Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཉེར་དྲུག་པ། འབྱུང་པོའི་སྡེ་ལ་སྤྲིང་པའི་གཏམ་པདྨའི་ཞལ་ལུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཉེར་དྲུག་པ། འབྱུང་པོའི་སྡེ་ལ་སྤྲིང་པའི་གཏམ་པདྨའི་ཞལ་ལུང་།next

གཏམ་ཚོགས་ལེའུ་ཉེར་དྲུག་པ། འབྱུང་པོའི་སྡེ་ལ་སྤྲིང་པའི་གཏམ་པདྨའི་ཞལ་ལུང་།


JLAZ007_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོའི་སྡེ་ལ་སྤྲིང་པའི་གཏམ། པདྨའི་ཞལ་ལུང་ཞེས་བྱ་བ། རིག་པ་བདེ་གཤེགས་སྙིང་པོའི་ཁྱབ་བྱེད་ལ་ཁྱབ་བྱ་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་གཞན་དབང་ལས། འཁྲུལ་སྣང་རང་རྒྱུད་དུ། ཤར་བའི་སྡེ་བརྒྱད་འབྱུང་པོའི་ཚོགས་སྤྱི་དང༌། བྱེ་བྲག་སྟོན་པ་སངས་རྒྱས་ཀྱི་ཞལ་མ་མཐོང༌། སློབ་དཔོན་སངས་རྒྱས་གཉིས་པའི་དམ་འོག་ཏུ་མ་ཆུད། དཀར་ཕྱོགས་དགེ་བསྙེན་གྱི་བླང་འདས་མི་ཤེས་པའི་འབྱུང་པོ་གཏུམ་པོ་གཟུ་ལུམས་ཅན་གྱི་རིགས་དང༌། གློ་བུར་ལྷགས་པའི་རྒྱ་འདྲེ། འཚེ་བ་ཆོས་སུ་རློམ་པའི་ཀླ་ཀློའི་ཆོས་ལུགས་ལ་བག་ཆགས་བརྟས་པའི་རིགས་དང༌། ཤི་འདྲེ་གསོན་འདྲེ་འཁྱམས་པོ་དག་ལ་སྤྲིངས་པ།


JLAZ007_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་འབྲས་བག་ཆགས་འཁྲུལ་འཁོར་ངེས་པ་དང༌། མ་ངེས་པའི་ལམ་ཁམས་གསུམ་དང༌། རྒྱུད་དྲུག་ཏུ་འཁོར་བའི་སེམས་ཅན་ཐམས་ཅད་ཕན་ཚུན་ཕ་མ་གཉེན་བཤེས། བྱམས་སྡང་གིས་མ་འབྲེལ་བ་གཅིག་ཀྱང་མེད་ན། ཕ་མ་དང་ཉེ་དུ་ལ་ཕན་ལན་གནོད་པས་འཇལ་བ། སྟོན་པ་སངས་རྒྱས་ཀྱིས་སྐྱེས་བུ་ཆུང་འབྲིང་གཉིས་ཀ་ནས་བཀག །ཁྱད་པར་སྐྱེས་བུ་ཆེན་པོའི་ལམ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནས་སེམས་ཅན་ཐམས་ཅད་ཕ་མའི་རང་བཞིན་དུ་ཤེས་ནས་དགྲ་ཟུན་གྱི་ཕྱོགས་རིས་མི་འབྱེད་ཅིང༌། དེའི་ངོ་བོ་བྱང་ཆུབ་ཀྱི་སེམས་གཉིས་སྒོམ་པ་དང༌། བྱེ་བྲག་ཏུ་རྡོ་རྗེ་ཐེག་པའི་འདུལ་བ་ནི་སྣང་སྲིད་ལྷ་དང་ལྷ་མོར་བལྟ་བ་ཡིན་པས། རིག་འཛིན་བདག་ཅག་གིས་སྨོན་འཇུག་དམ་པའི་སྲུང་འཁོར་གྱིས་བསྲུངས་ཤིང་དད་གུས་ཀྱི་ཐུགས་ཡིད་འདྲེས་པ། ས་སྐྱོང་སྡེ་དགེ་མི་ནོར་ཡུལ་གཞི་ས་མངའ་རིས་རྫོང་སྡེ་དང་བཅས་པ་ལ་བསམ་ངན་སྦྱོར་རྩུབ། ཚེ་རྐུ་མདངས་འཕྲོག །ཟ་ཐང་དབང་ཐང་ལ་འཚེ་བ། ནད་དལ་རིམས་ཡམས། རི་རུད་ཤྭ་ལོག །འབྱུང་བ་སྒང་གཤོངས་ཀྱིས་སྣ་འདྲེན། སད་སེར་བཙའ་ཐན། ཀི་ཀང་གནམ་ཐོག །གཟའ་ཀླུའི་གདོང་ཐུག །ཁ་སྨྲས་འཁྲུག་རྩོད། སྲིའུ་སྲིས་རྐུན། འདྲེ་དམག་རྡོ་ཆར། སྲིད་སྡེར་ཁོན་གཅུགས། ཕན་ཚུན་གཡུལ་འགྱེད། ཕྱུགས་ལ་གོད་ཁ་སོགས་བསམ་ངན་བློ་བསྒྱུར་


JLAZ007_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིགས་སྤོངས་ལ་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱིས་ཤིག །མི་དགེ་བཅུའི་ལས་ལམ་ལ་འཛེམ་པ་དང༌། །ཁམས་བཅོ་བརྒྱད་ཀྱི་ཆོས་ལ་དྲན་པ་ཉེ་བར་ཞོག་ཅིག །འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གིས་བསྐྱེད་པའི་རྩ་བ་མ་རིག་པ་ལུགས་ལས་ལྡོག་པའི་ཆོས་ཉིད་རིག་པར་གྱིས་ལ། གཞན་གནོད་གཞི་དང་བཅས་པས་རང་ཉིད་འཁོར་བར་ལྟུང་ཞིང་ཐར་པའི་གོ་སྐབས་མེད་པ་ལ་བསམས་ནས། དཀར་པོ་རྣམ་པར་འཕེལ་བའི་ཕྱོགས་ལ་བརྩོན་པར་བྱ་ཞིང༌། སེམས་ཅན་ཐམས་ཅད་ཕ་མའི་རང་བཞིན་དུ་ཤེས་པར་གྱིས་ལ་གནོད་འཚེའི་བསམ་སྦྱོར་ངན་པ་སྤོངས་ཤིག །གལ་ཏེ་རྒྱལ་བའི་བཀའ་དང་བདེན་པའི་ལུང་ལ་མི་ཉན་ན། ཆོས་སྐུ་མཉམ་པ་ཆེན་པོའི་ངང་ནས་ལོངས་སྤྱོད་རྫོགས་པའི་སྐུ་རྟ་གདོང་འབར་བའི་སྐུར་བཞེངས་ནས། རྡོ་རྗེའི་མེ་ཆར་དྲག་པོས་མིང་བཞི་འདུས་པའི་ཕུང་པོ་བསྲེག་པར་གདོན་མི་ཟ་བས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ས་མ་ཡ་ཧོ། ཞེས་ལངྐ་མགྲིན་བཅུའི་རྒྱལ་ཁབ་ནས་སྤྲིངས། གཏམ་ཚོགས་ལེའུ་ཉེར་དྲུག་པའོ།། །།


previousགཏམ་ཚོགས་ལེའུ་ཉེར་དྲུག་པ། འབྱུང་པོའི་སྡེ་ལ་སྤྲིང་པའི་གཏམ་པདྨའི་ཞལ་ལུང་།next