Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་སོ་གཉིས་པ། བསམ་ཡས་གཙུག་ལག་ཁང་ལ་བརྟན་བཞུགས་གསོལ་བའི་གཏམ་འཕྲུལ་དགའི་རྣ་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་སོ་གཉིས་པ། བསམ་ཡས་གཙུག་ལག་ཁང་ལ་བརྟན་བཞུགས་གསོལ་བའི་གཏམ་འཕྲུལ་དགའི་རྣ་རྒྱན།next

གཏམ་ཚོགས་ལེའུ་སོ་གཉིས་པ། བསམ་ཡས་གཙུག་ལག་ཁང་ལ་བརྟན་བཞུགས་གསོལ་བའི་གཏམ་འཕྲུལ་དགའི་རྣ་རྒྱན།


JLAZ007_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་གཙུག་ལག་ཁང་ལ་དངུལ་དཀར་ཞུན་མ་ཐུར་སྲང་བརྒྱ་ཕྲག་ལྔ་དང་གསེར་རྡོ་ཚད་གཉིས་ལས་བསྐྲུན་པའི་མཆོད་སྡོང་ཕུལ་ནས་བརྟན་བཞུགས་གསོལ་བའི་གཏམ་འཕྲུལ་དགའི་རྣ་རྒྱན་ཅེས་བྱ་བ། གང་ཞིག་སྟོབས་བཅུ་མངའ་རྣམས་ཀྱི། །མཚན་གྱི་གདེངས་ཀ་རྣ་ལུང་དུ༌། །དཔྱངས་པའི་རིན་ཐང་མི་བསྐྱེད་ན། །བསྟི་སྟང་བསོད་ནམས་གང་གིས་བགྲང༌། །བསྐལ་བཟང་རྣམ་འདྲེན་ཡོངས་ཀྱི་ཐུགས་རྗེའི་རང་གཟུགས་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱི་སྟོང་ཉིད་སྙིང་རྗེ་ནོར་བུའི་ཏོག་རི་ཁ་བ་ཅན་གྱི་གཙུག་ཏོར་དུ་མངོན་པར་གསལ་བར་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་རྟེན་གསུམ་དག་གི་ཡེ་ཤེས་སེམས་དཔའི་རང་བཞིན་ནི། ཐོག་མ་མེད་པའི་དུས་ནས་མངོན་པར་བྱང་ཆུབ་ཀྱང་སྤྲུལ་པའི་སྐུ་སྒྱུ་མ་ལྟ་བུས་སེམས་ཅན་གྱི་ཁམས་རྒྱ་མཚོ་ལམ་བདེན་འདུས་བྱས་པ་ལ་བཀྲིས་ནས་འབྲས་བུའི་ངོ་བོ་ཉིད་དུ་མཛད་པའི་ཕྱིར། སློབ་པ་ལམ་གྱི་མངོན་པར་རྟོགས་པ་ལ་ཆེ་ཐང་དུ་མཛད་ནས་བསྡུ་བའི་དངོས་པོ་བཞི་དང༌། ཕྱིན་དྲུག་གི་ལང་ཚོ་དུས་ལས་ཡོལ་བ་མེད་པའི་ཚུལ་སྟོན་ཅིང༌། འདོད་པའི་བསོད་ནམས་དང༌། སོ་སོར་སྐྱེ་བའི་ཉོན་མོངས་པའི་མཐའ་གཉིས་ལས་བརྒལ། མངོན་པར་ཤེས་པ་དང༌། ཡེ་ཤེས་དང༌། རིག་པའི་བདག་ཉིད་དུ་མྱ་ངན་ལས་འདའ་བའི་མིག་དང་ཡེ་ཤེས་མངོན་དུ་བསྐྱེད་ནས་འཇིག་ཚོགས་ལ་བལྟ་བའི་རིའི་རྩེ་མོ་ནི་བཤིག །ཆོས་ཀྱི་མིག་རྡུལ་བྲལ་འཕགས་པའི་ལམ་ཡན་ལག་བརྒྱད་ལ་བརྟེན་གོམས་རྟག་ཏུ་མཛད་


JLAZ007_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྡོ་རྗེ་གདན་དོག་པོར་བྱེད་པའི་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ལས་གཞན་དུ་མི་འགྱུར་བས། ཕུང་པོ་ལྔའི་ཉེར་ལེན་དང༌། སྡུག་བསྔལ་བདེན་པའི་ཆོས་ཉིད་ཀྱིས་བརྗི་བ་མ་ཡིན་ཀྱང༌། གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་པའི་བདག་ཉིད་ཅན། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་གིས་གཞན་རྒྱུད་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འདུ་བར་མཛད་པའི་ཐབས་ལ་མཁས་པའི་ཕྲིན་ལས་དང་དུ་བཞེས་པ་ནི། རྒྱལ་དང་རྒྱལ་སྲས་དམ་པའི་ཆོས་ཉིད་ཡིན་ན། ཞིང་གི་མཆོག་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད་ལུས་ཅན་ཀུན་གྱི་མཐུན་སྣང་དུ་གྲུབ་པའི་སྐུ་མཆོག་མཐོང་ན་མི་མཐུན་པ་མེད་པ་གང་ཞིག་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པའི་འཇིག་རྟེན་དང༌། དགེ་སྦྱོང་བྲམ་ཟེ་དང་བཅས་པའི་སྐྱེ་དགུའི་མཆོད་སྡོང་གཅིག་ཏུ་ལྷམ་མེ། ལྷན་ནེ། ལྷང་ངེར་འཚོ་ཞིང་གཞེས་པའི་རྟེན་ཅིང་འབྲེལ་འབྱུང་གསར་བའི་སྒོ་ནི་འདི་ལྟ་སྟེ། རིགས་ལྔ་གང་ཆེན་མཚོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡེ་ཤེས་ཀྱི་རོལ་པ་ལས་སྤྲུལ་པས་འདུལ་བའི་གནས་འཛམ་བུའི་གླིང་འདིར་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཆེན་པོ་གསུམ་དུ་སྣང་བས་འགྲོ་བ་ལ་ཕན་པ་མཛད་པ་ནི་ཆོས་ཉིད་རྫོགས་པ་ཆེན་པོའི་བྱིན་རླབས་ལས་རང་བྱུང་བའི་རྡོ་རྗེ་རིན་པོ་ཆེ་སྐྱེས་བུ་རྣམས་ཀྱི་ཕྱག་གང་བ་དང༌། བསྟན་པ་བུ་གཅིག་བྱིན་རླབས་ལས་རང་བྱུང་བའི་གླེགས་བམ་སོར་བཞི་པ་ཆོས་ཀྱི་རང་སྒྲ་སྒྲོགས་པ་དང༌།


JLAZ007_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཆེན་གྱི་སྟོན་པ་བཅུ་གཉིས་པོའི་བྱིན་རླབས་ལས་རང་བྱུང་བའི་སྐུ་གཟུགས་ལུས་ཚད་དང་མཉམ་པ་སྟེ། གསུམ་ཀའང་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་སུས་ཀྱང་མ་བྱས་པར་རང་བྱུང་བས་གང་གིས་ཀྱང་མི་འཇིག་ཅིང༌། གནས་དུས་སོ་སོའི་སྐྱེས་བུའི་ལུས་ཚད་ཀྱི་ཆས་གཞལ་རུང་དུ་འཕེལ་འགྲིབ་བྱེད་པའི་རྫུ་འཕྲུལ་དང་ཡོན་ཏན་དཔག་ཏུ་མེད་པ་དེ་ཡང་སྐུ་དེ་གང་དང་འཕྲད་པས་ལུས་འོད་གསལ་དུ་གྲོལ་ཅིང༌། གསུང་རྟེན་གྱི་སྒྲ་ཐོས་པས་ངག་ལ་བྱིན་རླབས་འཇུག་པ། ཐུགས་རྟེན་གྱིས་ནད་ཞི་བ་ལ་སོགས་པའི་འདོད་པ་སྒྲུབ་ཅིང་ཐར་པ་ལ་སྦྱོར་བའི་ཕྲིན་ལས་ཅན། སྐུ་གསུང་ཐུགས་ཀྱི་བསྟན་པ་སོ་སོའི་དུས་སྐབས་དང་མཐུན་པར་གནས་འཕོ་བ་ལས། ད་ལྟ་ཐུགས་ཀྱི་བསྟན་པའི་དུས་རྡོ་རྗེ་ནི་རྡོ་རྗེ་གདན་གྱི་ནམ་མཁའ་དང༌། གླེགས་བམ་ནི་རབ་ཏུ་ཁྲོས་པ་དྲང་སྲོང་གི་ཕུག །སྐུ་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་གཞལ་མེད་ཁང་པ་ལས་ལག་ན་རྡོ་རྗེའི་ཁང་པ་བརྩེགས་པའི་ཡང་ཐོག་ན་གནས་པས་བསྟན་པའི་བཙས་བྱེད་ཅིང༌། ལྷ་དང་མིའི་འདུ་བ་ཁྱད་པར་ཅན་གྱི་མཆོད་པའི་ཞིང་དང༌། སྤྲུལ་གཞི་བྱེད་པའི་རྟེན་འབྲེལ་གྱི་ཆོས་ཉིད་ལས་རང་བྱུང་བ་དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་བར་ཁང་གཡུ་གཅལ་འབར་བར་རིན་པོ་ཆེ་དངུལ་དཀར་ཞུན་མ་ཐུར་སྲང་བརྒྱ་ཕྲག་ལྔ་དང༌། ས་སྙིང་ཞོ་འཁོར་བརྒྱའི་གྲངས་ཀྱི་གཉིས་འཐུང་དབང་པོས་ཁུར་དུ་


JLAZ007_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པ་ལ་ནོར་བུའི་བྱེ་བྲག་རྣམ་པ་སྣ་ཚོགས་ཀྱིས་ཀུན་ནས་ཀུན་ཏུ་ཡོངས་སུ་སྤུད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་རྫོགས་པའི་མཆོད་སྡོང་ཟབ་ཞི་སྤྲོས་བྲལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་རྟེན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན། དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་རིང་བསྲེལ་རྣམ་པ་བཞིའི་བརྟེན་པས་ཕྱུར་བུར་གཏམས་པ་གང་ཞིག །སྟོབས་བཅུའི་མངའ་བདག་རང་གི་རིགས་ལས་འཁྲུངས་པ་དང་བཅས་པ་རྣམས་ཞིང་ཁམས་གཞན་དུ་གཟིགས་པ་ཡོལ་ཏེ། རི་ཁ་བ་ཅན་ན་གནས་པའི་རྒྱལ་བའི་བསྟན་པ་དང་སེམས་ཅན་གྱི་ཉེར་འཚོ་ཁོ་ནར་མོས་པ་མ་བྱོན་གྱི་བར་དུ་ལྷག་པར་གནས་པའི་དམ་བཅའི་རི་མོ་འདོད་པའི་ལྷ་སྡེ་དང་བཅས་པས་ཀྱང་བསུབ་ཏུ་མེད་པའི་རྟེན་ཅིང་འབྲེལ་འབྱུང་ཆེན་པོ་རྡོ་རྗེའི་ཆོས་བདུན་གྱི་རྣམ་པར་འཕྲུལ་པ་ཅན་དུ། ལྷམ་མེ། ལྷན་ནེར་བཞུགས་སུ་གསོལ་བའི་གོ་སྐབས་ཡངས་པར། དེང་ཕན་ཆད་མཆོད་པ་སྣ་ལྔ་ཁྲི་ཚར་གཅིག་དང༌། ཚོགས་ཀྱི་འཁོར་ལོ་དེ་སྙེད་ཀྱིས་ཐོག་དྲངས་པའི་བྱས་དང་བྱེད་འགྱུར་གྱི་དགེ་བའི་རྩ་བ་དང་བཅས་པ་གཅིག་ཏུ་བསྡོམས་ཏེ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་ཞིང་དབུལ་བའི་ལྷག་བསམ་རྣམ་དག་གིས་ཐོག་དྲངས། སྒྲིབ་པ་ལྔ་དང༌། དགེ་རྩ་ཟད་པའི་རྒྱུ་བཞི་ལ་སོགས་ཀྱི་ཁ་ན་མ་ཐོ་བ་དང་མཛའ་བ་མ་ཡིན་པས། ཐབས་ཀྱི་


JLAZ007_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཆེ་བ་རིག་པ་འཛིན་པའི་སྡེ་སྣོད་ལ་དྲན་པ་ཉེ་བར་བཞག་ནས་དངོས་སྟ་ཉིན་གཉིས་པའི་ལྷག་གནས་ཆོ་གར་ལྡན་པ་ཉིན་ཞག་བདུན་གྱི་སྲིད་དུ་ཡེ་ཤེས་སེམས་དཔའ་དགུག་གཞུག་བཅིང་བ་བཅས་པའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པས་སྣང་གྲག་རིག་པ་རྒྱལ་བ་འོད་མཚན་སྟོང་དུ་འབར་བའི་སྐུའི་དེ་ཁོ་ན་ཉིད་དང༌། དབྱངས་ཀྱི་དེ་ཁོ་ན་ཉིད་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་གཅིག་ཏུ་བསམ་གཏན་པས་ཉེ་བར་བསྙེན་ཅིང་བསྒྲུབས་པའི་གཏོར་བླུགས་ཀྱི་ཆུ་རྒྱུན་རྗེས་འབྲང་རིག་པའི་དབང་ལྔ་དང༌། མཆོག་ཏུ་གསང་བ་ཆེན་པོའི་བྱང་ཆུབ་སེམས་ཀྱི་བདུད་རྩི། རྡོ་རྗེའི་དམ་ཚིག་ཆེན་པོ་གསུམ་པའི་དབང་རིན་པོ་ཆེ་རྣམ་བཅས་རྣམ་མེད་ཀྱི་དཔེའི་ཡེ་ཤེས་བཞི་ཚན་བཞིའི་ཕྱི་ལོགས་པ་སྲིད་པ་ངོ་བོ་ཉིད་ཀྱི་རྣམ་པར་དག་པ་དེ་ཁོ་ན་ཉིད་ཀྱི་དབང་དང་བཅས་པའི་མཆོད་པའི་སྤྲིན་ཆེན་པོའི་ཁྱད་པར་ཡང༌། དད་པ་དང༌། འདུན་པ་དང༌། སྨོན་ལམ་དང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ་ཅན། རྟེན་ཅིང་འབྲེལ་འབྱུང་གི་དངོས་པོའི་ཆོས་ཉིད་དུ་འབུལ་བ་དངོས་གཞིའི་ཆོ་གར་བྱས་ནས། ཇི་ལྟར་མངའ་གསོལ་བ་དང༌། ཇི་ལྟར་བཞུགས་སུ་གསོལ་བ་བཏབ་པའི་དོན་གང་ཡིན་པ་ལུས་ཅན་རྣམས་ལ་རྗེས་སུ་བརྩེ་བས་རང་གིར་མཛད་དུ་ཟིན་ན། བསོད་ནམས་མ་ཡིན་པས་གློ་བུར་དུ་བོས་པའི་བྱིན་ཟ་ལ་


JLAZ007_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་འབྱུང་བཞིའི་བྱེད་ལས་གཏུམ་པོའང་སྟོབས་བཅུའི་མངའ་བདག་རྣམས་ཀྱི་རང་དབང་དུ་གྱུར་པ་ཡིན་པས་མི་འཇིགས་པ་བཞིའི་ཕྲིན་ལས་ལ་སྙེལ་བ་སྤངས་པའི་བརྟུལ་ཞུགས་ཆེན་པོས་གཟུགས་ཀྱི་སྐུ་མཐོང་ན་མི་མཐུན་པ་མེད་ཅིང༌། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། གང་ཞིག་རྡོ་རྗེའི་ཆོས་བདུན་གྱི་རང་བཞིན་ལས་གཞན་དུ་མ་གྱུར་པར་རྟག་པ་རྒྱུན་གྱི་འཁོར་ལོར་བརྟན་ནས། ལས་དང་ཉོན་མོངས་པ་ཁོ་ནའི་གཞན་དབང་དུ་གྱུར་ནས་གྲོང་ཁྱེར་ཆེན་པོ་བཞིའི་མུ་ཁྱུད་ལ་ཕྲུ་མ་བཏབ་པ་ལྟ་བུར་བཅགས་ཤིང་འཐས་པའི་འཇིག་རྟེན་གྱི་རྒུད་པ་མཐའ་དག་དྲུངས་ནས་ཕྱུང་སྟེ། རང་བཞིན་དུ་འབྱོར་པ་རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། དེ་དག་ཀྱང་འགྱེད་པ་དང་རྩོད་པ་མེད་པ། ནད་ཡམས་དང་མུ་གེ་མེད་པ། ཁོན་འཛིན་དང་ཕྲག་དོག་མེད་པ། རང་དབང་གི་དཔལ་གྱིས་ངོམས་པས་རྫོགས་ལྡན་གྱི་བསྐལ་པ་ལ་སྤྱོད་པའི་སྐབས་དབྱེ་བར་གསོལ་བ་འདེབས་ན་དེ་དེ་བཞིན་དུ་འགྲུབ་པར་མཛད་དུ་གསོལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། སེམས་ཅན་རྣམས་ལ་དེ་འབྱུང་ཤོག །གཏམ་ཚོགས་ལེའུ་སོ་གཉིས་པའོ།། །།


previousགཏམ་ཚོགས་ལེའུ་སོ་གཉིས་པ། བསམ་ཡས་གཙུག་ལག་ཁང་ལ་བརྟན་བཞུགས་གསོལ་བའི་གཏམ་འཕྲུལ་དགའི་རྣ་རྒྱན།next