Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་སོ་བརྒྱད་པ། བཀྲ་ཤིས་སྲོང་བཙན་བང་སོའི་དཀར་ཆག་འབྲིང་པོར་བྱས་པ་ནྱ་གྲོདྷའི་ཆུན་འཕྱང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་སོ་བརྒྱད་པ། བཀྲ་ཤིས་སྲོང་བཙན་བང་སོའི་དཀར་ཆག་འབྲིང་པོར་བྱས་པ་ནྱ་གྲོདྷའི་ཆུན་འཕྱང་།next

གཏམ་ཚོགས་ལེའུ་སོ་བརྒྱད་པ། བཀྲ་ཤིས་སྲོང་བཙན་བང་སོའི་དཀར་ཆག་འབྲིང་པོར་བྱས་པ་ནྱ་གྲོདྷའི་ཆུན་འཕྱང་།


JLAZ007_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་སྲོང་བཙན་བང་སོའི་དཀར་ཆག་འབྲིང་པོར་བྱས་པ་ནྱ་གྲོདྷའི་ཆུན་འཕྱང་ཞེས་བྱ་བ་བཞུགས། ཤྲཱི་མངྒ་ལ་སྭ་སྟི། གང་དུ་གཤེགས་ན་བྱང་ཆུབ་ཀྱི། །སྙིང་པོར་གྱུར་པས་བདུད་ཀྱི་སྡེ། །སྤ་བཀོང་ས་ཡང་འདར་གྱུར་པས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །དེ་ལ་དགེ་བཅུའི་ཡོན་ཏན་གྱི་དཔལ་དང་འགྲོགས་པའི་ཡུལ་ན། བཀྲ་ཤིས་སྲོང་བཙན་བང་སོ་ཞེས་སྙན་པའི་བ་དན་གྱིས་ས་བླ་དོག་པོར་བྱས་པའི་རྟོགས་བརྗོད་ཀྱི་མཆོད་སྤྲིན་ཅུང་ཟད་འབུལ་ན། སྡོམ་འབྱུང་ལས། འཛམ་བུ་གླིང་པའི་གཙོ་བོ་མཆོག །ཡུལ་དབུས་སུ་ནི་སྐྱེས་པ་སྟེ། །ཞེས་ཐོག་མའི་ཆོས་ཚིགས་དང་ས་ཚིགས་གཉིས་ཀའི་དབང་ལས་ཡུལ་གྱི་དབུས་དམ་པར་གྱུར་པ། འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། གྲོང་ཁྱེར་དང༌། སྐྱེ་བོ་མང་པོས་གང་ཞིང་དེ་བཞིན་གཤེགས་པའི་བསྟན་པ་དང་གཙུག་ལག་རྒྱ་མཚོ་འབྱུང་བའི་གནས། མ་ག་དྷཱ་རྡོ་རྗེའི་གདན། ཤར་ཕྱོགས་ན་


JLAZ007_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གཟོ་གནས་རིག་འབྱུང་གི་ཡུལ་གྲུ་རྒྱ་ནག་རི་བོ་རྩེ་ལྔ་འཕགས་པ་ལག་ན་རལ་གྲིའི་གཞལ་མེད་ཁང༌། ལྷོ་ཕྱོགས་ན་གཉིས་མེད་རྒྱུད་རྒྱལ་གསུངས་པའི་གནས་དཔལ་ལྡན་འབྲས་སྤུངས་པའི་མཆོད་སྟོང༌། ནུབ་ཕྱོགས་ན་འཕུར་འགྲོའི་ཐེག་པ་འབྱུང་གནས་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་དཔལ་ཧེ་རུ་ཀ་རང་བྱུང་གི་གཙུག་ལག་ཁང༌། བྱང་ཕྱོགས་ན་ཕྱི་ནང་གཞན་གསུམ་གྱི་ཆོས་འཁོར་ཆོས་རྒྱལ་རིགས་ལྡན་གྱི་གནས་ཤམྦྷ་ལ་སྟེ་ཤིང་བྲྀཀྵིའི་འབྲས་བུ་ལས་འཛམ་བུ་གླིང་གི་སྒྲར་ཆགས་པའི་ཡུལ་དབུས་སུ་བདག་ཅག་གི་སྟོན་པ་བླ་ན་མཚུངས་པ་མེད་པ་དེས། ལམ་མ་ཡིན་པ་ལ་ལམ། འབྲས་བུ་མ་ཡིན་པ་ལ་འབྲས་བུར་འཁྲུལ་པའི་རྟོག་གེ་པ་དྲུག་གི་གྲུབ་པའི་མཐའ་སུན་ཕྱུང་ནས་འཁོར་ལོ་གསུམ་གྱི་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུངས། འཐའ་འཁོབ་བོད་ཀྱི་ཡུལ་འཕགས་པ་སྤྱན་རས་གཟིགས་ཀྱིས་གདུལ་ཞིང་དུ་དབུགས་ཕྱུང་བས། གངས་ཅན་པ་བླུན་པོ་རྣམས་རྒྱལ་པོ་ཙམ་ལ་ཡིད་བརྟན་པར་བྱེད་པས། དེ་ཉིད་ཀྱིས་གདུལ་བའི་ཕྱིར། མང་པོས་བཀུར་བའི་རྒྱལ་རྒྱུད་ཤིང་སཱ་ལ་པ་ལྟ་བུའི་རིགས་སུ་སྤྲུལ་པའི་མྱུ་གུ་བཟུང་ནས། ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས། སྲོང་བཙན་གྱི་རིང་ལ་སྲོལ་གཏོད། ཁྲི་སྲོང་གི་རིང་ལ་མཁན་སློབ་རྣམ་གཉིས་སྤྱན་དྲངས་ཏེ་ཤིན་ཏུ་དར་རྒྱས་སུ་མཛད་པ་ལ། སྤྲུལ་པའི་རྒྱལ་པོ་


JLAZ007_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་བཙན་སྒམ་པོ་དེ་ཉིད་ཀྱིས་བོད་འབངས་ཉིད་དཀོན་མཆོག་གསུམ་ལ་བླ་མར་བྱ་བའི་སྲོལ་བཏོད། དགེ་བ་བཅུའི་ཁྲིམས་ཀྱིས་ངན་འགྲོའི་ལམ་ལས་ལྡོག །མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་བཞེངས་ནས་དངོས་ཉིད་རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་པའང་འཇིག་རྟེན་གྱི་སྒྲོ་སྐུར་དང་དཔྱ་བ་བསལ་ཕྱིར་གསང་རྒྱས་བཏབ། འཕན་ཡུལ་ཟལ་མོ་སྒང་དུ་འདས་པ་ཡིན་ནོ་ཞེས་དྲིལ་བསྒྲགས་ནས་སྲོང་བཙན་བང་སོར་གདུང་གཞུག་པའི་ཚུལ་བསྟན། ཡབ་མེས་གནམ་གྱི་ཁྲི་བདུན། སའི་ལེགས་དྲུག །བར་གྱི་སྟེང་གཉིས། ལྡེ་བརྒྱད། བཙན་ལྔ་ལ་སོགས་པ་གཡུང་དྲུང་བོན་གྱི་རྗེས་སུ་འབྲངས་ནས་བང་སོ་རྨུ་ལུགས་སུ་བརྩིགས་པ་ལ། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་རིང་ལ་རྒྱལ་བའི་རིང་ལུགས་དང་འབྲེལ་བས་བང་སོ་ནང་རྒྱན་ཅན་དུ་བརྩིགས་པའི་ཁྱད་ཆོས་ནི། མགར་གྱི་ཡིག་ཚངས་ལས། སྲོང་བཙན་བང་སོ་འཕྱོང་བུའི་མདའ་རུ་བརྩིགས། །ཆེ་ཆུང་ཚད་ནི་དཔག་ཆེན་མདའ་རྒྱང་གང༌། །ཞིང་གི་ཚད་ནི་ཉང་གི་རྡོ་རྒྱང་གང༌། །སོགས་ཡིག་ཚངས་རྙིང་པ་ལ་དག་ཐེར་ཅུང་ཟད་ཀྱི་སྟེང་ལ་ཆོས་ཀྱི་རྒྱལ་པོ་མེས་དབོན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་བསྐྱེད་ལས་རིམ་བཞིན་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའང༌། བསྟན་པ་ཕྱི་དར་གྱི་ཐོག་མ་ཉིད་ནས་ཧ་ཅང་མི་རིང་བ་ན་པཎྜི་ཏ་དཱི་པཾ་ཀ་


JLAZ007_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རས་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་སྣང་བས་དགེ་འདུན་རྣམས་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང༌། གཞི་གསུམ་གྱི་ཆོ་ག་དག་པས་ཚུལ་ཁྲིམས་རྣམ་པར་དག་པ་ལ་བཀོད། ཁ་ཆེའི་བསོད་སྙོམས་པ་ཆེན་པོའི་སྡོམ་པའི་རྒྱུན་རྣམ་པར་དག་པའང་འཕེལ། ལི་ཙ་བྱི་དྲི་མེད་གྲགས་པ་གངས་རིའི་ཁྲོད་དུ་བྱོན་པའི་མཁས་པ་ཆེན་པོ་རོང་པ་ཆོས་ཀྱི་བཟང་པོ། ཟུར་མེས་དབོན་རྣམ་གསུམ། མར་འབྲོག་མི་གསུམ་ལ་སོགས་གསད་གསོ་ནུས་པའི་གྲུབ་ཐོབ་རྣམས་ཀྱིས་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་རྒྱལ་མཚན་བླ་ན་བསྒྲེངས། རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཀྱི་ཐལ་འགྱུར་གྱི་རིག་པ་སེང་གེའི་ང་རོར་བསྒྲགས་པས། གངས་རིའི་ཁྲོད་འདི་མཁས་པའི་འབྱུང་གནས་སུ་སོང༌། དུས་དེ་ཙམ་ན་གསང་བདག་སྒྲོ་ཕུག་པ་ཆེན་པོའི་ཡང་སློབ་རྒྱ་སྨན་རྡོ་ཐོག་པ་སངས་རྒྱས་གྲགས་ཀྱི་སློབ་མ་སྐྱི་ཆོས་ཀྱི་སེང་གེ་ཞེས་པ་ལ་གོང་མ་སེ་ཆེན་གྱིས་ཐུབ་ཆོད་མཛད་དེ། མཆོད་རྟེན་གྱི་རུམ་དུ་བཅུག་པ་ལོ་དུས་ན་བལྟས་པས། རྡོ་རྗེ་ཕུར་པའི་སྐུར་གྱུར་པས་དད་དེ་རྡོ་ཐོག་པ་ལ་དར་རིང་དང་འཇའ་ས་བྱིན། དེའི་སློབ་བརྒྱུད་ཉང་སྟོན་ཡབ་སྲས་ཀྱི་རིང་ལ་བང་སོའི་སྟེང་དུ་གཙང་ཁང་དམར་པོ་འདི་ཆགས། ནང་གི་རྟེན་ལ་སངས་རྒྱས་སྤྲུལ་པའི་སྐུའི་ཆ་བྱད་ལྔ། གཡས་ཕྱོགས་ན་རྗེ་བཙུན་སྒྲོལ་མ་དང་སྒྲོལ་མ་རྣལ་འབྱོར་གྱི་རིགས་གཅིག །མགོན་པོ་ཕྱག་དྲུག་པ། གཡོན་ན་སྲོང་བཙན་སྒམ་པོ་


JLAZ007_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འཁོར་གསུམ་དང༌། བློན་པོའི་དམ་པ་གཉིས། ཁྱད་པར་གྱང་རིས་ལ་དུག་གསུམ་རུ་ཏྲའི་གཤེད་པོ་དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་སྤྲུལ་འཁོར་དང་བཅས་པ། འཕགས་པ་སྤྱན་རས་གཟིགས་གོས་དཀར་ལྕང་ལོའི་ལན་བུ་ཅན་གུ་རུ་ཆོས་དབང་གི་ཤངས་མཚལ་ལས། སྨན་པ་ཤཱཀྱ་གཞོན་ནུས་ཕྱག་བྲིས་སུ་མཛད་པས། ཡེ་ཤེས་སེམས་དཔའ་མངོན་སུམ་པར་བཞུགས་ཤིང་ཤིན་ཏུ་བཀའ་གཉན་པས་ལྷ་འདྲེ་མི་གསུམ་གྱི་འདུ་བ་རྒྱུན་མི་འཆད་ལ། རྒྱལ་བ་ལྔ་པ་ནས་བཟུང་རིམ་བྱོན་དང༌། བོད་ཀྱི་སྲིད་སྐྱོང་ཀུན་གྱི་བསྟི་སྟང་བླ་ན་མེད་པ་མཛད། དེ་ལས་ཡུལ་དུས་ཅུང་ཟད་བྲི་བ་ན། ད་ལྟ་གཙུག་ལག་ཁང་གི་གཞི་མོར་གྱུར་པ་འདི་ཆགས་ཤིང༌། རྟེན་གྱི་གཙོ་བོར་དུས་གསུམ་སངས་རྒྱས་དང༌། ཁྲོ་བོ་གཉིས་ལས་ཁྱད་པར་བཅོམ་ལྡན་རྟ་མཆོག་རོལ་པའི་སྣང་བརྙན་འདི་ཡུལ་གསུམ་གྱད་དུ་གྱུར་པ་རྒྱལ་སྲས་བསྟན་པའི་ཉི་མ་ཞེས་བྱ་བའི་ཕྱག་བཟོ་ལས་གྲུབ་ཅིང༌། ཡེ་ཤེས་སེམས་དཔའ་མངོན་སུམ་པར་བཞུགས་པའི་གཟི་བྱིན་བལྟར་མི་བཟོད། ཞལ་རས་ལ་རྡུལ་མི་བཞེས། ཐུགས་ཀ་ན་དྲོང་བྱི་བའི་ཁ་རླངས་ཙམ་འཁོར་ཡུག་ཏུ་བཞུགས་པས། བྱིན་རླབས་ཤིན་ཏུ་ཆེ་བར་ཡུལ་དུས་ཀུན་ཏུ་གྲགས་ཤིང༌། གསོལ་བ་བཏབ་པའམ། སྤྱི་བོས་བཏུད་པ་ཙམ་གྱིས་གཟའ་ཀླུ་གནོད་སྦྱིན་གྱི་གདོན་ལས་གྲོལ་བ་དཔག་ཏུ་མེད་


JLAZ007_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། ཁྱད་པར་རྒྱལ་དབང་ལྔ་པ་ཆེན་པོ་ཞབས་འབམ་གྱིས་བསྟུན་པའི་ཚེ་འདིའི་ཞབས་ལ་ཞིག་གསོ་དང་མཆོད་འབུལ་མཛད་པས་སྙུན་དངས། ས་འདིར་ཞབས་པད་བསྐྱོད་པའི་ཚེ་ཡང་འཇའ་སྤྲིན་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པ་སླར་ཡོངས་སུ་གྱུར་པ་ལས་སྤྲུལ་པའི་གུ་རུ་མཚན་བརྒྱད་དུ་གྱུར་པ་གཟིགས། ཕྱི་ནས་གོང་ས་རིམ་བྱོན་གྱི་ཞབས་ཀྱིས་བཅགས་ཤིང༌། སྲིད་སྐྱོང་རིམ་ཅན་དང་བཅས་པས་སྲིད་ཞུ་བླ་ན་མེད་པ་མཛད། གཡོན་ཕྱོགས་ཀྱི་སྟེགས་བུ་འདི་གཏེར་སྟོན་སངས་རྒྱས་གླིང་པས་ཤར་ཕྱོགས་ཀོང་པོའི་ཡུལ་དུ་སྨན་སྒྲུབ་མཛད་པ་བར་གཅོད་ཀྱིས་སྨན་རྣམས་སྡིག་པའི་གོང་བུར་གྱུར་པ་ལ་དངོས་གྲུབ་ལེན་ལུགས་ཤེས་དགོས་གསུངས་ནས་དམ་ཚིག་གི་རྫས་སུ་བདག་གིར་མཛད་པ་ཉིད་སླར་སྟེགས་བུ་འདིའི་སྟེང་དུ་བཏུལ་ནས་སྒྲུབ་ཆེན་མཛད་པས་ཕྱོགས་ཐམས་ཅད་ན་སྨན་ནག་ཏུ་གྲགས་པའི་བྱིན་རླབས་ཤིན་ཏུ་ཆེ་བར་བྱུང་བས་སྟེགས་བུའང་གཉུག་མར་གནས་དགོས་པ་བྱུང་ལ། དེའི་སྟེང་ན་དཔལ་ཨོ་རྒྱན་སངས་རྒྱས་གཉིས་པ་གཙོ་འཁོར་གྱི་སྣང་བརྙན་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སྟོད་ཧོར་གྱི་ཁ་གནོན་ལ་བསྐྲུན། གུ་རུ་ཉིད་བོད་འབངས་ལ་ལྷག་པར་ཐུགས་བརྩེ་བས་ཡེ་ཤེས་སེམས་དཔའ་རང་བཞིན་གྱིས་བཞུགས་ནས་རྗེས་སུ་དགོངས་པས་བྱིན་རླབས་གཟི་བྱིན་གྱི་དཔལ་དུ་འབར་བ་སོགས། ཕྱིས་དད་པ་དང་བསོད་ནམས་


JLAZ007_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདུན་པ་དག་གིས་བཞེངས་པ་རྟེན་གསུམ་དང་བཅས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང༌། བྱང་སྡོམ་བླང་བ་དང༌། ཡན་ལག་བདུན་པ་ལ་སོགས་པའི་ཕན་ཡོན་ནི། སངས་རྒྱས་དངོས་སུ་བཞུགས་པ་ལ་བསྟི་སྟང་བྱས་པ་དང་ཁྱད་པར་མ་མཆིས་སོ། །དྲང་སྲོང་རྒྱས་པས་ཞུས་པ་ལས། དྲང་སྲོང་ཆེན་པོ་གང་ལ་ལ་ཞིག །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་འདས་པ་དང༌། ད་ལྟ་བཞུགས་པ་ལ་མཆོད་པ་བྱེད་པ་དེའི་ཕན་ཡོན་རྣམས་ནི་མཚུངས། མཉམ་ཤིང་འདྲའོ་ཞེས་པ་འཆད་དོ། །དེ་ཅིའི་ཕྱིར་ཞེན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུམ་རབ་ཏུ་ཆེ་བ་ཡིན་གྱི་གཟུགས་ཀྱི་སྐུས་རབ་ཏུ་ཆེ་བ་མ་ཡིན་པའི་ཕྱིར་རོ། །ཞེས་དང་བཀའ་སྩལ་པ། ང་ཡི་འཁོར་ནི་རྣམ་བཞི་ཡིས། །ད་ལྟ་ང་ལ་མཆོད་བྱས་དང༌། །མ་འོངས་པ་ན་དད་པ་ཡིས། །གཟུགས་བརྙན་རྣམས་ནི་མཆོད་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །ཅི་སྟེ་སངས་རྒྱས་བྱིན་རླབས་ཏེ། །སོ་སོ་སྐྱེ་བོས་ཤེས་མི་འགྱུར། །དེ་ཕྱིར་སངས་རྒྱས་མ་བྱོན་པའི། །ཞིང་ན་སྐུ་གཟུགས་ཡོད་མིན་ཞིང༌། །མཐའ་ཁོབ་ཀླ་ཀློ་རྣམས་ན་མེད། །བསྟན་པ་ནུབ་ན་ཡོད་མིན་ཞིང༌། །མུ་སྟེགས་བྱོལ་སོང་སོགས་མི་མཐོང༌། །དེ་ཕྱིར་སྐུ་གཟུགས་སྤྲུལ་པ་ཡིན། །


JLAZ007_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས་ཡོན་གྱི་གནས་ཕུལ་དུ་ཕྱིན་པ་བླ་ན་མཚུངས་པ་མེད་པ་ཉིད་ཀྱི་ཕྱིར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པར་འདོད་པས་རྒྱུ་མཚན་ཤེས་ནས་བླ་མར་བྱ་བ་དང༌། རི་མོར་བགྱིད་པའི་བློས་ཐལ་མོ་སྦྱར་བ་དང༌། ཕྱག་འཚལ་བ་དང༌། ཕྱག་དར་བགྱིད་པ་དང༌། གདུགས་ཕུལ་བ་དང༌། དྲིལ་བུ་དང༌། བ་དན་དང༌། ན་བཟའ་དང༌། མེ་ཏོག་དང༌། ཕྲེང་བ་དང༌། མར་མེ་དང༌། སྤོས་དང༌། སིལ་སྙན་ཕུལ་བ་སོགས་རེ་རེ་ལའང་ཕན་ཡོན་བཅུ་ཚན་རེ་རེའི་བདག་ཉིད་ཅན་དུ་ཐོབ་པ་ལས་རྣམ་པར་འབྱེད་པའི་མདོ་ལས་གསུངས་ན། ཚོགས་བསག་པའི་སྒོ་མཐའ་ཡས་པ་རྣམས་ཀྱི་ནང་ནས་ཁྱད་པར་དུ་གྱུར་པ་ཞིང་ཁམས་ཀྱི་མཆོད་སྤྲིན་སྤྲོ་བ་དང༌། ཡན་ལག་བདུན་པའི་དགེ་ཚོགས་རིན་པོ་ཆེའི་ཕུང་པོས་ཐོག་དྲངས། བསྟན་པ་དང་སེམས་ཅན་ཡོངས་ལ་སྨན་པའི་ཐུགས་སྨོན་རྒྱ་ཆེན་པོ་ལ་འཇུག་པར་ཞུ། ཞེས་པའང་སྐུ་གཉེར་རྡོ་རྗེ་ཆོས་འབྱོར་གྱིས་བསྐུལ་བ་ལ་རྫོགས་ཆེན་པ་མཁྱེན་བརྩེའི་ལྷས་སོ། །གཏམ་ཚོགས་ལེའུ་སོ་བརྒྱད་པའོ།། །།


previousགཏམ་ཚོགས་ལེའུ་སོ་བརྒྱད་པ། བཀྲ་ཤིས་སྲོང་བཙན་བང་སོའི་དཀར་ཆག་འབྲིང་པོར་བྱས་པ་ནྱ་གྲོདྷའི་ཆུན་འཕྱང་།next