Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་སོ་ལྔ་པ། དབུ་རུ་ཞྭ་ལྷ་ཁང་གི་གཏམ་ཆོས་འབྱུང་གི་མེ་ཏོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་སོ་ལྔ་པ། དབུ་རུ་ཞྭ་ལྷ་ཁང་གི་གཏམ་ཆོས་འབྱུང་གི་མེ་ཏོགnext

གཏམ་ཚོགས་ལེའུ་སོ་ལྔ་པ། དབུ་རུ་ཞྭ་ལྷ་ཁང་གི་གཏམ་ཆོས་འབྱུང་གི་མེ་ཏོག


JLAZ007_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་རུ་ཞྭ་ལྷ་ཁང་གི་གཏམ་ཆོས་འབྱུང་གི་མེ་ཏོག་ཅེས་བྱ་བ། བསམ་གྱིས་མི་ཁྱབ་རྒྱལ་བའི་ཕྲིན་ལས་ཏེ། །སེམས་ཅན་ཁམས་ཀྱང་དེ་དང་མཚུངས་པར་ལྡན། །དེ་སྙེད་གདུལ་ལ་གཞན་དྲིན་མི་འཇོག་པ། །ཀུན་མཁྱེན་རྒྱལ་དང་དེ་སྲས་རྣམས་ལ་འདུད། །དེ་ལ་དབུ་རུ་ཞྭ་ལྷ་ཁང་གི་ལོ་རྒྱུས་ཅུང་ཟད་བརྗོད་ན། སྤྱིར་ཀུན་གཞིའི་ཁམས་ལ་རྟེན་འབྲེལ་བཅུ་གཉིས་སུ་ཤར་བ་ནི་སེམ་ཅན་གྱི་ལས་སྣང༌། དེ་ཉིད་གདུལ་ཕྱིར་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཞིང་ཁམས་བཀོད་པ་ལས་སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱའི་ནང་ཚན་རང་ཅག་གནས་པའི་ལྷོ་གླིང་འདིའི་ཡུལ་དབུས་མ་ག་དྷཱ་རྡོ་རྗེའི་གདན་གྱི་བྱང་ཕྱོགས། རི་ཁ་བ་ཅན་ལ་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རི་བཞི། སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པ་ལས། གཙང་ལ་གཡས་རུ་དང་རུ་ལག །དབུས་ལ་གཡོ་རུ་དང་དབུས་རུ་གཉིས་ལས་མཐའ་འདུལ་གྱི་གཙུག་ལག་ཀ་ཚལ་དང་ཧ་ཅང་མི་རིང་བ་དབུར་སྟོད་ཞྭ་ལྷ་ཁང་ཞེས་བྱ་བ་


JLAZ007_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཤིང༌། མཁན་སློབ་ཆོས་གསུམ་གདན་འཛོམ་ནས་རྒྱལ་བའི་བསྟན་པའི་རིན་པོ་ཆེ་ལ་བསྟི་སྟང་བླ་ལྷག་ཏུ་མཛད་པའི་སྐབས་ཤིག་ན་ཆོས་རྒྱལ་ཉིད་ཀྱི་བླའི་མཆོད་གནས་སུ་གྱུར་པ་ཉང་ཏིང་འཛིན་བཟང་པོ་ཞེས་བྱ་བ། ཞི་གནས་ཀྱི་ཏིང་འཛིན་ལོ་བདུན་དུ་མི་འཆོར་ཞིང༌། ཤའི་སྤྱན་གྱིས་གླིང་བཞི་དུས་གཅིག་ཏུ་གཟིགས་པ་དེས་བཙན་པོ་ལ་ལུང་བསྟན་ནས་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་རྒྱ་གར་ནས་སྤྱན་དྲངས། བཙན་པོ་ཡིད་ཆེས་པའི་ཕྱིར་དབུ་ཚལ་སྟེང་ཁང་གི་ལྡེར་ཚོ་ལ་ཕྱག་མཛད་པས་ཐལ་ཕུང་དུ་སོང༌། ཐེ་ཚོམ་སྐྱེས་པ་ན་སླར་ཐལ་ཕུང་ལས་རྣམ་སྣང་རང་བྱོན་དུ་གྲུབ་པའི་རྫུ་འཕྲུལ་དང༌། ནམ་མཁའ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྤྲུལ་ནས་རྒྱལ་བློན་རྣམས་ལ་མངོན་སུམ་དུ་བསྟན། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལ་སོགས་གསང་སྔགས་ཕྱི་ནང་དང༌། སོ་སོ་ཐར་པའི་རྒྱ་ཆེར་འགྲེལ་པ་ལ་སོགས་མཚན་ཉིད་ཀྱི་ཆོས་ཀྱང་མང་དུ་བསྒྱུར་ཞིང་བཤད། ཁྱད་པར་དུ་མཚན་མོ་དབུ་རྩེའི་བར་ཁང་དུ་བཙན་པོ་ཡབ་སྲས་དང་ཉང་བན། སྐ་ཅོག་སྟེ་ལྔ་ལ་གསང་བ་སྙིང་ཐིག་རྒྱུད་ལུང་མན་ངག་ལྐོག་ཆོས་སུ་གསུངས། ཟབ་པ་པོད་བཞི་མཆིམས་ཕུ་བྲག་དམར་དུ་གཏེར་དུ་སྦས། རྒྱ་ནག་རི་བོ་རྩེ་ལྔ་ན་ད་ལྟའི་བར་དུ་


JLAZ007_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཏེ་ལོ་བརྒྱ་བརྒྱ་ན་བོད་དུ་སྤྲུལ་པ་རེ་འབྱོན། དེ་ལྟར་བི་མ་ལའི་དངོས་སློབ་ཉང་ཏིང་འཛིན་བཟང་པོས་རྡོ་རྗེ་ལེགས་པ་བྲན་དུ་བཀོལ་ནས། གཙུག་ལག་ཁང་བཞེང་པར་རྩོམ་པ་ན། རྡོར་ལེགས་ཀྱིས་མདོ་ཁམས་སུ་སེར་བ་ཕམ་སྟེ་འབྲུ་རྔ་བོང་གི་རྒྱབ་ཁལ་ལྔ་བརྒྱ་ལོངས་པ་དྲངས། འཛམ་བུའི་གླིང་གི་དངོས་གྲུབ་བཅུད་ཐམས་ཅད་བསྡུས་པའི་དངོས་གྲུབ་ལོངས་ཤིག་ཟེར་བ་ན། ཉང་བ་ན་ཆེན་པོས་རྫུ་འཕྲུལ་གྱི་ཞྭ་མོ་ནམ་མཁའ་ལ་གཟེད་པས་རྡོར་ལེགས་ཀྱིས་ལན་གསུམ་བཀང་ཡང་མ་ཁེངས་པས་ཡུལ་འདིའི་ལོངས་སྤྱོད་ཀྱི་རྟེན་འབྲེལ་ལ་ཅུང་ཟད་གཞར་ཟེར། སྣོད་ཀྱི་མིང་ལས་ཞྭ་ལྷ་ཁང་དུ་གྲགས་ཀྱང༌། དོན་ལ་དེ་བཞིན་གཤེགས་པ་ཉིད་ཀྱིས་གླང་རི་ལུང་བསྟན་ལས། བྱང་ཕྱོགས་སུ་ཡུལ་ཤེ་སྣ་ཞྭ་ཞེས་བྱ་བ་ནས་ས་འོག་ནས་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱུང་ནས་ཡུལ་གྱིས་མཚམས་བསྲུང་བར་བྱེད་དོ། །ཞེས་ལུང་བསྟན་པ་ལྟར། ཡུལ་འདིའི་ཉེ་ལོགས་ཤེ་སྣ་ཞེས་པ་ནས་ཉང་བན་ཉིད་ཀྱིས་ཐུབ་དབང་བྱང་ཆུབ་ཤིང་དྲུང་མ་གཏེར་ནས་བཞེས་པ་སྟེང་ཁང་གི་ནང་རྟེན་དུ་བཞུགས། ས་མཚམས་བསྲུང་བ་ཞེས་པ་ནི་དབུར་སྟོད་འདི་དབུས་གཙང་རུ་བཞིའི་ཟད་མཐའ་ལ་ཉེ་བ་ཡིན་པས་སོ། །དེ་ལ་བརྟེན་པའི་ལྷ་ཚོགས་ཇི་ལྟར་བཞུགས་པ་ནི། གཙང་ཁང་དབུ་མར་རྟེན་གཙོ་རྣམ་པར་སྣང་མཛད། ཉེ་


JLAZ007_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྲས་བརྒྱད། རྒྱ་སྐད་དུ་ཀི་ཀང་སྟེ་སྒོ་སྲུང་ཁྲོ་བོ་གཉིས། གཙང་ཁང་ལྷོར་སློབ་དཔོན་ཆེན་པོ། གཡས་གཡོན་དུ་པཎ་ཆེན་བི་མ་ལ་དང༌། ཉང་ཏིང་འཛིན་བཟང་པོ། ཆོས་རྒྱལ་ཁྲི་སྲོང༌། བེ་རོ་ཙ་ན། གཙང་ཁང་བྱང་དུ་རྟེན་གཙོ་ཐུབ་དབང་ཆོས་འཆད་མ། བྱམས་མགོན་འཇམ་དབྱངས། ཚངས་པ་དང༌། བརྒྱ་བྱིན། ཁྱད་པར་ཡུལ་ཕྱོགས་འདི་མལ་གྲོ་གཟི་ཅན་གྱི་དབང་དུ་བྱས་ཤིང༌། བོད་ཁམས་སྤྱི་ལ་གནོད་གདུག་ཆེ་བས། དེའི་ཁ་གནོན་དུ་གཟི་ཅན་གནས་པའི་མཚོ་གཉན་གྱི་སྟེང་དུ། ཕྲ་མེན་མཆོད་རྟེན་དྲག་ཤུལ་མངོན་སྤྱོད་ཀྱི་བཅའ་ག་ཅན་ཤིན་ཏུ་བཀའ་གཉན་པ་བཞེངས། ཆོས་སྐྱོང་མ་གཟའ་རྡོར་གསུམ་དངོས་སུ་བཞུགས་ཀྱང་ཆུ་བུར་གྱི་མིག་ཅན་ལ་ལྡེར་སོ་ཙམ་ལས་མི་མངོན་པའི་མགོན་ཁང་ཤིན་ཏུ་གཉན་པ་དང། ཕྱི་རོལ་ལྷོ་ཕྱོགས་སུ་ས་རྡོ་ལས་བང་སོའི་རྣམ་པ་ཅན་འདིར་རྫུ་འཕྲུལ་གྱི་ཞྭ་དེ་ཉིད་བཞུགས་པས། བསྐོར་བ་བྱས་པ་དག་ལའང་སྟེང་གདོན་གྱིས་གནོད་པ་མི་འབྱུང་བའི་བྱིན་རླབས་ཅན་རྣམས་གནས་རྙིང་དངོས་བསྟན་ཡིན་ལ། དེ་ལྟ་བུའི་བདག་པོའི་རྐྱེན་དུ་གྱུར་པ་ཉང་ཏིང་འཛིན་བཟང་པོ་དེ་ཉིད་ཀྱིས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་དང༌། བོད་འབངས་བདེ་བའི་ཐབས་མཛད་དེ་ལྷ་ས་བྲག་ལྷའི་ཕུག་ཏུ་འཇའ་ལུས་སུ་གཤེགས། ཕྱིས་བྱུང་ཐོག་ཤིན་ཏུ་སྔ་པ་ལ། མགོན་ཁང་སྟེང་ན་ནང་རྟེན་ཁྱད་པར་ཅན། ཐུབ་དབང་ལི་


JLAZ007_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དམར། ཉང་བན། འཇིགས་བྱེད། མགོན་པོ་ཕྱག་དྲུག་པ། ཚེ་དཔག་མེད། མི་གཡོ་བ། རྟ་མགྲིན་ལྕགས་རལ། ཁྱད་པར་རྒྱལ་བ་ཀློང་ཆེན་པའི་ཐུགས་དམ་རྟེན་གུར་མགོན་བྱིན་རླབས་ཆེ་བ་དང་གྲི་གུག །བིང༌། ལྷ་མོ་འདོད་ཁམས་མ། རྣམ་སྲས་གསེར་ཆེན་རྣམས་དང༌། ཕྱིས་བྱུང་འདུ་ཁང་དུ་བཙོང་ཁ་བ་ཆེན་པོའི་སྐུ་དང༌། ཇོ་འབྲོམ་གཉིས། གནས་བཅུ་ལ་སོགས་པ་མངོན་སུམ་མིག་གི་དགའ་སྟོན་ལ་བཞུགས། ཉང་བན་གཤེགས་ནས་ལོ་བརྒྱ་སོང་བ་ན་ཞྭའི་གནས་བརྟན་ལྡང་མ་ལྷུན་རྒྱལ་ལ་རྡོ་རྗེ་ལེགས་པས་ལུངབསྟན་ནས་གཏེར་ཕྱུང༌། རིམ་བཞིན་བགྲང་བྱའི་ཁུར་བརྩེགས་པས་གཙུག་ལག་ཁང་ཉམས་ཞིག་ཆེན་པོར་གྱུར་པ་ན་སློབ་དཔོན་བི་མ་ལའི་དངོས་གྲུབ་གངས་རིའི་ཁྲོད་ཙམ་ན་རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་རྒྱལ་བ་ཀློང་ཆེན་རབ་འབྱམས་གངས་རི་ཐོད་དཀར་དུ་བཞུགས་དུས། བི་མ་ལས་ཞལ་གཟིགས་ཏེ་དབུ་རུ་ཞྭའི་ལྷ་ཁང་འདི་ཉིད་ལ་ཞིག་གསོས་དགོས་པར་ལུང་བསྟན་པ་བཞིན་མཛད་པའི་ཚེ། རྡོ་རིངས་གཉིས་འགྱེལ་ཞིང༌། དེའི་འོག་གི་དམ་སྲིའི་མནན་ཐོད་ཀྱང་ནམ་མཁའ་ལ་ཡར་བ་ལྟ་སྟངས་ཀྱིས་བཀུག་སྟེ་དེ་ཉིད་དུ་མནན། རྡོ་རིངས་འགྱེལ་བ་ཐབས་གང་གིས་ཀྱང་སློང་མ་ཐུབ་པའི་ཚེ་ཐུགས་འུར་བའི་ཚུལ་གྱིས་སྐུ་ཆོས་བརྡབས། ལྟ་བ་བསམ་གྱིས་མི་ཁྱབ་པའི་བརྟུལ་ཞུགས་སྐྱེད་པའི་


JLAZ007_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། ཐུབ་དབང་བྱམས་པ། འཇམ་དབྱངས་སོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོས་ཞལ་གཟིགས། ཁྱོད་དེ་བཞིན་གཤེགས་པ་རི་རབ་མར་མེའི་རྒྱལ་མཚན་ཞེས་བྱ་བར་འཚང་རྒྱ་བར་ལུང་བསྟན་པའི་མོད་ལ་རྡོ་རིངས་གཉིས་ཀྱང་དཀའ་བ་མེད་པར་བསླངས། དབུ་རྩེའི་རྒྱབ་ན་གསེར་མང་པོ་སྣང་བ་ལས་འགུ་རྩེ་གང་བཅུས་ཏེ་ལྷ་ཚོགས་རྣམས་ལ་གསེར་གསོལ་དང༌། རབ་གནས་མཐའ་རྒྱས་དང་བཅས་ལེགས་པར་མཛད། མདོར་ན་སངས་རྒྱས་དངོས་ཀྱིས་ལུང་བསྟན་ཞིང༌། དེ་དང་མཚུངས་པའི་སྐྱེས་བུ་དམ་པ་ཤ་སྟག་གིས་རང་གིར་མཛད་ཅིང་བྱིན་གྱིས་བརླབས་པའི་ཁྱད་པར་ལས། མ་གཟའ་རྡོར་གསུམ་ལ་སོགས་པའི་སྲུང་མ་ཁྱད་པར་ཅན་དངོས་སུ་བཞུགས་ཤིང༌། ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་མྱུར་བས་བོད་ཁམས་བསྟན་འགྲོའི་རྩ་ལག་གཅིག་ཏུ་གནས་པ་ལ་སྲི་ཞུ་དང་བསྟི་སྟང་ཕྱག་མཆོད་སྨོན་ལམ་རྒྱ་ཆེན་པོ་མཛད་པར་ཞུ། ཞེས་པའང་འབྲས་སྤུངས་སྒོ་མངས་པ་བསྐལ་བཟང་དོན་འགྲུབ་དང་ཞྭ་པའི་གྲྭ་ཚོགས་རྣམས་ཀྱིས་བསྐུལ་ངོར། རྫོགས་ཆེན་པ་རང་བྱུང་རྡོ་རྗེས་འབྲི་གུང་རྫོང་གསར་དུ་ཤར་མར་བྲིས་པའོ།། །།གཏམ་ཚོགས་ལེའུ་སོ་ལྔ་པའོ།། །།


previousགཏམ་ཚོགས་ལེའུ་སོ་ལྔ་པ། དབུ་རུ་ཞྭ་ལྷ་ཁང་གི་གཏམ་ཆོས་འབྱུང་གི་མེ་ཏོགnext