Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་སོ་གསུམ་པ། གུ་རུ་མཚོ་སྐྱེས་རྡོ་རྗེ་དང་ཞབས་རྗེས་རིན་པོ་ཆེའི་གཏམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་སོ་གསུམ་པ། གུ་རུ་མཚོ་སྐྱེས་རྡོ་རྗེ་དང་ཞབས་རྗེས་རིན་པོ་ཆེའི་གཏམ།next

གཏམ་ཚོགས་ལེའུ་སོ་གསུམ་པ། གུ་རུ་མཚོ་སྐྱེས་རྡོ་རྗེ་དང་ཞབས་རྗེས་རིན་པོ་ཆེའི་གཏམ།


JLAZ007_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་མཚོ་སྐྱེས་རྡོ་རྗེ་དང་ཞབས་རྗེས་རིན་པོ་ཆེའི་གཏམ། ཐུབ་བསྟན་སྡེ་སྣོད་ཤིང་རྟ་ཞི་བ་འཚོ། །རྒྱལ་ཀུན་བརྟུལ་ཞུགས་གྲུབ་པ་པདྨ་འབྱུང༌། །བསྟན་གཉིས་མགྲོན་པོར་འབོད་པ་ཁྲི་སྲོང་རྗེ། །ལོ་པཎ་མཁས་གྲུབ་རྣམས་ལ་ཕྱག་འཚལ་ལོ། །དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ན་གྲགས་པའི་བ་དན་གྱི་མངོན་པར་མཐོ་བ་གུ་རུ་མཚོ་སྐྱེས་རྡོ་རྗེར་གྲགས་པའི་སྐུ་ཚབ་རིན་པོ་ཆེ་འདི་ཉིད་ཀྱི་ལོ་རྒྱུས་ནི། ལྷོ་རྒྱལ་འཛམ་བུའི་གླིང་ལ་ཡུལ་གླིང་ཆེན་པོ་ལྔ་ཡོད་པའི་ལྷོ་ཕྱོགས་རྒྱ་གར་ལ་གླིང་དགུ་ཡོད་དེ། ཤར་ན་བྷ་ལའི་གླིང༌། ལྷོ་ན་བྷེ་ཏའི་གླིང༌། ནུབ་ན་ཨོ་རྒྱན་གླིང༌། བྱང་ན་ཁ་ཆེའི་གླིང༌། ཤར་ལྷོ་ན་ཁང་བུའི་གླིང༌། ལྷོ་ནུབ་ན་ཟངས་གླིང༌། ནུབ་བྱང་ན་རླུང་གླིང༌། བྱང་ཤར་ན་ཀཱ་མ་རཱུ་པའི་གླིང༌། དབུས་ན་རྡོ་རྗེ་གདན་རྣམས་ལས་ནུབ་ཕྱོགས་ཨོ་རྒྱན་དྷཱུ་མ་ཐཱ་ལའམ། འཕུར་འགྲོའི་རྒྱལ་ཁམས་ལ་དབང་བྱེད་པའི་རྒྱལ་པོ་ཨིནྡྲ་བྷོ་དྷི་ལ་སྲས་མེད་ནས་རྒྱལ་བུ་འབྱུང་བའི་སླད་དུ་དཀོར་མཛོད་ཐམས་ཅད་སྦྱིན་པར་བཏང༌། དེའི་བདེན་པས་རྒྱ་མཚོར་བགྲོད་པའི་རྟོག་པ་སྐྱེས་ནས་གཟིངས་ཀྱི་ཡོ་བྱད་རྔོ་ཐོགས་པར་བྱས། བློན་པོ་ཏྲིག་ན་འཛིན་དང་ལྷན་ཅིག་སོང་བ་ལས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་སྔོན་བསུས་ནས། བུ་སྐལ་གྱི་མཆོག་ཏུ་སངས་རྒྱས་སྣང་བ་མཐའ་ཡས་མངོན་སུམ་པ་གུ་རུ་མཚོ་སྐྱེས་རྡོ་རྗེ་པདྨའི་གེ་སར་ལ་བྱོན་པ་སྙེད་ནས་ཕོ་བྲང་དུ་སྤྱན་དྲངས་ཏེ་རྒྱལ་ཐབས་ལ་བཞག རྒྱལ་པོ་ཙནྡྲ་ཀུ་མ་ཤིའི་བུ་མོ་འོད་འཆང་མ་དང་


JLAZ007_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་དགའ་མགུར་སྤྱོད་པ་ལས། རྡོ་རྗེ་སེམས་དཔའི་ལུང་གིས་རྒྱལ་སྲིད་ལ་སྙིང་པོ་མེད་པར་བསྐུལ་བས་ངེས་འབྱུང་ཆེན་པོ་སྐྱེས་ཏེ་འདོད་པའི་ཡོན་ཏན་ལ་སྤྲོ་བ་ལྷོད་པོར་སོང༌། རྒྱུ་དེས་སྤྱོད་པ་བརླང་པོའི་ཟོལ་གྱིས་རྒྱལ་ཁྲིམས་བཤིག་པས་བློན་པོའི་ཚོགས་ཀྱིས་ཡུལ་གྲུ་ཐ་དད་པར་སྤྱུག་པར་བགྲོས་པའི་ཚེ། ཨིནྡྲ་བོ་དྷི་མྱ་ངན་ཆེན་པོས་ནོན་ཀྱང་མི་སྤྱུག་པའི་རང་དབང་མེད་ནས་ཡིད་བཞིན་གྱི་ནོར་བུ་དབུལ་ཕོངས་སེལ་བའི་སླད་དུ་བསྐུར། དེའི་ཚེ་སྲས་ཀྱི་ཞལ་ནས། ཡབ་ཀྱི་ནོར་བུས་བདག་ལ་ཅི་ཞིག་བྱཿ འདི་ལ་ནོར་བུའི་ཟླ་བོ་མཛོད་ཅིག་གསུངས༔ ལྗགས་ཀྱི་མཆིལ་མ་རྒྱལ་པོའི་ཕྱག་ཏུ་བསྐུར༔ དེ་ཉིད་ཡིད་བཞིན་ནོར་བུ་བསམ་འཕེལ་གྱུརཿ ཅེས་སོ། །དེ་བཞིན་དུ། བཙུན་མོ་འོད་འཆང་མ་ནི་ཕྱི་ལ་འབྲེངསཿ དྲི་མེད་དྲི་བྲལ་ཁྱོད་ནི་གར་བཞུད་པཿ བདག་ཀྱང་ཁྱེད་དང་ལྷན་ཅིག་འགྲོ་བར་བགྱི༔ ཞེས་སྨྲེ་སྔགས་ཕྱུང་པས། རྒྱལ་ཆེན་སྡེ་བཞིས་ཕུལ་བའི་ལྷ་ཀླུ་མི་གསུམ་གྱི་ནོར་བུ་རིན་པོ་ཆེ་འདུས་པའི་ཕུང་པོ་ལ་ལྗགས་ཆབ་བྲན་པས་སྐུ་ཚབ་རིན་པོ་ཆེ་འདི་ཉིད་རང་བྱུང་དུ་བྱོན་པ་འོད་འཆང་མའི་དད་རྟེན་དུ་སྩལ་ནས་ཕོ་བྲང་ཐོར་ཅོག་དགུ་ལྡན་གྱི་རྟེན་གཙོར་བཞུགས། རེ་ཞིག་ནས་མཁའ་འགྲོ་མ་བྱེ་བ་ཕྲག་བརྒྱས་ཨཽ་ཌི་ཡ་ན་སྤྲིན་ནག་འདུ་བའི་དུར་ཁྲོད་དུ་སྤྱན་དྲངས་ནས་བསྟི་སྟང་དང༌། ཚོགས་ཀྱི་འཁོར་ལོའི་རྟེན་བྱེད་པ་ལས། རྗེ་བཙུན་འཇམ་དཔལ་


JLAZ007_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱི་རྣམ་འཕྲུལ་ཆོས་སྐྱོང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ལུགས་གསུམ་མི་འགྱུར་བའི་རྡོ་རྗེ་གདན་དཔལ་བསམ་ཡས་ཆོས་འཁོར་ཆེན་པོ་བཞེང་བར་རྩོམ་པ་ན། དམར་པོ་རི་ལ་ཐང་ལྷས་ཐོག་ཕབ། ཤམ་པོས་ཕོ་བྲང་འཕང་ཐང་ཆུ་ལ་བསྐུར། ལྷ་སྲིན་རྣམས་ཀྱིས་མི་ངས་དང་རྩུབ་འགྱུར་ཆེན་པོ་བཏང་བས་བོད་རྨོངས་པ་རྣམས་འདི་ཆོས་བྱས་པས་ལན་ཟེར། གཙུག་ལག་ཁང་ཡང་བརྩིག་ཏུ་མ་སྟེར་བ་ལ། གནོད་སྦྱིན་མ་རུངས་པའི་གཉེན་པོར་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་སྤྱན་དྲངས་པ་ལས། འབྱོན་ལམ་ནས་རིམ་པར་ལྷ་སྲིན་དམ་ལ་བཞག །མང་ཡུལ་གྱི་རི་བོ་དཔལ་འབར་ཕན་ཚུན་བརྗེས། ཁ་རག་གི་རིའི་དཀྱིལ་བཤགས། བསམ་ཡས་ཀྱི་ནེའུ་ཐང་དང་ནགས་ཚལ་ཕན་ཚུན་སྤོས། གསེག་མ་ནེའུ་གསེང་དུ་འགྱུར། ཕུ་ཆུའི་རྒྱུན་ཆེན་པོ་བཏོན། ལྷ་སྲིན་གདུག་པ་ཅན་འདའ་བར་མི་ནུས་པའི་དམ་འོག་ཏུ་བཞག །གཙུག་ལག་ཁང་གེགས་མེད་དུ་འབྱོངས། རབ་གནས་དང་མངའ་གསོལ་མཛད། གངས་རིའི་ཁྲོད་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉི་ཟླ་ལྟར་གསལ་བའི་བདག་རྐྱེན་གཅིག་ཏུ་གྱུར་པས། ཕྱིས་ཨ་ཏི་ཤས་དཀོར་མཛོད་གླིང་གི་རྒྱ་དཔེ་གཟིགས་པ་ན། སྔོན་ཆད་བོད་དུ་བསྟན་པ་དར་བ་ཙམ་རྒྱ་གར་དུའང་མ་བྱུང༌། ཐེག་པ་ཆེན་པོའི་སྡེ་སྣོད་ལ་ཁོ་བོ་


JLAZ007_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཁས་པ་མེད་སྙམ་སྟེ། རྒྱ་གར་ན་མ་གྲགས་པའི་དམ་ཆོས་བོད་དུ་སྣང་བས་སློབ་དཔོན་པདྨས་མཁའ་འགྲོའི་གསང་མཛོད་ནས་བླངས་པ་ཡིན་མཆི། ཐེག་པ་ཆེན་པོའི་གསང་སྔགས་འདི་ལ་མཐའ་ཡོད་ཡོད་མི་འདྲ་གསུང་ནས་ཐུགས་རྒྱལ་ཆག །བོད་ཀྱི་ཆོས་རྒྱལ་རྣམས་ལ་རྗེས་སུ་ཡི་རང་བ་ཕུལ། དེ་ལ་སློབ་དཔོན་ཆེན་པོ་བདུད་བློན་སོགས་མ་དག་པའི་སྣང་ངོར་རིང་པོར་མ་ཐོགས་པར་གཤེགས་པའི་ཚུལ་བསྟན་ཡང༌། དོན་གྱི་ཡུན་རིང་པོའི་བར་དུ་བྲག་ཕུག་ཆེན་པོ་བརྒྱད་དང༌། གངས་ཆེན་བཞི་ལ་སོགས་དབེན་པའི་གནས་མང་པོར་བཞུགས་ནས་སྒྲུབ་གནས་རྟེན་གསུམ་མང་པོ་བྱིན་གྱིས་བརླབས། གཏེར་ཁ་གྲངས་མེད་སྦས། བུམ་ཐང་དང་བྲག་ལོ་ཕྲང་སོགས་ལྷོ་མོན་ཕྱོགས་ལ་སྐུ་རྗེས་བརྒྱད་དང་བརྒྱད། ཕྱོགས་བཞིའི་བྲག་ལ་ཞབས་རྗེས། མཚོ་ཆེན་བཞི་ལ་ཕྱག་རྗེས་སོགས་རྫུ་འཕྲུལ་གྱི་བཀོད་པ་བགྲངས་པ་ལས་འདས་པ་བསྟན། མཐར་ལྷོ་ནུབ་སྲིན་ཡུལ་དུ་གཤེགས་ཁར་ཁྲ་འབྲུག་བྱམས་པ་མི་འགྱུར་གྱི་གཙུག་ལག་ཁང་དུ་ལྷ་སྲས་མུ་ཏིག་བཙན་པོ་དང༌། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། བཙུན་མོ་དང་ཚུལ་མ་ལ་སོགས་པར་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེ་ནས་སྨིན་ཅིང་གྲོལ་བར་མཛད་པའི་ཚེ་དེ་དག་གིས་གསོལ་བ། ཉིད་ལྷོ་ནུབ་སྲིན་ཡུལ་དུ་གཤེགས་པ་ནི་བདག་ཅག་རྣམས་ཀྱིས་བཤོལ་དུ་མ་སྤོབས། ད་ནི་བདག་ཅག་


JLAZ007_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་མ་འོངས་པའི་དད་ལྡན་རྣམས་ལ་རྗེས་སུ་དགོངས་ནས་གུ་རུ་ཉིད་དང་དབྱེར་མ་མཆིས་པའི་སྐུ་ཚབ་ཀྱི་རྟེན་ཅིག་དགོས་ཞེས་ཞུས་པས། སྤྲིན་ནག་འདུ་བའི་དུར་ཁྲོད་ལ་སྡིགས་མཛུབ་གཏད་ནས་ཛ་ཧཱུྃ་ཧཱུྃ་གསུངས་པས་ལྷ་ལྕམ་མནྡཱ་ར་བ་མངོན་སུམ་དུ་བྱོན་ནས་སྐུ་ཚབ་རིན་པོ་ཆེ་འདི་ཉིད་ཕྱག་ཏུ་ཕུལ་བའི་ཚེ། ཉོན་ཅིག་ལྷ་མོའི་གཟུགས་ཅན་ཡིད་འོང་མ། ང་དང་མ་ཕྲད་མ་འོངས་སེམས་ཅན་རྣམས། མ་རིག་མུན་པའི་སྒྲོན་མེ་སྐུ་འདྲས་བྱེདཿ དེ་ལ་འདུན་ཞིང་མོས་གུས་སུས་བྱེད་པཿ འདོད་པ་ཀུན་ཚོགས་རིན་ཆེན་ཕུང་པོ་འདྲཿ ཞེས་སོགས་གསུངས་ནས་ཁྲ་འབྲུག་གི་ཁྱམས་སུ་སློབ་དཔོན་ང་འདྲ་མ་བཞེངས། ལྷ་སྲས་ལ་ཐུགས་ཤིན་ཏུ་བརྩེ་བས་རང་བྱུང་གི་སྤྲུལ་པའི་སྐུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རིན་ཐང་གི་དཔེ་བྱ་བར་མི་བཟོད་པའི་སྐུ་ཚབ་རིན་པོ་ཆེ་འདི་ཉིད་སྩལ། སླར་ལྷ་སྲས་ཉིད་ལ་ཡུམ་གྱིས་ཟས་ངན་སྦྱར་བའི་ཚེ་སྟེང་ཁང་སྙིང་མཛོད་སྨུག་པོར་སྦས་པ་སྤྲུལ་པའི་སྐུ་ཉང་ཉི་མ་འོད་ཟེར་གྱིས་གསང་གཏེར་དུ་སྤྱན་དྲངས། སྔོན་གྱི་སྨོན་ལམ་གྱི་དབང་ལས་མངའ་བདག་རྩེ་ལྡེའི་གདུང་རབས་རྣམས་ཀྱིས་རྟེན་སྐལ་དུ་ཐོབ་པ་ནས་བཟུང་རྒྱལ་བརྒྱུད་རིམ་པའི་འབྲལ་སྤང་རྟེན་དུ་བཞུགས་པ་དེ་ཆོས་རྗེ་དཀར་པོ་བ་སྣ་ཚོགས་རང་གྲོལ་གྱི་དུས་བསམ་ཡས་གཙུག་ལག་ཁང་གི་ཞབས་ཏོག་དང༌། ཞིག་གསོའི་བསྟི་སྟང་མ་ཐོབ་ལ་མངའ་རིས་གུང་ཐང་རྒྱལ་པོ་རྗེས་སུ་ཡི་རང་བ་ཐོབ་ནས། གནས་


JLAZ007_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གཉིས་ཡ་མི་བྲལ་བའི་ཐུགས་བསྐྱེད་རླབས་པོ་ཆེས་མངའ་རིས་ཁྱུང་རྫོང་དཀར་པོར་བཀའ་བརྒྱད་ཀྱི་དབང་ཡོན་དུ་ཕུལ། བཞུགས་ཁང་པདྨ་སྤུངས་པ་འདི་ཉིད་སྤྲུལ་པའི་བཟོ་བོའི་རྣམ་རིག་གིས་བསྐྲུན་པའི་ངོ་མཚར་གྱི་བྱེད་པ་དང་མཐུན་པའི་རྐྱེན་ལས། གནས་ཡུལ་འདིར་གུ་རུ་མཚོ་སྐྱེས་རྡོ་རྗེ་ཞེས་གྲགས་ལ། དེའང་རྣམ་པ་ཙམ་དུ་འབྱོན་བཞུད་ཀྱི་རྟེན་འབྲེལ་དལ་འགྲོའི་ཆབ་རྒྱུན་གྱིས་བྱེད་པ་ལྟར་སྣང་ཡང༌། ལས་ཅན་ལ་དལ་འགྲོའི་ཆབ་རྒྱུན་ཉུང་ཟད་ཙམ་གྱིས་གདན་འདྲོངས་པར་སླ་ཞིང༌། ཞལ་ཕྱོགས་ཀྱང་དེ་ཉིད་དུ་སྟོན་པ་ཞག་གྲངས་མང་པོར་བཞུགས་སུ་རུང་བ་མངོན་སུམ་ལ། སྡིག་ཏོ་ཅན་ལ་དེ་ལས་ལྡོག་པའི་མངོན་སུམ་ཚད་མས་བཟོ་གནས་སྤྲུལ་པའི་སྐུའི་དགེ་མཚན་གཏན་ལ་ཕེབས་པ་ཉིད་ཀྱང༌། སོ་སོའི་སྐྱེ་བོའི་རྣམ་རིག་གིས་བཟོ་རྩེད་ཀྱི་རྣམ་འཕྲུལ་དཔགས་པར་སེམས་པའི་གཟུ་ལུམས་ཅན་སྣེའུ་གདོང་པ་སོགས་ཀྱིས་བལ་པོའི་བཟོ་བོ་གསུམ་བཞུགས་ཁང་གི་འདྲ་ཅོག་ལེན་པར་མངགས་པ་ན། བུམ་ལྡིར་གྱི་གཟེར་གསུམ་བཀྲལ་མ་ཐག་སྣ་ཁྲག་གཟགས་ཏེ་འཇིག་རྟེན་ཕ་རོལ་ཏུ་སོང་བ་ནི་འདིའི་སྲུང་མ་ཁྱབ་འཇུག་རོག་ཏིའི་མཐུར་ངེས་པས་ཤིན་ཏུ་གཉན་པའང་ཡིན་ལ། དེ་ལྟ་བུའི་སྐུ་ཚབ་རིན་པོ་ཆེ་དང་འབྲེལ་མཚུངས་སུ་བཞུགས་པའི་ཞབས་རྗེས་རིན་པོ་ཆེ་འདི་ཉིད་ནི། སློབ་དཔོན་ཆེན་པོ་ཉིད་སྐུ་དངོས་ཀྱིས་བོད་འབངས་འདུལ་བའི་རྟེན་འབྲེལ་རྫོགས་


JLAZ007_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རྒྱལ་སྲས་མུ་ཏིག་བཙན་པོས་དབུ་མཛད་པའི་སྣ་བོ་ཆེ་ཐམས་ཅད་གུང་ཐང་ལ་ཁར་གཤེགས་སྐྱེལ་ལ་བྱོན་པའི་ཚེ། ལྷ་སྲས་ཉིད་ཀྱི་བཀའ་ཆེམས་ལས། བདག་གི་ཡབ་ཅིག་ཁྲི་སྲོང་ལྡེའུ་བཙན་དེ༔ སྲོང་བཙན་སྒམ་པོ་ལྟ་བུར་མ་གྱུར་པས༔ རྒྱལ་པོའི་དབང་ཕྱེད་བློན་པོའི་ལག་ཏུ་ཤོར༔ གོ་མ་ཆོད་ཀྱིས་ནོར་བ་བག་རེ་བྱུང་༔ ཐལ་ཟིན་ལྡོག་ཏུ་མེད་པའི་འགྱོད་པས་སླེབ༔ ད་ནི་གུ་རུ་གཤེགས་པའི་དུས་ཀྱང་བྱུང་༔ ཞེས་པ་ལ་སོགས་པའི་སྨྲེ་སྔགས་དང༌། སྤྱན་ཆབ་མང་པོ་ཟགས་ཤིང༌། ཕྱག་ལས་འཇུས་ནས་ཕྱག་སེན་ཞོག་ཅིག་ཞུས། །ཞབས་ལ་འཇུས་ནས་ཞབས་སེན་ཞོག་ཅིག་ཞུས། ཞེས་ཧ་ཅང་གདུང་བའི་ཚོར་བ་དྲག་པོ་ཉམས་སུ་མྱོང་བས་རྣམ་པར་ཤེས་པའི་ཚོགས་ཀྱང་རང་གི་མཚན་ཉིད་མི་འཛིན་པའི་ངང་དུ་བརྒྱལ་བ་ན། སློབ་དཔོན་ཆེན་པོས་ལྗགས་ཀྱི་མཆིལ་མ་གཏོར་ཏེ་དབང་པོ་ཡུལ་ལ་སད་པར་མཛད་པའི་མོད། གོར་མོའི་རྡོ་ལ་ཞབས་རྗེས་ཟུང་ཅིག་ལྷམ་མེར་བཞག་པ་ལས། ཅིག་ཤོས་དམར་པོ་རིར་ལོ་ཀི་ཤཱ་རའི་མདུན་ན་བཞུགས་ཤིང༌། ཤེས་རབ་ཞབས་ཀྱི་ཆ་འདིར་མིག་གི་དགའ་སྟོན་དུ་མངོན་སུམ་པ་ལ་དད་གུས་ཆེན་པོ་བསྐྱེད་པར་མཛད་ནས་ལུས་ལོངས་སྤྱོད་དགེ་བའི་ས་བོན་དང་བཅས་པའི་མཆོད་སྤྲིན་དངོས་སུ་ཅི་འབྱོར་དང༌། ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་པས་སྣ་དྲངས་ཏེ་ཡན་ལག་བདུན་པའི་ཚིག དོན་ལ་དྲན་པ་ཉེ་བར་གཞག་ནས་རང་རང་གི་


JLAZ007_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་དགེ་བའི་ས་བོན་ཆེན་པོ་འདུ་བྱེད་ཅིང༌། སེམས་ཅན་གཞན་གྱི་དོན་དུ་སྨོན་ལམ་རྒྱ་ཆེན་པོ་མཛད་པར་ཞུ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །སོགས་དང༌། ཕན་བདེ་འབྱུང་བའི་གནས་གཅིག་པུ། །སོགས་བརྗོད་པར་བྱའོ། །ཞེས་པའང་གཏམ་རྒྱུས་འདོད་རྒྱལ་བས་རྙོག་པ་ལུང་རིག་གཏན་ཚིགས་གསུམ་གྱིས་ལེགས་པར་བསལ་ཞིང༌། ངོ་མཚར་གྱི་གསལ་སྣང་གླེང་དུ་ཡོད་པའང་བསྣན་ནས་སངས་རྒྱས་གཉིས་པ་དེ་ཉིད་ཀྱི་བྱིན་རླབས་སྙིང་ལ་ཞུགས་པའི་རྗེས་འཇུག་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སྒྲ་བསྒྱུར་རྒྱ་གར་གླིང་དུ་ཡུད་ཙམ་ལ་སྨྲས་པའོ། །གཏམ་ཚོགས་ལེའུ་སོ་གསུམ་པའོ།། །།


previousགཏམ་ཚོགས་ལེའུ་སོ་གསུམ་པ། གུ་རུ་མཚོ་སྐྱེས་རྡོ་རྗེ་དང་ཞབས་རྗེས་རིན་པོ་ཆེའི་གཏམ།next