Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་སོ་དྲུག་པ། ལྷོ་མོན་དཀར་པོ་ཟངས་ཀྱི་གཏམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་སོ་དྲུག་པ། ལྷོ་མོན་དཀར་པོ་ཟངས་ཀྱི་གཏམ།next

གཏམ་ཚོགས་ལེའུ་སོ་དྲུག་པ། ལྷོ་མོན་དཀར་པོ་ཟངས་ཀྱི་གཏམ།


JLAZ007_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་མོན་དཀར་པོ་ཟངས་ཀྱི་གཏམ། རྒྱལ་བ་རྣམས་ཀྱི་སྤངས་རྟོགས་ཡོན་ཏན་ནི། །མཉམ་པ་ཅན་དེ་གངས་ཅན་འགྲོ་བ་ལ། །སངས་རྒྱས་


JLAZ007_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལས་ཐུགས་རྗེ་རྨད་བྱུང་བའི། །མཚོ་སྐྱེས་རྡོ་རྗེ་གཙུག་གཏོར་ནོར་བུར་བསྟེན། །དེ་ཡང་རྟོགས་པ་རྣམས་ཀྱི་ཡེ་ཤེས་རོལ་པའི་ཁང་བཟངས་ན་སྣོད་ཀྱི་འཇིག་རྟེན་འདི་ཉིད་རང་དེ་བཞིན་གཤེགས་པའི་མཆོད་སྡོང་ཆེན་པོར་ཡོད་དེ་རྒྱུད་ལས། འདོད་ཁམས་དབང་གི་རི་བོ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་ཅན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །སྐུ་གདུང་ཆེན་པོ་དེ་ལྟར་གནས། །ཞེས་སོ། །དེ་ལ་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཕྱག་མཐིལ་གྱི་སྤོས་ཆུའི་རྒྱུན་ལས་འཁྲུངས་པའི་ཐུགས་ཀ་དཔལ་གྱི་བེའུའི་ཐད་ཀྱི་ཡུལ་ག་བཅུ་གསུམ་པར་མི་མཇེད་ཀྱི་འཇིག་རྟེན་འདི་ཉིད་གནས་པའི་ནང་ཚན་ལྷོ་རྒྱལ་འཛམ་བུའི་གླིང་འདིར་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་གྲངས་ཅན་དང༌། ངེས་པ་མེད་པར་གསུངས་པ་ལས་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་རྣམས་ནི་ཕྱི་ལྟར་དུ་ཡུལ་གྱི་རྣམ་པ་དང་བཀོད་པའི་བྱེ་བྲག་ཐ་དད་པའི་ཚུལ་དུ་གནས་ཤིང༌། ནང་ལྟར་དུ་རྡོ་རྗེའི་ལུས་ཀྱི་ཆ་ཤས་སོ་སོར་རྩ་རླུང་ཐིག་ལེའི་རྟེན་ཅིང་འབྲེལ་བར་འབྱུང་བའི་འདུ་བ་དང་བཅས་རང་བཞིན་ལྷུན་གྱིས་གྲུབ་པའི་ངང་དུ་བཞུགས་པ་ཡིན་ནོ། །དེ་ལ་གངས་རིའི་ཁྲོད་འདིར་སངས་རྒྱས་གཉིས་པ་སློབ་དཔོན་


JLAZ007_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་ཞབས་ཀྱི་བཅགས་ཤིང་སྒྲུབ་གནས་སུ་བྱིན་གྱིས་བརླབས་པའི་གནས་ཆེན་ཇི་སྙེད་ཅིག་ཡོད་པས་ལས། ལྷོ་ཕྱོགས་མོན་གྱི་ཡུལ་གྲུ་འདིར་ཤར་ན་སྐུའི་གནས་དོམ་ཚང༌། ལྷོ་ན་ཡོན་ཏན་གྱི་གནས་སྒོམ་པ་ཕུག །ནུབ་ན་ཐུགས་ཀྱི་གནས་གཟིག་ཚང༌། བྱང་ན་གསུང་གི་གནས་སྤྱང་ཚང༌། དབུས་ན་ཕྲིན་ལས་ཀྱི་གནས་དཀར་པོ་ཟངས་ཞེས་བྱ་སྟེ་བྲག་རི་ཐམས་ཅད་དམ་པ་རིགས་བརྒྱའི་དཀྱིལ་འཁོར་དུ་གནས་པ། དབུས་ན་གཡུ་མཚོ་གནམ་སྨན་དཀར་མོ་ཞེས་བྱ་བ་ཕྱི་ལྟར་དུ་ཀླུ་དབང་གཙུག་ན་རིན་ཆེན་གྱི་གྲོང་ཁྱེར། ནང་ལྟར་དུ་མཚོ་ལྷ་སྨན་བཙུན་མཆེད་ལྔའི་ཕོ་བྲང༌། གསང་བ་ལྟར་དུ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་བླ་མཚོ་ལ་ལས་ཅན་གྱི་སྣང་ངོར་ལྷ་དང་གཞལ་ཡས་ཁང་གི་རྣམ་པ་དང༌། གུ་རུའི་ཕྱག་རྗེས་རྣམ་འགྱུར་དང་ཆེ་ཆུང་མ་ངེས་པ་གསལ་འགྲིབ་བྱེད་ལ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་འདུ་བ་དང༌། ཉེ་བའི་འདུ་བ་ལ་དུས་དང་དུས་མ་ཡིན་པར་ག་ན་ཙཀྲའི་ལོངས་སྤྱོད་ལ་རོལ་བས་རོལ་མོའི་སྒྲ་སྣ་ཚོགས་པ་མངོན་སུམ་པར་ཐོས་ཤིང༌། རང་བྱོན་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པར་ཡོད་པའི་གནས་ཀྱི་ལྟེ་བ་ཇི་སྐད་དུ་བཀའ་ཐང་ལས། མོན་ཁ་ནེ་རིང་ཟླ་བ་གསུམ༔ སྤ་གྲོ་སྟག་ཚང་ཟླ་བ་བཞི༔ ཆུ་མོ་ཕུག་ཏུ་ཟླ་བ་གཉིས༔ དོམ་ཚང་རོང་དུ་ཞག་ལྔ་བཞུགས༔ སྟག་ཚང་རོང་དུ་ཞག་


JLAZ007_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ནོ༔ གཟིག་ཚང་རོང་དུ་ཞག་དགུ་བཞུགསཿ སྤྱང་ཚང་རོང་དུ་ཞག་དྲུག་གོཿ ཤ་འུག་སྟག་སྒོར་ལོ་གཅིག་བཞུགས༔ ཞེས་ལྷོ་མོན་གྱི་ཕྱོགས་ལ་བཞུགས་ཡུན་རིང་ཞིང་བྱིན་ཟིལ་ཆེ་བའི་གནས། ཉེ་འདབས་ན་ཕ་ཝང་སྟག་ཉལ་འདྲ་བ་ཡོད་པ་ལ་སོགས་ལས་དེ་སྐད་དུ་གྲགས་ཤིང༌། གཟིམ་ཕུག་གཡས་ལོགས་ལ་སྐྱེ་མེད་ཀྱི་ཡི་གེ་ཨའི་རང་བྱོན། འཆི་མེད་ཀྱི་ཆུ་རྒྱུན་ལྷུང་ལྷུང་དུ་འབབ་ཅིང༌། རང་བྱུང་གི་བླ་བྲེས་བར་སྣང་ལ་དཔྱངས་པ་ལྟ་བུའི་ངོ་མཚར་གྱི་གཟིམ་ཕུག་འདིའི་རྟེན་གྱི་གཙོ་བོ་གུ་རུའི་སྐུ་ཚབ་པདྨ་མཐོང་གྲོལ། གཡས་ན་གང་གི་མཚན་ཐོས་པའང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པར་ཐུགས་བསྐྱེད་པའི་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ། གཡོན་ན་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མ་ལུས་པའི་སྤྲུལ་གཞི་འཕགས་པ་སྤྱན་རས་གཟིགས་སེམས་ཉིད་ངལ་བསོ་རྣམས་པདྨས་རྗེས་བཟུང་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པས་བཟོ་གནས་ཀྱི་བཀོད་པ་འདོམས་ཤིང་རྒྱུད་སྡེ་རིན་པོ་ཆེ་ནས་ལེགས་པར་གསུངས་པའི་གཟུངས་འབུལ་དང་རབ་གནས་ཀྱི་ཆོ་ག་ཤིན་ཏུ་དག་པ་དང༌། རང་གི་རྟོགས་པའི་ཆོས་ཉིད་དང་རོ་མཉམ་པའི་ཡེ་ཤེས་རྡོ་རྗེས་ལྷག་པར་གནས་པས་ཡེ་ཤེས་སེམས་དཔའ་མངོན་སུམ་པར་བཞུགས་པར་


JLAZ007_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་སྤྱན་སྔར། ཕྱག་མཆོད། བཀུར་སྟི། བསོད་ནམས་བགྱིས་པའི་ཕན་ཡོན་ནི་གཡོ་རུའི་ཁྲ་འབྲུག་ཏུ་རྒྱལ་སྲས་ལྷ་རྗེ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་འཁོར་བསྐོར་བའི་ཚེ། ལྷ་ལྕམ་མནྡཱ་ར་བའི་ཞུ་ལན་དུ། ཉོན་ཅིག་ལྷ་མོའི་གཟུགས་ཅན་ཡིད་འོད་མ༔ ང་དང་མ་འཕྲད་མ་འོངས་སེམས་ཅན་རྣམས། །མ་རིག་མུན་པའི་སྒྲོན་མེ་སྐུ་འདྲས་བྱེད༔ པད་འབྱུང་སྐུ་ཚབ་མཆོད་པའི་རྟེན་བཞེང་ལ༔ སྐུ་གསུམ་དོན་ལྡན་བསྟན་པའི་རྒྱལ་མཚན་འཛུགས༔ དེ་ལ་འདུན་ཅིང་མོས་གུས་སུས་བྱེད་པ༔ འདོད་པ་ཀུན་ཚོགས་རིན་ཆེན་ཕུང་པོ་འདྲ༔ སྙིང་པོ་རྒྱུན་དུ་བཟླ་བར་གང་བྱེད་པའི༔ མི་རྣམས་སྨིན་ལམ་ཇི་ལྟར་བཏབ་པ་བཞིན༔ ལེགས་པར་ཀུན་འབྱུང་ཨེ་མ་ངོ་མཚར་ཆེ༔ པད་འབྱུང་སྐུ་ཚབ་དཀོན་གཉེར་སུས་བྱེད་པ༔ ངན་སོང་གསུམ་ལས་རྟག་ཏུ་ཐར་བ་དང་༔ ཕུན་སུམ་ཚོགས་པའི་ཡོན་ཏན་ཐོབ་པར་འགྱུར༔ པད་འབྱུང་སྐུ་ཚབ་གཞལ་ཡས་ཁང་བཞེངས་པ༔ ལྷ་ཡི་ཕོ་བྲང་ནང་དུ་སྐྱེ་བར་འགྱུར༔ པད་འབྱུང་སྐུ་འདྲར་ན་བཟའ་སུས་ཕུལ་བ༔ ཡེ་ཤེས་རྒྱན་ལྡན་རང་ཆས་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་རྡུལ་ཕྱིས་སུས་བྱས་པ༔ གཟུགས་བཟང་ཆས་ལེགས་མདོག་སྡུག་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་མཆོད་ཡོན་སུས་ཕུལ་བ༔ རྫུ་འཕྲུལ་རྐང་པའི་མྱུར་མགྱོགས་


JLAZ007_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་མར་མེ་སུས་ཕུལ་བ༔ མུན་པ་མེད་ཅིང་བློ་རིག་གསལ་བར་འགྱུར༔ པད་འབྱུང་སྐུ་འདྲ་སྤྱན་གཟིགས་སུས་ཕུལ་བ། བསོད་ནམས་ལོངས་སྤྱོད་ཡོ་བྱད་འཕེལ་བར་འགྱུར༔ པད་འབྱུང་སྐུ་འདྲར་གསེར་ཆབ་སུས་གསོལ་བ༔ རྒྱལ་པོ་རིན་ཆེན་ལྟ་བུར་ཐོབ་པར་འགྱུརཿ ཅེས་སོགས་དང༌། སྐྱེ་དགུའི་ཚེ་འཕེལ་པད་འབྱུང་སྐུ་འདྲ་འདིཿ ང་ཡི་ཐུགས་ལས་ཡེ་ཤེས་འོད་འཕྲོས་ནསཿ མ་འོངས་མོས་པའི་རྟེན་དུ་གཏད་པ་ཡིནཿ འདོད་དགུ་འབྱུང་བའི་ཡིད་བཞིན་ནོར་བུ་འདྲཿ དམངས་པོ་བུ་མེད་ང་ལ་གསོལ་བ་ཐོབཿ ལུས་སེམས་དཔང་ཚུགས་རྐང་པས་བསྐོར་བ་གྱིསཿ ལོག་འདྲེན་བར་གཅོད་དཔག་ཚད་རྒྱང་གྲགས་འབྲོསཿ དབུལ་པོ་ནོར་མེད་ང་ལ་གསོལ་བ་ཐོབཿ འཇིག་རྟེན་ཟང་ཟིང་ནོར་གྱིས་ལག་མི་འབོརཿ དོན་དང་མི་ལྡན་ང་ལ་གསོལ་བ་ཐོབཿ སྨོན་ལམ་གང་བཏབ་དེ་ཡིས་ཐོབ་པར་བྱེདཿ གསོལ་བཏབ་པད་འབྱུང་ང་ལས་དགོས་འདོད་འབྱུངཿ ཞེས་གསུངས་པས་ཡིད་བཞིན་གྱི་ནོར་བུའི་ཡོན་ཏན་བརྒྱ་ཕྲག་དུ་མས་བརྒྱ་དང་སྟོང་གི་ཆར་ཡང་མི་ཕོད་པའི་རྟེན་མཆོག་འདི་ལ་བཀུར་སྟི་ཞབས་ཏོག་དང་ཕྱག་མཆོད་སྨོན་ལམ་བགྱིས་ན་བརྒྱུད་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཉེ་རྒྱུར་འགྱུར་བ་ནི་སྨོས་མ་དགོས། གནས་སྐབས་ཚེ་འདིའི་ཕུན་སུམ་ཚོགས་པ་ཐམས་ཅད་


JLAZ007_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཡིད་ལ་འདོད་པ་བཞིན་དུ་འགྲུབ་པར་གུ་རུ་ཉིད་ཀྱི་ཞལ་གྱིས་བཞེས་པ་ཡིན་པས། རང་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐེག་པ་ཆེན་པོའི་བློ་གྲོས་དང་ལྡན་པས་ཕྱག་མཆོད་སྨོན་ལམ་ཡང་དག་མཛད་པར་ཞུ། གཟིམ་ཕུག་རྟེན་དང་བརྟེན་པར་བཅས་པ་འདི་ཉིད་གུ་རུ་རིན་པོ་ཆེ་ཉིད་ཀྱི་ཐུགས་རྗེ་དང་གནས་སྲུང་གི་མཐུ་ལས་གྲུབ་པའི་ཚུལ་ཁོ་བོ་ཅག་དཔལ་གྱི་བསམ་ཡས་མཆིམས་ཕུར་ལོ་གསུམ་དམ་པོ་ལ་གནས་པའི་ཆུ་ཕོ་རྟའི་ལོར་སྨན་བཙུན་ཆེན་མོ་མོན་མོ་ལང་ཚོ་དར་བབས་ཀྱི་རྣམ་པ་ཅན་ལན་གཉིས་སུ་འོངས་ནས་ལྷོ་རྒྱུད་ཀྱི་འགྲོ་དོན་ལ་བསྐུལ། དེས་ཇི་ལྟར་བསྟན་པའི་ལུང་བཞིན་དེ་ནས་ལོ་བཅུ་དྲུག་པ་མེ་མོ་བྱའི་ལོར་གནས་དུས་ཀྱི་རྟེན་འབྲེལ་འགྲིག་པའི་ཚེ། ཁོ་བོ་ཅག་གི་ཁྱུང་རི་སྒྲུབ་ཕུག་ཏུ་གུ་རུའི་སྐུ་ཚབ་བཞེངས་པས་རྐྱེན་བྱས། ཡོན་གྱི་བདག་པོའི་སྨོན་ལམ་དང་ལས་འཕྲོ་རྣམ་པར་དག་པ་སད་དེ། ཤར་ཕྱོགས་ཀོང་ཡུལ་བ་སྦས་ཡུལ་སྐྱིད་མོ་ལྗོངས་སུ་ཕྲུ་མ་བཏབ་པའི་མིང་བཀྲ་ཤིས་སྐྱེད་ཚལ་བ་པུཎྱཻ་ཤྲཱི་བྷུ་ཏིའི་མིང་ཅན་ལ་འདི་ལྟ་བུ་བསྒྲུབ་པའི་བློ་སྟོབས་སྐྱེས་ནས་དངོས་ཅག་ལའང་གསོལ་བ་བཏབ་པ་བཞིན་ལེགས་སྤེལ་གྱི་རྟེན་འབྲེལ་བསྒྲིགས་ནས་གཡས་གཡོན་གྱི་བྱང་སེམས་གཉིས་པོའི་ཞབས་ཏོག་ཀྱང་བསྒྲུབས། དེ་ཕྱིན་ཁོང་ནས་ལྷག་བསམ་རྣམ་པར་དག་པས་སྐྱོ་དུབ་དང་ངལ་བ་ཁྱད་དུ་བསད་ནས་བསྒྲུབས་པའི་ཚེ་གནས་ཡིག་ཅིག་ཀྱང་དགོས།


JLAZ007_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བསྐུལ་མ་བྱུང་བ་བློ་གྲོས་བླུན་པོའི་གཏམ་གྱི་རྗེས་སུ་མ་ཕྱོགས་པར་གནས་ཚུལ་དང་མཐུན་པ་ཉིད་ལ་དག་པའི་སྣང་བ་ཅུང་ཟད་ཤར་བ་བཞིན་མ་སྦས་པར་བཀོད་པའོ།། །།གཏམ་ཚོགས་ལེའུ་སོ་དྲུག་པའོ།། །།


previousགཏམ་ཚོགས་ལེའུ་སོ་དྲུག་པ། ལྷོ་མོན་དཀར་པོ་ཟངས་ཀྱི་གཏམ།next