Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཉེར་བཞི་པ། སྡེ་བརྒྱད་ལ་སྤྲིང་པའི་གཏམ་གནོད་སྦྱིན་གྱི་རྣ་ཆ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཉེར་བཞི་པ། སྡེ་བརྒྱད་ལ་སྤྲིང་པའི་གཏམ་གནོད་སྦྱིན་གྱི་རྣ་ཆ།next

གཏམ་ཚོགས་ལེའུ་ཉེར་བཞི་པ། སྡེ་བརྒྱད་ལ་སྤྲིང་པའི་གཏམ་གནོད་སྦྱིན་གྱི་རྣ་ཆ།


JLAZ007_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་ལ་སྤྲིང་པའི་གཏམ་གནོད་སྦྱིན་གྱི་རྣ་ཆ་ཞེས་བྱ་བ། གཞི་མ་འཁྲུལ་བའི་སངས་རྒྱས་རྫོགས་པ་ཆེན་པོའི་བཀའ། །ལམ་མ་ནོར་བའི་དམ་ཆོས་དབུ་མ་ཆེན་པོའི་ལུང༌། །འབྲས་བུ་མ་བཅོས་པའི་རིག་གྲོལ་ཕྱག་རྒྱ་ཆེན་པོའི་གཏམ། །ཡོངས་གྲུབ་རིག་པ་བདེ་གཤེགས་སྙིང༌། །མ་རིག་ལས་


JLAZ007_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཀུན་བརྟགས་ཀྱིས། །གཞན་དབང་གདོན་དུ་ཤར་རྣམས་ཉོན། །ལས་ཀྱིས་སྤྲུལ་པའི་འཁོར་བ་ན། །ཕ་མ་མཛའ་བཤེས་བྱམས་སྡང་གི །ལན་ཆགས་འབྲེལ་བས་མ་བསྡུས་མེད། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པའི་བསམ་སྦྱོར་སྤོངས། །ཞི་བ་བྱང་ཆུབ་སེམས་མཆོག་བསྐྱེད། །ཁྱད་པར་རིག་འཛིན་བདག་ཅག་གིས། །སྨོན་འཇུག་སེམས་ཀྱི་སྐྱབས་འོག་ཏུ། །བཅུག་ཅིང་བསྲུངས་པ་འདི་དག་ལ། །མི་ཕྱུགས་ནད་རིམས་སད་སེར་ཐན། །ལོ་ཉེས་མུ་གེ་འཁྲུག་རྩོད་དང༌། །རི་རུད་ཤྭ་ལོག་ཐན་ལྟས་ངན། །སྡེ་བརྒྱད་ཁྲོས་པའི་གནོད་དོ་ཅོག །སྤོངས་ལ་གྲོགས་དན་མགོན་སྐྱབས་ཀྱིས། །བདེན་པའི་ཚིག་ལ་མི་ཉན་ཞིང༌། །དམ་ཚིག་ཕྱག་རྒྱར་འདའ་བྱེད་ན། །ཡུལ་གསུམ་གྱད་དུ་གྱུར་པའི་ལྷ། །འཇིགས་བྱེད་འཇིགས་མཛད་ཧེ་རུ་ཀའི། །སྡང་མིག་ཉི་ཟླར་འབར་བས་བསྲེག །འགུགས་འཆིང་སྡོམ་མྱོས་ཕྱག་རྒྱ་བཞིས། །དྲག་པོ་ཨེ་ཡི་བཙོན་རར་འཛུད། །ལྕགས་སྡིག་ཁྲོ་བོའི་ཚྭ་ཚྭ་དང༌། །རྡོ་རྗེའི་མེ་ཆར་རྩུབ་མོ་ཡིས། །ཚོགས་བརྒྱད་འདུས་པའི་གདོན་གཟུགས་ཀྱི། །མགོ་བོ་བཀས་ཤིང་མིང་གཟུགས་བསྲེགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ། །སྲིད་གསུམ་འདི་ན་རང་རྒྱུད་ཅན། །ཀུན་ཀྱང་སྲོག་ལ་མི་གཅེས་མེད། །དེ་ཕྱིར་དྲག་ཤུལ་མངོན་སྤྱོད་ལ། །སྦྱོར་བའི་ཆད་ཐོ་དྲན་པར་གྱིས། །རཀྴ་སྲིན་པོའི་རྒྱལ་ཁབ་ནས། །སྡེ་བརྒྱད་འབྱུང་པོའི་ཚོགས་ལ་སྤྲིངས། །ས་མ་ཡ། ཨི་དན་ན་རཀྐནཿ གཏམ་ཚོགས་ལེའུ་ཉེར་བཞི་པའོ།། །།


previousགཏམ་ཚོགས་ལེའུ་ཉེར་བཞི་པ། སྡེ་བརྒྱད་ལ་སྤྲིང་པའི་གཏམ་གནོད་སྦྱིན་གྱི་རྣ་ཆ།next