Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཉེར་ལྔ་པ། ཕྱོགས་བཅུའི་གདོན་ཚོགས་ལ་སྤྲིང་པའི་གཏམ་ལྷ་མ་ཡིན་གྱི་གཙུན་ཏོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཉེར་ལྔ་པ། ཕྱོགས་བཅུའི་གདོན་ཚོགས་ལ་སྤྲིང་པའི་གཏམ་ལྷ་མ་ཡིན་གྱི་གཙུན་ཏོར།next

གཏམ་ཚོགས་ལེའུ་ཉེར་ལྔ་པ། ཕྱོགས་བཅུའི་གདོན་ཚོགས་ལ་སྤྲིང་པའི་གཏམ་ལྷ་མ་ཡིན་གྱི་གཙུན་ཏོར།


JLAZ007_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་གདོན་ཚོགས་ལ་སྤྲིང་པའི་གཏམ། ལྷ་མ་ཡིན་གྱི་གཙུན་ཏོར་ཞེས་བྱ་བ། དཔལ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ། །ཀ་དག་ངང་ལས་སྙིང་རྗེ་ཁྲོས་པའི་ཉམས། །ཁ་དོག་དམར་ནག་གར་དགུའི་ཕྱག་རྒྱ་ཆེ། །ག་ལ་བ་དེར་དམིགས་པའི་ལོག་འདྲེན་གཤེད། །ང་རྒྱལ་འཇོམས་བྱེད་རྡོ་རྗེ་སྲིན་པོའི་གཏམ། །ཅ་ཅོ་སྒྲོག་ཀྱང་བལྟར་མི་མངོན་པའི་གཟུགས། །ཆ་བྱད་མི་སྡུག་གནོད་སྦྱིན་གདུག་པ་ཅན། །ཇ་ཡི་མདངས་འཕྲོག་ཆང་གི་བཅུད་ལེན་ཞིང༌། །ཉྭ་བཞི་རེངས་པའི་གདུག་རྩུབ་ཅན་རྣམས་ཉོན། །ཏཱ་ལའི་ཞིང་མགོན་སྤྱན་རས་གཟིགས་དབང་དང༌། །ཐ་དད་མ་ཡིན་དྲག་དམར་རྟ་ཁྱུང་ཞལ། །ད་ལྟ་ལྷོ་ནུབ་སྲིན་པོའི་གཉའ་གནོན་ཡང༌། །ན་མ་རེ་བཞིན་བོད་ལ་དགོངས་པའི་ཕྱིར། །པ་སངས་ལྟ་བུའི་སེམས་ཀྱི་འགལ་ཟླ་ཡིས། །ཕ་རོལ་གནོན་པ་ཁྱོད་ལ་ཆེར་ཁྲོས་ནས། །བ་མོ་ཉི་མས་བཅོམ་པ་ཇི་བཞིན་དུ། །མཱ་ར་ཡ་ཡིས་མངོན་སྤྱོད་རྩུབ་མོས་བསྡིགས། །ཙ་ར་ལ་དགའ་གྲིབ་གདོན་སྨྱོ་བརྗེད་དང༌། །ཚ་གྲང་བདག་པོ་མེ་ཆུ་རླུང་ལྷའི་གདོན། །ཛ་དྲག་སྲིན་པོ་དྲི་ཟ་གྲུལ་བུམ་སོགས། །ཝ་དང་བྱ་ཁྱིའི་གཟུགས་ཅན་ཕྱོགས་བཅུའི་གདོན། །ཞ་རེང་ས་བདག་པོ་གཟའ་ཀླུས་བདག་གཉན། །ཟ་ཁ་གཏད་ཁྲམ་གཉེར་བྱེད་སྡེ་བརྒྱད་བྱད། །འ་འུར་གློ་བུར་ལྷགས་པའི་འདྲེ་རྒོད་རིགས། །ཡ་མཱནྟ་ཀའི་གྲོང་དུ་གནས་བྱས་


JLAZ007_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རྭ་ལྟར་རེངས་པའི་བསམ་སྦྱོར་རྩུབ་མོའི་ཚོགས། །ལ་ཀླུངས་ཉུལ་ཞིང་ཉེས་མེད་སེམས་ཅན་གྱི། །ཤ་ཁྲག་སྲོག་ལ་རྔམས་ཐའི་ནད་དལ་དང༌། །ས་ཞིང་ལོ་འབྲས་བཅུད་ལ་འཚེ་བ་སྤོངས། །ཧ་ལ་ལྟ་བུའི་བསམ་སྦྱོར་མི་གཏང་ན། །ཨ་ལ་ལ་ཞེས་བཞད་པ་བརྒྱད་ལྡན་སྤྲས། །མིང་གཟུགས་འདུས་པའི་ཕུང་པོ་རྡུལ་དུ་བརླག །བདེ་གཤེགས་སྙིང་པོའི་བདག་ཉིད་ང་ཡིན་པས། །གཟུང་འཛིན་ཚོགས་བརྒྱད་ལས་གྱུར་གདོན་ཁྱོད་ཀྱི། །རྣམ་པར་ཤེས་པ་ཆོས་ཉིད་ཀློང་དུ་བསྒྲལ། །རྒྱུད་དྲུག་རྩད་ནས་གཅོད་པར་གདོན་མི་ཟ། །སྣང་སྲིད་རྣམ་དག་པདྨ་འོད་གླིང་ནས། །དོན་དམ་བདེན་པ་རཀྴ་ཐོད་ཕྲེང་གིས། །མ་རིག་ལས་གྱུར་ཀུན་རྫོབ་གདོན་ལ་སྤྲིངས། །གཏམ་ཚོགས་ལེའུ་ཉེར་ལྔ་པའོ།། །།


previousགཏམ་ཚོགས་ལེའུ་ཉེར་ལྔ་པ། ཕྱོགས་བཅུའི་གདོན་ཚོགས་ལ་སྤྲིང་པའི་གཏམ་ལྷ་མ་ཡིན་གྱི་གཙུན་ཏོར།next