Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་སོ་བཞི་པ། གཞུ་སྟོད་གཏེར་སྒྲོམ་གྱི་གཏམ་མཁའ་འགྲོའི་གླུ་གར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་སོ་བཞི་པ། གཞུ་སྟོད་གཏེར་སྒྲོམ་གྱི་གཏམ་མཁའ་འགྲོའི་གླུ་གར།next

གཏམ་ཚོགས་ལེའུ་སོ་བཞི་པ། གཞུ་སྟོད་གཏེར་སྒྲོམ་གྱི་གཏམ་མཁའ་འགྲོའི་གླུ་གར།


JLAZ007_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་སྟོད་གཏེར་སྒྲོམ་གྱི་གཏམ་མཁའ་འགྲོའི་གླུ་གར་ཞེས་བྱ་བ། རང་བཞིན་རྣམ་པར་དག་པ་ཆོས་ཀྱི་དབྱིངས། །ཁ་སྦྱོར་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས། །མཛད་པ་བཅུ་གཉིས་སྟོན་པ་མཆོག་སྤྲུལ་ཡིན། །དེ་ལས་སྐྱེ་དང་བཟོ་དང་རང་བྱོན་དང༌། །གྲུ་གཟིངས་ཟམ་པ་རྡོས་བཅས་སྤྲུལ་པ་སྟེ། །འཛམ་བུའི་གླིང་འདིར་མཁའ་འགྲོ་འདུ་ངེས་པའི། །ཉེར་བཞིའི་ཡུལ་དང་གནས་ཆེན་སོ་གཉིས་སོགས། །གངས་བྲག་མཚོ་གླིང་ལྗོན་ཤིང་རྣམ་པ་ཅན། །རྡོས་བཅས་གཟུགས་ཀྱིས་ཡེ་ཤེས་བརྟེན་པ་ལས། །སངས་རྒྱས་གཉིས་པ་པདྨས་བྱིན་བརླབས་ཤིང༌། །མཁའ་འགྲོའི་གཙོ་མོ་ཡེ་ཤེས་འཚོ་རྒྱལ་ལ། །མན་ངག་མཁའ་འགྲོའི་སྙིང་ཏིག་


JLAZ007_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་བའི་གནས། །གཞུ་སྟོད་གཏེར་སྒྲོམ་མཁའ་འགྲོའི་ཚོགས་ཁང་ནི། །ཕྱི་ལྟར་བྲག་རི་རྡོ་རྗེ་གནམ་སློང་དབྱིབས། །དངུལ་དཀར་མདངས་ཅན་རང་བྱོན་བསམ་མི་ཁྱབ། །ནང་ལྟར་ཡུལ་ཆེན་ཉེར་བཞིའི་བཀོད་པ་ཚང༌། །དཔའ་བོ་མཁའ་འགྲོའི་འདུ་བ་རྒྱུན་མི་འཆད། །ཆུ་བུར་མིག་གིས་སྤྱོད་ཡུལ་མ་ཡིན་ཡང༌། །ཀུན་བརྟགས་བྲག་རིའི་ཁང་བཟངས་ཡངས་པའི་ནང༌། །དག་པ་རབ་འབྱམས་གཞན་དབང་གཞལ་མེད་ཁང༌། །ཡོངས་གྲུབ་དཔའ་བོ་མཁའ་འགྲོའི་ཕྱག་རྒྱས་མཛེས། །དེ་དག་རྣམས་ཀྱིས་རྡོ་རྗེའི་གླུ་གར་ནི། །རང་སྣང་དག་པའི་རྩལ་ལ་འདི་ལྟར་ཤར། །ཨེ་མ་ཧོ། གང་ཟག་གིས་བློ་དང་གཏེར་སྒྲོམ་གྱི་བྲག །རང་རྒྱུད་ཅན་དུ་མཚུངས་དེ་སྲིད། །དད་པས་ཕྱག་དང་བསྐོར་བ་གྱིས། །ཚོགས་དག་མེ་མཆོད་ཀྱིས་ཐུགས་དམ་བསྐངས། །གསོལ་བ་བཏབ་ན་བྱིན་རླབས་འབྱུང༌། །དབང་བཞི་བླངས་ན་ཉམས་རྟོགས་སྐྱེ། །སྒྲུབ་པ་བྱས་ན་དངོས་གྲུབ་ཐོབ། །མ་མོ་དང་ཞིང་སྐྱོང་གནས་ངེས་པའི། །དུར་ཁྲོད་དུ་ཕུང་པོ་ཚོགས་སུ་ཕུལ། །བྱ་རྒོད་རྣམས་མཁའ་འགྲོའི་སྤྲུལ་པ་ཡིན། །ཚོགས་དཔོན་དུ་དུར་བྱ་ཀང་ཀའང་འབྱོན། །པདྨའི་བྱིན་རླབས་དང་རྫུ་འཕྲུལ་གྱི། །རྡོ་རྗེས་བདུད་སྡེའི་སྙིང་ཕུག་ཅིང༌། །རྣམ་པར་སྤྲུལ་པའི་ཆུ་ཚན་ལ། །ཁྲུས་ཚོག་བྱས་ན་སྡིག་སྒྲིབ་འདག །འདུ་བ་རྣམ་བཞིའི་ནད་རྣམས་བྱང༌། །དེ་ཀུན་རྫོབ་བདེན་པ་


JLAZ007_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་མེད་ཡིན། །ད་དོན་དམ་བདེན་པ་བཤད་ཀྱིས་ཉོན། །ཕྱི་རོལ་ས་རྡོ་རི་བྲག་དང༌། །ཆུ་ཀླུང་ནགས་ཚལ་གནས་དང་ལྗོངས། །འགྲོ་བ་རིགས་དྲུག་དགྲ་དང་གཉེན། །ཕར་བལྟས་ཡུལ་དུ་སྣང་བ་ཀུན། །མིང་དང་གཟུགས་ཀྱི་ཕུང་པོ་ཡིན། །དེ་བཞིན་རྣ་བས་སྒྲ་ཐོས་ཤིང༌། །སྣ་ཡིས་དྲི་མྱོང་ལྕེ་ཡིས་རོ། །ལུས་ཀྱིས་རེག་བྱ་ལ་སོགས་པ། །དབང་ཤེས་ཡུལ་དང་ཡུལ་ཅན་གཉིས། །འདུས་ཏེ་རེག་པའི་རྐྱེན་དག་ལས། །དགའ་སྡུག་ཆགས་སྡང་བར་མ་ཡི། །ཚོར་བའི་ཕུང་པོ་སྐྱེ་བ་འདི། །སྒོམ་ཆེན་རྣམས་ཀྱིས་མཁྱེན་པར་མཛོད། །དེ་ལ་བརྟག་དཔྱད་བསམ་གཞིགས་དང༌། །སྤོང་ལེན་དགག་བསྒྲུབ་བློ་སྐྱེས་ལ། །འདུ་ཤེས་ཕུང་པོ་ཞེས་སུ་གྲགས། །དེ་ལ་དགེ་དང་མི་དགེ་ཡི། །ལས་ལམ་བག་ཆགས་འདུ་བྱེད་པས། །འདུ་བྱེད་ཕུང་པོ་ཞེས་སུ་གྲགས། །དེ་དག་ཀུན་གྱི་བདག་པོ་ནི། །རྣམ་པར་ཤེས་པ་ཉིད་ཡིན་པས། །རྣམ་ཤེས་ལས་འདས་ཡེ་ཤེས་ཀྱི། །མཉམ་གཞག་ཕུང་པོ་ལྔ་བྲལ་འདི། །ལྟ་བ་ཡིན་པ་མཁྱེན་པར་མཛོད། །དེ་ཉིད་ངང་དུ་ཚོགས་དྲུག་གི །རང་མདངས་མི་འགག་རྟོག་དཔྱོད་བྲལ། །སྤྱན་དང་མངོན་པར་ཤེས་པའི་རྒྱུ། །ཡང་དག་དྲན་པ་ཉེར་གཞག་ནི། །རྣམ་བྱང་སྐྱེ་བ་འཕགས་པའི་ལམ། །སྒོམ་པ་ཡིན་པ་མཁྱེན་པར་མཛོད། །མཉམ་གཞག་རྗེས་ཐོབ་གང་ལ་ཡང༌། །


JLAZ007_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའི་ཞེན་པས་མ་བཅིངས་པར། །བླང་དོར་མེད་པའི་རྒྱས་ཐེབས་ན། །ཚུལ་འཆོས་བྲལ་བའི་སྤྱོད་པ་ཡིན། །ཁྱད་པར་རྡོ་རྗེ་ཐེག་པའི་དོན། །དབང་བཞིའི་ལམ་དང་མ་འབྲེལ་ན། །མཐོང་ལམ་སྐྱེ་བ་མི་སྲིད་པས། །བདེན་པ་གཟིགས་པའི་བླ་མ་ཡིས། །མོས་གུས་ལྡན་པའི་སློབ་མ་དེ། །སྨིན་པའི་མཚན་ཉིད་འདི་ཡིན་ནོ། །དང་པོ་བུམ་པའི་དབང་བསྐུར་གྱིས། །རྣམ་ཤེས་རྡོ་རྗེ་མི་བསྐྱོད་པར། །སྨིན་ན་སེམས་རིག་ལ་ཤན་ཕྱེད། །གཉིས་པ་དབུ་རྒྱན་དབང་བསྐུར་གྱིས། །ཚོར་བ་རིན་ཆེན་འབྱུང་ལྡན་དུ། །སྨིན་ན་སྲེད་ལེན་རིག་པ་སྦྱོང༌། །གསུམ་པ་རྡོ་རྗེའི་དབང་བསྐུར་གྱིས། །འདུ་ཤེས་སྣང་བ་མཐའ་ཡས་སུ། །སྨིན་ན་ཀུན་འབྱུང་མ་རིག་གཅོད། །བཞི་པ་དྲིལ་བུའི་དབངབསྐུར་གྱིས། །འདུ་བྱེད་དོན་ཡོད་གྲུབ་པ་རུ། །སྨིན་ན་སྐྱེ་དང་སྲིད་པ་དག །ལྔ་པ་རྡོ་རྗེ་མིང་དབང་གིས། །མིང་གཟུགས་རྣམ་པར་སྣང་མཛད་དུ། །སྨིན་ན་རྒ་ཤིའི་འཁྲུལ་འཁོར་འཇོམས། །དེ་ལྟར་རིག་པའི་དབང་བསྐུར་ལྔ། །བསྐུར་ནས་ཐོབ་པར་གྱུར་པའི་ཚེ། །ཕུང་པོ་ལྔ་བྲལ་ཉམ་བཞག་དེ། །རྒྱུད་ལ་སྐྱེ་བར་མཁྱེན་པར་མཛོད། །དེ་བཞིན་ཁམས་ལྔ་ཡུམ་ལྔར་དག །སྐྱེ་མཆེད་སེམས་དཔའ་སེམས་མར་སྦྱོང་། །ཚངས་པའི་གནས་པ་བཞི་པོ་ནི། །ལས་དབང་ཁྲོ་བོ་ཁྲོ་མོར་སྨིན། །འདི་ལྟར་


JLAZ007_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གདན་གསུམ་ཚང་བའི་ལྷ། །ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས། །ཀུན་ལ་ཡོངས་གྲུབ་ཆེན་པོ་རུ། །གནས་པ་རྡོ་རྗེའི་སློབ་དཔོན་གྱི། །བདག་པོའི་རྐྱེན་ཇོ་བོས། བོད་ན་སློབ་མ་སྣོད་ལྡན་རེ་ཙམ་འདུག་སྟེ། དབང་བསྐུར་ནུས་པའི་བླ་མ་མི་འདུག་གསུང་བ་དེ་དོན་འདིར་དགོངས། གྱིས་སད་དགོས་པས། །ངེས་པར་མཐོང་ལས་ཐོབ་པ་ཡི། །བླ་མ་བསྙེན་ཅིག་རིགས་ཀྱི་བུ། །དེ་ལས་མཆོག་དབང་གོང་མ་ནི། །ཤེས་སྒྲིབ་སྦྱོང་ཐབས་གཙོར་བྱེད་པས། །ཐབས་ལས་ཐབས་གྱུར་ཕོ་ཉའི་ལམ། །རྒྱལ་བ་རྡོ་རྗེ་འཆང་གིས་ཀྱང༌། །གསང་སྔགས་ཕྱི་པ་མན་ཆད་དུ། །སྦས་ཏེ་མངོན་དུ་མ་གསུངས་ན། །འདིར་ནི་བརྗོད་པའི་གནས་ཅི་ཞིག །ཁྱོད་ལ་མཁའ་འགྲོ་སྡེ་ལྔ་ཡི། །གཙོ་མོས་རྣམ་ཐར་སུམ་ལྡན་གྱི། །དཀྱིལ་འཁོར་ཟབ་མོར་ལྐོག་གྱུར་དུ། །དབང་བསྐུར་ཚེ་ན་གཟུང་འཛིན་གྱི། །མགོ་བོ་བཅད་དེ་རྦབ་ལ་སྒྲིལ། །མཁའ་འགྲོའི་བརྡ་ཡིག་དངོས་སུ་ཐོབ། །མངོན་སུམ་ཉིད་དུ་ས་གཡོས་དེ། །བྱང་ཆུབ་སེམས་དཔའ་ས་ནས་སར། །འཕར་པའི་མངོན་རྟོགས་ཡིན་སྲིད་ཀྱང༌། །འཇིག་རྟེན་རྨོངས་པས་ག་ལ་རིག །གཞུ་སྟོད་གཏེར་སྒྲོམ་ཕོ་བྲང་དུ། །དཔའ་བོ་དང་ནི་མཁའ་འགྲོའི་ཚོགས། །མེ་ཚོགས་སྟོང་རྩས་མཉེས་བྱས་པའི། །གདབ་ལན་རྡོ་རྗེའི་གླུ་གར་འདི། །རང་ལས་བྱུང་ཞིང་རང་ལ་ཤར། །སྣང་བ་དཔེ་ཆར་ཤར་བའི་གཏམ། །རྒྱལ་


JLAZ007_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་པདྨའི་བུ་བརྒྱུད་ཀྱི། །ཁྱད་ཆོས་ཡིན་ནོ་ཨེ་མ་ཧོ། །དད་ལྡན་གྱི་སློབ་བུ་དགེ་དོན་འཇིགས་མེད་འབངས་ཀྱི་ངོར་དགོངས་བརྒྱུད་ལས་ཡི་གེར་སྤེལ་ཞིང༌། རིགས་ཀྱི་བུ་རྒྱལ་སྲས་ཉིན་བྱེད་འོད་ཟེར་རིག་འཛིན་མཐུ་སྟོབས་གྲུབ་པའི་སྡེའི་ཆོས་སྐལ་དུ་རིག་འཛིན་འཇིགས་མེད་གླིང་པས་སོ། །གཏམ་ཚོགས་ལེའུ་སོ་བཞི་པའོ།། །།


previousགཏམ་ཚོགས་ལེའུ་སོ་བཞི་པ། གཞུ་སྟོད་གཏེར་སྒྲོམ་གྱི་གཏམ་མཁའ་འགྲོའི་གླུ་གར།next