Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཉེར་བརྒྱད་པ། གནས་བསྐོར་བ་ལ་སྤྲིང་བའི་གཏམ་ལྷག་བསམ་གྱི་ཆུན་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཉེར་བརྒྱད་པ། གནས་བསྐོར་བ་ལ་སྤྲིང་བའི་གཏམ་ལྷག་བསམ་གྱི་ཆུན་པོ།next

གཏམ་ཚོགས་ལེའུ་ཉེར་བརྒྱད་པ། གནས་བསྐོར་བ་ལ་སྤྲིང་བའི་གཏམ་ལྷག་བསམ་གྱི་ཆུན་པོ།


JLAZ007_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བསྐོར་བ་ལ་སྤྲིང་བའི་གཏམ། ལྷག་བསམ་གྱི་ཆུན་པོ་ཞེས་བྱ་བ། སྲིད་པའི་ཟུག་རྔུ་དྲུངས་འབྱིན་པའི། །མཆོག་གི་སྨན་པ་ཐམས་ཅད་མཁྱེན། །དེས་གསུངས་འགོག་ལ་མ་དམ་པའི་ཆོས། །རིག་གྲོལ་ཉིས་ལྡན་ཚོགས་ལ་འདུད། །ཁྱེད་ཁམས་སྒོམ་གནས་སྐོར་ལ་གདུང་བ་ཆེ། །ཡུལ་རྐྱེན་གྱིས་དགེ་སྦྱོར་བཅོམ་ཏ་རེ། །ལས་ངན་གྱི་རླུང་འཚུབས་ལངས་ནས་ཡོང༌། །གནས་མཐོང་བས་སངས་རྒྱས་ཐོབ་གྱུར་ན། །དུས་ད་ལྟ་རྒྱ་གར་རྡོ་རྗེ་གདན། །མུ་སྟེགས་དང་ཀླ་ཀློས་བཟུང་སྟེ་མཆི། །དེ་དག་ལ་མོས་པ་མེད་ཟེར་ན། །ཇོ་ཤཱཀ་རྣམ་གཉིས་ཀྱི་སྐུ་མདུན་ན། །གནས་བཤད་དང་རྟེན་བཤད་འདོན་པ་རྣམས། །ཡི་དྭགས་སུ་སྐྱེས་པ་མ་མཐོང་ངམ། །དེ་བསམ་པ་དང་སྦྱོར་བ་མ་མཐུན་པས་ལན། །གནས་ལ་སྙིང་ནས་དད་པ་དང༌། །ལྟད་མོའི་འདུ་ཤེས་ཀྱང་ནོར་ཉེན་ཆེ། །འབངས་ལ་ལོངས་སྤྱོད་བྱེད་རྣམས་ནི། །གནས་སྐོར་མ་ཡིན་སྡིག་སྐོར་ཡིན། །ཁྱད་པར་ཨ་ཁུ་ཁམས་པ་དང༌། སྒོམ་ཆེན་ས་མཐའ་འགྲིམ་པ་རྣམས། །ཤུལ་རིང་ལམ་དུ་ཞུགས་ཙ་ན། །རྐང་འོག་ཏུ་བསད་པས་མ་ཆོག་པར། །གྲོ་ཀའི་དོན་དུ་སེམས་ཅན་གསོད། །ཨར་ཇག་དང་གཡུལ་སྤྲོད་ཞེ་སྡང་འབར། བཟོད་པའི་གོ་ཆ་རླུང་ལ་བསྐུར། །རྐུ་འཕྲོག་དང་གཞོགས་སློང་མ་བྱིན་ལེན། །སྦྱིན་པའི་མི་མཐུན་ཕྱོགས་ལ་བསྙེན། །ལམ་གྲོགས་སྣ་ཚོགས་པས་སྲུང་སྡོམ་སྒྱེལ། །ཚུལ་


JLAZ007_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཐལ་བ་བཞིན་དུ་གཏོང༌། །ལུས་ཀྱི་ལས་གསུམ་པང་དུ་བླངས། །ཕྱག་དང་སྐོར་བའི་རྒྱུན་ལམ་གཅོད། །རྙེད་པ་འཚོལ་ཕྱིར་རྫུན་ཚིག་སྨྲ། །ཤོ་སྣ་སྔ་ཕྱིར་ཕྲ་མ་འཛུད། །ལམ་འཕྲང་ཡངས་དོག་ལ་ཚིག་རྩུབ་འཕེལ། །ཤུལ་རིང་གི་ངལ་དུབ་ངག་འཁྱལ་གྱིས་བསྒྲིབ། །ངག་གི་ལས་ལམ་བཞིར་བསྙེན་སྒྲུབ་བྱེད། །བཟླས་བརྗོད་དང་ཆོས་སྤྱོད་འབག་འབུག་ཆག །བརྩོན་འགྲུས་ལོག་ལམ་གྱི་ཕྱོགས་ལ་འཁྱོག །ལྷ་ཁང་དང་རྟེན་གསུམ་མཐོང་ཙ་ན། །ཕྲ་རྒྱན་དང་མཆོད་རྫས་ལ་བརྣབ་སེམས་དང༌། །དཀོན་གཉེར་གྱི་ཚིག་རྩུབ་ལ་གནོད་སེམས་འཕེལ། །བགྲོད་ལམ་གྱི་ཁ་ཆར་བུ་ཡུག་དང༌། །དགྲ་གྱོད་དང་ནད་གདོན་ཆོམ་རྐུན་སོགས། །ལས་ངན་གྱི་རླུང་འཚུབས་ལངས་ཙ་ན། །དཀོན་མཆོག་དང་ཆོས་སྐྱོང་ལ་ཡི་ཆད་དང༌། །ལོག་ལྟའི་གཡང་སར་གོམ་པ་འཇོག །ཡིད་ཀྱི་ལས་ལམ་རྣམ་པ་གསུམ། །ལ་སོགས་རྣམ་རྟོག་གི་ཆོམ་རྐུན་རྣམས། །བསམ་གཏན་དང་ཤེས་རབ་ཀྱི་འགལ་ཟླར་སླེབས། །དེ་ལྟར་ཕྱིན་དྲུག་སྨ་འབེབས་ཤིང༌། །མི་དགེའི་ལས་ལམ་རྣམ་པ་བཅུ། །བལྟར་མི་མངོན་པར་འདུ་བྱེད་པ། །སྡོམ་མིན་རྒྱུན་ལྡན་གྱི་རྒྱལ་བློན་དང༌། །ཁེ་འདོད་ཀྱི་ཚོང་པ་གཡོན་ཅན་དང༌། །ཁམས་པ་གནས་སྐོར་ལ་གདུང་བ་དང༌། །སྒོམ་ཆེན་སྒྲུབ་ཚུགས་མ་ཟིན་པ། །ཐམས་ཅད་ཀུན་གྱིས་འབུག་པ་ཡིན། །གཉན་ས་འགྲིམ་པ་སྐད་རྣམས་ཀྱང༌། །


JLAZ007_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོས་རང་རྒྱུད་མ་སྦྱངས་ཤིང༌། །བསྐྱེད་དང་རྫོགས་པའི་གཞུང་ལམ་ལ། །གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔའི། །དྲོད་རྟགས་ཀྱི་སྣེ་ཡང་མ་ཟིན་པར། །བཟའ་བཏུང་རྐང་གླིང་དང་ཌ་རུས་འཚོལ། །ཐོགས་བཅས་བདུད་ལ་སྐྲག་ཅིང་འདར། །ཐོགས་མེད་བདུད་ཀྱིས་ཀུན་ནས་དཀྲིས། །དགའ་བྲོད་བདུད་ལ་མངོན་པར་རློམ། །སྙེངས་བྱེད་བདུད་ལ་འཁུམས་བཞིན་དུ། །ཆང་དང་ལམ་ཟན་འཚོལ་བཞིན་པར། །ཤ་ཁྱེར་ཁྲག་ཁྱེད་ཟེར་བ་མཚར། །ཞི་གནས་ཀྱི་མྱོང་བ་མཐར་ཕྱིན་ནས། །ལྷག་མཐོང་ལ་ཉམས་སད་བྱེད་པ་དང༌། །རོ་སྙོམས་ཀྱི་འཕྲང་ལ་བ་ཤར་ནུས་པའི། །གཅོད་མཁན་དེང་སང་ཡོད་མི་འདྲ། །དུར་ཁྲོད་དུ་ཉལ་བས་སངས་རྒྱ་ན། །མི་ཚེར་རི་སྟོངས་སུ་ཉལ་བྱེད་པའི། །རྫི་བོ་རྣམས་འཇའ་ལུས་འགྲུབ་ལ་ཉེ། །དེ་ཀུན་གླེན་པའི་བརྟུལ་ཞུགས་ཡིན། །གདོན་བགེགས་རང་གི་སེམས་ལ་ཚང༌། །དུར་ཁྲོད་མལ་ས་ལས་གཉན་པ་མེད། །འཇིག་རྟེན་ཆོས་བརྒྱད་ཀྱི་རོ་ལངས་དང༌། །འདུ་འབྲལ་མེད་པ་མ་ཤེས་སམ། །འདི་ཉིད་ལ་གཅོད་ན་གཅོད་མཁན་ཡིན། །བརྟུལ་ཞུགས་གྲུབ་པའི་ནང་ན་མཆོག །དེ་བས་གནས་སྐོར་དང་ས་སྐོར་ལ། །རྒྱུ་མ་རྣམས་བག་ཡོད་ཀྱིས་དྲན་པ་བརྟན། །ཁྱ་པར་ཆོས་ལྡན་གྱི་གང་ཟག་དང༌། སྒོམ་ཆེན་གནས་སྐོར་ལ་འགྲོ་བའི་མཚམས། །བྱང་ཆུབ་སེམས་གཉིས་ལ་རང་དབང་ཐོབ། །རོ་སྙོམས་ཀྱི་སྐྱིད་སྡུག་ལ་འདམ་ག་བྲལ། །བཟོད་པའི་གོ་ཆས་ཡུལ་རྐྱེན་ཐུབ། །ཉིད་གཅིག་ལ་བརྡུངས་བཏགས་


JLAZ007_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བྱུང་ཡང༌། །འབྱུང་བཞི་ལ་དབྱུག་པས་བསྣུན་པ་ལྟར། །ཅི་མི་སྙམ་པའི་བརྟུལ་ཞུགས་ཀྱི། །སྤོབས་པ་གདེང་དུ་གྱུར་པའི་ཚེ། །ཡུལ་ཆེན་ཉི་ཤུ་རྩ་བཞི་སོགས། །བགྲོད་པར་སྔགས་ཀྱི་གཞུང་ནས་བཤད། །ཚོགས་ལམ་གྱི་སྣེ་ཡང་མ་ཟིན་ཅིང༌། །སྤྲེའུ་ལས་བཟོད་བསྲན་ཆུང་བ་ཡི། །དགེ་སློང་རྡོ་རྗེ་འཛིན་པ་དང༌། །སྨྱོ་སྤྱོད་ལ་གྲུབ་ཐོབ་ཏུ་རློམ་པ་ཡི། །ངོ་ཚའི་གདོང་པགས་རལ་བ་རྣམས། །གནས་སྐོར་གྱིས་ངན་སོང་སྒྲུབ་ཉེན་ཆེ། །བར་དོར་ཟུང་འཇུག་ཐོབ་ངེས་པའི། །ནག་པོ་སྤྱོད་པ་ལྟ་བུ་ཡང༌། །གནས་སྐོར་གྱིས་སྐུ་སྲོག་བསྐྱལ་གྱུར་ན། །ཕྱོགས་ལས་རྣམ་རྒྱལ་དང་ཁ་འགྱངས་པས། །ཁྱེད་ཅག་གི་རྒྱུད་ཚོད་རིག་སྟེ་མཆི། །ཟས་གོས་ཀྱི་ཞེན་པ་མ་ཆོད་པས། །ཁལ་མ་དང་ཚོང་ཟོག་ལམ་ཡིག་ལ་གདུང༌། །བརྟུལ་ཞུགས་ཀྱི་སྤྱོད་པས་གནས་ཉུལ་བ། །ཨོ་རྒྱན་པ་རང་བྱུང་དཔལ་སོགས་ཡིན། །དེ་དག་གིས་དེ་འདྲ་ཨེ་མཛད་ལྟོས། །བྱིས་པས་ཉེར་སྤྱོད་ཀྱི་བསམ་གཏན་ལ། །རླུང་རྐྱེན་དང་མངོན་ཤེས་གྱལ་གྱོལ་སོགས། །ལྷའི་བུ་བདུད་ཀྱི་འཕྲང་དམ་པས། །ཀུན་ཏུ་བཟང་པོའི་སྤྱོད་པ་ལྟར། །བག་ཡོད་བརྟེན་ན་མི་ལེགས་སམ། །དེ་ལ་དག་པ་ལྔ་ཡོད་དེ། །གནས་དག་དགོན་པ་བས་མཐའ་བཟུང༌། །ལོག་འཚོས་མ་གོས་འཚོ་བ་དག །གྲོགས་དག་ཚངས་པར་མཚུངས་སྤྱོད་ལྡན། །སྡོམ་པ་དག་པ་བྱང་སེམས་དང༌། །རིག་


JLAZ007_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཟུང་དུ་སྦྲེལ་བ་བསྲུང༌། །ཆོས་དག་སྦྱང་གཞི་སྦྱོང་བྱེད་ཀྱི། །གནད་དོན་གོ་བའི་བསྐྱེད་རིམ་དང༌། །ས་བཅུའི་སྤངས་རྟོགས་ལ་རེག་པའི། །རྫོགས་རིམ་ཟུང་དུ་འགྲེལ་འགྱུར་ན། །སངས་རྒྱས་རང་ལ་ཡོད་པའི་ཕྱིར། །བྱང་ཆུབ་མལ་གྱི་ནང་ནས་ཐོབ། །འདི་ལྟར་མི་ཤེས་རྨོངས་ཆེན་རྣམས། །འཁོར་བའི་རྒྱུ་འབྲས་མིང་གཟུགས་ལ། །ཆགས་ནས་གཟུང་འཛིན་ཡུལ་ལ་བགྲོད། །ཡུལ་ནི་གཟུགས་ཡིན་གནས་ཀྱང་དེ། །མིང་ནི་རྣམ་ཤེས་ལ་སོགས་བཞི། །གནས་ཀྱི་མིང་ཐོས་ཚོར་བ་སྟེ། །འགྲོ་བར་འདོད་པ་འདུ་ཤེས་དང༌། །རྒྱུ་འབྲས་སྣ་ཚོགས་འདུ་བྱེད་དེ། །རྣམ་ཤེས་ལས་སུ་མི་རུང་བའི། །བློ་ལྷག་གནས་སྐོར་བདུད་ཀྱི་ལས། །ཅིས་ཀྱང་སྡོད་དུ་མ་ཚུགས་ན། །གནས་ཆེན་གསུམ་དང་མཐའ་ཡང་འདུལ། །རུ་གནོན་གཙུག་ལག་ཁང་རྣམས་ལ། །ཕྱག་སྐོར་སྨོན་ལམ་རྒྱ་ཆེན་མཛོད། །ལམ་མ་ཞུགས་ཀྱི་སྐྱེ་བོ་ལའང༌། །བག་ཡོད་ཤུགས་ལ་བརྟེན་དགོས་པའི། །ཚོགས་གསོག་སྒྲིབ་སྦྱོང་འདི་ཉིད་ཟབ། །དགེ་བའི་ཆོས་རྣམས་སྡུད་པ་ལ། །ཡན་ལག་བདུན་དང་ཕར་ཕྱིན་དྲུག །ཆོས་སྤྱོད་བཅུ་སོགས་གསུངས་པ་ལས། །གཅན་གཟན་དང་ནི་ཆོམ་རྐུན་གྱི། །བརྟུལ་ཞུགས་བསྟན་པ་མེད་པའི་ཕྱིར། །ཕན་པའི་སེམས་ཀྱིས་སྨྲས་པ་ཡིན། །ཞེས་ཀཿསྒོམ་རྩྭ་མཆོག་གྲོང་ལ་འགྲོ་ཟེར་བ་ལ་གདམས་པ་རང་བྱུང་རྡོ་རྗེས་སོ། །གཏམ་ཚོགས་ལེའུ་ཉེར་བརྒྱད་པའོ།། །།


previousགཏམ་ཚོགས་ལེའུ་ཉེར་བརྒྱད་པ། གནས་བསྐོར་བ་ལ་སྤྲིང་བའི་གཏམ་ལྷག་བསམ་གྱི་ཆུན་པོ།next