Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་སོ་བདུན་པ། བཀྲ་ཤིས་སྲོང་བཙན་བང་སོའི་གཏམ་ལོ་རྒྱུས་ཀྱི་མཛོད་ཁང།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་སོ་བདུན་པ། བཀྲ་ཤིས་སྲོང་བཙན་བང་སོའི་གཏམ་ལོ་རྒྱུས་ཀྱི་མཛོད་ཁང།next

གཏམ་ཚོགས་ལེའུ་སོ་བདུན་པ། བཀྲ་ཤིས་སྲོང་བཙན་བང་སོའི་གཏམ་ལོ་རྒྱུས་ཀྱི་མཛོད་ཁང།


JLAZ007_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་སྲོང་བཙན་བང་སོའི་གཏམ། ལོ་རྒྱུས་ཀྱི་མཛོད་ཁང་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །མཆོག་ཏུ་མི་འགྱུར་དག་བྱེད་ཕུང་པོར་བདེ་ཆེན་ཆུ་སྐྱེས་ཁང་བཟངས་དབུས། །བདེ་གཤེགས་ཀུན་གྱི་སྨོན་པའི་རོལ་རྩེད་བྱང་ཆུབ་སྙིང་པོའི་ནི་རྨ་ཀཿ །སྲིད་ཞིའི་ཕ་མཐས་བརྟག་ཏུ་བཟོད་མིན་རྣམ་ཀུན་མཆོག་ལྡན་རྡོ་རྗེའི་དངོས། །འོད་མཚན་སྟོང་འབར་ཕྱག་ན་པདྨོ་མིག་མི་འཛུམས་པ་གཙུག་ན་བསྙེན། །རྟག་ཆད་སྨྲ་ལ་ལྷག་པར་སྡང་བའི་རྡོ་རྗེའི་སྐུ་ནི་རིག་གྲོལ་ཉིས་ལྡན་དགེ་འདུན་ཏེ། །སྒྲ་དང་བྲག་ཅར་ཡོང་ཡེ་མ་བཟུང་གདུལ་བྱའི་བློ་དང་འཚམ་པའི་གསུང་ནི་དམ་པའི་ཆོས། །ཟབ་ཞི་སྤྲོས་བྲལ་རྟོག་པའི་ཆོས་དང་མཛའ་བ་མ་ཡིན་སོ་སོ་ཡང་དག་རིག་པའི་ཐུགས། །སྟོབས་བཅུ་མི་འཇིགས་རྣམ་བཞིར་རྩལ་རྫོགས་དོན་གྱི་སངས་རྒྱས་སྙིང་གི་དབུས་ན་བསྒྲུབ་བྱ་ཉིད། །སྣ་ཚོགས་གདུལ་བྱའི་ཁམས་ཀྱི་དྭངས་ཤེལ་དུ། །ཐུགས་རྗེའི་གཟུགས་སྣང་སྒྱུ་མའི་རོལ་རྩེད་མཁན། །བདེ་བླག་འཆར་བའི་མོད་ལ་འདོད་པའི་ལྷ། །མྱ་ངན་


JLAZ007_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་བུར་འཛུད་ལ་ཆུ་སྐྱེས་ཞལ། །བྱང་ཆུབ་སེམས་དཔའ་ས་དབང་རྣམ་རོལ་སྙིང་སྟོབས་ཡན་ལག་བཞི་པའི་དཔུང༌། །དགྲ་སྟའི་དུམ་བུའི་གཡུལ་ལས་རྣམ་རྒྱལ་མེས་དབོན་གསུམ་གྱིས་ཁུར་བཟོད་པའི། །ཐུགས་བསྐྱེད་ཕྲིན་ལས་གཟུགས་སུ་གྱུར་ན་འོད་སྲུངས་བྱིན་གྱི་བུ་མོ་ཡང༌། །ཐེག་པར་དཀའ་བའི་དོགས་པས་སྐྲག་ནས་རྣམ་པ་དྲུག་ཏུ་འདར་བར་བྱེད། །ལོག་རྟོག་ཚང་ཚིང་འཁྲིགས་པ་ཆུ་སྲིན་གྱི། །རྒྱལ་མཚན་མེ་ལྕེས་བསྲེགས་དང་ཆབ་གཅིག་པར། །རྒྱལ་བསྟན་མགྲོན་པོར་འབོད་ལ་དྲི་མེད་འོད། །པདྨའི་ངང་ཚུལ་གསར་པའི་ཟོལ་གྱིས་འོངས། །ཞེས་སྒྲ་དབྱང་ལྷ་མོའི་ཕྱག་གི་པི་ཝང་ལ་ཅུང་ཟད་རེག་སྟེ་བསྔགས་པར་བྱ་བའི་ཡུལ་ལ་ཚིག་གི་སྦྱོར་བས་བསྟི་སྟང་དུ་བྱས་ནས། དཔལ་མགོན་ཆེན་པོ་ཀླུ་སྒྲུབ་ཀྱིས། འདི་ལྟར་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བ་མོས་པ་ལགས་པར་གསུངས། །ཞེས་བསྙད་པར་བྱ་བའི་རང་བཞིན་ལ་ཡོན་ཏན་བརྗོད་པས་དད་པ་འཕེལ་བར་གསུངས་པ་བཞིན་འདིར་དགེ་བ་བཅུའི་ཡོན་ཏན་མ་ཚང་བ་མེད་པའི་དཔལ་གྱིས་ཕྱུག་པའི་ཡུལ་གཡོར་པོའི་གཞུང༌། བཀྲ་ཤིས་སྲོང་བཙན་བང་སོའི་རྟོགས་པ་བརྗོད་ན། སྤྱིར་སྟོན་པ་རྡོ་རྗེ་འཆང་ཡོན་ཏན་མཐའ་དག་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས་ཆོས་ཀྱི་སྐུ་ལས་གཡོ་བ་མེད་བཞིན། ལོངས་སྤྱོད་རྫོགས་པ་རིགས་ལྔའི་


JLAZ007_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལས་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་བཀོད་པ་ལས། དབུས་མ་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཕྱག་གི་པདྨའི་ཕྲུམ་ཕྲུམ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔའི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བ་ལྔ་ཚན་ལྔ་ལས། བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུའི་ཐད་དྲང་པོར། རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ནང་ཚན་དེ་བགྲང་པའི་གཞི་གླིང་བཞི་རི་རབ་ལྷ་གནས་དང་བཅས་པའི་རྭ་བ་གཅིག་གི་ནང་ཁོངས་སྡོམ་འབྱུང་ལས། འཛམ་བུ་གླིང་པའི་གཙོ་བོ་མཆོག །ཡུལ་དབུས་སུ་ནི་སྐྱེས་པ་སྟེ། ཞེས་བྲིཀྴའི་ལྗོན་པ་ཚར་དུ་དངར་བ་ལས་སྨྲ་དེས་བསྙད་པ་ལྷོ་ཕྱོགས་འཛམ་བུའི་གླིང་ལས་ཀྱི་ས་པའི་ཡུལ་དབུས་མ་ག་དྷཱ་རྡོ་རྗེའི་གདན་དུ་བདག་ཅག་གི་སྟོན་པ་ཐེག་དམན་དང་མཐུན་པར་སངས་རྒྱས། གཟུགས་བདག་ཡིན་པ་ལ་སོགས་འཇིག་ཚོགས་ལ་མངོན་པར་བལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་མངོན་དུ་བཅོམ་ནས་རྟོག་གེ་པ་དྲུག་གསུམ་བཅོ་བརྒྱད་ཀྱི་གྲུབ་པའི་མཐའ་སུན་ཕྱུང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་ཆོས་ཀྱི་བདུད་རྩིས་ཐུན་མོང་གི་འཁོར་རྣམ་པ་བཞི་དང༌། ཐུན་མོང་མ་ཡིན་པའི་འཁོར་བྱང་ཆུབ་སེམས་དཔའ་མཐའ་དག་སྲིད་པ་མཐའ་ཅན་དུ་མཛད། ཤར་


JLAZ007_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་རྒྱ་ནག་རི་བོ་རྩེ་ལྔ་འཇམ་དཔལ་རྡོ་རྗེ་གཙོ་འཁོར་ལྔའི་ཕོ་བྲང་དུ་བསྟན་ནས་མ་ཧཱ་ཙི་ན་གྱི་མ་ཤང་དང་བཟོ་གནས་ཀྱི་རིག་པས་བཏུལ། ལྷོ་ཕྱོགས་སུ་དཔལ་ལྡན་འབྲས་སྤུངས་སྤྲུལ་ཏེ་གཉིས་མེད་དུས་འཁོར་གསུངས། ནུབ་ཕྱོགས་སུ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་ཕོ་བྲང་ཧེ་རུ་ཀ་རང་བྱུང་གི་གཙུག་ལག་ཁང་དུ་བསྟན་ནས་རྒྱུད་སྡེ་རྒྱ་མཚོའི་གསང་མཛོད་དུ་བྱིན་གྱིས་བརླབས། བྱང་ཕྱོགས་སུ་ཆོས་རྒྱལ་རིགས་ལྡན་གྱི་གནས་ཤམ་བྷ་ལ་སྤྲུལ་ནས་དང་པོའི་སངས་རྒྱས་ཀྱི་ཆོས་འཁོར་བསྐོར། གངས་ཅན་བྷོ་ཊའི་ཡུལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་པདྨའི་གདུལ་ཞིང་དུ་དམ་པའི་ཆོས་པདྨ་དཀར་པོ་དང༌། འཇམ་དཔལ་རྩ་བའི་རྒྱུད་སོགས་ནས་ལུང་བསྟན་གྱི་བདེན་པའི་རྔ་བོ་ཆེ་བསྒྲགས་པ་བཞིན་རྒྱ་གར་ན་ཤཱཀྱ་ཆེན་པོ་དང༌། རི་བྲག་པ་དང༌། ལི་ཙ་བྱིའི་རིགས་གསུམ་ལས་ཕྱི་མའི་རྒྱུད་དུ་བྱུང་བའི་ཆོས་རྒྱལ་བྱང་ཆུབ་སེམས་དཔའི་གདུང་ལྷ་ཐོ་ཐོ་རིག་གཉན་བཙན་གྱི་རིང་ལ་པཎྜི་ཏ་བློ་སེམས་འཚོས་ཀྱང་གླེགས་བམ་ཙམ་བསྐྱལ་བས་དམ་པ་ཆོས་ཀྱི་དབུ་བརྙེས། བོད་བླུན་པོ་རྒྱལ་པོ་ཙམ་ལ་ཡིད་རྟོན་པར་བྱེད་པ་རྒྱུ་མཚན་དུ་བྱས་ནས་ས་བཅུའི་དབང་ཕྱུག་སྲིད་པ་ལ་མངོན་པར་སྤྲོ་བའི་མི་དབང་གི་སྒྱུ་མ་ལ་བསྙེམས་པ་སྲོང་བཙན་གྱི་རིང་ལ་ཉིད་སྤྲུལ་པའི་སྐུ་ཡིན་པའི་རང་སྟོབས་ཀྱིས་དཀོན་ཅོག་གསུམ་ལ་བླ་མར་བྱ་བའི་སྲོལ་བཏོད། ར་སའི་གཙུག་


JLAZ007_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཁང་མཐའ་འདུལ་ཡང་འདུལ་དང་བཅས་པ་བཞེངས། ཁྲི་སྲོང་གི་དུས་ན་སྤྲུལ་པའི་དམག་གིས་ཆུ་བོ་གདྒཱ་ཚུན་ཆད་དབང་དུ་བསྡུས་ཤིང༌། མཁན་སློབ་རྣམ་གཉིས་སྤྱན་དྲངས་ནས་རྒྱ་གར་ཏུའང་མ་བྱུང་བའི་བསྟན་པ་དར་རྒྱས་སུ་མཛད། དེ་དུས་རྒྱ་ནག་ཏུ་ཆོས་བྱུང་ནས་ལོ་སྟོང་དང་ཉིས་བརྒྱ་སོང་ཟེར། རལ་པ་ཅན་གྱི་དུས་གསུང་རབ་རྣམས་ལ་སྐད་གསར་བཅད་ཀྱིས་དག་ཐེར་མཛད་ཅིང་དཀོན་མཆོག་ལ་མཆོག་ཏུ་གུས་པར་མཛད། དེ་ལྟ་མོད་ཀྱི་གླང་དར་མ་འུ་དུམ་བཙན་གྱི་བསོད་ནམས་མ་ཡིན་པས་ལྕགས་མོ་བྱའི་ལོ་དམ་པའི་ཆོས་འདུལ་བའི་བསྟན་པ་ལ་རྨ་སྲོལ་ཆེན་པོ་བཏོད་ནས་ལོ་བདུན་ཅུ་རྩ་བརྒྱད་ཀྱི་བར་དུ་སྡེ་སྣོད་འཛིན་པའི་གཟུགས་བརྙན་ཙམ་མེད་ཀྱང༌། འོད་སྲུངས་དང་དཔལ་འཁོར་བཙན་རྗེ་འབངས་ཐམས་ཅད་ཀྱིས་དཀོན་ཅོག་ལ་གུས་པ་མ་གཏང་བས་ཆོས་འཁོར་ཆེན་པོ་གསུམ་ལ་སོགས་པའི་གཙུག་ལག་ཁང་རྣམས་ཀྱང་མ་ཞིག །ཁྱིམ་དང་རི་སུལ་ན་གནས་པའི་རྡོ་རྗེ་འཛིན་པ་དག་གིས་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་རྣམས་ཀྱང་གུས་པར་བསྲུངས་པས་ས་ཕོ་སྟག་ལ་མདོ་སྨད་ནས། བླ་ཆེན་སྡོམ་རྒྱུན་ལས་བསྟན་པ་ཕྱི་དར་བྱུང་མ་ཐག་ལོངས་སྤྱོད་དུ་བྱུང༌། དེ་བཞིན་དུ་པཎྜི་ཏ་དྷརྨ་པཱ་ལ་ལས་སྟོད་འདུལ་དང༌། ཀླུ་མེས་ལ་སོགས་པས་ཀྱང་གཙུག་ལག་ཁང་བརྩིགས་ཤིང་བསྟན་པའི་ཕྱག་བཞེས་རྒྱ་ཆེན་པོར་


JLAZ007_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། དེ་དག་ལས་སྡེ་སྣོད་འཛིན་པའི་བསྟན་པའི་རྒྱུན་དབྱར་གྱི་ཆུ་ཀླུང་བཞིན་དུ་རྒྱས་པས་གངས་ཅན་གྱི་ཡུལ་དང་ཡུལ་ཕྲན་ཀུན་གནས་གཞི་དང༌། གཙུག་ལག་ཁང་དང༌། དགེ་འདུན་གྱིས་གང་བ་ལས་བསྟན་པ་ཡུན་དུ་གནས་པའི་རྟེན་ཅིང་འབྲེལ་འབྱུང་ཆེན་པོར་གྱུར་པའི་ཕྱིར་ན་འདིར་ཆེད་དུ་བརྗོད་པའི་གཏམ་གྱིས་སྐབས་འཚོལ་བ་ལ། ས་ཚིགས་ཀྱི་ཡུལ་དབུས་འགྱུར་འཆང་ཆེན་པོ་མ་ག་དྷཱ་རྡོ་རྗེའི་གདན་བསྐལ་པ་འཇིག་པའི་གནོད་པས་ཀྱང་བདོ་བར་མི་ནུས་ཤིང༌། དུས་གསུམ་གྱི་སངས་རྒྱས་མ་ལུས་པ་མངོན་པར་འཚང་རྒྱ་བའི་མཛད་པ་སྟོན་པའི་གནས་ནས། བྱང་ཕྱོགས་ཀྱི་རི་བོའི་རྒྱུད་དུ་དཔག་ཚད་བརྒྱ་ཕྲག་ལྷག་བཅས་ཐལ་བའི་ས་ན། ཆོས་ཚིགས་ཀྱི་ཡུལ་དབུས། འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། གྲོང་ཁྱེར་དང༌། གྲོང་རྡལ་དང༌། སྐྱེ་བོ་མང་པོས་གང་བ་ན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོ་ཞེས་བྱ་བ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚུལ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཡང་མོག་མོག་པོར་བྱེད་པ་དག་ཡོད་དོ། །དེ་ན་རྫོགས་པའི་སངས་རྒྱས་ཤཱཀྱ་མུ་ནེ། སེམས་ཅན་རྣམས་ཀྱིས་གསོལ་བ་འདེབས་པ་ལ་ཞལ་ནས་ཅང་མི་གསུང་པའི་ལན་བཏབ་ནས་སོ་སོའི་རེ་བ་ཡིད་བཞིན་དུ་སྐོང་བ་དང༌། སྤྱོད་ལམ་རྣམ་པ་བཞི་མི་མཛད་པར་རྟག་ཏུ་མཉམ་པར་བཞག་


JLAZ007_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། འོད་འདོམ་གང་བའང་སོ་སོ་སྐྱེ་བོ་རྣམས་ཀྱིས་བལྟར་མི་མངོན་པར་མཛད་ནས་སྤྲོས་པ་ཉེ་བར་ཞི་བ་གང་ལ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་དགེ་འདུན་ཁྲི་ཕྲག་མང་པོས་བསྐོར་ནས་མཆོད་པར་བྱེད། རི་མོར་བྱེད། བསྟི་སྟང་དུ་བྱེད། རྗེད་པར་བྱེད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱེད། སྨོན་ལམ་རྒྱ་ཆེན་པོ་འདེབས་པར་བྱེད་པའི་རྟེན་དུ་སྨོས་ཅི་དགོས། སློབ་དཔོན་དཔའ་བོས། དགའ་བར་བགྱིད་པའི་ཡུལ་རྣམས་དང༌། རྒྱགས་པར་བགྱིད་པའི་ལང་ཚོ་དང༌། །བདག་ཉིད་རང་དགར་སྤྱོད་པ་དེ། །ཀུན་ཏུ་དོན་མེད་བགྱིད་པའི་སྒོ། །ཞེས་གསུངས་པ་ལྟར། རང་བཞིན་གྱིས་མི་ཁོམ་པའི་ཀུན་དཀྲིས་ཅན། རང་འབྱོར་གྱི་ཡན་ལག་ཉམས་པ། ངེས་འབྱུང་གི་དམ་ལ་མ་བཞག་པ་འཚེ་བ་ལོངས་སྤྱོད་དུ་ཐོབ་པ་རིགས་དང༌། གཟུགས་དང༌། དབང་ཐང་དང༌། ལང་ཚོས་དྲེགས་པ་མ་ཧཱ་ཙི་ན་དང༌། ཧོར་དང༌། ཡུ་གུར་དང༌། ཁལ་ཁ་དང༌། ཐོར་གོད་དང༌། འོར་དུ་སུབ་དང༌། སྤོ་རོད་དང༌། ཨོ་རོད་དང༌། སྤྲེལ་སླག་ཅན་ལ་སོགས་པ་མོ་གོལ་གྱི་ཀླ་ཀློ་ཏུ་རུ་ཥྐའི་ཕྱོགས་སུ་ཉེ་བ་རྣམས་དང༌། རྒྱ་གར། ཁ་ཆེ། ནཻ་པ་ལ། ཡེར་ཁི་ན། ཁ་ཆུར། ཕི་ལིང༌། བར་དང་བར་གྱི་རི་བྲག་པའི་རྒྱལ་ཕྲན་རྣམས་ཀྱིས་ཀྱང༌། སྤྱི་བོས་བཏུད་པར་བྱེད་ཅིང༌། ཆོས་དང༌། ནོར་


JLAZ007_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འདོད་པ་དང༌། ཐར་པ་སྟེ་སྡེ་བཞིའི་སྒོ་འཕར་རང་བཞིན་གྱིས་བྱེ་བ་ཞིག་མཆིས་སོ། །གང་ལས་ལྷོ་ཕྱོགས་སུ་གདུགས་གཉིས་ཀྱིས་བདེ་བར་ཕྱིན་པའི་ས་ན། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་བྷོ་ཊའི་ཡུལ་དུ་ཆས་པ་ལ་གཟི་བྱིན་གསར་བ་བརྒྱ་ཕྲག་གིས་འཆོར་ཆེན་པོས་བ་གོས་ཏེ། ཕྱི་མངོན་པ། ནང་འདུལ་བ། གཞན་གསང་སྔགས་དང་མཐུན་པའི་ལུགས་གསུམ་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ངམ། ཆོས་འཁོར་དཔལ་གྱི་བསམ་ཡས་སུ་མིང་སྤོས་ནས་ཕྲུ་མ་བཏབ་པ་ལ་ངོམས་མི་ཤེས་པར་བལྟས་ནས་སླར་ཡང་ལྷོ་ཕྱོགས་ནས་ལྷོ་ཕྱོགས་སུ་ཉིན་ལམ་གཅིག་པའི་ས་ན། དབུས་གཙང་རུ་བཞིའི་ཆ་ལ་ནམ་མཁའི་བླ་བྲེ་དཔྱངས་པའི་འོག་ན་ཡུལ་གྱི་དགེ་མཚན་རྣམ་པ་བཅུ་མ་ལུས་པ་ཚང་ཞིང༌། རི་བོ་འབྲས་ཀྱི་སྙེ་མ་དཔལ་དུ་འབར་བ་ལྟ་བུས་སའི་དཔྱད་བཀྲ་ཤིས་པར་ཡང་བཟུང་ལ། དམ་པ་ཆོས་ཀྱི་དབུ་བརྙེས་པ་ཕོ་བྲང་དུ་ཡུམ་བུ་གླ་སྒང་དང༌། ཁྲ་འབྲུག་བྱམས་པ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གཉིས། ངང་དུར་ཁྱོ་ཤུག་ཡན་མན་མཛའ་གཅུགས་ཀྱི་དམ་བཅའ་སྙེག་པའི་ཆོ་ག་གསར་དུ་རྩོམ་པ་དང༌། བཙུན་མོ་ངང་ཚུལ་མའི་ཐུགས་དམ་རྟེན་བཅན་ཐང་གི་གཙུག་ལག་ཁང་རྨ་བྱའི་བུ་མོ་སྐྱེད་མོས་ཚལ་དུ་ཕྱིན་པ་ལྟ་བུའི་དགེ་མཚན་བརྒྱ་ཕྲག་གིས་བཟུང་བ་ཡོད་དོ། །དེ་དང་ཉེ་


JLAZ007_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བར་ལོ་ཙཱ་བ་ཆེན་པོ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་རྒྱལ་པོ་ལ་ཤེལ་སྐུ་འདྲ་ཅོག་པ་བསྟན་ཏེ་རྒྱ་གར་ནས་བྱོན་པའི་ཆུ་ཤེལ་གྱི་འཕགས་པའི་སྐུ་དངོས་བསྟན་ཡུལ་ཞེན་གྱིས་མཆོད་རྟེན་ནང་རྫོངས་ལ་བཅུག་པར་གྲགས་པའི་ཚེ་ཆུ་འབུམ་པ། བྱ་སའི་བཙན་པོ་ལྷ་ཆེན་པོས་བཞེངས་པའི་རྟེན་དང་བརྟེན་པ་རྙིང་མ་ལ་ཇོ་བོ་ཨ་ཏི་ཤས་ཕྱག་ནས་འཐོར་བ་དང༌། བཀའ་གདམས་པ་སྣེའུ་ཟུར་པའི་ཡང་སློབ་སྐོར་ཆེན་པོས་བཞེངས་པའི་སྟག་ཅན་འབུམ་མོ་ཆེ། ཡུལ་ཡར་ཀླུངས་ལ་གསེར་པ་དང་གཡུ་པ་ཞེས་གྲགས་པའི་བར་མཚམས་ན་མངའ་བདག་ལྷ་སྡེའི་དུས་ཙམ་ན་དཀོན་ཐང་གྲ་མིག་ཐང་བྱ་བའི་དགོན་གནས་ཤིན་ཏུ་དར་བ་རེ་ཞིག་ནས་ཉམས་པའི་ཁྱིམ་བཙུན་ཨ་རོ་དར་མ་ཞེས་བྱ་བ་ལ་སྒྲོལ་མའི་སྤྲུལ་པ་ནེ་ཙོ་སྨྲ་ཤེས་ཤིག་ཡོད། དེས་ཚོང་རྒྱལ་འཕམ། ལམ་འཕྲང་བདེ་དོག་ལ་སོགས་པའི་མངོན་ཤེས་འཆད་པས་ཁོ་དང་ཕལ་ཆེར་འགྲོགས། ནེ་ཙོ་ཡུལ་དུ་བཞག་པའི་རེས་གཅིག་ལ། ཁོའི་བླ་གཡུ་ཆེན་པོ་ཁྱིམ་ལ་སྦས་ཏེ་ནེ་ཙོ་ལ་བཅོལ་པའི་ཤུལ་དུ་ནེ་ཙོ་ནད་ཀྱིས་བཏབ་པས་གཡུ་ལ་གབ་ནས་ཁ་ཆེམས་སུ་བདག་པོ་མ་སླེབ་བར་དུ་རོ་མ་སྒུལ་ཅིག་ཟེར། དེར་ཁོ་སླེབས་པ་དང་ལས་ཀྱི་འབྲེལ་བ་ཅན་དུ་ཤེས་ནས་ནེ་ཙོའི་རོ་དང་གཡུ་གཉིས་ཀ་ནང་དུ་བཞག་པའི་མཆོད་རྟེན་ཆུང་ངུ་ཞིག་བཞེངས། སྨྲྀ་ཏིས་ཕྱག་ནས་མཛད་པས་བྱིན་


JLAZ007_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཆེ། ནེ་ཙོ་མཆོད་རྟེན་དུ་གྲགས་ནས་ཐམས་ཅད་དད་པས་བསྐོར་བའི་སྐབས། གཅིག་གིས་གཡུ་འདོན་པར་བརྩམས་པ་དེ་གཞན་གྱིས་རིག་ནས་མཆོད་རྟེན་ལ་ཕྱི་ཐུམས་བྱའམ། ལྕགས་རིས་བསྐོར་བགྲོ་བའི་སྐབས། གསེར་པ་དང༌། གཡུ་པ་གཉིས་འཐབ་མོ་ཆེན་པོས་མི་གསད་མང་པོ་བྱེད་པ་ལ། སྦ་གཡུ་དྲུང་གིས་བསྐུལ་ནས་མདོ་སྨད་རོག་དམར་ཞུར་བས་འདུམས་མཛད། ཁོང་རྣམས་ཀྱང་དད་པས་གསེར་པས་ཤར་དང༌། གཡུ་པས་ནུབ་ཀྱི་ལས་མི་བྱས་ནས་ཕྱི་ཐུམས་ཀྱི་སྐུ་འབུམ་ཆེན་པོ་བྱས་པ་ལ་འཁོན་བསྡུམས་སམ། སྲི་ཆོད་འབུམ་པར་ཡང་གྲགས་པ་གནམ་གྱི་ཕྲུ་མ་བཏབ་པ་ལྟ་བུར་གྱུར་པའི་ཡུལ་ལྗོངས་ཆེན་པོ་སྤྱི་བོ་གཉིས་པ་ལ་ཡར་མོ་ཤར་ནུབ་ཅེས་གྲགས་པ་ལས། གཡུ་པའི་ལ་ཐོད་ཡར་མོ་ནུབ་ཅེས་བྱ་བའི་ཡུལ། དཀར་ཆག་འཕང་ཐར་མ་དང༌། ལྡན་དཀར་མའི་ཕྱི་ནས་བོད་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཕྱོགས་སུ་སྡེབ་པའི་སྤོབས་པ་ཐོག་མར་ཐོབ་པ་བཅོམ་ལྡན་རིག་པའི་རལ་གྲི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ན་བདུད་ཀྱི་ཕྱོགས་སུ་གྱུར་པའི་དགེ་སློང་གཉིས་ཀྱིས་གཞི་ལྔ་བསྔགས་པར་བྱས་པའི་རྐྱེན་ལས་རིམ་བཞིན་ཀྲྀ་ཀིའི་རྨིས་ལྟས་ལ་མངོན་དུ་སྤྱོད་པའི་ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་བྱེ་ཞིང༌། དྲུག་ཅུ་རྩ་གསུམ་གྱི་བར་དུ་རང་སྡེ་མཆོག་འཛིན་གྱི་དབྱེན་


JLAZ007_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་གྱུར་པ་གནས་བརྟན་གནས་མའི་བུས་རྣམ་པར་གྲོལ་བའི་རས་ཡུག་མ་ཉམས་པའི་བཀར་བསྡུས་པའི་བློ་གྲོས་དཔེ་ཟླར་རུང་བ། གངས་རིའི་ཁྲོད་འདིར་རྒྱལ་བའི་ཕྲིན་ལས་དང༌། གདུལ་ཚུལ་བསམ་གྱིས་མི་ཁྱབ་པས་བསྟན་པའི་ཆུ་མགོ་ཐ་དད་དུ་གྱུར་པ་ལ་རྩ་ལྟུང་དྲུག་པ་རིན་གྱིས་ཉོ་བའི་ཕྱོགས་རིས་ཉེ་འཁོན་མེད་པའི་གཏན་ཚིགས་ལ་དགོད་པར་བློ་གྲོས་དང་ཐུགས་བསྐྱེད་མཚུངས་ཟླ་མ་མཆིས་པ་མཁས་པ་ཆེན་པོ་འགོས་ལོ་གཞོན་ནུ་དཔལ། བོད་རྒྱལ་ཕྲན་བསིལ་མའི་ཉམས་འོག་ཏུ་ཆུད་པས་རྒྱལ་བའི་བསྟན་པ་དང༌། སེམས་ཅན་གྱི་བདེ་སྐྱིད་རྣལ་དུ་མི་གནས་པ་འཕགས་པའི་ལམ་སྲོལ་ཆོས་ཁྲིམས་གཅིག་གི་གདུགས་དཀར་འོག་ཏུ་བདེ་བར་བྱེད་པའི་ཐུགས་བསྐྱེད་མངོན་དུ་བདོ་བ་ངག་དབང་བློ་བཟང་རྒྱ་མཚོའི་སྡེ། སངས་རྒྱས་གྲགས་ཀྱིས་རང་ཡུལ་དུ་རྡོ་ཐོག་ཐིལ་བཏབ་ནས་རྗུ་འཕྲུལ་གྱི་ནུས་པས་སེ་ཆེན་རྒྱལ་པོའི་འཇའ་ས་དང་དར་རིངས་ཆེན་པོ་བླངས་པ་རྣལ་འབྱོར་གྱི་དབང་ཕྱུག་སྐྱི་ཆོས་ཀྱི་སེང་གེ་དཔོན་སློབ་ལ་སོགས་སྐྱེས་བུ་ཆེན་པོ་དུ་མ་ཞིག་སྐྱེ་བའི་འཁྲི་ཤིང་བཟུང་བའི་ཡུལ། སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོས་གཟུགས་སྐུའི་སྣང་བ་སྤྲུལ་གཞིར་བསྡུས་པ་དང་འཇིག་རྟེན་མཐུན་པར་འཇུག་པའི་ལུགས་གཉིས་ལས། རེ་ཞིག་གི་ཚེ་དབང་པོའི་རྡོ་རྗེས་འགྲོ་ལྡོག་གིས་དུབ་


JLAZ007_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་འཛིན་རྣམས་ལ་ངལ་བསོའི་དབུགས་འབྱིན་བྱིན་པའི་རི། བརྒྱ་བྱིན་གྱི་གླང་པོ་ཆེ་རབ་བརྟན་གཡུལ་ངོ་ལ་ཆས་པ་ལྟར་ཚོར་བ་མི་ལྷོད་པ། བག་ཕེབས་པ། གཟི་བརྗིད་ཀྱིས་རྒྱགས་པ། བལྟ་ན་སྡུག་པ། དཔའ་བ་དང་དེས་པའི་ངང་ཚུལ་བལྟར་མི་བཟོད་པའི་སྤྱི་བོས་ཀྱང་ཆབ་མི་འཚལ་བར་འདུད་པ་འཕྱིང་དབར་བ་སོ་དམར་པོ་ཞེས་ནོར་གཏེར་དང༌། ཆོས་གཏེར་མཐའ་ཡས་པའི་གན་མཛོད་ཆེན་པོ། འགྲོ་བའི་མགོན་པོ་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་ཀྱང་གཏེར་སྒྲོམ་སྨུག་པོའི་ནང་ནས་བྱང་ཆུབ་ལྗོན་ཤིང་ལས་གྲུབ་པའི་བླ་མ་རྡོ་རྗེ་འཆང་ཆེན་པོའི་སྣང་བརྙན་སྤྱན་དྲངས་པའི་དབེན་གནས་ཆེན་པོ་དང་ཡན་མན་མཛའ་བ་ལྷར་འབྲེལ་བའི་སའི་ཐིག་ལེ་འཕྱིང་ཡུལ་ངར་མོའི་ཐང་དང་ཉེ་བར་གནའ་བོའི་དུས་སུ་བང་སོ་རྨུ་ལུགས་སུ་བརྩིགས་པ་ལ་གནམ་གྱི་ཁྲི་བདུན། སའི་ལེགས་དྲུག །བར་གྱི་སྟེང་གཉིས། ལྡེ་བརྒྱད། བཙན་ལྔ་ལ་སོགས་པ་གཡུང་དྲུང་བོན་གྱི་རྗེས་སུ་འབྲངས་པ་ལས། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་རིང་ལ་རྒྱལ་བའི་རིང་ལུགས་དང་འབྲེལ་ཞིང་ཐར་པ་དང་ཐམས་ཅད་མཁྱེན་པའི་ཉི་རྒྱུ་དྲང་པོའི་དགོས་པ་དང་ལྡན་པས་ཡབ་ཡུམ་གསུམ་རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་པ་སྒྲོ་སྐུར་དང་དཔྱ་བ་བསལ་ཕྱིར་གསང་རྒྱས་བཏབ་སྟེ། འཕན་ཡུལ་ཟལ་མོའི་སྒང་དུ་འདས་པ་


JLAZ007_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཞེས་དྲིལ་བསྒྲགས་ནས་བང་སོ་ནང་རྒྱན་ཅན་དུ་བརྩིགས་པའི་ཁྱད་ཆོས་ནི། ཡིག་ཚང་རྙིང་པ་ལས། བང་སོ་གྲུ་བཞི་དཀྱིལ་དུ་རེའུ་མིག་བྱས། །དར་དང་ཤུ་གུ་བསྲེས་པའི་འཇིམ་པ་ལ། །དེ་ལ་ཆོས་རྒྱལ་ཆེན་པོའི་སྐུ་བཞེངས་ནས། །ཤིང་རྟར་སྤྱན་དྲངས་རོལ་མོར་བཅས་ནས་ནི། །སྐུ་དེ་བང་སོའི་ནང་དུ་བཞུགས་པར་མཛད། །ནང་གི་རེའུ་མིག་ཐམས་ཅད་ནོར་གྱིས་བཀང༌། །བང་སོ་གྲུ་བཞིར་བརྩིག་པ་དེ་ནས་བྱུང༌། །ཞེས་མདོར་བསྟན་དང༌། རང་བཞིན་རྒྱས་པར་བརྗོད་པ་ནི། ཆོས་བློན་ཆེན་པོ་འགར་གྱིས་མཛད་པའི་དཀར་ཆག་ཏུ། དེར་ཡང་ཁྲི་བདུན་དུར་བཏབ་གནམ་ལ་བཏབ། །ལྷ་ལུས་རོ་མེད་འཇའ་ལྟར་ཡལ་ལོ་ཞེས། །སྟེང་གཉིས་བང་སོ་གཡའ་དང་རྫ་ལ་བཏབ། །ཡལ་དཔོན་རུ་ལུས་སྐྱེས་ཀྱིས་བྱས་སོ་ཟེར། །ལེགས་དྲུག་བང་སོ་གཡའ་སྤང་མཚམས་སུ་བཏབ། །སྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བརྩིགས། །དེ་ཉིད་མཚོ་ལ་ཁ་བ་བབས་པ་ལྟར། །ཟིན་ལྔ་མན་ཆོད་བང་སོ་ཡུལ་ལ་བཏབ། །དེ་ནི་རྗེ་འབངས་གཉིས་པོ་འཐབས་པའི་ས། །ཡུལ་གྱི་མིང་ནི་འཕྱིང་ཡུལ་དར་མོའི་ཐང༌། །བང་སོ་ཡོད་མེད་ས་ཕུང་བརྡལ་འདྲ་ཡོད། །ཁྲི་གཉན་བང་སོ་དོན་མཁར་མདའ་རུ་བརྩིགས། །དེ་ཡང་ཡོད་མེད་ས་ཕུང་བརྡལ་འདྲ་ཡོད། །འབྲོང་གཉན་ལྡེ་རུའི་བང་སོ་ཞང་མདར་བརྩིགས། །རྗེ་འབངས་གསུམ་ཙམ་


JLAZ007_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་པོར་དུར་དུ་སྤས། །མིང་ནི་གསོན་བཅད་ལྡེམ་པོར་ཞེས་སུ་གྲགས། །སྟག་རི་གཉན་གཟིགས་དོན་མཁར་མདའ་རུ་བརྩིགས། །གྲལ་ནི་ཁྲི་གཉན་བང་སོའི་གཡས་ན་ཡོད། །བང་སོ་རྨུ་ལུགས་བརྩིགས་པ་ཡིན་ནོ་ཟེར། །གནམ་རི་སྲོང་བཙན་དོན་མཁར་མདའ་རུ་བརྩིགས། །འཕྲུལ་སྐྱེས་བརྩེགས་པའི་སྲོག་མཁར་ཡོད་དོ་ཟེར། །གྲལ་ནི་ཁྲི་གཉན་བཟུང་བཙན་གཡོན་ན་ཡོད། །མིང་ནི་གུང་རི་སོག་པ་ལེགས་སོ་ཟེར། །སྲོང་བཙན་བང་སོ་འཕྱོང་བུའི་མདའ་རུ་ཡོད། །ཆེ་ཆུང་ཚད་ནི་དཔག་ཆེན་མདའ་རྒྱང་གང༌། །ཞིང་གི་ཚད་ནི་ཉང་གི་རྡོ་རྒྱང་གང༌། །ནང་ན་ལྷ་ཁང་ལྔ་ཡང་བཞུགས་སུ་གསོལ། །བང་སོ་ནང་རྒྱན་ཅན་དུ་གྲགས་པ་ཡིན། །གསང་བའི་མཚན་ནི་རྨུ་རི་སྨུག་པོ་ཞེས། །འཛམ་བུའི་གླིང་གི་ནོར་ཕུད་ལན་གསུམ་བསྡུས། །ལྷ་ཡི་རིན་ཆེན་སྣ་ལྔ་དང༌། །ཀླུ་ཡི་རིན་ཆེན་སྣ་ལྔ་དང༌། །མི་ཡི་རིན་ཆེན་སྣ་ལྔ་སོགས། །ས་བཅུད་གསོ་ཞིང་སྐྱེ་འགྲོའི་བདེ་ཐབས་བསྒྲུན། །དེ་དུས་ས་ནི་འབྲིང་གི་རི་ནས་སྙེད། །དམ་གྱི་ས་ནི་གཉན་གྱི་ཆུ་ནས་བླངས། །སྒོ་ནི་ནུབ་ཕྱོགས་བལ་པོའི་ཡུལ་དུ་བསྟེན། །ནང་གི་ཆ་ནི་རྣམ་པ་ལྔ་རུ་བཀོད། །དབུས་སུ་རྡོ་རྗེ་གཙུག་གི་དམ་སྲི་མནན། །དེ་ཡི་སྟེང་དུ་ཙན་དན་ས་མཆོག་གི །ཀ་བ་ཁོར་ཡུག་ཁྲུ་ཚད་བཅོ་བརྒྱད་པ། །ལྟེ་བ་དེ་རུ་རྒྱལ་པོའི་ན་བཟའ་དང༌། །ནོར་བུའི་རིགས་བྱེད་བསམ་གྱིས་མི་ཁྱབ་ཅིང༌། །རིན་པོ་ཆེ་ཡི་པྲོག་ཞུ་བྱེ་བ་ཡོད། །དེ་ཡི་སྟེང་དུ་ཙན་


JLAZ007_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དན་སྦྲུལ་སྙིང་གི །གདུགས་ནི་ཀུན་ལ་ཁྱབ་པར་ཕུབ་ནས་ཡོད། །རྒྱ་གར་རྒྱལ་པོའི་ནོར་གྱི་སྙིང་ཐོབ་པ། །ཨུ་ཊ་ཡ་ནའི་ཁྲབ་ཀྱི་རྒྱལ་པོ་གཅིག །བྱང་བུ་རེ་ལ་གསེར་སྲང་བྱེ་བ་རི། །དེ་ནི་ནུབ་ཀྱི་ཕྱོགས་ན་ཚས་བཟང་བ། །རིན་ཆེན་ཟངས་ཀྱིས་བསྒྲིལ་ཏེ་སྦས་ནས་ཡོད། །རི་རྒྱལ་ལྷུན་པོའི་ཕྱོགས་ནས་རྙེད་པ་ཡི། །རྒྱ་ནག་རྒྱལ་པོའི་ནོར་གྱི་སྙིང་ཐོབ་པ། །རིན་ཆེན་བྱུ་རུའི་རྒྱལ་མོ་ལག་གཡས་པ། །ཁྲུ་བརྒྱད་ཡོད་པའི་འོད་ཟེར་འབར་བ་ཞིག །མར་མེའི་ཚུལ་བྱས་བྱང་གི་ཕྱོགས་ན་ཡོད། །རྒྱལ་པོ་རང་གི་ནོར་གྱི་སྙིང་ཐོབ་པའི། །ནོར་བུ་འཕྱིང་བུའི་ཕུང་པོ་ཁྲུ་གང་བ། །དེ་ནི་དབུས་ཀྱི་ཕྱོགས་སུ་ཚས་བཟང་བ། །ཟ་འོག་དག་གིས་བསྒྲིལ་ཏེ་སྦས་ནས་ཡོད། །ཧོར་གྱི་རྒྱལ་པོའི་ནོར་གྱི་སྙིང་ཐོབ་པའི། །གསེར་མི་རྟའི་གཟུགས་སུ་བྱས་པ་དག །ལེབ་རྒན་འབར་བའི་དར་སྣས་གྲིལ་ཏེ་ཡོད། །མི་རྟའི་གཟུགས་དང་མཉམ་པའི་འཁྲུལ་འཁོར་ཅན། །དེ་ནི་ཤར་གྱི་ཕྱོགས་ན་སྦས་ནས་ཡོད། །ཡ་རྩེ་རྒྱལ་པོའི་ཕྱག་ནས་བླངས་པ་ཡི། །མུ་ཏིག་ཁལ་དུ་གཞལ་བའི་སུམ་གཉིས་དག །ཤ་ཕྲུག་རླིད་བུར་བཅུག་ནས་ལྷོ་ཕྱོགས་སྦས། །གཞན་ཡང་ནོར་ནི་རྣམ་པ་སྣ་ཚོགས་པ། །རིན་པོ་ཆེ་ཡི་གདུང་ལ་བཀལ་ནས་ཡོད། །ནང་ན་ལྷ་ཁང་ལྔ་ཡང་བཞུགས་ཚུལ་ནི། །ཐམས་ཅད་རྡོ་ལ་བྱས་པའི་མཎྜལ་སྟེང༌། །བཞུགས་པའི་ལྷ་ཚོགས་རྣམས་ཀྱི་གཙོ་བོ་མཆོག །དཀྱིལ་ཀྱི་ཀ་བ་དེ་ལ་སྐུ་རྒྱབ་བརྟེན། །


JLAZ007_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མ་ཆགས་པདྨ་ཅན་ལ་ནི། །བྱིན་རླབས་ལྡན་པའི་སེམས་དཔའ་གཉིས་ཀྱིས་བསྐོར། །ཤར་ན་རྗེ་བཙུན་སྒྲོལ་མ་ལ་སོགས་པའི། །གྲུབ་པ་བརྙེས་པའི་ལྷ་བརྒྱད་ཅེས་བྱ་བཞུགས། །ལྷོ་ཡི་ཕྱོགས་ནས་སངས་རྒྱས་སྨན་པ་ཡི། །རྒྱལ་པོ་ལ་ནི་འཁོར་གྱི་མཆོག་གྱུར་པ། །ཉི་མ་ཟླ་བ་ལ་སོགས་སྣང་བྱེད་བསྐོར། །ནུབ་ཀྱི་ཕྱོགས་ན་སངས་རྒྱས་དགའ་བ་ཡི། །དཔལ་ལ་ཉེ་བའི་སྲས་བརྒྱད་བསྐོར་ནས་ཡོད། །བྱང་གི་ཕྱོགས་ན་གནོད་སྦྱིན་ཛམ་བྷ་ལར། །རྟ་བདག་བརྒྱད་ཀྱིས་བསྐོར་བའི་གཙོ་འཁོར་བཞུགས། །དབུས་ཀྱི་ཀ་བའི་སྟེང་ན་སྐུ་རྟེན་པ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྐུ། །ཚད་དང་ལྡན་པའི་གཙོ་བོ་དེ་ལ་ནི། །བུདྡྷ་ལྷ་འཁོར་དྲུག་ཅུ་ཁྲུ་གང་པས། །བསྐོར་བ་དེ་དག་རིན་པོ་ཆེ་ལས་གྲུབ། །མཆོད་པའི་རྣམ་གྲངས་ལྷ་དང་མཉམ་པ་ཡོད། །དེ་དུས་འདི་ཡི་སྟེང་ཁ་གཅོད་པའི་ཚེ། །སྒོ་ཡི་ཐད་དུ་འཕྲུལ་གྱི་མི་ཆེན་བཞི། །དེ་ཡི་གཡས་གཡོན་འཁྲུལ་འཁོར་དཔག་ཆེན་བཞི། །གཞན་ཡང་འཇིགས་པའི་རྣམ་གྲངས་དུ་མ་ཡོད། །མེ་ནི་མ་ཚུགས་པར་ཡང་བཞུགས་པ་སོགས། །ནམ་མཁའ་འཕུར་འདྲ་བར་སྣང་འཕྱང་འདྲ་ཡོད། །དེ་ཚེ་འདི་ཉིད་སྟེང་ཁ་བཅད་པར་འགྱུར། །ཅེས་སོ། །འདི་ལྟར་གྱི་བྱ་བ་ལས་ཀྱི་འཁོར་ལོ་ལ་རབ་ཏུ་གནས་པའང་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པས་མངའ་གསོལ་བ་སོགས་སྦྱོར་དངོས་མཐའ་རྒྱས་དང་


JLAZ007_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ལེགས་པར་ཚགས་སུ་བཙུད་པས་བསོད་ནམས་ཆ་མཐུན་གྱི་དགེ་ཚོགས་རིན་པོ་ཆེའི་ཡན་ལག་ཕ་མཐར་བརྐྱང་ནས་འགྲོ་བའི་བསོད་ནམས་ཀྱི་ཉེར་འཚོ་ཕུལ་དུ་གྱུར་པ་ཉིད་དུ་བསྒྲུབས་པའི་ཚུལ་གཏན་ཚིགས་ཀྱི་ཡི་གེ་རྙིང་པར། ཕྱོགས་བཅུའི་སངས་རྒྱས་རྣམས་དང་ཉན་ཐོས་དང༌། །བྱང་ཆུབ་སེམས་དཔའ་དམ་ཅན་ཆོས་སྐྱོང་རྣམས། །གནས་དེར་ལྷགས་ནས་བང་སོ་དེ་ལ་ནི། །བཀྲ་ཤིས་རབ་ཏུ་གནས་པའི་ཕྲིན་ལས་མཛད། །དཔོན་སྲས་མང་སྲོང་བཙན་དེ་ལ་སོགས་པའི། །བློན་པོ་བོད་འབངས་འཁོར་དང་བཅས་པ་རྣམས། །མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ། །གནས་དེར་ཁྱེར་ནས་ཕྱག་དང་མཆོད་པ་འབུལ། །དེ་ལྟར་འགྲན་མེད་རྒྱལ་པོའི་བང་སོ་དེ། །ཡུལ་དེའི་ལྷ་སྲུང་རྣམས་ལ་བཅོལ་དམ་མཛད། །གསོལ་བ་བཏབ་ནས་སླར་ཡང་ཡུལ་དུ་བྱོན། །ཞེས་སོ། །གནས་ཚུལ་དེ་ལྟ་བུས་བཀྲ་ཤིས་སྲོང་བཙན་བང་སོའི་རྟོགས་པ་བརྗོད་པའི་ཞར་ལ་བློ་གསལ་དབང་པོ་དྭངས་པ་རྣམས་ལོ་རྒྱུས་ལ་འདྲིས་པར་བྱ་བའི་སླད་དུ་དབོན་སྲས་གཞན་རྣམས་ཀྱི་བང་སོ་དག་གཙོ་དང་འཁོར་གྱི་ཚོམ་བུའི་ཚུལ་དུ་ཉེ་བར་གནས་པའི་གཏམ་གྱི་སྦྱོར་བ་གླེང་བ་ལ་འདི་སྐད་ཅེས་ཞུགས་སོ། །གུང་རི་གུང་བཙན་བང་སོ་དོན་མདར་བརྩིགས། །གྲལ་ནི་གནས་རི་སྲོང་བཙན་གཡོན་ན་བཞུགས། །མིང་ནི་གུང་རི་གུང་རྗེ་ཞེས་བྱར་གྲགས། །མང་སྲོང་བང་སོ་སྲོང་བཙན་


JLAZ007_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ན་ཡོད། །བང་སོ་དེ་ཡང་རིན་ཆེན་ནོར་གྱིས་བཀང༌། །མིང་ནི་མདོ་གཞེར་ཧྲལ་པོ་ཟེར་བ་ཡིན། །འཕྲུལ་རྒྱལ་བང་སོ་མང་སྲོང་གཡོན་ན་ཡོད། །བང་སོ་ལྷ་རི་ཅན་ཞེས་གྲགས་པར་འགྱུར། །ཁྲི་ལྡེ་གཙུག་བརྟན་མེ་ཡིས་ཨག་ཚོམ་གྱི། །བང་སོ་མུ་ལ་རི་ལ་བརྩིགས་པ་ཡི། །གྲལ་ནི་འཕྲུལ་གྱི་རྒྱལ་པོའི་གཡོན་ན་ཡོད། །མིང་ནི་ལྷ་རི་གཙུག་ནམ་བྱ་བ་ལགས། །ལྗང་ཚ་ལྷ་དཔོན་བང་སོ་མེས་ཀྱི་མདུན། །ཟླུམ་པོར་བརྩིགས་ནས་གཏེར་མང་སྦས་སོ་སྐད། །ཁྲི་སོང་བང་སོ་མུ་ལ་རི་ལ་བརྩིགས། །གྲལ་ནི་ཡབ་ཀྱི་རྒྱབ་ངོས་གཡས་ན་ཡོད། །དེ་ནི་མ་གྲོངས་པ་ནས་ཉིད་ཀྱིས་བརྩིགས། །མིང་ནི་འཕྲུལ་རི་གཙུག་སྣང་བྱ་བ་ལགས། །དེ་ཡི་རྩ་ན་རྡོ་རིངས་གཅིག་ཀྱང་ཡོད། །བང་སོ་ཕྱི་རྒྱན་ཅན་ཞེས་གྲགས་པར་འགྱུར། །འདི་མུ་ལ་རི་རྒྱུད་དོན་མཁར་གྱི་མདའ་འབྱེས་ཀྱི་གཡོན་ཟུར་ན་ཡོད་ཅིང༌། རྡོ་རིངས་དེང་སང་མི་སྣང་བ་ཞིང་པའི་སྙག་གིས་ནོན་ནས་ཆེར་མ་སོང༌། གཏན་ཚིགས་སུ་མུ་ལ་རི་ཞེས་བྲིས་པ་ནི་རི་རྒྱུད་དེ་ཀ་ཡིན་པས་དོན་གྱི་ཐོབ་པ་ལ་བཏགས་པ་སྟེ། དོན་ལ་མི་འགྱུར་བའི་གཟེར་རྡོ་རིངས་སོ། །ལྷ་སྲས་མུ་ནེ་བཙན་པོའི་བང་སོ་ནི། །ཨག་ཚོམ་བང་སོའི་གཡས་ངོས་མདུན་ན་ཡོད། །མིང་ནི་ལྷ་རི་ལྡེམ་པོ་ཟར་རོ་སྐད། །འབྲིང་པོ་མུ་རུབ་བང་སོ་དོན་མདར་བརྩིགས། །མིང་ནི་གྱང་རི་གྱང་ལྡེམ་བྱ་བར་གྲགས། །ཐ་ཆུང་སད་ན་ལེགས་ཀྱང་དེ་ཡི་ཕྱོགས། །ལ་ལ་


JLAZ007_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་རྒྱལ་མདུན་ན་ཡོད་པར་སྨྲ། །ཁྲི་ལྡེ་སྲོང་བཙན་གྲལ་ནི་འཕྲུལ་རྒྱལ་མདུན། །ཡུམ་གྱི་ཆབ་གང་དགོངས་པས་གནས་ཀྱི་མཐོང། །དེ་ཡང་མ་གྲོངས་གོང་དུ་རང་གིས་བརྩིགས། །མིང་ནི་རྒྱལ་ཆེན་འཕྲུལ་གཞིར་བྱ་བ་ལ། །དེ་ཡི་མདུན་ལ་རྩིས་ཀྱི་རྡོ་རིང་ལ། །རྒྱལ་ཁམས་བདེ་ལ་བཀོད་པའི་དཀར་ཆག་བྲིས། །བང་སོའི་ནང་ལ་རྒྱལ་པོའི་པུར་བཞུགས་ཚེ། །ཟངས་ཆེན་ཁ་སྦྱོར་ནང་དུ་གདན་ལ་བཞུགས། །གཏན་ཚིགས་གཞན་དུ་རྒྱལ་ཆེན་བང་སོ་སད་ན་ལེགས་ཀྱི་སྲས་ལྡེང་ཁྲི་བྱ་བའི་ཡིན་པར་བཤད་ཀྱང་ལོ་རྒྱུས་འདི་བཀའ་མི་བཙན། སྔོན་གྱི་ཡི་གེ་རྙིང་པ་ལ་འདི་ལྟར་བཤད་པ་དཔྱད་བཟོད་ཅིང༌། ཁྲི་ལྡེ་སྲོང་བཙན་ཅེས་པ་ནི་མངའ་བདག་ཁྲི་རལ་ཡིན་པར་སྒྲ་སྦྱོར་བམ་པོ་གཉིས་པས་བསྟན་ནོ། །འདི་ལྟར་དབོན་སྲས་རལ་པ་གཉའ་ཁྲི་བཙན་པོ་ནས། རལ་པ་ཅན་ཡན་ལ། སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་དང༌། །ཤིན་དུ་སྐྱིད་པའི་གདུང་རབས་ལྔ་ཞེས་གྲགས། །གདུང་རབས་མནྡཱ་ར་བའི་ཕྲེང་བ་ལ། །ཀ་ར་ཝཱི་རའི་ཆུན་འཕྱང་གླང་དར་གྱི། །བང་སོ་འཕྲུལ་དང་རྒྱལ་ཆེན་བར་བརྩིགས་པ། །འཕྲོ་ཆན་ཉིད་དུ་ལུས་མོད་འོད་སྲུངས་པར། །འཕྲུལ་གྱི་རྒྱལ་པོའི་རྒྱབ་ན་བརྩེགས་པ་སྟེ། །དེ་ཕྱིན་བང་སོ་རྩིག་པའི་སྲོལ་ནུབ་ནས། །བོད་འབངས་བསིལ་བུར་འཐོར་བའི་མགོ་བརྩམས་སོ། །ཡུལ་བརྟན་དང་འོད་སྲུངས་ནས། ཞེས་གཏན་ཚིགས་


JLAZ007_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་པ་དུ་ལ་མ་གཞིག་འགྲེལ་གྱིས་དཔྱད་པ་གསུམ་དྲང་པོར་བསྲངས་ནས་འདིར་མཐོང་བའི་ཆོས་སུ་གྱུར་པའི་རྟེན་བརྟེན་པའི་ངེས་བརྗོད་ནི། ཇི་སྐད་དུ། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་ལ་སྤྱོད་པའི་དོན་བྱེད་དོ། །ཞེས་གསུངས་པ་ལྟར། །པཎྜི་ཏ་སྒྲའི་ཚེར་མ་བོད་དུ་བྱོན་ནས་རེ་ཞིག་འདས་ཤིང་བསྟན་པ་ཕྱི་དར་ནས་དྲུག་ཅུ་རྩ་ལྔ་པ་ཆུ་བོ་རྟ་ལ་ཇོ་བོ་ཨ་ཏི་ཤ་བྱོན་ནས་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་སྣང་བས་གངས་རིའི་ཁྲོད་ཀྱི་མུན་པ་བསལ། །སྡེ་སྣོད་འཛིན་པ་སྤྱོད་པ་ལྷོད་པ་དག་གི་གཉེན་པོར་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ཅིང༌། །དགེ་འདུན་རྣམས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་བཀོད། རིམ་བཞིན་ཁ་ཆེའི་བསོད་སྙོམས་པ་ཆེན་པོའི་སྡོམ་རྒྱུན་རྣམ་པར་དག་པས་བླ་ཆེན་སྡོམ་རྒྱུན་ཆག་གཏོར་མ་དང༌། དེར་བསམ་ལ་སོགས་པ་ལ་བྱི་དོར་བྱས་པའང་འཕེལ། བསྟན་པའི་ཕྱག་བཞེས་གཞི་གསུམ་གྱི་ཆོ་གའང་ཇེ་རྒྱས་སུ་གྱུར། ཕུལ་དུ་བྱུང་བའི་མཁས་པ་ཆེན་པོ་རོང་པ་ཆོས་ཀྱི་བཟང་པོ། དཔལ་ཆེན་ཟུར་པ། མར་འབྲོག་མི་གསུམ་ལ་སོགས་པས་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་རྒྱལ་མཚན་བླ་ན་ཕྱར། །རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ། །པ་ཚབ་ལོ་ཙཱ་དང་བཅས་པས་སྡེ་སྣོད་གསུམ་གྱི་གངས་ལྡན་ལ་དབུ་ཚད་བྱམས་ཆོས་ལ་སོགས་པའི་


JLAZ007_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་འགྱུར་གྱི་གད་རྒྱངས་བསྒྲགས་པས་རིགས་པ་མ་ཡིན་པའི་ཅེ་སྤྱང་རྣམས་བརྒལ་བརྟག་རྩོད་པའི་འཁོར་ལོའི་དཔལ་ལ་མ་ཆགས་པར་རིང་དུ་བྲོས། དུས་དེའི་ཚེ་ཟུར་གསང་བདག་སྒྲོ་ཕུག་པ་ཆེན་པོའི་ཡང་སློབ་རྒྱ་སྨན་རྡོ་ཐོགས་པ་སངས་རྒྱས་གྲགས་ཀྱི་སློབ་མ་སྐྱི་ཆོས་ཀྱི་སེང་གེ་ཞེས་མཐུ་སྟོབས་དང་རྫུ་འཕྲུལ་གྱི་ནུས་པས་གོང་མ་སེ་ཆེན་རྒྱལ་པོའང་ངོ་མཚར་གྱིས་གནས་ལ་བཀོད་པའི་གྲུབ་པའི་རིག་འཛིན་གྱི་སློབ་བརྒྱུད་ཉང་སྟོན་ཡབ་སྲས་ཀྱི་རིང་ལ་བང་སོའི་སྟེང་དུ་གཙང་ཁང་དམར་པོ་འདི་ཆགས་ཤིང༌། རིམ་གྱིས་ཕྱི་ཁྱམས་ལས་གཙུག་ལག་ཁང་གི་གཞི་མོར་གྱུར་པ་འདི་ཉིད་འགྲོ་བའི་བསོད་ནམས་ཀྱི་ཉེར་འཚོར་དེ་བཞིན་གཤེགས་པའི་ཐུགས་རྗེས་བཀོད་པ་ནི་ཆོ་འཕྲུལ་རྣམ་པར་བསྟན་པ་ལས། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་བུ་དག་དེ་བཞིན་གཤེགས་པའི་ཐབས་མཁས་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མང་པོ། །ཞེས་པའི་འཕྲོར་ཁ་ཅིག་ནི་སྐུ་གཟུགས་བྱེད་དུ་གཞུག་པ་དང༌། རི་མོ་དང༌། གསེར་དང༌། དངུལ་དང༌། ར་གན་གྱི་སྐུ་གཟུགས་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཞེས་གསུངས་པ་བཞིན། བརྟེན་པའི་གཙོ་བོར་ད་ལྟ་དགའ་ལྡན་ན་བྱང་ཆུབ་སེམས་དཔའི་ངང་ཚུལ་ཅན། མ་འོངས་པའི་


JLAZ007_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ན་བསྟན་པའི་བདག་པོ་ཉིད་དུ་བཞེངས་པར་འགྱུར་བ་རྒྱལ་བ་མ་རྒྱལ་བ་ལས་རྒྱལ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཕམ་མགོན་པོ། གཡས་སུ་འདས་པའི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མར་མེ་མཛད། གཡོན་དུ་ད་ལྟར་བའི་བསྟན་པའི་བདག་པོ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱི་ནང་ཚན་ལས་ཀྱང་པད་དཀར་ལྟར་བསྔགས་པ་རྒྱལ་བ་ཤཱཀྱ་སེང་གེ དེ་བཞིན་གཤེགས་པའི་གསུང་གི་གསང་བ་འཛིན་པ་ལ་མི་བརྗེད་པའི་གཟུངས་དང༌། སྤོབས་པའི་གཏེར་གྲོལ་བ་མཐུ་སྟོབས་ཀྱི་དབང་ཕྱུག་ན་རྡོ་རྗེ། དེ་དག་གི་ནང་ཚན་ལས་ཀྱང་ཡེ་ཤེས་ཀྱི་འཇུག་པ་མངོན་དུ་གྱུར་པའི་གཟི་བྱིན་དང༌། མཐུ་དབང་བ་ལྟར་མི་བཟོད་པའི་བརྟུལ་ཞུགས་ཀྱིས་ཁྱད་པར་དུ་བྱས་པ་བཅོམ་ལྡན་འདས་རྟ་མཆོག་རོལ་པའི་སྣང་བརྙན་འདི་རྟོག་ཚོགས་ལྷ་སྐུར་ཤར་བ། རྒྱལ་སྲས་བསྟན་པའི་ཉི་མའི་ཕྱག་བཟོས་བསྐྲུན་ཞིང་མཐུན་སྣང་གྲུབ་པར་ཞལ་རས་ལ་རྡུལ་མི་བཞེས། ཐུགས་ཀ་ན་དྲོད་རྟ་རྔ་ཙམ་ཁོར་ཡུག་ཏུ་བཞུགས་པ་ཡོངས་ལ་གྲགས་པས། འདི་ལ་གསོལ་བ་བཏབ་པའམ། རེག་པ་ཙམ་གྱིས་གནོད་སྦྱིན་མ་རུངས་པ་དང༌། གྲིབ་གནོན། གནོན་པོ། སྨྱོ་བརྗེད་ལ་སོགས། ཤ་ཟའི་གདོན། གདུག་པ་ཅན་གཟའ་ཀླུའི་ནད་ལས་གྲོལ་བ་སོགས་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་དགོས་


JLAZ007_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་རྩོལ་བའི་ཡོན་ཏན་གྱི་ཁྱད་པར་དུ་བྱས་པའང༌། འདི་ལྟར་ཟ་ཧོར་གྱི་རྒྱལ་རིགས་ཤིང་སཱ་ལ་བ་ལྟ་བུའི་ཆོ་རིགས་བཙུན་པོའི་བདྨོའི་གེ་སར་ལས་གྲོལ་ཅིང༌། ལྷ་དང་བཅས་པའི་གཙུག་གི་ནོར་བུ། ཐམས་ཅད་གཟིགས་པའི་ཡེ་ཤེས་ལ་མངའ་དབང་ཆུབ་པ། གནས་ལྔ་རིག་པའི་པཎྜི་ཏ། ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ། ཐེག་པ་མཐའ་ཡས་པའི་ཁྱད་ནོར་རིན་པོ་ཆེ་སྣ་བདུན་གྱིས་བསྲུངས་པས་ལྗོངས་འདིར་རྒྱལ་བའི་བསྟན་པ་མཐའ་དག་ཉེ་འཁོན་མེད་པའི་གནས་ལ་སྦྱར་ཞིང༌། ཤིང་རྟ་ཆེན་པོ་གཉིས་ཀྱི་རིང་ལུགས་འཇམ་པའི་དབྱངས་ཀྱི་ཞལ་ལུང་དུ་སྒྲོག་པ་ལ་རྒྱ་གར་གྱི་ཆུ་བོ་གངྒཱ་ཚུན་ཆད་ན་གྲགས་པའི་དཔལ་གྱིས་མཐོ་བ་གོང་མ་ལྔ་པ་ཆེན་པོ་ཞབས་འབམ་གྱིས་བསྙུན་པའི་ཚེ་རྟ་མགྲིན་འདིའི་ཞབས་ལ་ཞིག་གསོ་དང་མཆོད་འབུལ་མཛད་པས་སྙུན་དྭངས། གནས་འདིར་ཞབས་པད་བསྐྱོད་པའི་ཚེ་ཡང་སྤྲུལ་པའི་གུ་རུ་མཚན་བརྒྱད་ཞལ་གཟིགས། ཕྱི་ནང་གཞན་གསུམ་རྟེན་འབྲེལ་གཅིག་པའི་ངོ་མཚར་གྱི་བཀོད་པ་མཐོངབའི་ཆོས་ལ་གནས། བོད་ཀྱི་སྲིད་སྐྱོང་ཀུན་གྱིས་སྲི་ཞུ་བླ་ན་མེད་པ་མཛད། བསིལ་བའི་ཚལ་དང་མཉམ་པའི་མགོན་ཁང་འདིར་སྤྲུལ་པའི་སྐུའི་བྱི་བྱད་ཀྱིས་བཞུགས་པའི་སངས་རྒྱས་ལྔ། རྗེ་བཙུན་སྒྲོལ་མ་དང༌། སྣ་ཚོགས་ཡུམ་རིགས་གཅིག །མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ་


JLAZ007_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་བཙན་དང་བཙུན་མོའི་དམ་པ་གཉིས། སྤྲུལ་པའི་བློན་པོ་གཉིས་དང་བཅས་པ་གནའ་བོའི་བཟོ་བཀོད་ཡེ་ཤེས་ཀྱི་སྲོག་དང་ལྡན་པའི་འདུན་སར་དུག་གསུམ་རཱུ་ཏྲའི་གཤེད་པོ་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་སྤྲུལ་འཁོར་དགྱེས་སྡེ་དང་བཅས་པ་གཏེར་སྟོན་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཤངས་མཚལ་ལས། དེའི་སློབ་བརྒྱུད་སྐལ་ལྡན་ཡར་ཀླུངས་སྤྲུལ་སྐུ་རྒྱལ་བ་རིགས་ལྔར་གྲགས་པའི་ནང་ཚན་ཆོས་ལྡན་པ་དང་དུར་ཁྲོད་པའི་སྲས་སུ་གྱུར་པ་སྨན་ལུང་བ་ཤཱཀྱ་གཞོན་ནུས་ཕྱག་བྲིས་སུ་མཛད། ཡེ་ཤེས་སེམས་དཔའ་མངོན་སུམ་པར་བཅུག་པས་ཕྲིན་ལས་རྣམ་བཞི་བདེ་བླག་ཏུ་འགྲུབ་པ་ལ་རྩོད་པ་མེད་པས་དམ་པའི་ཚོགས་ཀྱང་ཞལ་དབྱེ་བར་བག་འཁུམས་ལ། ལྔ་པ་ཆེན་པོ་ནས་བཟུང་ཆོས་སྲིད་ཁྲིམས་ཀྱི་ཁ་ལོ་བ་ཀུན་ནས་ཀྱང་སྐོང་བ་དང་བསྟི་སྟང་བླ་ན་མེད་པ་མཛད་པའོ། །གོང་མ་ལྔ་པའི་རྣམ་ཐར་ན་སྨན་ལུང་པའི་ཤངས་མཚལ་དུ་ཐེབས་པ་རྒྱུས་ལ་མི་མཁས་པས་སྣང་ལ་མ་ངེས་པའི་སྙན་སྒྲོན་བྱས་པ་དོན་ལ་མི་གནས་པ་ཉིད་དོ། །དེ་དག་གི་རྟེན་གསུམ་རྙིང་མའི་ལོ་རྒྱུས་རགས་རིམ་སྔོན་དུ་བསྙད་ནས་ཕྱིས་དད་པ་དང་བསོན་ནམས་ཀྱིས་མངོན་པར་མཐོ་བ་ཐ་དད་པ་ནས་རང་རང་གི་དཀར་པོ་རྣམ་པར་འཕེལ་བའི་སླད་དུ་གསར་བཞེངས་རྣམས་མངོན་སུམ་མིག་གི་དགའ་སྟོན་ལ་བཞུགས་ཤིང༌། གཡོན་ཕྱོགས་ཀྱི་སྟེགས་བུ་འདི་ནི་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་གསུམ་


JLAZ007_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འབྲིང་པོ་མུ་རུབ་བཙན་པོའི་སྤྲུལ་པའི་ཟློས་གར་སངས་རྒྱས་གླིང་པས་ཤར་ཕྱོགས་ཤིང་ལོའི་ཚལ་དུ་བདུད་རྩིའི་སྒྲུབ་ཆེན་མཛད་པའི་ཚེ། འབྱུང་པོ་མི་བསྲུན་པས་གླགས་བལྟས་ནས་སྨན་རྣམས་སྔིག་པའི་གོང་བུར་བསྒྱུར། ཞལ་ནས་འདི་བར་ཆད་དུ་འདུག་པས་དངོས་གྲུབ་ལེན་ལུགས་ཤེས་དགོས་གསུངས་པ་ན། དཔལ་ཆེན་རྡོ་རྗེ་ཕུར་པའི་རྣལ་འབྱོར་པ་བཛྲ་ཀུ་མཱ་རས། བཀའ་བཞིན་བསྒྲུབ་པར་བདག་འཚལ་ལགས། ཞེས་ཡུལ་གསུམ་གྱད་དུ་གྱུར་པའི་གཉེན་པོ་སྟོབས་ཀྱི་ལྷར་བསྙེམས་ཏེ་སྡིག་གཟུགས་ཞལ་དུ་བསྟབས་པས་ཆོས་འཕྲུལ་མི་བསྲུན་པ་རང་སར་དེངས། ཕྱོགས་ཐམས་ཅད་སྨན་དྲིས་ཁྱབ། སླར་སྡིག་པའི་ཁོག་པ་དེ་སྟེགས་བུ་འདིའི་སྟེང་དུ་བཏུལ་ནས་སྨན་དུ་བྱས་པ་ཆོས་ཉིད་འགྱུར་བ་མེད་པའི་ཁ་དོག་ཏུ་ཤར་བས་སླན་ནག་ཏུ་གྲགས་པ་བྱིན་རླབས་ཤིན་ཏུ་ཆེ་བ་བྱུང༌། སྟེགས་བུ་འདིར་སྨན་སྒྲུབ་མཛད་པ་པོ་གུ་རུ་ཆོས་དབང་ཡིན་ཟེར་བ་སོགས་ལོ་རྒྱུས་ཕན་ཚུན་འཆོལ་བར་སྨྲ་བ་ནི་རྒན་པོའི་ངག་འགྲོས་ལ་ཡིད་བརྟན་འཆའ་བ་རྣམས་ཀྱིས་གཏན་ཚིགས་སོ། །འདི་ལྟར་རྒྱ་གར་དུ་མཻ་ཏྲི་པས་མཆོད་རྟེན་གྱི་སེར་ཁའི་འོད་ལ་གཟིགས་པས། རྒྱུད་བླ་མ་དང་ཆོས་ཉིད་རྣམ་འབྱེད་གཉིས་ཀྱི་དཔེ་བྱུང༌། དེ་བཞིན་དུ་མཛངས་བླུན་ན་ཀུན་ཏུ་རྒྱུས་ཚུལ་ཁྲིམས་བསྲུངས་པའི་ལེའུར་ཡང་ཁྱིམ་གྱི་ཀ་བ་ནས་རྟེན་འབྲེལ་བཅུ་གཉིས་ཀྱི་མདོ་དང༌། ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་ཀྱི་དཔེ་བྱུང་བའི་གཏམ་རྒྱུད་ཡོད་པ་བཞིན་ཕྱིས་རབ་བྱུང་བཅུ་གཉིས་པའི་ནང་དུ་རྒྱལ་སྲས་ལྷ་རྗེ་སྤྲུལ་པའི་སྒྱུ་འཕྲུལ་ལ་ཆགས་པ་


JLAZ007_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་གླིང་རྡོ་རྗེས་རྒྱལ་དབང་པདྨའི་ཕོ་ཉ་ཡེ་ཤེས་དག་པའི་མཁའ་འགྲོ་མས་དུས་གསུམ་དུས་མེད་ཆེན་པོར་རྒྱས་བཏབ་པ་འཕུར་འགྲོའི་ཐེག་པའི་ཡང་བཅུད་དང་ཤྲཱི་སིངྷ་དང་ཨོ་རྒྱན་ཆེན་པོའི་དབུ་ལོའང་སྤྱན་དྲངས་པ་སོགས་ངོ་མཚར་བྱིན་རླབས་ཅན་གྱི་སྟེགས་བུར་གྱུར་པའི་སྟེང༌། བརྟེན་པ་བླ་ན་མེད་པ་གངས་ཅན་པ་རྣམས་ཀྱི་དཔུང་གཉེན་གཅིག་པུ་པ་དཔལ་ཨོ་རྒྱན་སངས་རྒྱས་གཉིས་པ་གཙོ་འཁོར་གསུམ་གྱི་སྣང་བརྙན་དང༌། དབང་ཤེས་གནས་སུ་དག་པ་ཉེ་བའི་སྲས་བརྒྱད། མདོ་མང་པོ་ཏི་ཉི་ཤུ་ཐམ་པ་རྣམས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་བསྟན་འགྲོའི་ཉེར་འཚོར་འདུ་བྱས་ཤིང༌། ཡོན་གྱི་བདག་པོས་བཞེངས་པའི་རྗེ་བཙུན་སྒྲོལ་མའི་སྣང་བརྙན་དང་བཅས་པ་ལ་རབ་ཏུ་གནས་པ་མཐོང་བའི་ཆོས་ལ་གཟི་བྱིན་གྱི་དཔལ་དུ་འབར་རོ། །བང་སོ་འདིར་ལོ་རྒྱུས་རྙིང་བ་ཁ་ཅིག་ཏུ། ཁེངས་ལོག་ནས་ལོ་དགུ་པ་ལ་ཤུད་པུ་སྟག་རྩེ་སོགས་བཞིས་བགྲོས་ཏེ་བང་སོ་རྣམས་བགོ་བཤའ་བྱས། གཉགས་ཀྱིས་དོན་མཁར་མདའ། ཚེ་སྤོང་ཞང་གིས་རྒྱལ་ཆེན། ཤུད་པུས་སེང་གེ་ཅན། འཕྲུལ་རྒྱལ་གྲོང་འཕྱོས་རྣམས་ཀྱིས་བྲུས་ཤིང༌། མདོ་ཞེར་སྙི་པས་ཏེ་འདྲུ་འཕྲོར་ལུས། སྲོང་བཙན་འགྲོ་ལྡོག་ཟུང་གིས་ཐོབ་སྟེ་ལུས་ཞེས་ཀྱང་བཤད་མོད། ཡོངས་སུ་སྒྲོག་པར། བང་སོའི་དབྱིངས་ལ་ཆུ་བུར་གྱི་མིག་ལ་བལྟར་མི་མངོན་པའི་རླུང་སྤུ་གྲི་རེག་གཅོད་འཕྲུལ་གྱི་འཁོར་ལོའི་རྣོ་དབང་དང༌། གནོད་སྦྱིན་དཀར་པོའི་ཕྱོགས་ལ་དགའ་


JLAZ007_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བ། མི་མ་ཡིན་གྱི་ཚོགས་རྣམས་ཀྱིས་རྟག་ཏུ་སྲི་ཞུ་དང་སྲུང་བར་བྱེད་པས་ནག་པོའི་རྩ་ལག་གླང་དར་མ་འུ་དུམ་བཙན་གྱིས་ཀྱང་བང་སོ་གཞན་རྣམས་ཉམས་དམས་པར་བྱས་པའི་ཚེ་འདི་ལ་སྨ་དབབ་པར་མ་ནུས་པ་ནི་ཁྱད་གཞི་ཚད་མར་གྱུར་པའོ། །འདི་ལྟར་ཞིང་གི་ཕུལ་དང་རབ་མཆོག་དམ་པར་གྱུར་པའི་ཡུལ་ལ་འདུན་པ་དང༌། ཞེ་སྡང་དང༌། གཏི་མུག་གི་འགྲོ་བ་ཙམ་མ་ཡིན་པར་ནང་པ་སངས་རྒྱས་པའི་ཁྱད་ཆོས་གནས་སྐབས་དང་མཐར་ཐུག་ཀུན་ཏུ་མི་བསླུ་བར་ཤེས་པས་སྐྱབས་སུ་འགྲོ་བ་དང༌། སེམས་སྦྱང་བ་དང༌། ཕྱག་དང༌། བསྐོར་བ་དང༌། བསྟི་སྟང་དང༌། སྲི་ཞུའི་གནས་སུ་མེད་པས་སྒོ་གསུམ་དགེ་བའི་ལས་ལ་སྦྱར་བ་ནི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་གང་གི་སྒོ་ནས་ཀྱང་བློ་མ་བཅོས་པའི་འགྲོ་བ་དང་པའི་རྗེས་སུ་འབྲང་བ་ཀུན་དང་ཐུན་མོང་གི་བྱ་བ་ཡིན་ལ། འདི་ལྟར་མཐོང་ན་མི་མཐུན་པ་མེད་པའི་རྟེན་གྱི་གཟི་བྱིན་ལས་དད་པ་ཉི་ཚེ་བ་ཙམ་ཐོབ་ཀྱང་བསོད་ནམས་དམ་པའི་ཡུལ་ལ་བསྔགས་པའི་ཚུལ་ཕལ་པོ་ཆེ་ལས། ལན་ཅིག་ཙམ་ཡང་དད་པ་སྐྱེས་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལས་གཞན་དུ་གང་ཟག་གི་བློའི་ནུས་པའི་དབང་ལས། གནས་སྐབས་ཀྱི་སྡུག་བསྔལ་བརྣག་པར་དཀའ་བ་ལས་གྲོལ་ཅིང༌། ཕྱི་མའི་འཇིག་


JLAZ007_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མངོན་པར་མཐོ་བའི་དཔལ་དང་ཡོན་ཏན་ཙམ་དོན་དུ་གཉེར་བ་སྐྱེས་བུ་ཆུང་ངུའི་ཚོགས། མངོན་མཐོའི་འབྲས་བུ་དེ་དག་ཀྱང༌། ཀླུ་སྒྲུབ་ཞབས་ཀྱིས་བཤེས་སྤྲིང་དུ་གདམས་པ་བཞིན། བདེ་སྡུག་གི་འཁོར་ལོ་རེས་འཇོག་ཏུ་སྤྱོད་པ་ཙམ་ལས། ཆུ་ཤིང་གི་འབྲས་བུ་ལྟར་སྙིང་པོ་མེད་པར་ཤེས་ནས་འཁོར་བ་ཟོ་ཆུའི་འཁྱུད་མོ་ལྟ་བུའི་གནས་ལས་ངེས་པར་ཞི་བདེ་ཐར་པའི་གོ་འཕང་དོན་དུ་གཉེར་བའི་སྐྱེས་བུ་འབྲིང་གི་བློ་ཅན་མན་ཆད་དག་ཀྱང་ལམ་ཉི་ཚེ་བ་གཉིས་ལས་ལྡོག་ཏེ་བླ་ན་མེད་པའི་སེམས་བསྐྱེད་དང་བཅས་པས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་ནི་སྐྱེས་བུ་ཆེན་པོའི་ལམ་གྱིས་འཇུག་ངོགས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གསོ་དཔྱད་ཕལ་པ་འདི་འདྲ་བ། །སྨན་པ་མཆོག་གིས་མ་མཛད་དེ། །ཆོ་ག་ཤིན་ཏུ་འཇམ་པོ་ཡིས། །ནད་ཆེན་དཔག་མེད་གསོ་བར་མཛད། །ཅེས་གསུངས་པ་བཞིན་ཐེག་པ་ཆེན་པོའི་ཆོས་ཁམས་རྒྱ་མཚོ་ལྟ་བུའི་ལམ་གྱི་སྦྱོར་བའི་ཆོས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པའི་སྔོན་དུ། འདི་ལྟར་ཐར་པའི་ལམ་དང་འབྲེལ་བའི་ཚངས་པའི་གནས་པ་བཞིའི་མི་མཐུན་ཕྱོགས་ལས་གྲོལ་བའི་ཚད་མེད་བཞིའི་བསམ་པས་ཀུན་ནས་བསླབས། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་སྟེ་བསྡུ་བའི་དངོས་པོ་བཞི་དང་ལྡན་པས་རྒྱལ་བའི་


JLAZ007_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཀྱི་སྤྱོད་པ་རྒྱ་མཚོའི་སྙིང་པོར་ཕྱིན་པར་སྨོན་པ་དང་དངོས་སུ་འཇུག་པའི་ཁྱད་པར་ལས་སྨོན་འཇུག་གི་རྣམ་པར་ཤར་བའང༌། བྱ་བའི་སྒོ་ནས་བསོད་ནམས་རྒྱུན་ཆགས་སུ་འཕེལ་བ་འཇུག་པའི་ལམ་ལ་སློབ་མོད་ཀྱི། གང་ཟག་ལས་དང་པོ་པས་སྨོན་པའི་སྒོ་ནས་འབྲས་བུ་ལ་དམ་བཅས་ན། ཐེག་དམན་གྱི་སྡོམ་པའང་བསམ་པ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་བ་ཇོ་བོ་ཆེན་པོ་བཞེད་པའི་རྗེས་སུ་འགྲོ་ལ། འདིར་ཉིན་ཞག་གཅིག་པའི་ཁྲིམས་ལ་འདྲ་ཅོག་དུས་རེས་འགའ་བ་ཡིན་པས་ཡོན་ཏན་གྱི་རྟེན་མ་ཡིན་པས་སོ། །བརྩི་ན་ཡན་ལག་བརྒྱད་པའི་ཁྲིམས་ནོད་པ་ལ་སོགས་ཉེས་སྤྱོད་སྡོམ་པ། སྙུང་བར་གནས་པ་ལ་སོགས་པ་དགེ་བའི་ཆོས་སྡུད། འཆི་བར་ངེས་པའི་སྲོག་སྐྱོབ་པ་ལ་སོགས་སེམས་ཅན་དོན་བྱེད་དེ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྗེས་མཐུན་ཁྱིམ་པའི་ཕྱོགས་ནས་ཀྱང་སྐབས་ཐོབ་ལ་སྦྱང་དུ་ཡོད་པའི་ཕྱིར། ཉ་སྟོང་བརྒྱད་གསུམ་དང༌། ཡར་མར་གྱི་ཚེས་བཅུ་རྣམ་གཉིས་སོགས་ལ་རྩེད་འཇོ་དང་གྱི་ནའི་དབང་གིས་མ་ཡིན་པར་གཙུག་ལག་ཁང་འདིར་འདུ་བར་འོས་པ་ཡིན་ནོ། །དེ་ལྟར་འདུས་ནས་ཀྱང་མགོན་པོ་ཞི་བ་ལྷས། ཚོད་མ་ལ་སོགས་སྦྱིན་པ་ལའང༌། །འདྲེན་པས་ཐོག་མར་སྦྱོར་བར་མཛད། །དེ་ལ་གོམས་ནས་ཕྱི་ནས་ནི། །རིམ་གྱིས་རང་གི་ཤ་ཡང་


JLAZ007_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང༌། །གང་གིས་རང་གི་ལུས་ལ་ནི། །ཚོད་སོགས་ལྟ་བུའི་བློ་སྐྱེས་པ། །དེ་ཚེ་ཤ་ལ་སོགས་གཏོང་བ། །དེ་ལ་དཀའ་བ་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟར་གཏོང་བ་ཕུན་སུམ་ཚོགས་པའི་བསམ་སྦྱོར་མཆོག་ཏུ་དག་པས་སྣ་དྲངས་ལུས་ལོངས་སྤྱོད་དང་བཅས་པ་དཀོན་ཅོག་གསུམ་ལ་ཕུལ་བས་སྲེད་པ་དང་བཅས་པའི་བདག་ལྟའི་ས་བོན་དྲུངས་ནས་འབྱིན། བླ་ན་ཡོད་པའི་མཆོད་པ་བདག་པོས་ཡོངས་སུ་མ་བཟུང་བ་རིན་པོ་ཆེའི་རི་དང༌། ནགས་མའི་ཚལ། སྨན་གྱི་ལྗོངས། སྐྱེད་མོས་ཚལ་གྱི་བཀོད་པའི་ཚོགས། བློས་མཆོག་ཏུ་སྤྲུལ་པ་ཁྲུས་ཀྱི་ཁང་པ་ལ་སོགས་པའི་ཉེར་སྤྱོད། བླ་ན་མེད་པའི་མཆོད་པ་ཀུན་ཏུ་བཟང་པོ་དང༌། འཇམ་དཔལ་དབྱངས་ལ་སོགས་པ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་གསར་པས་བློ་གྲོས་ཀྱི་འདུན་ཁང་མཛེས་པར་བྱས་ཏེ། ཞིང་ཁམས་ཀྱི་མཆོད་སྤྲིན་སྤྲོ་བ་དང༌། ནང་པ་སངས་རྒྱས་པའི་ཆོས་དང༌། ཁྱད་པར་ཐེག་པ་བདེ་བ་དང༌། ལམ་བདེ་བ་དང༌། འཇུག་པ་བདེ་བའི་ཁྱད་པར་གྱིས་བསྐལ་ཆེན་གསུམ་གྱི་ཚོགས་ཀྱང་སྐད་ཅིག་ལ་འདུམས་པ་བསོད་ནམས་དམ་པའི་འཇུག་ངོགས་ཡན་ལག་བདུན་པ་འབུལ་བ་དང་རྗེས་འབྲེལ་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་ཐོབ་ཀྱི་ཚོགས་ནི་དམིགས་པ་དང་བྲལ་བའི་སྨོན་ལམ་བཙན་པོས་སེམས་ཅན་གྱི་ཁམས་ལ་ཕན་གདགས་


JLAZ007_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དེ། ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱ་སྨོན་ལམ་གྱི། །དབང་ལས་རྒྱལ་བའི་སྐུར་སྣང་ངོ༌། །ཞེས་པས་དབང་རྣོན་ཆོས་རྗེས་འབྲང་བས་བསྟན་པ་དང་སེམས་ཅན་ཐུགས་ལ་ལྷག་པར་ཡང་བཅངས་པའི་སྨོན་ལམ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་འགྲན་པ་ཉིད་དུ་བསྐུལ་ལོ། །དེའང་ཤེས་རབ་ནམ་མཁའ་ལྟ་བུའི་ཐབས་ཀྱིས་ཟིན་པའི་རྟེན་ཅིང་འབྲེལ་འབྱུང་ཆེན་པོའི་བྱེད་པ་པོ་བསྔོ་བ་དམ་པའི་ཞགས་པས་བཟུང་བའི་དགེ་བ་གང་ཡིན་པ་ཐར་པའི་ལམ་མ་ནོར་བ་ཡིན་ཏེ། ཁྲི་བརྒྱད་སྟོང་པ་ལས། ཕ་རོལ་ཏུ་ཕྱིན་པ་ལྔ་པོའང་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་པ་དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་འཇུག་པར་འགྱུར་རོ། །ཞེས་སོ། །དེའི་ཕྱིར་གཞོན་ནུ་ནོར་བཟང་གིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་སྨོན་ལམ་དུ་བཏབ་པའི་རྗེས་སུ་ཡིད་གཞུངས་ཏེ་ཐར་པ་དོན་དང་ལྡན་པ་མཛད་པར་ཞུ། ཞེས་པའང་སྡོམ་བརྩོན་རྣལ་དུ་འབྱོར་བའི་རིམ་པ་ལ་མོས་པ་ཨཽ་ཌི་ཡས་ཆེད་དུ་གཉེར་བའི་ཕྱིར་མ་འདྲེས་ཡོངས་སུ་རྫོགས་པའི་ཤིང་རྟ་ཆེན་པོ་པ་རྣམས་ཀྱི་གྲུབ་པའི་མཐའ་ལ་དད་ཅིང༌། རང་བཞིན་ཐེག་མཆོག་སྙིང་པོའི་རིང་ལུགས་


JLAZ007_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སྔོན་གྱི་ཡི་གེ་དང༌། ངག་འགྲོས་གྱི་ནའི་རིགས་ལས་ཚད་མར་རིག་པའི་ལོ་རྒྱུས་ལ་གཞིག་འབྲེལ་སྔོན་དུ་འགྲོ་བའི་བྱི་དོར་དང་བཅས་སླར་ཡང་ཕྲི་བསྣན་ཅུང་ཟད་དང༌། མཆན་བུ་དཀྱུས་སུ་སྡེབ་པ་སོགས་དག་ཐེར་བགྱིས་པ་འདི་ཉིད་བཀའ་བཙན་པར་བྱའོ། །གཏམ་ཚོགས་ལེའུ་སོ་བདུན་པའོ།། །།


previousགཏམ་ཚོགས་ལེའུ་སོ་བདུན་པ། བཀྲ་ཤིས་སྲོང་བཙན་བང་སོའི་གཏམ་ལོ་རྒྱུས་ཀྱི་མཛོད་ཁང།next