Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་སོ་དགུ་པ། དཔལ་རི་ཐེག་པ་ཆེན་པོའི་གླིང་གི་གཏམ་རྡོ་རྗེ་སྒྲ་མའི་རྒྱུད་མངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་སོ་དགུ་པ། དཔལ་རི་ཐེག་པ་ཆེན་པོའི་གླིང་གི་གཏམ་རྡོ་རྗེ་སྒྲ་མའི་རྒྱུད་མངས།next

གཏམ་ཚོགས་ལེའུ་སོ་དགུ་པ། དཔལ་རི་ཐེག་པ་ཆེན་པོའི་གླིང་གི་གཏམ་རྡོ་རྗེ་སྒྲ་མའི་རྒྱུད་མངས།


JLAZ007_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རི་ཐེག་པ་ཆེན་པོའི་གླིང་གི་གཏམ། རྡོ་རྗེ་སྒྲ་མའི་རྒྱུད་མངས་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །འཆི་མེད་འོད་མཚན་སྟོང་དུ་འབར་བའི་བྱིན། །མཚོ་དབུས་པདྨའི་གེ་སར་


JLAZ007_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲོལ་བས། །སྣང་སྲིད་ཟིལ་གྱིས་གནོན་པ་སྤྲུལ་པའི་སྐུ། །བྱང་ཆུབ་སྙིང་པོའི་བར་དུ་གཙུག་ན་མཛེས། །ཡང་སྲིད་མང་པོར་བྱང་ཆུབ་མཆོག་གི་སྤྱོད་པར་གོམས་པའི་ལུས་མེད་ལམ། །མཐའ་ཡས་ཐེག་པའི་ཁྱད་ནོར་གྱིས་བསྲུངས་རིན་ཆེན་བདུན་གྱི་ཤིང་རྟ་ཅན། །ལུང་རྟོགས་ཡོན་ཏན་དྲི་མེད་འོད་ཟེར་སྟོང་དུ་འབར་བའི་གཟི་བྱིན་གྱིས། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་ཀྱང་བསྙེམས་པ་མེད་པའི་གནས་ལ་སྦྱར། །ཚོགས་གཉིས་རླུང་གི་ཤིང་རྟས་རབ་དྲངས་སྟོབས་བཅུའི་དཔུང་ཚོགས་ཡན་ལག་བཞི་ཡིས་འདོད་ལྷ་སྡེར་བཅས་གཡུལ་ལས་རྒྱལ། །མི་འཇིགས་རྣམ་བཞིའི་མཆེ་སྡེར་རྣོན་པོས་རྟག་ཆད་སྨྲ་བའི་རྒོལ་ངན་གླང་པོའི་གླང་པ་འཐུང་དང་ཆབ་གཅིག་པར། །ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་གངས་རིར་གནས་བཅས་སྒྲིབ་གཉིས་མུན་པ་དྲུངས་ནས་འབྱིན་པའི་བརྟུལ་ཞུགས་གཟིས། །བརྒྱ་ཕྲག་བཅུ་ཡི་འཁོར་ལོའི་དབུས་ན་མངོན་པར་མཐོ་བ་མི་ཡི་སེང་གེ་དོན་ཀུན་གྲུབ་པས་ཤིས་པ་སྩོལ། །རྗོད་བྱེད་གསུང་རབ་ཡན་ལག་བཅུ་གཉིས་དཔལ་གྱི་མགུར་ནས་སྐྱུགས་པ་ལ། །བརྗོད་བྱའི་དོན་གྱི་དྲི་བསུང་དངར་པོས་མཐའ་མེད་སྲིད་ལས་ངེས་པར་འབྱིན། །འཁོར་ལོ་གསམ་གྱི་བང་རིམ་རྨད་བྱུང་འགོག་ལམ་བདེན་པའི་རང་གཟུགས་ཅན། །དམ་པའི་ཆོས་ཀྱིས་སེམས་ཅན་ཡོངས་ཀྱི་སྙིང་ལ་འཁྱུད་


JLAZ007_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགའ་སྟོན་སྩོལ། །ངེས་འབྱུང་བློ་ཡི་དག་བྱེད་ཕུང་པོར་ཐེག་གསུམ་ཆོས་ཀྱི་ལང་ཚོ་རྔོམ། །ལྡན་དང་གྲོལ་བའི་ཁྱད་པར་ལྷུར་བྱེད་ལུང་རྟོགས་སྙན་པའི་མགྲིན་རྔ་འཁྲོལ། །རྣམ་བྱང་མཁའ་ལ་རིག་གྲོལ་བདེན་པས་ཡོངས་སུ་འཕུར་བའི་ཚོགས་ཀྱི་མཆོག །པད་རག་བྱེ་བའི་མདངས་ལ་ཅོ་འདྲི་འཕགས་པའི་དགེ་འདུན་ཕྱག་གི་གནས། །རིམ་གསུམ་རྒྱུད་སྡེའི་ནོར་གྱིས་ཡོངས་ཕྱུག་ཅིང༌། །སྔ་འགྱུར་བསྟན་པའི་རྩ་ལག་གཅིག་པུ་ལས། །གཉིས་སུ་མ་ཡིན་ཤནྟ་པུ་རི་བར། །ངེས་པ་རྙེད་འདི་རྒྱལ་དབང་པདྨའི་མཐུ། །བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་སྨོན་ལམ་གཞར་ཡང་ཉམས་པ་མེད་པ་དེའི། །སྙིང་སྟོབས་བཙན་པོས་གངས་རིའི་ལྗོངས་འདིར་རྒྱལ་བའི་བསྟན་པ་དྲངས་པའི་ཁུར། །འདེགས་ལ་དབང་ཆེན་གསེར་གྱི་ས་གཞི་དོགས་པས་སྐྲག་ནས་འདར་བའི་ཚུལ། །མེས་དབོན་གསུམ་གྱི་བཀའ་དྲིན་ཉིད་དོ་དྲན་པའི་མོད་ལ་བ་སྤུ་ཟིང༌། །སྟོང་ཉིད་སྙིང་རྗེར་ཁྲོས་པའི་འཇོ་སྒེག་གིས། །མེ་ཏོག་གཞུ་ཅན་བསྙེམས་པ་བཅག་པའི་མོད། །གར་དགུའི་ཉམས་ཀྱིས་དཔའ་བའི་ཧེ་རུ་ཀ །ཡི་དམ་ཆོས་སྲུང་རྒྱ་མཚོས་ཡོངས་སུ་སྲུངས། །འཛམ་བུ་ཆུ་བོའི་ཀླུང་གིས་སུ་ཝརྞ། །བཞུ་བའི་རྡུལ་གྱིས་ལན་བརྒྱར་བྱུགས་པའི་གཟི། །དབང་པོའི་མཚོན་ཆས་བཀྲ་བའི་ལང་ཚོ་ཅན། །


JLAZ007_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ངལ་བསོས་བུ་ཡིས་དགོས་འདོད་ཆར་དུ་སྙིལ། །ཞེས་ཤིས་པ་བརྗོད་པའི་དབྱངས་གནྡྷ་རྦའི་གླིང་བུའི་གདངས་སུ་ཉེ་བར་བསྒྱུར་བས་ལམ་ཡངས་པར་བྱས་ཏེ་གླེང་བར་བྱ་བ་ནི། བློ་གྲོས་དང་དབང་པོ་གསལ་ཞིང་མོས་པས་དགེ་བ་རྣམས་ཀྱི་སྙན་དུ་རྟེན་དང་བརྟེན་པ་འདི་དག་གི་གཏམ་གྱི་སྦྱོར་བ་ཉུང་ཟད་གསོལ་ན། བདག་ཅག་གི་སྟོན་པས་ཐེག་དམན་དང་རྗེས་སུ་མཐུན་པར་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་བསྟན་ཏེ་སངས་རྒྱས་ནས་བསྟན་པའི་སྣང་བ་རྒྱ་མཚོ་ལྟ་བུས་འཇིག་རྟེན་གྱི་མུན་པ་བསལ་བར་མཛད་པ་ཡང་ལྔ་བརྒྱའི་ཐ་མ་ལ་བྱང་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་ལུང་བསྟན་པ་བཞིན། རྒྱ་གར་འཕགས་པའི་ཕྱོགས་ལས་ལྷོ་དབུས་ཟ་ཧོར་གྱི་ཡུལ་དུ་ཆོས་རྒྱལ་ལུང་བསྟན་རྡོ་རྗེའི་ཕོ་བྲང་ཆེན་པོར་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་ཆར་དུ་བབ་པ་དང་དུས་མཚུངས་པར་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་ཟ་མ་ཏོག་བཀོད་པའི་མདོ་ལ་སོགས་པ་ཕོ་བྲང་ཡུམ་བུ་གླ་སྒང་དུ་བྱུང་སྟེ་བསྟན་པའི་དབུ་བརྙེས། རྒྱལ་སྲས་ཕྱག་ན་པདྨས་བོད་བླུན་པོ་རྒྱལ་པོས་གདུལ་བ་ལ་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོར་བསྟན་ནས་དམ་པ་ཆོས་ཀྱི་སྲོལ་བཏོད། བརྟན་པའི་འཁོར་ལོའི་ཟུར་ཕུད་ལ་ཐོད་ཀྱིས་བསྒྲིབས་པ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཤད་སྒྲུབ་ཀྱི་བསྟན་པ་རྒྱས་པར་མཛད་པས་མཐའ་འཁོབ་མུན་པའི་གླིང་ཆོས་ཚིགས་ཀྱི་ཡུལ་དབུས་


JLAZ007_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རང་དབང་ཉིད་དུ་བྱས་པ་ལས། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྲིན་ལས་ཀྱི་དབང་གིས་རྣམ་པ་ཐ་དད་དུ་ཤར་བ་ནམ་མཁའི་སྐར་ཚོགས་ལྟ་བུ་ལས་ལྷོ་རྒྱུད་གཡོར་པོའི་གཞུང་འདིར་ངེས་གསང་རྡོ་རྗེ་ཐེག་པའི་རིང་ལུགས་འཛིན་པའི་དགེ་འདུན་གྱི་སྡེ་ཆགས་པ་ལ་སྔ་བར་དཔལ་རི་ཐེག་ཆེན་གླིང་ངེས་དོན་དགའ་བའི་ཚལ་གྱི་གཙུག་ལག་ཁང་ཆེན་པོ་འདི་ཉིད་དུས་གསུམ་མཁྱེན་པ་སློབ་དཔོན་ཆེན་པོས། འཕྱོང་རྒྱས་ནང་དུ་ང་སྤྲུལ་དོན་བྱེད་འོང་༔ སུ་ཡིན་མི་ཤེས་ཅིག་ཅར་སྨྲ་བ་འབྱུང་༔ འཕྱི་བ་མདོའམ་བང་སོ་མར་པོའི་ལྷོར༔ ལྷ་བབས་མཆོད་རྟེན་སྡེ་དགོན་འཆའ་ཡང་སྲིད༔ རྟེན་འབྲེལ་གཅིག་ཏུ་པདྨ་ང་ཉིད་ཀྱི༔ སྐུ་རྟེན་གཙུག་ལག་གསོལ་བ་ཐེབས་པ་ན༔ རྒྱལ་བརྒྱུད་བསྟན་པ་ལྷོ་ནས་ལྷོ་རུ་དརཿ ཞེས་དང༌། ལྷ་ཁང་རྟེན་གཙོར་པདྨ་ང་ཡི་སྐུ། །རྒྱུ་རྐྱེན་ཕུན་སུམ་ཚོགས་པ་བཞེང་པ་གཅེས། །ཞེས་འཕུར་འགྲོའི་ཡུལ་གྱི་ཐེག་པ་འཆང་བའི་དགེ་འདུན་གྱི་སྡེ་འདི་ཉིད་ཆགས་པའི་རྟེན་འབྲེལ་གྱི་ཕོ་ཉར་ལྷ་བབས་མཆོད་རྟེན་སྔོན་དུ་ཆགས་ཤིང༌། མ་སྦྱངས་ཅིག་ཅར་སྨྲ་བའི་གང་ཟག་ཐོད་རྒལ་པའང་སྔ་ཕྱིར་འགའ་ཙམ་བྱུང་ལ། དེ་ནས་ཇི་ཞིག་ན་འདི་སྐད་དུ་དཀོན་མཆོག་ཏ་ལའི་ཞུ་ལན་ལས། བང་སོ་དམར་པོའི་ཤར་མ་ལྷོ་ཡི་ཕྱོགས། །པདྨའི་སྐུ་ཚབ་བདུད་འདུལ་ཆ་ལུགས་དང༌། །


JLAZ007_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལས་བབས་པའི་མཆོད་རྟེན་ཞིག་ཀྱང་འབྱུང༌། །དགེ་འདུན་སྡེ་ཚུགས་རྟེན་འབྲེལ་ལེགས་འགྲིག་ན། །རྒྱལ་བརྒྱུད་བསྟན་པ་ལྷོ་ནས་ལྷོ་རུ་རྒྱས། །ཞེས་པའི་ལུང་བསྟན་གྱི་བདེན་པའི་རྔ་བོ་ཆེ་བརྡུང་བ་ལ་བསོད་ནམས་ཀྱི་དཔུང་བ་བླ་ན་མཐོ་བའི་བདག་པོའི་རྐྱེན་དུ་གྱུར་པ་ནི་ལུང་བསྟན་གབ་རྒྱ་ཅན་ལས། ད་ལྟའི་ལྷ་སྲས་དཔལ་གྱི་འབྱུང་གནས་ནི། །ཟ་ཧོར་དབོན་བརྒྱུད་བང་སོའི་ཕོ་བྲང་དུ། །བསོད་ནམས་མིང་ལྡན་དད་པའི་བློ་གྲོས་ཅན། །པདྨ་ང་དང་སྨོན་ལམ་དུ་མར་འབྲེལ། །རྩེ་གཅིག་གུས་པས་ང་ཡི་ཟབ་གཏེར་ལ། །རྒྱུན་དུ་སྤྱོད་པས་ལས་ལྡན་སྐལ་བ་བཟང༌། །ཞེས་ལྷ་སྲས་དཔལ་གྱི་མཆོད་གནས་ཟ་ཧོར་གྱི་རྒྱལ་རིགས་ཤིང་སཱའ་ལ་པ་ཆེན་པོ་ལྟ་བུའི་རིགས་སུ་བལྟམས་པ་ཧོར་བསོད་ནམས་དར་རྒྱས་ཀྱི་ཐུགས་བསྐྱེད་དང་སྨོན་པའི་རི་མོ་དགྲ་སྟའི་དུམ་བུས་ཀྱང་གཅད་དུ་མེད་པའི་འཕྲུལ་གྱི་ཤིང་རྟས་རྣམ་པར་སྣང་མཛད་གང་ཆེན་མཚོ་རིག་གྲོལ་གྱི་སྤྲུལ་པའི་སྒྱུ་འཕྲུལ་ལ་ཆགས་པ་ལོ་ཆེན་བཻ་རོ་ཙ་ན། རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་གཡུ་བྲག་པ་བདེ་བའི་རྡོ་རྗེ། པཎྜི་ཏ་འབུམ་ཕྲག་གསུམ་པ་ལ་སོགས་སྐྱེས་རབས་ཀྱི་ཕྲེང་བ་ཚར་དུ་དངར་བའི་མཐར་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ངེས་པ་དོན་གྱི་རྒྱལ་ཚབ་ཏུ་བཞེངས་པ་ཀུན་མཁྱེན་འགྲོ་འདུལ་གླིང་པ་པྲཛྙཱ་ར་སྨི་གཙུག་གི་ནོར་བུར་བཀུར་ནས་རང་གི་སྲས་ལ་ཀུན་ཏུ་དོན་ཡོད་པའི་བྱ་བ་ལས་ཀྱི་འཁོར་ལོ་ཅོད་པན་བཅིངས་


JLAZ007_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན། ཧོར་མི་དབང་བསོད་ནམས་སྟོབས་ཀྱི་རྒྱལ་པོས་འཁོར་ལོ་གསུམ་ལ་ལྷུར་བྱེད་པའི་དགེ་འདུན་གྱི་སྡེ་འདི་ཉིད་བཙུགས། རྟེན་གཙོར་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་སྐུ་ཚབ་བདྨ་བདུད་འདུལ་དུ་གྲགས་པ་དང༌། རྒྱ་གར་གྱི་ཤིང་རྟ་ཆེན་པོ་པ་རྣམས་ཀྱི་དགོངས་འགྲེལ་གྱི་གཞུང་བསྲངས་ནས་ཆོས་ཐམས་ཅད་མན་ངག་རྫོགས་པ་ཆེན་པོའི་འབྲས་བུར་སྟོན་པའི་གཞུང་ལུགས་ཤིང་རྟ་ཆེན་མོ་རྩ་འགྲེལ་ཆོས་སྦྱིན་མི་ཟད་པའི་ཕྱི་མོར་བསྒྲུབས་པས་མཚོན་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་ཞིག་གསར་དུ་བསྒྲུབས་པ་ལ་མཁས་པ་ཆེན་པོ་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང༌། བྱེ་བྲག་ཏུ་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གླིང་བ་ཐམས་ཅད་མཁྱེན་པ་པྲཛྙཱའི་ཞབས་ཀྱིས་ས་གཞི་ལྷག་པར་གནས་ཤིང་མངའ་གསོལ་བསྟན་པའི་ངོ་བོ་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་གཞི་མ་དམ་པའི་ཆོས་འདུལ་བ་ལ་ལེགས་པར་བསླབ་པའི་ཚུལ་དཔལ་མགོན་འཕགས་པ་དབྱིག་གཉེན་གྱི་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམས་པ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་ཚུལ་ཁྲིམས་རྣམ་པ་གསུམ་གྱི་གོ་ཆས་བག་ཡོད་པར་བསྲུངས་ཤིང༌། སྤྱངས་པའི་ཡོན་ཏན་བཅུ་གཉིས་རྒྱུད་ལ་བརྟེན་པ་དངཆབ་གཅིག་པར་གཞི་གསུམ་གྱི་ཆོ་གའི་ལག་ལེན་ལ་བརྩོན་པ་དང་བརྟན་མཁས་ཀྱི་ཡོན་ཏན་ལ་བྱང་ཆུབ་པར་བསླབས་


JLAZ007_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྤྱོད་ཡུལ་རྣམ་པར་དག་པའི་ངོས་ནང་དུ་གསང་སྔགས་རྡོ་རྗེ་ཐེག་པའི་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་ལམ་དུ་བྱེད་པས་རྟོགས་པའི་ཆོས་ཤེས་རྒྱུད་ལ་ལྐོག་ཏུ་མ་གྱུར་པར་མངོན་དུ་བསྒྲུབ་པའི་དགེ་འདུན་གྱི་སྡེ་ཇེ་འཕེལ་དུ་གྱུར་པའི་སྐབས་ཤིག །འདོད་པའི་ལྷས་སྙིང་ལ་ཤིན་ཏུ་གནས་མལ་བཅས་པའི་ནག་པོའི་རྩ་ལག་ཇུན་གར་པས་རང་དང་རང་འདྲའི་བསྟན་པ་དེ་འཛིན་དང་བཅས་པ་ཉམས་དམས་པར་བྱས་པས་སྔོན་གྱི་དུས་ཇི་ལྟར་བསྒྲུབས་པའི་རྟེན་དང་བརྟེན་པའི་དངོས་པོ་མིང་གི་ལྷག་མ་ཙམ་དུ་ཕམ་པར་བྱས་ནའང༌། དེང་གི་གནས་སྐབས་ན་མཐོང་བའི་ཆོས་སུ་གྱུར་པ་ནི། རྒྱལ་བ་སྲས་བཅས་རྣམས་ཀྱིས་དབྱིངས་ནས་དགོངས་པའི་ཐུགས་རྗེ་དང༌། རྡོ་རྗེ་གདན་གྱི་དཔག་ཚད་ལྔ་བརྒྱ་ལ་སོགས་པའི་ནམ་མཁའ་ལ་འཕྱང་བའི་བསྟན་པའི་བཙས་གསུམ་གྱི་བྱིན་རླབས། ཁྱད་པར་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་རྗེ་དང་ནུས་པའི་རྩལ་ཤུགས་ཤིང་རྟའི་འཕང་ལོ་ལས་ཀྱང་དང་དྲགས་པས་དུས་ཀྱི་རྒུད་པ་བཅིལ་ཏེ་ཡུལ་ཁམས་བདེ་འབྱམས་སུ་གྱུར་པ་ལས། ཚ་ཟེར་གྱིས་གདུངས་པའི་པདྨོ་སླར་ཡང་དག་བྱེད་ཀྱི་སིམ་པས་སོར་ཆུད་དེ་བལྟ་ན་སྡུག་པའི་ལང་ཚོ་མཆོག་ཏུ་བརྟས་པ་ལྟར། གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་འགྲོ་བའི་བསོད་ནམས་ཀྱི་ཞིང་ས་དམ་པར་སོར་ཆུད། དེའང་ཆོ་འཕྲུལ་རྣམ་


JLAZ007_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མང་ངོ། །སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བུ། ཇི་ལྟར་འདུལ་བ་དང༌། དགེ་བའི་རྩ་བ་ཇི་ལྟ་བུ་དང༌། སེམས་ཅན་རྣམས་ཀྱིས་མོས་པ་སྣ་ཚོགས་ཀྱི་སྤྱོད་པ་མཁྱེན་ནས་ཆོས་སྟོན་ཏེ། སེམས་ཅན་ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་འདུལ། ཁ་ཆིག་ནི་ཉན་ཐོས་ཀྱིས་འདུལ། ཁ་ཅིག་ནི་རང་སངས་རྒྱས་ཀྱིས་འདུལ། ཁ་ཅིག་ནི་ལྷས་འདུལ། ཁ་ཅིག་ནི་བརྒྱ་བྱིན་གྱིས་འདུལ། ཁ་ཅིག་ནི་ཚངས་པས་འདུལ། ཁ་ཅིག་ནི་ཀླུས་འདུལ། ཁ་ཅིག་ནི་རྫུ་འཕྲུལ་ཆེན་པོས་འདུལ། ཁ་ཅིག་ནི་རྒྱལ་པོས་འདུལ། ཁ་ཅིག་ནི་ཏིང་ངེ་འཛིན་གྱིས་འདུལ། ཁ་ཅིག་ནི་ཆོས་ཉན་པས་འདུལ། ཁ་ཅིག་ནི་ཆོ་འཕྲུལ་གྱིས་འདུལ། ཁ་ཅིག་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པས་འདུལ། ཁ་ཅིག་ནི་རིང་བསྲེལ་གྱིས་འདུལ། ཁ་ཅིག་ནི་མཆོད་རྟེན་བྱེད་དུ་འཇུག །གཙུག་ལག་ཁང་དང༌། སྐྱེད་མོས་ཚལ་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་སྐུ་གཟུགས་བྱེད་དུ་གཞུག་པ་དང༌། རི་མོ་དང༌།


JLAZ007_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་དང༌། དངུལ་དང༌། ར་གན་གྱིས་སྐུ་གཟུགས་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་དགེ་སློང་གི་དགེ་འདུན་ལ་མཆོད་པ་དང་བཀུར་སྟི་བྱ་བའི་དགེ་བའི་རྩ་བར་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མདོ་སྡེ་འདྲི་བ་དང༌། འདྲིར་གཞུག་པ་དང༌། བཀླག་པ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མར་མེ་དང༌། སྤོས་དང༌། མེ་ཏོག་དང༌། དྲི་དང༌། ཕྲེང་བ་དང༌། དོ་ཤལ་ལ་སོགས་པས་བརྒྱན་པ་ལ་སྤྲོ་བ་བསྐྱེད་པས་འདུལ་བ་ཡིན་ཏེ་དོན་དམ་པ་མཁས་པའི་ཆོས་དང་ལྡན་པ་དང༌། མྱ་ངན་ལས་འདས་པའི་ཆོས་དང་ལྡན་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར། མདུན་གཙོར་བཞུགས་པའི་བཅོམ་ལྡན་འདས་གཟུགས་ཀྱི་རྒྱལ་པོ་རྣམ་པར་སྣང་མཛད་སྐུ་རྒྱུ་ཆོས་རྒྱལ་ལི་མ་ལས་གྲུབ་པ་འདི་སྔོན་གྱི་ཚེའུ་ཤང་རྡོའི་ལྷ་ཁང་གི་རྟེན་གཙོ་ལས་གྱུར་པ་བར་སྐབས་སུ་གཙང་རོང་ཚ་མིག་གི་གཙུག་ལག་ཁང་དུ་བཞུགས་པའི་བྱིན་རླབས་ཤིན་ཏུ་ཆེ་བར་གྲགས་པ་ལས། འཇིག་རྟེན་གྱི་འབྱོར་རྒུད་སྲང་མདའི་མཐོ་དམན་ལྟ་བུར་རྟག་ཏུ་མི་བཟོད་པ་དང༌། བསྟན་པའི་གནས་ཚུལ་ཡང་ལ་ལན་འགྲིབ་པ། ལ་ལན་འཕེལ་བའི་ཆོས་ཉིད་ཅན་དུ་ངེས་ཕྱིང་ཡུལ་དབུས་ཀྱི་སའི་ཆར་རིམ་པར་སྤྱན་དྲངས་ཏེ་བཞུགས་སུ་གསོལ་ནས་བདག་ཏུ་ལྟ་བ་ལ་གོམས་ཤུགས་ཤིན་ཏུ་བརྟས་པའི་བྱིས་པ་སོ་སོ་སྐྱེ་བོའི་སྡེ་ཚན་རྒྱ་དམན་ལྡན་མ་པ། གྱིས་རང་


JLAZ007_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱེད་པའི་གཉེར་ཀ་དང༌། དེ་བཞིན་དུ་ཙཱ་རིའི་ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་རྒྱུད་གཅིག་པར་གྲགས་པའི་འཇིག་རྟེན་གྱི་དྲེགས་པ་ནག་པོ་ཁྲག་རལ། མཐུ་བོ་ཆེས་མེལ་ཚེ་བྱེད་བཞིན་པར་བཞུགས་པའི་གནས་སྐབས་ཤིག་ན་ཁོ་བོའི་འགྲོ་དོན་དཔལ་གྱི་རི་བོར་ཆེ། ཞེས་པའི་གསུང་ལན་མང་དུ་བྱོན་པ་ལ་རྟེན་གནས་གཞི་འདིར་གདན་དྲངས་པ་ནི་དཔྱོད་ལྡན་རྣམས་ཀྱིས་འདི་ལྟར་རྟོགས་པར་གྱིས་ཤིག །གནས་དགོན་འདི་གང་ལ་བརྟེན་ནས་ཆགས་ན་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཐམས་ཅད་མཁྱེན་པ་འགྲོ་འདུལ་གླིང་པ་ཞེས་གྲགས་པ་དོན་དང་ལྡན་པའི་སྐྱེས་བུ་དེ་ཉིད་ཀྱི་ཐུགས་བསྐྱེད་དང་སྨོན་པའི་མཐུ་གཅིག་པུ་ཉིད་ལས་གཞན་དུ་མ་ཡིན་ལ། བདག་ཉིད་ཆེན་པོ་འདི་ནི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་སྤྲུལ་པར་བསྙོན་དུ་མེད་པས་ན། བཻ་རོའི་སྦྲུལ་གཞི་རྣམ་སྣང་གང་ཆེན་མཚོ་ར་ངེས་པའི་ཕྱིར་གང་ལ་བརྟེན་ནས་དེའི་བསྟན་པ་དང་འབྲེལ་བའི་རྟེན་འབྲེལ་གྱི་སྒོ་བླ་ན་མེད་པ་ཉིད་ཀྱིས་སྟོན་པ་ཕུན་སུམ་ཚོགས་པའི་ངོ་བོར་བྱོན་པ་ཡིན་ལ། རྒྱུ་མཚན་དེས་ནག་པོའི་རྩ་ལག་ཇུན་གར་བས་གནས་གཞི་འདི་མ་རུངས་པར་བྱས་པའི་ཚེ་འཕྱིང་དབར་ལྟག་རྩེར་གདན་དྲངས་པ་ནའང་སྤྱན་ལས་མཆི་མ་ཐོན་ཞིང་ཁྱོགས་ལ་ཤིན་ཏུ་འདེགས་དཀའ་བ་སོགས་བྱུང༌། ཕྱིན་ཆད་དགོན་སྡེ་ཚུགས་ནས་གཙང་ཁང་འདིར་སྤྱན་


JLAZ007_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་ཤ་ཐང་པའི་ངལ་བ་ལ་མ་ལྟོས་པར་བདེ་བླག་དུ་བྱོན་བདེ་བ་སོགས་མདོར་ན་རྒྱུ་དངོས་ཡེ་ཤེས་ཀྱི་གཟི་བྱིན་མཐའ་ཡས་པའི་སྒོ་ནས་ཁྱད་དུ་འཕགས་པས་གཙུག་ལག་ཁང་འདིའི་ཡིད་བཞིན་ནོར་བུ་གཅིག་ཏུ་བཞུགས་པའི་གཡས་གཡོན་དུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་ལྷས་སྔ་འགྱུར་བསྟན་པའི་རྩ་ལག་ཏུ་བསྐྲུན་པ་རྒྱུད་འབུམ་རིན་པོ་ཆེ་པོད་ཉི་ཤུ་རྩ་ལྔ་དང༌། རྟེན་གཙོ་རྣམ་སྣང་ལ་དངུལ་སྲང་བརྒྱ་ཕྲག་གི་རྒྱུ་ཚོགས་ལས་གསེར་ཟངས་ཀྱི་པྲོག་ཞུ་ཕྲ་ཕུལ་ལེགས་པ། རྒྱལ་བའི་བཀའ་འགྱུར་རོ་ཅོག་དབུ་ཤོག་གསེར་བྲིས་བཟང་གོས་ཀྱི་ཞལ་ཁེབས་དང་བཅས་པ། སྐུ་རྟེན་ཕྱོགས་བཅུའི་སངས་རྒྱས་ལྡེམ་སྐུ་འདུས་པ་མདོའི་དཀྱིལ་འཁོར་ཆེན་པོར་རབ་ཏུ་གནས་པ་བྱིན་རླབས་ཅན། བསྐལ་པ་བཟང་པོའི་སྒྲོན་མེ་བཞི་པ། ཨོ་རྒྱན་སངས་རྒྱས་གཉིས་པའི་སྣང་བརྙན། ཀུན་མཁྱེན་པྲ་ཛྙཱའི་ཞབས་ཀྱི་ཟངས་སྐུ་བྱིན་ཅན་འདི་གསུམ་དགོན་སྡེ་དང་པོར་ཆགས་པའི་རྟེན་སྐལ་གྱི་ཚུལ་འཕྱོང་རྒྱས་ཞབས་དྲུང་ནས་བཞེངས་པས་མཚོན་རིང་མོ་ཉིད་ནས་ནང་རྟེན་དུ་བཞུགས་པའི་སངས་རྒྱས་བྱང་སེམས་ཡི་དམ་ཞི་ཁྲོའི་སྣང་བསྙན་ལི་མ་དང་གསེར་ཟངས་ཀྱི་གྲལ་རིམ། སྤྱིར་དོན་གྱི་སླད་དུ་མཚན་ནས་སྨོས་པ་རྗེ་བཙུན་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གླིང་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་གསུང་གི་རྒྱུད་ལས་སྐྱེས་པ་སྔ་ཕྱིར་བྱོན་པ་རྣམས་ཀྱི་ཐུགས་


JLAZ007_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དང་སྨོན་ལམ། སྔོན་གོམས་ཀྱི་ལས་འཕྲོ་བཟང་པོས་སྡེ་འདི་ཉིད་སོར་ཆུད་པར་མཛད་པ་ལས། རིག་འཛིན་ཐུགས་མཆོད་རྡོ་རྗེ་ཞེས་དགེ་སློང་ནམ་མཁའི་སྙིང་པོ་དང༌། ལྡན་མ་རྩེ་མང་ཟུང་འཇུག་གི་སྤྲུལ་པའི་ཟློས་གར་དུ་ལུང་གིས་ཟིན་ཅིང༌། དཔལ་ཨོ་རྒྱན་རྡོ་རྗེ་འཆང་གི་ཟབ་རྒྱའི་གསང་མཛོད་འཛིན་པའི་སྐྱེས་བུ་དེས་ཡོན་སྦྱར་ཏེ་རྟེན་གྱི་གཙོ་བོ་སྐུ་ཚབ་རིན་པོ་ཆེ་ངོ་བོ་སྐུ་གསུམ་རིགས་ཀུན་འདུས་པའི་བདག་ཉིད་པདྨ་གུ་རུ་ལ་གནས་དུས་ཀྱི་དབང་ལས་ཨོ་རྒྱན་ནོར་ལྷ་ཁྲོ་འཛུམ་སྒེག་པའི་རྣམ་པར་བརྗིད་པས་འཇིག་རྟེན་ཐམས་ཅད་ཀྱི་རྒུད་པ་སེལ་བའི་ཡོན་ཏན་གྱིས་བྱུག་ཅིང་མཐོང་ན་མི་མཐུན་པ་མེད་པ་བཟོ་སྒྲོས་སུ་བྱོན་པ་ལ་རིག་འཛིན་བླ་མ་གྲུབ་པའི་ཁྱུ་མཆོག་ཆེན་པོ་དེ་ཉིད་ཀྱི་སྲོག་ཤིང་ལ་སོགས་པའི་གཟུངས་ཀྱི་བྱ་བ་ཐམས་ཅད་ཁ་ན་མཐོ་བའི་རྐྱེན་གྱིས་བརྫི་བ་མེད་པར་ཕྱག་བསྟར་མཛད། ཐུབ་པའི་དབང་པོ་དང༌། གསེར་ཐུབ་ཀྱི་འཕེལ་གདུང་བཅུ་ཕྲག་རེ་རེ། སྔ་ཕྱིར་བྱོན་པའི་གཏེར་བྱོན་གྱི་དམ་རྫས་བགྲངབར་དཀའ་བ་ངང༌། ཁྱད་པར་དུ་གུ་རུ་རིན་པོ་ཆེའི་ཟབ་ཕོད། དབུ་ལོ། བྱང་སེམས་དཀར་དམར་གྱི་ཆ་ཤས་བདེ་སྟོང་ཡེ་ཤེས་ཀྱི་རིལ་བུ་ཨ་ཐམ་མ་དང༌། ཧྲཱིཿརྒྱ། རྒྱ་བོད་ཀྱི་པཎ་གྲུབ་སྐྱེས་ཆེན་དམ་པ་རིས་སུ་མ་ཆད་པའི་གདུང་དང་སྐུ་བལ་གྱི་རིང་བསྲེལ་ཤིན་ཏུ་


JLAZ007_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མང་བ་དང་ཆབ་གཅིག་པར། ཐེག་པ་གསུམ་དང་རྒྱུད་སྡེ་དྲུག་གི་ཆོས་སྐུའི་རིང་བསྲེལ་བསམ་གྱིས་མི་ཁྱབ་པས་ཕྱུར་བུར་གཏམས་ཤིང༌། གཡས་གཡོན་གྱི་གྱང་ལ་ལོགས་ལ་འཇའ་སྤྲིན་འོད་ཀྱི་འཁོར་ལོའི་ནང་ཁོངས་སུ་དེ་བཞིན་གཤེགས་པ་སུམ་ཅུ་སོ་ལྔས་མཚོན་པའི། བསྟན་གཙོའི་སྣང་བརྙན་སོ་སོར་སངས་རྒྱས་གསེར་ཐུབ་ཀྱི་འཕེལ་གདུང་རེའི་ནང་གཟུངས་དང་བཅས་པ་བཞུགས་སུ་གསོལ་བ་ལ། ཡེ་ཤེས་གཟིགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བྱ་བ་ལས་ཀྱི་འཁོར་ལོས་བསྐྱེས་བསྲིངས་པའི་རྟེན་ལ་རབ་གནས་རང་བཞིན་གྱིས་ཆགས་པ་ཆོས་ཉིད་ཡིན་པའི་སྟེང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང༌། རྟག་པ་ཧེ་རུ་ཀ་ལ་སོགས་པ་རིགས་ཀྱི་རྒྱལ་པོ་ཡོངས་རྫོགས་འདུས་པ་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོར་རབ་ཏུ་གནས་པས་བལྟར་མི་བཟོད་པའི་གཟི་བྱིན་གྱི་དཔལ་དུ་འབར་ཞིང་འགྲོ་བ་ལྷ་དང་བཅས་པའི་ཉེར་འཚོ་དམ་པར་ལྷུན་ཆགས་པའོ། །དེ་ནས་རིང་པོ་མ་ལོན་པའི་གནས་སྐབས་ན་དམ་པ་དེ་ཉིད་ཞི་བ་ཆེན་པོའི་གྲོང་ཁྱེར་དུ་གཟིམས་པའི་དགོངས་རྫོགས་སུ་དངོས་ཅག་དང་སློབ་མར་གྱུར་པ་རྣམས་ནས་སྒོ་གསུམ་གྱིས་བརྩོན་པ་ཆེན་པོའི་སྲི་ཞུ་མི་ལྷོད་པས་ཀུན་ནས་བླངས་ཤིང༌། ཁྱད་པར་དུ་སྐུ་གསུམ་ཐུགས་ཀྱི་རྟེན་བཞེངས་ཀུན་གྱི་མདོ་དོན་གཟུངས་འབུལ་


JLAZ007_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དང་རབ་གནས་ཀྱི་བྱ་བ་ཁོ་ན་ལ་རག་ལུས་པ་ཉིད་དུ་ངེས་ན། དེའི་གནས་ལ་བློ་གྲོས་ཀྱི་སྣང་བ་མུན་པའི་གཟེབ་ལས་གྲོལ་བའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པས་སྲོག་ཤིང་གིས་མཚོན་གཟུངས་ཀྱི་བྱ་བ་དང་བྱེད་པ་ཐམས་ཅད་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་དང༌། ཛེ་ཏ་རོའི་རྒྱ་གཞུང་ལ་བརྟེན་ནས་ཁུར་དུ་བཟོད་པར་མཛད་ཅིང་དེའི་ཡན་ལག་ཏུ་དགེ་འདུན་འདུ་བ་དང༌། སྔགས་སྡེ་སྤེལ་བའི་བཅའ་གཡང་ཉམས་སུ་བསྟར་བའི་རྟེན་འབྲེལ་མངོན་དུ་གྱུར་པའི་གཟུགས་སྐུའི་སྣང་བ་ཇི་ལྟར་བྱོན་པ་ནི། གཡས་ཕྱོགས་ན་གངས་རིའི་ཁྲོད་དུ་དམ་པའི་ཆོས་འདུལ་བའི་བསྟན་པ་རིན་པོ་ཆེ་འབྱུང་བའི་རྩ་ལག་དམ་པར་གྱུར་ཅིང་དབུ་མ་རང་རྒྱུད་པའི་མཎྜི་ཏ་ཆེན་པོ་མཁན་ཆེན་ཞི་བ་འཚོ། གཡོན་ཕྱོགས་ན་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་མགྲོན་པོར་འབོད་པ་ལ་ཆོས་རྒྱལ་མྱ་ངན་མེད་ཀྱི་བརྟུལ་ཞུགས་འཛིན་པ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན། གཡས་གཡོན་དུ་དབང་པོ་བཞི་གནས་སུ་དག་པའི་ངོ་བོ་བྱང་ཆུབ་སེམས་དཔལ་བྱམས་པ། སྒྲིབ་པ་རྣམ་སེལ་འཇམ་དཔལ། ཕྱག་ན་རྡོ་རྗེ་སྟེ་ཕྱིའི་སེམས་དཔའ་བཞི། རྣམ་པར་ཤེས་པ་བཞི་གནས་སུ་དག་པའི་ངོ་བོ་ནམ་མཁའི་སྙིང་པོ། ས་སྙིང༌། སྤྱན་རས་གཟིགས། ཀུན་ཏུ་བཟང་པོ་སྟེ་ནང་གི་སེམས་དཔའ་བཞི་རྣམས་ལས་ཉེ་བའི་སྲས་བརྒྱད། གང་གིས་བྱང་ཆུབ་ཆེན་པོར་ཐུགས་


JLAZ007_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་ཚེ་རང་གི་མཚན་ཙམ་ཐོས་པས་ཀྱང་ལས་དང་སྒྲིབ་པ་ཟད་པར་སྨོན་ལམ་བཏབ་པའི་བཅོམ་ལྡན་འདས་དཔའ་རྡོ་རྗེ་སེམས་དཔའ་རྣམས་ཏེ་འདི་རྣམས་ཀྱི་ནང་བཞུགས་ཀྱི་གཙོ་བོར་རིང་བསྲེལ་རྣམ་པ་བཞི་ལས་ཆོས་སྐུའི་རིང་བསྲེལ་རྣམས་སྲོག་ཤིང་གི་ངོས་ལ་ཐེག་པ་དང་རྒྱུད་སྡེའི་གོ་རིམ་མ་འཆོལ་བར་བཞུགས་སུ་གསོལ། ཀུན་ལ་དེ་བཞིན་གཤེགས་པའི་འཕེལ་གདུང་དང་ཐབས་ཤེས་བདེ་སྟོང་གི་རིལ་བུ་ཨ་རྒྱ་ཅན་རེ་རེ། གཞན་རྒྱ་བོད་ཀྱི་སྐྱེས་ཆེན་པཎ་གྲུབ་མང་པོའི་གདུད་དང་སྐུ་བལ་གྱི་རིང་བསྲེལ་ཟློས་ཀྱིས་མི་ལང་བས་ཕྱུར་བུར་གཏམས། ཁྱད་པར་བརྟེན་པའི་རང་བཞིན་འདི་དག་གང་གིས་ཐུགས་བསྐྱེད་ལས་གྲུབ་པའི་བདག་པོའི་རྐྱེན་དུ་གྱུར་པ་གྲུབ་དབང་བླ་མ་མཆོག་གི་སྣང་བརྙན་འདིའི་ཐུགས་ཀ་ན་སློབ་དཔོན་ཆེན་པོའི་སྐུ་ཚབ་སྲིན་ཐོད་མ་ཁྱད་པར་ཅན་ཞིག་བཞུགས་ཡོད་པས་བྱིན་རླབས་མཆོག་ཏུ་ཆེ་བ་ཡིན་ནོ། །རྟེན་བཞེངས་གྲུབ་པའི་དེ་མ་ཐག་པར་ཕྱི་ནང་གཞན་གསུམ་རྟེན་འབྲེལ་གནད་གཅིག་པའི་ཉེ་རྒྱུ་ལས། སྣང་བ་དང་སྲིད་པའི་ཆོས་སུ་གྱུར་ཏོ་ཅོག་གཟུང་འཛིན་ཟ་བྱེད་དབུ་མའི་གྲོང་ཁྱེར་གཅིག་ཏུ་ཤར་བའི་ལྟོ་བར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པར་དག་པ་ནི་རྡོ་རྗེ་ཐེག་པའི་ཉེ་ལམ་རྣམས་ཀྱིའང་བསྒྲུབ་བྱའི་མཐར་ཐུག་པ་ཡིན་ལ། དེའི་ངང་ཚུལ་བླ་ན་མེད་པ་ནི་འདིའོ་ཞེས་འཇིག་རྟེན་ཡོངས་ལ་མཚོན་པར་བྱ་བའི་བྱེད་པ་པོ་ཟླ་བ་ལ་དུས་མེ་འཇུག་པའི་སྦྱོར་བ་རྩོམ་པ་དང་ཆབ་


JLAZ007_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པར་ལྷག་པ་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་སེམས་དཔའི་ཐུགས་ཀར་བཅུག་པས་རབ་གནས་རང་བཞིན་གྱིས་ཆགས་པའི་རྟེན་འབྲེལ་དུ་གྱུར་ཏོ། །གཞན་ཡང་ལྷ་བཙུན་ནམ་མཁའ་འཇིགས་མེད་ཉེ་རྒྱུའི་སྤྱོད་པ་ལ་གཤེགས་སྐབས་ཀྱི་དམ་ཚིག་གི་ཁ་ཊྭཱཾ་ཀ །གནས་བརྟན་འདུལ་བ་འཛིན་པ་ཀུན་བཟང་འོད་ཟེར་གྱི་གཤེགས་རྟེན་ལ་བཞེངས་པའི་དུས་གསུམ་སངས་རྒྱས་རྣམས་དང༌། གཙུག་ལག་ཁང་ལྟེ་བར་གྱང་རིས་ཀྱི་ཚུལ་དུ་བཞུགས་པ་ནི། དགོན་སྡེ་འདི་ཉིད་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་དུ་གྱུར་པ་གྲོལ་ཐིག་རིག་འཛིན་གྱི་ལྷ་ཚོགས་དང༌། གཏེར་ཁ་གོང་འོག་གཉིས་སུ་མེད་པའི་ཁྱད་གཏེར་ཆེན་པོ་བླ་མ་གསང་བ་འདུས་པ་གཙོར་གྱུར་ལ་འདོད་ལྷ་སྣ་ཚོགས་མགྲོན་ཐབས་སུ་བཀོད་པ་གུང་གི་ཆ་ལ་བཞུགས་ཤིང༌། མགོན་ཁང་སྒོ་གདོང་ན་རྡོ་རྗེ་གཤོག་རྒོད་མའི་སྣང་བརྙན། གཡས་ཕྱོགས་ལ་བསྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཆོས་སྐྱོང་སྲུང་མའི་མགྲོན་ཐབས་དང་བཅས་པ། གཡོན་ཕྱོགས་ན་བླ་མ་དགོང་པ་འདུས་པ་ཞི་ཁྲོ་ཡོངས་རྫོགས་ཀྱི་སྣང་བརྙན། ཡས་གཟིགས་རྣམས་ལ་འཇམ་དཔལ་དུས་དགྲའི་དབང་པོ་ནག་པོ་སུམ་སྒྲིལ་གྱི་ལྷ་ཚོགས་དང༌། བཅོམ་ལྡན་འདས་དཔལ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་རྣམ་པ་གསུམ་གྱི་འཆར་གཞི་དང་བཅས་པ་རྣམས་རང་བཞིན་སྤྲུལ་པའི་ཞིང་དང༌། ཁྱད་པར་དབུས་ཕྱོགས་མེ་རི་འབར་བའི་


JLAZ007_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་གྱི་བཀོད་པ་ཆུ་བུར་དང་བཅས་པའི་མིག་གི་གྲོང་ཁྱེར་ག་ལ་བར་བདེ་བླག་ཏུ་འཇུག་པའི་བྱེད་པ་པོར་གྲུབ་བོ། །སྒོ་གདོང་ན་དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པ་ཞེས་མཐུ་སྟོབས་ཀྱི་རུ་མཚོན་དུས་ཀྱི་མེ་ལྕེ་ལས་ཀྱང་ཤུགས་དྲག་པ་དེ་ཉིད་དགོན་གནས་སྡེ་དང་བཅས་པའི་མེལ་ཚེ་ལ་རིངས་པའི་ཚུལ་གྱིས་བཞུགས་ཤིང༌། སྒོ་ཁང་གཡས་གཡོན་འཇིག་རྟེན་སྐྱོང་བ་སྡེ་དང་བཅས་པས་ལེགས་པར་བསྲུང་བའི་ནང་ཁོངས་སུ་གནས་བརྟན་འདུལ་བ་འཛིན་པ་ས་མནྟ་བྷ་དྲ་རྣམ་གཉིས་ཀྱི་དད་བརྩོན་དང་སྙིང་སྟོབས་རྨད་དུ་བྱུང་བས་བསྒྲུབས་པའི་ཆོས་དཀོན་མཆོག་ཡི་གེའི་རྣམ་ཆར་ཤར་བ་སྟོན་པ་བདེ་བར་གཤེགས་པའི་ལུང་གི་ཆོས་འཁོར་ལོ་གསུམ་དང་རྒྱུད་སྡེ་བཞིའི་ངེས་འབྱེད་འགོག་ལམ་གྱི་བདེན་པའི་ངོ་བོར་རྣམ་པ་ཉི་ཤུས་བྱང་ཆུབ་པའི་བདག་ཉིད་ཅན་བཀའ་འགྱུར་རིན་པོ་ཆེ་ཚལ་པ་མའི་རྗེས་སུ་འབྲངས་པ་དང༌། དེའི་གནས། ཟབ་པ། བརླིང་བ། དཀྱིལ་ཆེ་བ། གཅིག་ལས་དུམ་དང༌། དུ་མ་ལས་གཅིག་ཏུ་འཆར་བཟོད་པའི་དཀའ་བའི་གནས་རྣམས་སེམས་ཅན་གྱི་མོས་པ་དང་འཚམས་པར་འཛམ་བུའི་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གམ་མཆོག་བརྒྱད་ལ་སོགས་པའི་པཎ་གྲུབ་རྣམས་ཀྱིས་དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ་ལ་སོགས་མདོར་ན་འཆོས་སྐྱོབ་གཉིས་ཀྱི་ཡོན་ཏན་དང་ལྡན་པར་བཀྲལ་བའི་བསྟན་འགྱུར་རིན་པོ་ཆེ། དགེ་འདུན་འདུས་པའི་དབུས་ན་ལྷམ་མེར་མཛེས་པ་ཡིན་ལ། སེང་ག་ཡབས་


JLAZ007_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གུང་གི་ཆའི་ལྡེབས་བྲིས་ལ་བཅོམ་ལྡན་ཐུབ་པའི་དབང་པོ་ལ་གཡས་གཡོན་དུ་སངས་རྒྱས་སུམ་ཅུ་སོ་ལྔ་པ་མཛེས་པ། ཕན་ཚུན་གཉིས་ལ་ཤཱཀྱ་ཐུབ་པའི་བསྟན་པ་ལ་བསྐལ་པའི་བར་དུ་བྱ་བ་ལྷག་པར་བྱས་པ་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག །ལྷ་མགྲོན་དུ་དགོན་སྡེ་འདི་ཉིད་རིགས་ཀྱི་ཅོད་པན་སྤྲུལ་པའི་གཏེར་སྟོན་ཆེན་པོ་པྲཛྙཱའི་ཞབས་གདུང་རབས་བརྒྱུད་མར་བཀའ་དྲིན་གཞལ་གྱིས་མི་ལང་བའི་བསྟན་པའི་སྦྱིན་བདག་ཆེན་པོ་ཟ་ཧོར་རིགས་ཀྱི་མྱུ་གུ་གསར་པ་རྒྱལ་དབང་ལྔ་པ་ཆེན་པོ་དང༌། གང་གི་ཡབ་མེས་འཕྱོང་རྒྱས་ཞབས་དྲུང་ཧོར་བསོད་ནམས་དར་ཞིང་རྒྱས་པའི་ཉིན་བྱེད། སྔགས་རྒོད་ལོག་ཧྲི་པཱ་ལ། རྟ་མགྲིན་དྲེགས་པ་ཟིལ་གནོན། དེ་དག་དང་ཤིན་ཏུ་ཉེ་བར་གྲུབ་བརྒྱ་ལྷ་ཁང་གྱང་རིས་རྣམ་འགྱུར་བདེ་བ་དང་བཅས་པས་མཛེས་པར་བྱས་སོ། །གཙུག་ལག་ཁང་གི་སྟེང་ན་སྤྲུལ་པའི་སྐུ་ངག་དབང་བློ་བཟང་པདྨའི་དགོངས་རྫོགས་སུ་བཞེངས་པའི་བླ་མ་ལྷ་ཁང་གི་རྟེན་གཙོར་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་སྣང་བརྙན། གཡས་གཡོན་དུ་རྒྱུད་ལུང་མན་ངག་གསུམ་གྱི་བསྟན་པའི་འབྱུང་ཁུངས་རྒྱ་གར་གྱི་རིག་འཛིན་བརྒྱད། སྤྲུལ་སྐུ་རིན་པོ་དེ་ཉིད་ཀྱི་སྣང་བརྙན་དང་བཅས་པ་རིང་བསྲེལ་རྣམ་པ་བཞིས་ཕྱུར་བུར་གཏམས་ཤིང༌། བྱེ་བྲག་ཏུ་རྟེན་གཙོའི་ནང་གཟུངས་ཀྱི་གཙོ་བོར་རྒྱུད་སྡེ་རབ་འབྱམས་ཀྱི་གསང་བ་འཛིན་པ་ཆེན་པོ་བྱང་ཆུབ་


JLAZ007_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྡོ་རྗེ་ཆོས་ཀྱི་སྣང་བརྙན་རྡོ་རྗེའི་འདག་པ་ཀླུ་འཇིམ་ལས་གྲུབ་པ་ཁྱད་པར་ཅན་བཞུགས་པས་བྱིན་རླབས་མཆོག་ཏུ་ཆེ་བ་ཡིན་ལ། གྱང་རིས་གུང་གི་ཆ་ལ་རྒྱལ་བ་རིགས་ལྔ། གཡས་ཕྱོགས་སུ་གུང་ཐང་ལ་ཁར་ལྷ་སྲས་རྗེ་འབངས་ལ་སྩལ་བའི་བསམ་པ་ལྷུན་གྲུབ་མ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་དང༌། གཡོན་ཕྱོགས་ན་དཔལ་ཨོ་རྒྱན་ཆེན་པོའི་རྣམ་པར་བསྡུས་པ་སིནྡྷུ་རྒྱ་མཚོ་མའི་ཞིང་བཀོད། སྒོ་གདོང་གཡས་གཡོན་ན་སངས་རྒྱས་སུམ་ཅུ་སོ་ལྔ་མཚན་དང་དཔེ་བྱད་རྒྱ་མཚོའི་དཔལ་དུ་འབར་ཞིང༌། དེ་ལྟ་བུའི་རྟེན་དང་བརྟེན་པའི་རང་བཞིན་སྡེ་རིས་དཀོར་ཆ་དང་བཅས་པ་བསྲུང་ཤིང་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་ལ་མངའ་བརྙེས་པའི་དམ་ཅན་ཆོས་སྐྱོང་རྣམས་ཀྱི་ཕོ་བྲང་རབ་ཏུ་བརྔམས་པས་རླུང་ལྷའི་ཕྱོགས་མཛེས་པར་བྱས་པའི་དབུས་སུ་དྲེགས་པའི་སྟོང་སྲོག་རྣལ་དུ་དབབ་པ་དང༌། འབོད་རྦད་གསད་པའི་བརྟུལ་ཞུགས་ལ་རང་བྱན་ཆུད་པའི་སྔགས་འཆང་ཆེན་པོ་ཧཱུྃ་ཆེན་ཀཱ་ལས་བླ་རྡོ་སྲོག་འཁོར་དང་བཅས་པ་ཕྱག་བལྟར་གྱིས་བསྐྲུན་ཞིང༌། དགའ་ཆགས་པ་དཔྱོད་ལྡན་དྲན་པའི་དབང་པོས་ཡོན་སྦྱར་ཏེ་གྱ་ཚོམ་གྱི་སྦྱོར་བ་ལ་གོམ་པ་འདོར་བའི་སྐབས་བཅད་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོའི་རྟེན་མདོས་སྒྲོས་གཙང་བ་དང༌། ཤ་རུ་དར་འཕྱར་ལ་བརྟེན་པའི་བཙན་རྒོད་འབར་བའི་བླ་རྡོ་མན་ངག་གི་གནད་དང་ལྡན་པ། གཞན་


JLAZ007_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དྲེགས་པ་རང་བཞིན་གྱིས་ཆགས་པའི་དམ་ཚིག་གིས་བྲིས་སྐུ་དང༌། ཞལ་བརྙན། ཕྱག་མཚན་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་དབྱིག་ཏུ་རྡོ་རྗེའི་ཆོས་སྐྱོང་རྣམས་འདུ་འབྲལ་མེད་པར་བཞུགས་ནས་ཕྲིན་ལས་རྣམ་པ་བཞི་བདེ་བླག་ཏུ་འགྲུབ་པ་ཡིན་ནོ། །དེ་ལྟར་ཐེག་མཆོག་དཔལ་གྱི་རི་བོའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་འདི་དག་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་ཐེག་མཆོག་འོད་གསལ་སྙིང་པོའི་སྒྲུབ་བརྒྱུད་ཀྱི་རིང་ལུགས་བླ་ན་མེད་པ་ཉམས་པ་མེད་ཅིང་འགྲོ་བ་ལྷ་དང་བཅས་པའི་ཕན་པ་དང་བདེ་བའི་འཇུག་ངོགས་གཅིག་ཏུ་ལྷན་ནེ་ལྷམ་མེར་གསལ་བ་ལ། ཁྱད་གཞི་དུ་མའི་སྒོ་ནས་ཁྱད་ཆོས་ཉིད་དུ་བསྔགས་པར་འོས་པའི་ཚུལ་ཡང་ལྷ་བཙུན་སྒྱུ་མའི་རྣལ་འབྱོར་གྱིས། རྒྱལ་བ་ཀུན་འདུས་པདྨས་ལུང་བསྟན་པའི། །བསིལ་ལྗོངས་འཁོར་ལོ་ལྔ་ལྡན་པདྨོའི་ཞིང༌། །ཟ་ཧོར་རིགས་ཀྱི་རྒྱལ་ཁབ་མངོན་མཐོའི་དཔལ། །ཚངས་དང་བརྒྱ་བྱིན་འབྱོར་བས་མངོན་ཕྱུག་པའི། །མཆོད་པའི་ཞིང་མཆོག་དམ་པ་པདྨ་རི། །ཞེས་དང༌། ངོ་མཚར་རྣམ་བཀྲའི་འོད་ཟེར་བརྒྱ་ཕྲག་གིས། །བཻ་ཌྷཱུར་ཁང་བཟངས་མོག་པོར་སྐྱེངས་བྱེད་པའི། །གཙུག་ལག་དེ་ན་གཞུང་ལུགས་རྒྱ་མཚོའི་གཏེར། །དམར་སེར་རལ་གྲི་འཛིན་དངོས་མཁས་པའི་དབང༌། །བརྒྱ་ཕྲག་བྱེ་བ་འདུ་བའི་ཁང་བཟང་འདི། །རྒྱ་བོད་སྐད་གཉིས་སྨྲ་བའི་དབང་


JLAZ007_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཆོག །རྣམ་པར་སྣང་མཛད་མཆོག་སྤྲུལ་པྲཛྙཱའི་མཚན། །གྲུབ་བརྙེས་པདྨ་དངོས་དེས་བྱིན་བརླབས་ཤིང༌། །རྣམ་མང་ཐེག་པའི་རྩེ་ན་འོད་གསལ་བ། །རྡོ་རྗེ་སྙིང་པོ་མཆོག་གསང་སྙིང་པོའི་བསྟན། །བླ་མེད་སྙིང་པོ་དོན་གྱི་ཆོས་དབྱིངས་མཛོད། །འཆད་ཉན་སྒོམ་དང་སྨིན་གྲོལ་གྲུབ་ཐོབ་གླིང༌། །ཉི་འོག་འཇིག་རྟེན་འདི་ན་འགྲན་བྲལ་བའི། །དྲི་མེད་འོད་ཟེར་བཟང་པོའི་ལེགས་བཤད་བསྟན། །ཚིག་གཅིག་ལན་བརྒྱར་ཐོས་ཀྱང་མི་ངོམས་པའི། །གཞུང་ལུགས་བརྒྱ་ཕྲག་འཛིན་པའི་པཎ་ཆེན་གླིང༌། །ལྷ་ཡི་དྲང་སྲོང་མཆོག་ལ་ཅོ་འདྲི་བ། །གྲུབ་རི་འདི་ནི་རབ་འབྱམས་མཁས་པའི་གླིང༌། །རྒྱུ་ཆོས་རྒྱུ་འབྲས་ཐེག་པར་ལུས་ངག་སྦྱངས། །འབྲས་བུ་གསང་ཆེན་སྒོར་ཞུགས་བསྐྱེད་རྫོགས་སྒོམ། །རང་རིག་གདོད་མའི་གཞིར་གཟིམས་ཆོས་ཉིད་ཟད། །ཕོ་བྲང་འདི་ནི་ཆོས་ཟད་བློ་འདས་གླིང༌། །རྩ་དག་དབུ་མའི་དབྱིངས་ནས་སྣང་བཞི་རྫོགས། །རླུང་དག་ཆོས་དབྱིངས་ངང་ནས་སྨྲ་བརྗོད་དག །ཐིག་ལེ་གདོད་མའི་གཞི་ལ་འཕོ་འགྱུར་བྲལ། །གྲུབ་རི་འདི་ནི་འཇའ་ལུས་འོད་གསལ་གླིང༌། །གར་དབྱངས་ཐིག་དང་རིག་པའི་གནས་ལྔ་སོགས། །མི་ཟད་ཤེས་བྱའི་དཀྱིལ་འཁོར་ཉ་རྒྱས་ཤིང༌། །དྲག་སྔགས་མཐུ་སྟོབས་ཟེར་གྱིས་རྒོལ་ངན་འཇོམས། །གྲུབ་རི་འདི་ནི་སྔགས་ནག་མཐུ་རྩལ་གླིང༌། །འདི་ན་དྲི་བཟང་སྤོས་སྤྲིན་འཁྱིལ་བའི་


JLAZ007_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དབུས། །འཇའ་ཟེར་མདངས་ནང་དཔའ་བོ་མཁའ་འགྲོ་དང༌། །རིག་འཛིན་པདྨའི་དག་སྣང་རྒྱུན་མི་འཆད། །གྲུབ་རི་འདི་ནི་དག་པ་མཁའ་སྤྱོད་གླིང༌། །ཞེས་རྡོ་རྗེའི་གླུས་ཆེད་དུ་བརྗོད་པའི་གནས་ལ་སྤྲོ་བ་དང༌། མོས་གུས་ཀྱི་ལང་ཚོ་མ་རྙིངས་ཤིང༌། བསྟི་སྟང་དང་རི་མོར་བྱ་བའི་གེ་སར་མཆོག་ཏུ་འཛུམ་པས་དགེ་ཚོགས་རིན་པོ་ཆེའི་གྲོང་ཁྱེར་དམ་པ་རྨད་དུ་བྱུང་བར་འཇུག་པ་དང་ཆབ་གཅིག །ཚོགས་གཉིས་སྤྲིན་གྱི་དུམ་བུ་བསྔོ་བ་དམ་པའི་ཞགས་པས་འཆིང་བ་ལ་སུ་ཞིག་སྤྲོ་བ་བརྟས་པ་དེ་ནི་བཤེས་གཉེན་དམ་པས་ཟིན་པའི་ཁྱད་པར་གྱི་ཆོས་བླ་ན་མེད་པ་ལགས། ཞེས་པ་འདི་ནི་ཆོས་ཁྲིམས་པ་བློ་གསལ་དབང་པོ་པདྨ་ཀུན་གསལ་དང༌། དཀོན་གཉེར་ཕྲིན་ལས་དཔལ་འབྱོར་ཟུང་གིས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ཏེ་འབད་པ་ཆེན་པོས་བསྐུལ་བའི་ངོར། དཔལ་གྱི་རི་བོའི་ས་འཛིན་གྱི་སྤོ་ལ་འདུས་པའི་ཚོམ་བུ་འདི་ཉིད་ཆགས་ནས་ཟླ་བའི་ཕུང་པོ་དྲང་སྲོང་བཀྲ་ཤིས་འོད་དཀར་ཅན་དུ་སླེབ་པའི་རོ་དྷའི་ལོ་ལེགས་བྲིས་ཀྱི་བདེན་ཚིག་གྲུབ་པའི་དྲང་སྲོང་ཆེན་པོ་རྀ་ཥི་ས་མཱ་མ་ཀཱིའི་ཀླུང་ཐམས་ཅད་ལ་ཡན་ལག་བརྒྱད་ལྡན་གྱི་ནུས་པ་སྟེར་བ་ལ་མངོན་དུ་ཕྱོགས་པའི་ཚེ། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱིས་རྗེས་སུ་བཟུང་བའི་རྫོགས་ཆེན་པ་མཁྱེན་བརྩེའི་འོད་ཟེར་གྱིས་ཀུན་མཁྱེན་ཤནྟ་པུ་རི་པ་ལ་མི་བསླུ་བར་ངེས་པའི་


JLAZ007_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་བརྟན་པོས་ཀུན་ནས་བསླངས་ཏེ་པདྨ་འོད་གསལ་ཐེག་མཆོག་གླིང་དུ་སྦྱར་བའི་ཡི་གེ་པ་ནི་འཇིགས་སྐྱོབ་དང་ལེགས་སྨོན་ཙམ་མ་ཡིན་པར་ངེས་པར་འབྱུང་བའི་བློས་ཤཱཀྱའི་བསྟན་པ་ལ་རབ་ཏུ་བྱུང་བའི་སྐལ་པ་ཅན་ཟུར་རྡོ་རྗེ་སྙིང་པོས་སོ། །གཏམ་ཚོགས་ལེའུ་སོ་དགུ་པའོ།། །།


previousགཏམ་ཚོགས་ལེའུ་སོ་དགུ་པ། དཔལ་རི་ཐེག་པ་ཆེན་པོའི་གླིང་གི་གཏམ་རྡོ་རྗེ་སྒྲ་མའི་རྒྱུད་མངས།next