དཔེའི་ནམ་མཁའ་སྟོང་ལ་གོ་འབྱེད་པ་ཙམ་མ་ཡིན་པར། མཚོན་བྱ་ཆོས་ཉིད་ཀྱི་


JLAZ007_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ཆེན་པོ། ཀུན་རྫོབ་དང་མཚན་མའི་ཆོས་ཅན་རྣམས་རྣམ་པར་དག་པའི་ཆོས་ཉིད་ཡེ་ནས་རང་བཞིན་གྱི་འོད་གསལ་ཞིང་ཞི་བ་ཆེན་པོའི་བདག་ཉིད་ཅན་དེ་ཁོ་ན་ཉིད་ལ་རྣལ་དུ་འབྱོར་པའི་སྟོང་པ་ཉིད་ཀྱི་དབྱིངས་ཚིག་ཏུ་སྨྲ་བ་དང༌། བློས་བསམ་པ་དང༌། རྗོད་བྱེད་ཀྱིས་མཚོན་པའི་ཡུལ་ལས་འདས་པ་སྟེ། འཁོར་འདས་རོ་མཉམ་གྱི་ཆོས་ཉིད་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ལ་དྲན་པ་ཉེ་བར་གཞག་པས་རྟག་ཏུ་འདུད་ཅེས་པའི་དོན་ཏོ། །ཀུན་བཟང་རྫོགས་ཆེན་ཡེ་ནས་གདལ་བ་ལ། །ཕྱི་ནང་གསང་བའི་དཀྱིལ་འཁོར་བཀོད་པ་ནི། །ཞེས་པ་ནི། དུས་གསུམ་གྱི་རྟོག་པ་དང་བྲལ་བ་དུས་མེད་ཀུན་ཏུ་བཟང་པོ། རང་བཞིན་རྫོགས་པ་ཆེན་པོ་ཡེ་ནས་ཀུན་ཁྱབ་ཏུ་གདལ་བ་ལ། ཕྱི་བུམ་དབང་གི་དམ་ཚིག་དང་འབྲེལ་བའི་བསྐྱེད་རིམ། །ནང་གསང་དབང་དང་གསུམ་པའི་དམ་ཚིག་དང་འབྲེལ་བ་རྫོགས་རིམ། གསང་བ་བཞི་པ་ཚིག་དབང་དང་འབྲེལ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཅན་སྟོན་པའི་བཀོད་པ་ནི། སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །ཞེས་པས་ཕྱིའི་དཀྱིལ་འཁོར་བསྟན་ཏེ། དེ་ཡང་རྒྱལ་བའི་ཁམས་ལ་སྣང་སྲིད་སྣོད་བཅུད་དུ་འཛིན་པའི་རྟོག་པ་རང་ཚན་པ་མེད་ཅིང༌། མ་དག་པ་དང་ཅུང་ཟད་དག་པ་ལ་སོགས་


JLAZ007_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆ་ལས་འདས་པ་དག་པ་རབ་འབྱམས་ཆེན་པོའི་ཆོས་ཉིད་དུ་རྣམ་པར་དག་པས་ཞིང་ཁམས་རྒྱ་མཚོ་ལྷ་དང་ལྷ་་མོའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པའི་དབྱིངས། ཕུང་པོ་ལྔ་དང༌། འབྱུང་བ་ལྔ་ནི་གཤེགས་པ་གཤེགས་མ་དབང་པོ་དང་དབང་ཤེས། ཡུལ་དུས་སྐྱེ་མཆེད་རྣམས་ནི་རྒྱལ་སྲས་སངས་རྒྱས་འཕགས་པའི་རྣམ་པ་ཅན་དུ་གདོད་ནས་དག་པ་ལས་གནས་འགྱུར་གྱི་ཚུལ་དུ་མ་ཡིན་པས་ན་བྱུང་བ་དང༌། འཁོར་བའི་ཁམས་ཀྱང་བདེ་གཤེགས་སྙིང་པོའི་རང་བཞིན་ཅན་ཡིན་པས་གདོད་ཀྱི་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་གནས་འགྱུར་གྱི་ཚུལ་དུ་འཚང་རྒྱ་བའི་ཕྱིར་ན་འབྱུང་འགྱུར་ཏེ། དེ་ཐམས་ཅད་ཀྱང་སྣང་སྟོང་ཐབས་ཤེས་ཟུང་དུ་འཇུག་པས་ཡབ་ཡུམ་གྱི་ཚུལ་ཏུ་ལྷུན་གྱིས་རྫོགས་པ་རྣམས་སོ། །གསང་ཆེན་རབ་དགྱེས་གཟུངས་ཆེན་བདག་ཉིད་མའི། །མཁའ་དབྱིངས་ཀློང་ཡངས་པདྨོར་འཁྱིལ་བ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང༌། །ཞེས་པས་ནང་གི་དཀྱིལ་འཁོར་བསྟན་ཏེ། གསང་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་ལ་རབ་ཏུ་དགྱེས་ཤིང་དགའ་བ་བཞིའི་ཡེ་ཤེས་དམ་པའི་གཟུངས་ཅན་ཀུན་ཏུ་བཟང་མོའི་བདག་ཉིད་མའི། རྡོ་རྗེ་བཙུན་མོའི་མཁའ་ནམ་མཁའི་དབྱིངས་ལྟར་ཀློང་ཡངས་ཤིང༌། པདྨ་ལྟར་འཁོར་བའི་འདམ་རྫབ་ཀྱིས་མ་གོས་པར་རྣམ་ཐར་སུམ་ལྡན་གྱི་རང་བཞིན་ཉིད་དུ་འཁྱིལ་བ་ལ། དེ་


JLAZ007_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་རྣམས་ཀྱང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཐིག་ལེ་ཆེན་པོར་ཐར་པ་བརྟེན་པར་མཛད་ཅིང་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་དུ་འོད་གསལ་ཞིང་ཞི་བ་ནི་ནང་གི་དཀྱིལ་འཁོར་རོ། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །ཞེས་པས་གསང་བའི་དཀྱིལ་འཁོར་བསྟན་ཏེ། དེ་ཁོ་ན་ཉིད་ཀྱི་དོན་རྟོག་གེའི་བློས་མ་བཅོས་ཤིང༌། རྟག་ཆད་ཀྱི་སྤྲོས་པ་དང་སྐྱེ་འགག་གཉིས་སུ་མེད་པ་ནི་བྱང་ཆུབ་སྙིང་པོའི་སྐུ་སྟེ། ནམ་མཁའ་སྟོངས་པ་ལས་ཆོ་འཕྲུལ་སྣ་ཚོགས་སུ་ཤར་བ་ལྟར། ཆོས་ཉིད་དེའི་རང་བཞིན་ཅིར་ཡང་སྣང་ཞིང་ཀུན་ཏུ་འགྲོ་བ་ཅན་ཡིན་ཡང༌། ངོ་བོའི་ཆ་ནས་མཆོག་ཏུ་མི་འགྱུར་བ་བདེ་བ་ཆེན་པོའི་བདག་ཉིད་རྣམ་པ་ཐམས་ཅད་པའི་མཆོག་ལྡན་ལ་གཡུང་དྲུང་གི་ལྷའི་སྒྲས་གཞོམ་གཞིག་འཕོ་འགྱུར་དང་བྲལ་བ་ནི་གསང་བ་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ། །འདི་ནས་མར་ཚིག་དོན་གོ་སླ་བས་གཞུང་འགྲེལ་སྟབས་གཅིག་ཏུ་བཤད་པར་བྱ་སྟེ། དེ་ལྟར་དཀྱིལ་འཁོར་གྱི་ཐ་སྙད་གསུམ་དུ་བཞག་པའང་ངོ་བོ་ཉིད་ཀྱི་ཀློང་ན་འདུ་འབྲལ་མེད་ཅིང་ཆོས་མཉམ་པ་ཉིད་ཀྱང་བསོད་ནམས་དམན་པ་རྣམས་ལ་གབ་པ་ལྟར་བཞུགས་པས་གསང་བའི་དཀྱིལ་འཁོར་ནི་ཞེས་སྨོས་པ་སྟེ། སྤྲུལ་གཞི་བདག་ཉིད་ཆེན་པོ་ཀུན་བཟང་ཡབ་ཡུམ་དང༌། མཛད་པ་ཡོངས་སུ་རྫོགས་པའི་རིགས་ལྔ་ཡབ་ཡུམ་དང༌། བྱང་ཆུབ་ལྕམ་དྲལ་ཏེ་རང་དོན་གྱི་མཛད་པ་བརྟུལ་ནས་གཞན་དོན་གྱི་མཛད་


JLAZ007_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཡབ་ཡུམ་བརྒྱད་ཚན་གཉིས་དང༌། དེ་བཞིན་དུ་ཁྲོ་བོ་དང་ཁྲོ་མོ་ཡབ་ཡུམ་བཅུའི་ཚོགས། རྡོ་རྗེ་ལྷ་མོ་སྟེ་རིགས་མ་བཅུ་དྲུག་དང༌། ཚོགས་རྗེ་ཚོགས་ཀྱི་བདག་པོ་སྟེ་རིགས་ལྔ་དང་ལྡན་པའི་སྤྱི་དཔལ་ཆེན་པོ་དང༌། མི་དགེ་བཅུ་གནས་དག་པའི་ཁྲོ་རྒྱལ་ཡབ་ཡུམ་བཅུ། ཕྱི་ལྟར་དུ་གནས་སུམ་ཅུ་རྩ་གཉིས་དང༌། ཡུལ་ཉེར་བཞིའི་དཔའ་བོ་རྣམས་ལ་རང་རང་གི་རིགས་ཀྱི་ཡུམ། རྣལ་འབྱོར་མ་མིང་ཅན་རེ་ཡོད་པ་རྣམས་ནི་ལས་ཀྱི་ཕྱག་རྒྱའི་བདག་ཉིད་ཅན་དང༌། དེ་ཡང་ནང་ལྟར་དུ་སྤྱི་བོ་ཛ་ལནྡྷ་ར་སོགས་རྡོ་རྗེ་ལུས་ཀྱི་གྲོང་ཁྱེར་ཆེན་པོའི་རྩ་ཡོངས་སུ་གྱུར་པ་ལས་དཔའ་བོ་དང༌། ཁམས་ཡོངས་སུ་གྱུར་པ་ལས་རྣལ་འབྱོར་མ་སྟེ། སྣང་སྟོང་ཐབས་ཤེས་ཟུང་དུ་འབྲེལ་བའི་སྟོང་གཟུགས་ནི་ལྟར་སྣང་ཕྱག་རྒྱ་ཆེན་པོ་དང༌། གསང་བ་ལྟར་ན་དེ་དག་ཀྱང་ཧེ་རུ་ཀའི་གནས་བཅུར་བསྡུས་ནས་ས་བཅུའི་ངོ་བོ་ཉིད་དུ་མཚོན་པ་ནི་ཆོས་ཀྱི་ཕྱག་རྒྱ་དང༌། དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཐུགས་རྗེ་ཡུལ་ལ་འཇུག་པའི་སྒོ་ན་ཚད་མེད་བཞི་དང༌། དེའི་བདག་ཉིད་ཕྲིན་ལས་རྣམ་པ་བཞི་ཡིན་པས་ན་དམ་ཚིག་གི་ཕྱག་རྒྱ་ཅན་སྒོ་མ་བཞི། གཞན་ཡང་ཡེ་ཤེས་ལས་སྤྲུལ་པའི་ལྷ་ཚོགས་མང་པོ་ཀུན་ཀྱང་དམ་ཚིག་ཅན་དང་དམ་ཚིག་གི་རྗེས་སུ་ཞུགས་པ་རྣམས་ལ་མ་ལྟར་བྱམས་ཤིང་སྲིང་ལྟར་དུང་བ་ལ་སོགས། ལེགས་ཉེས་བདེན་ཤན་གྱི་སྟངས་འཛིན་ཅིང་དམ་ཚིག་གི་རྗེས་གཅོད་པའི་ཕྱི་


JLAZ007_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཡུལ་ཁྱད་པར་ཅན་ལ་ཡུལ་དང་ཡུལ་ཅན་གཉིས་མེད་དུ་སྤྱོད་ཅིང༌། ནང་རྡོ་རྗེ་ལུས་ཀྱི་རྩ་གནས་སོ་སོའི་ཁམས་དང་རོ་གཅིག་ཏུ་འདུ་བའི་དཔའ་བོ་དང་མཁའ་འགྲོ་རྣལ་འབྱོར་མའི་ཚོགས་ལ་སོགས། མདོར་ན་ཀུན་ཏུ་ཐོགས་མེད་ཀྱི་སྤྱན་དང་ལྡན་པས་དབང་གྱུར་ཚད་མ་རྡོ་རྗེའི་དམ་ཚིག་ཅན་རྣམས་ཀྱི་ཐུགས་རྗེའི་ཡུལ་ལ་འཇུག་པའི་ཕྱིར་དགོངས་སུ་གསོལ་ཞེས་སྨོས་ནས། སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་ཕྲིན་ལས་རྒྱུན་མི་འཆད་པའི་གདུང་འཚོབ་ཅིང༌། མེ་ཏོག་གང་ལ་འཕོག་པའི་ལྷ་སོ་སོའི་རིགས་ཀྱི་བདག་ཉིད་འཛིན་པ་བདག་ཅག་གིས། འགྲོ་བ་ཀུན་ལ་ཕན་པའི་དོན་དུ་ཀུན་རྫོབ་སྨོན་འཇུག་གཉིས་དང༌། སྔགས་ཀྱི་དོན་དམ་པའི་རྡོ་རྗེའི་རྣལ་འབྱོར་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བསྟན་པ་ལ་རིམ་གྱིས་ཞུགས་ཀྱང་ཐོབ་བྱའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་གོ་འཕང་བགྲོད་པར་བྱ་བའི་ཕྱིར་བསྟན་པ་རྒྱ་མཚོ་སྟེ། ཀུན་འབྱུང་འདྲེན་པའི་ཐེག་པ་སྡེ་སྣོད་གསུམ་ལས། འཁོར་ལོ་དང་པོའི་དགོངས་པ་སོ་སོ་ཐར་པའི་ཚུལ་ཁྲིམས་ཀྱི་སློབ་པ་ལ་བརྟེན་ནས་རང་རྒྱུད་ཀྱི་ཉེས་སྤྱོད་སྡོམ་ཞིང་བདེན་པ་བཞིའི་ལམ་ལ་བསྙེན་པ་དང༌། འཁོར་ལོ་བར་མཐའི་དགོངས་པ་དེའི་སྟེང་དུ་དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བསྣན་ནས་སྨོན་འཇུག་གི་བྱང་སེམས་དང༌། ལྷག་པ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པའི་གནས་ལ་སློབ་པ་སྟེ་སློབ་པ་གསུམ།


JLAZ007_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་དཀའ་ཐུབ་རིགས་བྱེད་ཀྱི་ཐེག་པ། བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་ཏེ་གསང་སྔགས་ཕྱི་པ་གསུམ་གྱིས་ཁྲུས་དང་གཙང་སྦྲ་ལ་སོགས་ཏེ་རང་རང་གི་དམ་ཚིག་དང་སྡོམ་པའི་གནས། ཁྱད་པར་དབང་སྒྱུར་ཐབས་ཀྱི་ཐེག་པ། རྣལ་འབྱོར་བླ་མེད་ཕྱི་བསྐྱེད་པ་མ་ཧཱ་ཡོ་ག །ནང་ལུང་ཨ་ནུ་ཡོ་ག །གསང་བ་རྫོགས་ཆེན་ཨ་ཏི་ཡོ་ག་གསུམ་གྱིས་བསྐྱེད་རྫོགས་རྫོགས་ཆེན་གྱི་དོན་ལ་འཇུག་ཅིང༌། དེ་ཀུན་ཀྱང་ཉན་ཐོས་ཀྱིས་སྤོང༌། བྱང་སེམས་ཀྱིས་བསྒྱུར། སྔགས་ཀྱིས་ལམ་དུ་སློང་བ་གསུམ་གྱིས་ཉོན་མོངས་པའི་ཚོགས་འདུལ་བས་ན་འདུལ་ཁྲིམས་དང༌། དེ་ཐམས་ཅད་ཀྱང་མཐར་ཐུག་རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་སྡོམ་པའི་རང་བཞིན་དངོས་པོ་གནས་འགྱུར། ཡོན་ཏན་ཡར་འཕེལ། དགག་དགོས་ཡོངས་རྫོགས་ཀྱང༌། སྐུ་ཕྱག་རྒྱ་ཆེན་པོ། གསུང་བརྗོད་མེད་ནཱ་ད། ཐུགས་ཟབ་ཞི་སྤྲོས་བྲལ་གྱི་ངང་དུ་མཉམ་པར་སྦྱོར་བས་ན་སྡོམ་པའི་མཆོག་སྟེ། གསང་བ་སྔགས་ཀྱི་ལས་ཐམས་ཅད་ནི་གཞོམ་གཞིག་དང་བྲལ་ཞིང་ཁྱད་ཆོས་བདུན་ལྡན་ཡིན་པས་རྡོ་རྗེ་དང༌། དེའི་རང་བཞིན་ནི་སྡོམ་པ་ལྟར་བྱ་བ་དང་མི་བྱ་བའི་ངེས་པ་ཅན་མ་ཡིན་པར་ནམ་དུའང་དེ་ལས་འདའ་བར་དཀའ་བའི་ཕྱིར་ན་དམ་ཚིག་སྟེ། དུས་གཏན་གྱི་དོན་དུ་གཉེར་བྱ་ཡིན་ལ། དེ་ཡང་ལེའུ་ལྔ་པ་དང་དྲུག་པས་གསལ་བར་བསྟན་པའི་དམ་ཚིག་ཉི་ཤུ་རྩ་ལྔ་ལ་སོགས་མདོར་བསྡུ་ན་


JLAZ007_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔ་དང་རྩ་ལྷུང་བཅུ་བཞིས་མཚོན་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ཅེས་འགག་བསྡམས་པ་རྣམས། དུས་སྔ་མའི་ཚེའམ་ཕྱི་ཕྱིར་ནོས་ཤིང་གཉེར་དུ་སྨྲས་སོ་འཚལ་རྣམས་ལོ་ཟླ་ཞག་དུས་ཀྱི་ངེས་པས་ཉམས་པ་དང༌། འགལ་བ་དང༌། རལ་པ་ལ་སོགས་པའི་ཡུན་དུ་མི་གཏོང་ཞིང་གསོར་མི་རུང་བའི་གནས་སུ་འདའ་བར་མི་བགྱིད་པའི་དམ་བཅས་པ་ལ། བདུད་ཀྱིས་ཕྱོགས་བསླད་པའི་དབང་དུ་སོང་ནས་དོན་ལས་གོལ་ཞིང་གཏན་ནས་ལྡོག་པའི་སེམས་མ་མཆིས་ཀྱང༌། གདོད་བྱ་སྟེ་སླན་ཆད་ལ་བཤོལ་ཞིང་ལོང་ཡོད་སྙམ་པའི་ལེ་ལོའི་དབང་དུ་གྱུར་ནས། ཀློང་དུ་མ་གྱུར་པ་དང༌། རྩལ་ཤུགས་དང་ནུས་པ་ཆུང་བ་དང༌། ཤེས་བཞིན་གྱི་དྲན་པ་མི་ལྡན་པ་དང༌། ཆང་དང་གཉིད་ལ་སོགས་པའི་བག་མེད་པའི་དབང་དུ་གྱུར་ཏེ། བྱང་ཆུབ་ཀྱི་སེམས་དང་བསྐྱེད་རྫོགས་སྒོམ་པ་ལ་མི་བརྩོན་ཞིང༌། བསྙེན་པའི་དམ་ཚིག་རལ་བ་དང༌། སྒྲུབ་པ་གཡེལ་བ་ལ་སོགས་ཏེ། ཚོར་བ་དང་ཞེས་པས་ཉོན་མོངས་པའི་གཞན་དབང་དུ་གྱུར་པ་དང༌། མ་ཚོར་བ་སྟེ་མ་རིག་པའི་གཞན་དབང་གིས་ན། སྟོན་པའི་བཀའ་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་དང༌། རྡོ་རྗེ་སློབ་དཔོན་གྱིས་བསྒྲགས་པའི་དམ་ཚིག་ལས་འགལ་བར་གྱུར་པ་སྟེ། འདི་ལྟར་རྣལ་འབྱོར་སྒོམ་པ་གང་ཞིག་རྡོ་རྗེའི་བླ་མ་ལ་བརྙས་པ་ལ་སོགས་རྩ་བའི་ལྟུང་བ་རྣམས་ལ་ཀུན་དཀྲིས་ཚང་བའི་ཕམ་པར་གྱུར་ནས་དམ་


JLAZ007_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཉམས་པ་དག་དང་སྐད་ཅིག་ཙམ་དུ་ཡང་ཕྲད་པར་མི་བྱ་ལ། ལུང་པ་གཅིག་གི་ཆུ་ལའང་མི་བཏུང་ངོ་ཞེས་རྒྱལ་བའི་བཀའ་ཚད་མ་ལས་བྱུང་ཞིང་དེ་ལྟར་གྱི་ཉེས་དམིགས་རྣམས་མ་རྟོགས་ཏེ། དམ་ཚིག་མེད་པ་དག་གི་མདུན་དུ་སྤྱིར་གསང་བཞི་དང༌། བར་གསང་བཞི་ལ་སོགས་གསང་བར་འོས་པ་དང༌། ཁྱད་པར་གཉེར་དུ་གཏད་པའི་གསང་སྒོ་འཆོལ་པར་གྱུར་པས་དབྱེ་བསལ་དཀའ་བ་སྟེ། དམ་ཚིག་རྒྱ་མཚོའི་གཞུང་བཤིག་པ་དང༌། སྤྱན་དང་མངོན་ཤེས་སོ་སོ་རིག་པ་རྣམས་མེད་པས་དངོས་སམ་བརྒྱུད་ནས་སྐྱོན་ཅན་དུ་གྱུར་པའི་ཚུལ་རྣམས་མ་རྟོགས་ཏེ་དམ་ཚིག་ཉམས་པ་དག་དང་ཚོགས་ཀྱི་འཁོར་ལོ་འདྲེས་ཤིང༌། ཉམས་པ་གང་ཞིག་ལས་ལྡོག་སེམས་ཀྱི་བློ་མེད་པ་རྣམས་བསྐང་བ་དང༌། སྔོན་ཆད་བླ་མར་གྱུར་པའི་གནས་དག་ལ་དམ་ཚིག་ཉམས་བཞིན་པ་སོར་མ་ཆུད་པ་དང༌། རྒྱུད་སྡེ་རྣམས་ནས་སྣོད་མིན་དུ་བཤད་པ་རྣམས་ལ་གསང་སྔགས་ཟབ་མོའི་ཆོས་བཤད་པ་དང༌། མདོར་ན་ཉམས་པ་ལ་མི་འཛེམ་ཞིང་ཉམས་པའི་སྐྱོན་དང་འགྲོགས་བཞིན་པ་ལ་སོགས། དམ་ཚིག་ཉམས་པའི་གང་ཟག་དང་འགྲོགས་ཤིང་ཉམས་པ་དེ་དག་གི་སྐྱོན་ནམ། གྲིབ་མ་ལྔའི་ནང་ན་ཐུ་བ་ཉམས་སྒྲིབ་ཀྱི་སྐྱོན་ཆེན་པོས་གོས་པར་གྱུར་ཏོ་འཚལ་ལ་བརྟེན་ཚེ་འདིའི་བདེ་ལེགས་དང༌། ཡོན་ཏན་འགྲིབ་ཅིང་འཚོ་བ་ཐུང་ལ། ནད་མང་པ་


JLAZ007_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་སྐྱོན་དང་ཡུན་གྱི་སྒྲིབ་པ། གྲུབ་པ་ཆེན་པོ་བརྒྱད་དང༌། མཆོག་གི་དངོས་གྲུབ་དམ་པའི་གེགས་སུ་འགྱུར་བ་རྣམས་རབ་ཏུ་ནོངས་ཤིང་འགྱོད་པ་དྲག་པོའི་སེམས་ཀྱིས་མཐོལ་ཞིང་བཤགས་པར་བགྱིད་ན། ཐུགས་བྱམས་པ་ཆེན་པོ་དང་ལྡན་པའི་ངང་ལ་བསྙེན་བསྲིང་མི་མངའ་བའི་ཐུགས་རྗེས་བདག་ཅག་ལ་དགོངས་པར་གྱུར་ནས་ཀྱང༌། འདི་ལྟར་རང་བཞིན་རྫོགས་པ་ཆེན་པོའི་དམ་ཚིག་ལ་སྲུང་ཉམས་གཉིས་སུ་མེད་པས་ན་མེད་པ་དང༌། དེའང་དབྱིངས་ལས་གཞན་དུ་མི་འཕོ་ཞིང་མི་འགྱུར་བ་གཅིག་པུའི་དམ་ཚིག་ལ་བདག་ཅག་ཀྱང་བཀོད་དེ། དེའི་ཆོས་ཉིད་ཅིར་ཡང་མི་དམིགས་པ་ནི་ཕྱལ་བའི་དམ་ཚིག་གི་ངོ་བོ་ཉིད་དང༌། ཕྱོགས་དང་རིས་ཆད་མེད་པས་བཏང་སྙོམས་སམ། ཡེ་བསྲུངས་ལྷུན་གྲུབ་ཆེན་པོའི་ངང་དུ་དུས་གསུམ་སངས་རྒྱས་རྣམས་ཀྱང་རྟག་པ་རྒྱུན་གྱི་འཁོར་ལོ་མི་གཡོ་བ་བཞིན་དུ་བདག་ཅག་ལ་སོགས་པ་བདེ་གཤེགས་སྙིང་པོའི་ཆོས་ཉིད་ཅན་རྣམས་འདྲེས་ཤིང་བཞུགས་པར་གྱུར་ནས་ཀྱང༌། བདེན་པ་གཉིས་མེད་ཆེན་པོའི་དོན་གྱི་ཚངས་པ་སྒྲིབ་བྲལ་ནི་སངས་རྒྱས་ཆོས་ཀྱི་སྐུ་ཡིན་པས་དེའི་རང་བཞིན་བདག་ལ་སྩལ་དུ་གསོལ། ཞེས་སོ། །དེ་ལྟར་ལམ་བདེན་འདུས་བྱས་པ་རྣམས་ལ་དམ་ཚིག་གི་རྣམ་པར་བཞག་པའང་དོན་དམ་པར་སྨྲ་བསམ་བརྗོད་མེད་སྤྲོས་པ་ཐམས་ཅད་ལས་འདས་པ་གང་ཞིག་ལ། ཀུན་ཏུ་བརྟགས་པའི་བློ་ཅན་གྱི་རྣམ་པར་རྟོག་པའི་ཆོས་གང་ཡང་དམིགས་པར་མ་གྱུར་པའི་ཕྱིར་ན་


JLAZ007_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་དང་བཤགས་པར་བྱ་བ་གཉིས་སུ་མེད་ཀྱང༌། ཀུན་རྫོབ་ཏུ་རྨི་ལམ་དང༌། སྒྱུ་མ་མཁན་གྱིས་སྤྲུལ་པ་བྱས་པ་ལྟ་བུའི་དབང་གིས་ན། ནོངས་པར་མཆིས་ན་རབ་ཏུ་གནོང་ཞིང་འགྱོད་པ་བགྱིད་པས་བཟོད་པར་གསོལ། ཞེས་སོ། །འདི་ལ་སྔོན་ཆད་གཉན་འགྲེལ་འགྲེལ་པ་མ་མཐོང་ཡང༌། །བརྗོད་དོན་དབྱིངས་ཆེ་དོན་ཟབ་ཚིག་བརླིང་བས། །མཐའ་ཡས་ཐེག་པའི་སྒོ་ཡིན་དེ་ཡི་ཕྱིར། །ཚིག་དོན་འགལ་བ་མཐོང་ལའང་དཔྱད་པ་བྱས། །དེང་སང་འདི་ན་སྔགས་ཀྱི་བསྟན་པ་ནི། །གཟུགས་བརྙན་ཙམ་དུ་བས་འདིའི་རྙོག་པའི་ཆ། བགྲུངས་ཕྱིར་རྒྱལ་བའི་དགོངས་པ་ལས་བརྒྱུད་པ། །ཇི་བཞིན་དུས་མཐའི་སྔགས་པ་རྣམས་ལ་སྤྲིང༌། །དགེ་བ་དེ་ཡིས་ཏནྟྲ་རྣམ་གསུམ་གྱི། །རྣམ་པར་རིག་པ་ཅན་དང་མ་ཡིན་པའི། །ཆོས་ཁམས་སྐྱ་རེངས་གསར་བས་དྲངས་པ་ཡི། །འོད་གསལ་སྣང་བྱེད་ཆེན་པོ་ལ་རེག་ཤོག །ཅེས་པའང་རྭ་ལོའི་བརྒྱུད་འཛིན་ཡང་སྟེངས་པས་ནན་བཏུད་ཆེན་པོའི་ངོར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་ངག་ཐོག་ནས་དཔོད་པའོ། །གཏམ་ཚོགས་ལེའུ་ཉེར་གསུམ་པའོ།། །།


previousགཏམ་ཚོགས་ལེའུ་ཉེར་གསུམ་པ། སྔགས་པ་ལ་སྤྲིང་པའི་གཏམ་བཤགས་ལེ་བཞི་པའི་ཊཱིཀ་དམ་ཚིག་རྒྱ་མཚོའི་གསལ་བྱེད།next