Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་བཞི་བཅུ་པ། པདྨ་འོད་གསལ་ཐེག་མཆོག་གླིང་རྟེན་དང་བརྟེན་པར་བཅས་པའི་གཏམ་ནོར་བུའི་དོ་ཤལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་བཞི་བཅུ་པ། པདྨ་འོད་གསལ་ཐེག་མཆོག་གླིང་རྟེན་དང་བརྟེན་པར་བཅས་པའི་གཏམ་ནོར་བུའི་དོ་ཤལ།next

གཏམ་ཚོགས་ལེའུ་བཞི་བཅུ་པ། པདྨ་འོད་གསལ་ཐེག་མཆོག་གླིང་རྟེན་དང་བརྟེན་པར་བཅས་པའི་གཏམ་ནོར་བུའི་དོ་ཤལ།


JLAZ007_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འོད་གསལ་ཐེག་མཆོག་གླིང་རྟེན་དང་བརྟེན་པར་བཅས་པའི་གཏམ། ནོར་བུའི་དོ་ཤལ་ཞེས་བྱ་བ། ཀུན་བཟང་ཡབ་ཡུབ་གཉིས་མེད་མཉམ་སྦྱོར་སྣང་སྟོང་བདེ་ཆེན་འཁོར་ལོའི་སྐུ། །ཧེ་རུ་ཀཿདཔལ་ཆེ་མཆོག་བླ་མེད་འཁོར་འདས་མཉམ་ཉིད་སྐུར་རྗོགས་པ། །དུག་གསུམ་མ་རིག་དྲྭ་བ་གཅོད་མཛད་ཆོས་དབྱིངས་མཆོག་གི་འཁོར་ལོ་ཅན། །ཞི་ཁྲོ་རབ་འབྱམས་རྒྱལ་བའི་སྤྱི་གཟུགས་གར་དགུའི་ཉམས་ལྡན་དེར་ཕྱག་འཚལ། །སངས་རྒྱས་ཀུན་དང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་གདོད་མའི་སྲོག །ཐུགས་རྗེའི་ཆུ་ཀླུང་ཤིན་ཏུ་ཤུགས་དྲག་གཞི་དབྱིངས་རང་བྱུང་ཀོ་ཤའི་མཚོར། །ལྷུན་གྲུབ་མཚན་དཔེའི་འཁོར་ལོ་རྣམ་བྱང་རྩ་བའི་བླ་མ་ཨོ་རྒྱན་རྗེ། །ཞི་ཁྲོ་རབ་འབྱམས་མཁའ་འགྲོར་བཅས་པས་སྐུ་གསུམ་འབྲས་བུ་གཡུར་ཟ་མཛོད། །དྲན་པ་ཉེ་བར་གཞག་པ་ལ་སོགས་བྱང་ཆུབ་ཆོས་ལ་མངའ་མཛད་ཅིང༌། །སྟོབས་བཅུའི་རྩལ་གྱི་བདུད་ལས་རྣམ་རྒྱལ་བརྒྱ་ཕྲག་བཅུ་ཡི་སངས་རྒྱས་དང༌། །ཞི་གྱུར་འགོག་ལམ་བདེན་པའི་མཐུ་ཅན་ཡན་ལག་བཅུ་གཉིས་ལུང་གི་ཆོས། །རིག་འཛིན་


JLAZ007_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་དགེ་འདུན་འདི་ན་དང་བའི་ཡིད་ཀྱིས་བསྟེན། །ལོག་འདྲེན་གཤེད་དུ་དྲག་པོའི་རྐན་སྒྲས་སྲིད་གསུམ་མཐར་བྱེད་དཔལ་མགོན་བདུན་ཅུ་རྩ་ལྔའི་སྡེ། །བྱེ་བྲག་འོག་མིན་ཡེ་ཤེས་འཁོར་ལོའི་སྒྱུ་འཕྲུལ་རོལ་པ་པདྨ་འོད་གསལ་ཐེག་མཆོག་གླིང༌། །འབྱོན་འགྱུར་སངས་རྒྱས་མོས་པའི་བར་དུ་ཉམས་པ་མེད་པར་བསྐྱང་ལ་དམ་བཅའ་བཙན་པོའི་ཁུར། །རང་གིར་མཛད་པ་སྔགས་སྲུང་གཟའ་དང་རྡོ་རྗེ་ལེགས་པས་སྡེ་བཞིའི་སྒོ་འཕར་དེང་ཕྱི་ཞིག །ཅེས་རྒྱལ་བ་སྲས་དང་བཅས་པ་ལ་མཆོད་པར་བརྗོད་པའི་ཚིག་གིས་ལམ་ཡངས་པར་བྱས་ནས་གངས་རིའི་ཁྲོད་ཀྱི་དབེན་གནས་ཚེ་རིང་ལྗོངས་བྱང་ཆུབ་ཤིང་གི་ནགས་ཁྲོད་ན་མངོན་པར་མཛེས་པའི་ཚནྡྷོ་ཧ་ཆེན་པོ་པདྨ་འོད་གསལ་ཐེག་མཆོག་གླིང་རྟེན་དང་བརྟེན་པར་བཅས་པའི་རྟོགས་བརྗོད་ནོར་བུའི་དོ་ཤལ་གླེང་བར་བྱ་བ་ལ། འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་རང་བཞིན་རྒྱ་ཆེ་ལ་ངོ་བོ་གཏིང་ཟབ་པ་ཐུགས་རྗེ་ཚད་མེད་ཀྱང་རྣམ་པར་རྟོག་པའི་སྤྲོས་པ་མཐའ་ཡས་པ་དང་བྲལ་བ། གདོད་མའི་སངས་རྒྱས་ཆོས་ཀྱི་སྐུའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོ་འཕྲུལ་ཆེན་པོ་ཟད་མི་ཤེས་པའི་རྩལ་ལ་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཞིང་ཁམས་བཀོད་དེ་ཕྱག་གི་པདྨོའི་དབུས་ནས་བྱུང་བའི་ཕྲུམ་ཕྲུམ་རྣམས་ཀྱི་སྟེང་ན་ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་


JLAZ007_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མར་གནས་པའི་བཅུ་གསུམ་པ། ཐུགས་ཀ་དཔའ་གྱི་བེའུའི་ཐད་དྲང་ན་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་འདི་ཉིད་འཁོད་པའི་ནང་ཚན་ལས་འཛམ་བུའི་གླིང་ལས་ཀྱི་ས་པའི་ཡུལ་དབུས་མ་ག་དྷཱ་རྡོ་རྗེའི་གདན་བྱང་ཆུབ་འབྱུང་བའི་གནས་ནས་རྨུགས་འཛིན་གྱི་དབང་པོས་བདག་གིར་བྱས་པའི་ཕྱོགས་ནི་མདོ་སྡེ་པདྨ་དཀར་པོ་ལས། རིགས་ཀྱི་བུ་དུས་གསུམ་གྱི་སངས་རྒྱས་གང་གིས་ཀྱང་གདུལ་བྱར་མ་གྱུར་པའི་གནས། འདྲེ་སྲིན་དུ་མས་གང་བའི་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། མ་འོངས་པའི་དུས་ན་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་ཞིག་རྒྱས་པར་འདུག་སྟེ། སེམས་ཅན་ཐམས་ཅད་ཀྱང་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་འགྱུར་རོ། །མཐའ་འཁོབ་དེ་འདུལ་བའི་གཉེན་པོ་ནི་འཕགས་པ་སྤྱན་རས་གཟིགས་ཡིན་ནོ། །ཞེས་ལུང་བསྟན་གྱི་བདེན་པའི་རྔ་བོ་ཆེ་བརྡུངས་པ་ལྟར་རྒྱལ་སྲས་ཕྱག་ན་པདྨས་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ཐར་པ་དམ་པའི་མགྲོན་དུ་སྤྱིར་བཟུང་བ་བོད་གངས་ཅན་ལ་སྤུ་རོང༌། མང་ཡུལ། ཟངས་དཀར་ཏེ་སྐོར་གཅིག །ལི་དང༌། བྲུ་ཤ་དང༌། སྦལ་ཏེ་དེ་སྐོར་གཅིག །ཞང་ཞུང་དང༌། བྲི་སྟེ་དང༌། སྟོད་སྨད་གསུམ་སྐོར་གཅིག་སྟེ་སྟོད་མངའ་རིས་སྐོར་གསུམ། དབུས་ན་དབུ་རུ་དང༌། གཡོ་རུ་གཉིས། གཙང་ན་གཡས་རུ་དང༌། རུ་ལག་གཉིས་ཏེ་


JLAZ007_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བར་དབུས་གཙང་རུ་བཞི། སྨད་ན་དངུལ་རྫ་ཟལ་མོ་སྒང༌། ཚ་བ་སྒང༌། སྨར་ཁམས་སྒང༌། སྤོ་འབོར་སྒང༌། སྨར་རྫ་སྒང༌། མི་ཉག་རག་སྒང་སྟེ་སྨད་མདོ་ཁམས་སྒང་དྲུག་གི་སྒྲས་བསྙད་པ་སྤྱིར་བོད་ཆེན་པོའི་རྒྱལ་ཁམས་སུ་གྲགས་པོའི་ནང་ཚན་ལས། གཡོ་རུའི་ཆ་དགེ་བཅུ་ཚང་བའི་ཡུལ་ཡར་མོ་ཀླུངས། ཕོ་བྲང་ཡུམ་བུ་གླ་སྒང་དུ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས། དབུ་རུ་སྐྱིད་ཤོད་ཀྱི་འཛིན་མར་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོས་སའི་དཔྱད་གཟིགས་པ་ན། བོད་ཡུལ་སྲིན་མོ་གན་རྐྱལ་གྱི་རྣམ་པར་འདུག་པའི་སྙིང་གར་གཙུག་ལག་ཁང་བཞེང་པར་རྩོམ་ཚེ་གནས་དེ་དག་བྱེད་ཀྱི་ཕུང་པོར་གྱུར་པ་ལ་རས་ས་བསྐྱལ་ཏེ་བརྡལ་པ་ལ་ལྟ་ཁང་བརྩིགས་ཤིང་བཟོ་ཁྱད་ལས་འཕྲུལ་ལྟར་སྣང་བས་ར་ས་འཕྲུལ་སྣང་དུ་གྲགས་ཤིང༌། སྟོན་པའི་ཞལ་སྐྱིན་ཇོ་ཤཱཀ་རྣམ་གཉིས་འགྲོ་བའི་བསོད་ནམས་ཀྱིས་མགྲོན་དུ་སྤྱན་དྲངས། གཡོ་རུའི་ཁྲ་འབྲུག་ལ་སོགས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ཁྱད་དུ་འཕགས་པ་བཞེངས་ཏེ་དམ་པའི་ཆོས་ཀྱི་སྲོལ་རྒྱ་ཆེར་བཏོད། དེ་ནས་གདུང་རབས་ལྡན་མེས་ཀྱི་ལུང་བསྟན་ལྟར་བརྟན་པའི་འཁོར་ལོའི་སྒྱུ་འཕྲུལ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་རྣམ་གཉིས་གངས་ལྗོངས་ཕན་བདེའི་མཆོད་སྡོང་དུ་བཀུག་ནས་སྤུས་རི་ནག་པོའི་ལྗོངས་ཆུ་བོ་གསེར་ལྡན་གྱི་འགྲམ་དུ་སྔོན་མུ་སྟེགས་ཀྱི་


JLAZ007_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་ཞིག་གིས་རོ་བསྒྲུབས་པའི་གྲོགས་དབུས་འགྱུར་འཆང་གི་དགེ་ཚུལ་གྱིས་བྱས་པའི་གཏང་རག་གི་དངོས་པོ་ལས་བཞེངས་པའི་ཨོ་ཏནྟ་བུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་ཤིང་མདོ་སྔགས་ཀྱི་བསྟན་པ་ནམ་མཁའ་ལ་ཉི་མ་ཤར་བ་བཞིན་དར་རྒྱས་སུ་མཛད་པ་ཡིན་ནོ། །དེ་ལྟ་བུའི་ཐུགས་བསྐྱེད་དང་ཕྲིན་ལས་རླབས་པོ་ཆེའི་རྗེས་སུ་བདག་ཉིད་བརྒྱུད་པར་བཅས་པའང་འཇུག་ཅིང༌། སྔོན་གྱི་རྒྱལ་སྲས་རྣམས་ཀྱི་ཕྲིན་ལས་ཆུད་མི་གསན་པ་དང༌། དཀར་པོ་རྣམ་པར་འཕེལ་བའི་ས་བོན་རང་འབྱོར་གྱིས་ཇི་ཙམ་ནུས་པ་དེ་སྲིད་དུ་བསྒྲུབ་པའི་དམ་བཅའ་བརྟན་པོ་ལ་རང་གིར་བྱེད་པའི་བདག་པོའི་རྐྱེན་དུ་གྱུར་པ་ནི་འདི་ལྟ་སྟེ། གཡོ་རུའི་གོ་ཙམ་ན་བཀྲེན་པའི་རྒུད་པ་སེལ་བ་ལ་དཔྱད་ལེགས་པའི་རི་འབྲས་ཀྱི་ལྗང་པ་དཔལ་དུ་འབར་བ་ལྟ་བུའི་ས་འཛིན་ཡར་ཀླུངས་མེ་སྣའི་རི་རྒྱུད་ཤར་ནུབ་དབྱེ་བའི་བྱེད་པོར་བསྒོས་པ་ལྟ་བུའི་རྐྱེན་ལས་ཡུལ་ཡར་མོ་ནུབ་ཏུ་གྲགས་པའི་དབང་པོའི་ཕྱོགས་གནས་བོའི་དུས་ན་ཆོས་ལྡན་གྱི་སྤྲུལ་པའི་རྒྱལ་པོ་རྣམས་རྨུ་ལུགས་ཀྱིས་སྐུ་མཁར་བརྩིགས་པའི་གནས། པདྨའི་ངང་ཚུལ་སྲོང་བཙན་གྱི་བང་སོ་ལ་ཉི་མ་དང་ཟླ་བའི་བགྲོད་པས་བཏུད་པར་བྱེད་པའི་ལམ་པོ་ཆེ་ལྟར་རང་བཞིན་ལྷུན་གྱིས་གྲུབ་པའི་ཡུལ་ཆོས་དང་སྲིད་ཀྱི་དོན་གཉིས་གྲུབ་པའི་མཁར་དུ་ཆགས་


JLAZ007_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། ཟ་ཧོར་རྒྱལ་པོ་དྷརྨ་པཱ་ལའི་རྒྱལ་བརྒྱུད་དྲི་མ་མེད་པ་ཧོར་བདུད་འདུལ་རབ་བརྟན་གྱི་སྤྱན་རས་ཀྱིས་བསྐྱངས་པའི་མདུན་ན་འདོན། ཡ་རབས་དྲ་མའི་ངང་ཚུལ་ཅན་འདབ་ལྡན་གཡུང་དྲུང་འཁྱིལ་བའི་མིང་གིས་སྙན་པའི་ཁབ་ཏུ་དཔལ་སྔགས་ཀྱི་བདག་མོའི་སྨོན་ལམ་གྱི་རོལ་པ་རྣམ་པར་བཀོད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས། རྒྱལ་ཁམས་ཕལ་ཆེར་སྡུག་བསྔལ་དང་སྡིག་པས་ཁེབས་ཤིང་ཕ་དང་བུ་མི་མཛའ་བའི་གནས་སྐབས་འདིར་ཡང༌། ཆོས་བཞིན་སྤྱོད་པའི་བགྱི་བ་ལ་སྟངས་དཔྱལ་རྣམས་ཤིན་ཏུ་མཐུན་པར་སྤྱོད་ཅིང༌། བསམ་སྦྱོར་གཅིག་ཏུ་དག་པས་གར་དབང་འཇིགས་མེད་གླིང་པ་རིགས་ཀྱི་བདག་པོར་བསྙེན་ནས། གང་གི་བྱང་ཆུབ་སེམས་ཀྱི་ཉེ་བར་ལེན་པའི་རྐྱེན་ལས་རང་དབང་གི་རི་ལ་རི་རྒྱ་བསྡམས་པ་དང༌། སེམས་ཅན་གྱི་སྲོག་གཅོད་པ་སོགས་འཚོ་བ་ཆོས་སུ་འདུ་ཤེས་པའི་བསམ་སྦྱོར་ངན་པ་མཐའ་དག་རིང་དུ་སྤངས་པས་ཉེས་པ་མེད་པའི་རི་དྭགས་དང༌། སྒོ་ཕྱུགས་ཡན་ཆད་བདེ་བར་འཚོ་བའི་བཟང་པོའི་བསྐལ་པ་གསར་དུ་ཕྱེ། དེའི་ཚེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་ཏུ་གསང་མཆོག་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ལ་གཅིག་ཏུ་གུས་པས་ཆོས་རྒྱལ་མྱ་ངན་མེད་ཀྱི་རྣམ་པར་ཐར་པའི་རྗེས་སུ་ཕྱོགས་ནས་གཏོང་ཕོད་ཀྱི་ཕྱག་རིང་པོར་བརྐྱང་སྟེ་ཆོས་དང༌། ནོར་དང༌། འདོད་པ་དང༌། ཐར་པ་སྟེ་སྡེ་བཞིའི་སྒོ་


JLAZ007_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་གསར་དུ་དབྱེ་བའི་སླད་དུ་ཆུ་ཕོ་རྟའི་ལོ་ལ་ཚེ་རིང་ལྗོངས་པདྨ་འོད་གསལ་ཐེག་མཆོག་གླིང་གི་རྟེན་གཞལ་ཡས་ཁང་གི་བཀོད་པ་ཀ་བ་ཉི་ཤུའི་ས་བཀོད་ལེགས་པར་མངོན་སུམ་དུ་འདུ་བྱས་སོ། །དེ་ཡང་དཀར་པོ་རྣམ་པར་འཕེལ་བའི་ཆོས་ལ་བདུད་དངབདུད་ཀྱི་སྡེ་ཚོགས་བློ་ཤིན་ཏུ་མི་བདེ་ཞིང་ཡིད་མྱ་ངན་གྱི་ཁུང་བུར་ཆུད་པ་ནི། སྔོན་ཆོས་རྒྱལ་རྣམས་ཀྱིས་རྟེན་གསུམ་བཞེངས་པའི་དཀར་ཆག་ནའང་གསལ་བ་ལྟར། གཞི་དེར་ས་བདག་གདུག་པ་ཅན་གནས་པའི་ཅལ་སྒྲོག་ལ་རྟེན་ཕྱི་ནང་གི་སྐྱི་བོ་མ་བརྟགས་པར་འཇུག་པ་རྣམས་ཀྱི་ངག་ལ་འདོད་ཁམས་ཀྱི་ལྷས་བྱིན་གྱིས་བརླབས་པས་དོན་ལ་མི་གནས་པའི་རི་བོང་གི་ཆལ་བྲག་ཅ་ལྟར་སྒྲོགས་པས་སྒྱུ་མ་ལྟ་བུའི་བློ་དང་མི་ལྡན་པ་དག་སེམས་འཁུ་འཕྲིག་གི་གནས་ལ་བཀོད་ཀྱང༌། ཟླ་བ་སྒྲོན་མའི་མདོ་ལས། རབ་ཏུ་བྱུང་ནས་ཆོས་སྤྱོད་ཅི་འདྲ་བར། །ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང༌། །མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། །ཁྱུ་མཆོག་རྒྱལ་བ་བསྙེན་བསྐུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཀྱི། །འདུས་བྱས་ངན་པས་ཡིད་འབྱུང་སེམས་ཅན་གྱི། །དོན་དུ་དགོན་པར་ཕྱོགས་ཏེ་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཞེས་འབྲོག་དགོན་བས་མཐའི་ཕྱོགས་སུ་གོམ་བདུན་བོར་བས་ཀྱང་བསོད་ནམས་ཁྱད་པར་ཅན་


JLAZ007_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བསྔགས་པའི་རྟེན་གཞི་འཆོས་ཤིང༌། མདའ་རུ་དགེ་འདུན་གྱི་ཀུན་དགའ་ར་བ་བཞེངས་པ་ལས་ཕུ་རུ་བསམ་གཏན་གྱི་མཁར་པོ་བྲེ་ཙམ་བརྩིགས་པ་ཆེས་མཆོག་ཏུ་འདོད་པའི་རྒྱུའང་སྡེ་སྣོད་ལེགས་པར་ཤེས་པ་རྣམས་ནི། ཉེས་སྤྱོད་ཀྱིས་ཀུན་ནས་དཀྲིས་པའི་འཇིགས་སྐྱོབ་དང་ལེགས་སྨོན་སོ་སོ་ཐར་པར་མི་སྒོམ་ལ། ལས་བརྒྱ་རྩ་གཅིག་གི་ཆོ་གའི་དོན་པོའང་བསྟན་པའི་གནས་ཚད་ཀྱིས་བསྡུ་བར་ཉེ་བའི་རང་བཞིན་ཤེས་ནས་དབེན་པར་ཡིད་ཕྱོགས་པས། ད་ནི་སྙིགས་མའི་དུས་ན་དབང་པོ་དང་ཉོན་མོངས་པའི་ཚོགས་གཅིག་ཏུ་བསྡམ་པ་ལ་བས་མཐའི་དགོན་གནས་ཁོ་ན་ཁྱད་པར་དུ་གྱུར་པའི་ཚུལ་ནི་སྐྱེས་བུ་ངེས་འབྱུང་གི་བློ་དང་ལྡན་པ་རྣམས་ཀྱིས་ཡང་དག་པར་རིག་པར་འགྱུར་ལ། བདག་ཅག་གིས་ཀྱང་སེམས་ཅན་ལ་ཕན་པའི་བྱ་བ་བསྒྲུབ་པ་ལ་ཆོས་པར་རློམ་པ་དག་གིས་མི་མཐུན་པར་བལྟ་བའི་ལོག་བསྒྲུབ་བཟོད་པའི་སྙིང་སྟོབས་བསྐྱེད་ཅིང༌། ཁྱད་པར་རྫོང་ཕྲང་སྲོག་གསུམ་དང་ལྡན་པའི་ལྷའི་རྣལ་འབྱོར་གྱི་ཆོ་ག་ཞིབ་མོས་ལ་ཆུས་བརྒལ་བའི་ས་ནས་ཀྱང་ས་དམིགས་གཉན་པོ་སྦྱངས་ཤིང་གཞི་བདག་ཟིལ་གྱིས་མནན་པའི་ཚེ། ཆོས་རྗེ་རྒོད་ཚང་པས་གནས་ལ་ཞལ་བསྟན། མ་མགོན་ལྕམ་དྲལ་མོན་པ་ཕོ་མོ་དང་སྐྱེས་བུ་གོ་ཞུབ་ཅན་དུ་བསྟན་ནས་གཙུག་


JLAZ007_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཁང་བརྩིག་པའི་ཕྲིན་ལས་བསྒྲུབས། མདོ་སྒྱུ་སེམས་གསུམ་ལ་སོགས་རྡོ་རྗེ་ཐེག་པའི་ཆོས་སྒོ་རབ་འབྱམས་ལ་བཤད་སྒྲུབ་དང་སྨིན་གྲོལ་གྱི་སྒོ་འཕར་ཕྱེ། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པས་མཐོང་བའི་ཆོས་ལ་བསོད་ནམས་འཕེལ་ནས་བསྟེན་པའི་སྦྱིན་བདག་གིས་ཆབ་སྲིད་ཀྱང་ཅིག་ཅར་དུ་རྒྱས། སྒྲུབ་སྡེའི་ས་བོན་ཐེབས་ཏེ་རྒྱགས་པ་དང་དྲེགས་པ་བཅོམ་ནས་དཀའ་ཐུབ་འབའ་ཞིག་པས་རི་ཚུགས་ཟིན་ཅིང་འདག་སྦྱར་དང་བཅས་ཞི་བའི་ཏིང་འཛིན་སྒོམ་པའི་དྲང་སྲོང་དུ་མས་གང་བ་དག་ལའང་རང་རང་གི་སྐལ་པ་དང་རྗེས་སུ་མཐུན་པའི་ངོས་འབྱུང་གི་སེམས། སྡོམ་པ་གསུམ་གྱི་ཚུལ་ཁྲིམས། བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར། མང་དུ་ཐོས་པའི་ལུང༌། ཇི་ལྟ་བའི་ཆོས་ཉིད་ལ་གོ་མྱོང་རྣལ་མར་ཆགས་པ་མང་དུ་ཐོན། ཡུལ་ཕྱོགས་དང་སྐད་ལུགས་མི་གཅིག་པའི་ས་ནས་ཀྱང་ལས་འཕྲོ་དང་སྐལ་པ་ཅན་མང་དག །ནག་པོའི་དོན་མཁར་ལུང་པ་བསྙེན་པའི་ཚེ་སྣོད་བཅུད་གཉིས་ཀ་གྱི་ན་བར་བལྟ་བའི་ཡུལ་ཡར་མོ་ནུབ་ཀྱི་སྐྱེ་བོ་ཅེ་རེ་ལོང་རྣམས་ནི་ཡ་ཆ་བར་བྱེད་དེ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པའི་སྐྱེ་བོ་བླུན་པོ་རྣམས་ནི་དེ་བས་ཀྱང་ཡ་ཆ་སྟེ། སྤྱིར་སངས་རྒྱས་ཀྱི་ཕྲིན་ལས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་བསྐྱེད་དང༌། སྨོན་ལམ་གྱི་མཐའ་ཀུན་


JLAZ007_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉོན་མོངས་པའི་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་ཤེས་པ་མ་ཡིན་ནོ། །ད་ནི་རྟེན་གཞིའི་གཙུག་ལག་ཁང་གང་དུ་སྒྱུ་མ་མཁན་བཟང་པོ་ལྟ་བུའི་རི་མོ་མཁན་གྱི་ཆོ་འཕྲུལ་རྟག་ཏུ་མི་བཟོད་པའི་འདུ་བྱེད་ཀྱིས་སྡེབས་བྲིས་ཀྱི་རིམ་པ་ཇི་ལྟར་བྲིས་པ་ནི། དྲི་གཙང་ཁང་ཀ་བ་བཅུ་གཉིས་པའི་སེང་གཡེངས་འཕང་ཐོག་ཅན་གྱི་གུང་གི་ཆ་ལ་བསྟན་པའི་བདག་པོ་རྒྱལ་བ་ཤཱཀྱ་སེང་གེའི་སྣང་བརྙན་འཁོར་ཉན་ཐོས་མཆོག་གཉིས་ཀྱིས་བརྟན་པའི་མཐའ་སྐོར་དུ་རྫོགས་པའི་སངས་རྒྱས་དེ་ཡི་རྟོགས་བརྗོད་མཛད་པ་བཅུ་གཉིས་པོ་གསེར་བྱི་བ་བྱུགས་ཀྱིས་རྩིས་མགོ་བསྡུས་པ་ལ། ཁྱད་པར་གྱི་ཆོས་གཞོན་ནུ་རོལ་རྩེད་མཛད་པ་ནས་མྱ་ངན་ལས་འདས་པའི་བར་དེ་སྲིད་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་དང་རྗེས་མཐུན་པའི་གཡས་གཡོན་དུ་བསྟན་པའི་རྩ་ལག་ཆོས་རྒྱལ་སྲོང་བཙན་དང༌། དབོན་སྲས་ཁྲི་སྲོང་ལྡེའུ་བཙན་གཉིས་ལ་རང་རང་གི་བཙུན་མོའི་འཁོར་མདུན་ན་འདོན་གཉིས་གཉིས་དང་བཅས་པ། འཁོར་ས་ནུབ་ལྟ་ལ་དབུས་སུ་ཟངས་མདོག་དཔལ་རིའི་ཞིང་བཀོད་བསྡུས་པའི་གཙོ་བོ་གུ་རུ་ཟ་ཧོར་མ་ཡབ་ཡུམ་གཉིས་དང་བཅས་ཤིང༌། མཐའ་སྐོར་སངས་རྒྱས་གཉིས་པ་དེའི་རྣམ་པར་ཐར་པ་གདུལ་བྱའི་དོར་སྣང་ལྟར་བསྟན་པ་སིནྡྷུ་མས་ས་བཅད་བསྡུས་པའི་བཀོད་པ་པདྨ་བཀའི་ཐང་ཡིག་ལྟར་བཀྲལ་བ་སྒྱུ་མ་མཁན་གྱི་


JLAZ007_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་ལྟར་འབར་བས་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱི་མིག་སྤྲིད་པར་བྱེད་དོ། །བྱང་ལྟ་ལ་མ་བྱོན་པའི་སངས་རྒྱས་མ་ཕམ་མགོན་པོ་ཐེག་པ་མཆོག་གི་སྟོན་པར་བཞེངས་པ་དགའ་རབ་རྡོ་རྗེ་རིགས་བདག་གདོད་མའི་མགོན་པོ་དང་བཅས་པ་ལ། འཁོར་རྒྱ་གར་གྱི་རིག་འཛིན་བརྒྱད་རྣམ་བཞིའི་ཕྲིན་ལས་ལ་མངའ་དབང་བསྒྱུར་བའི་ཕྱག་རྒྱ་ཅན་བྲིས་སོ། །ཡས་གཟིགས་ཀྱི་ལྡེབས་ལ་འབྱོན་འགྱུར་གྱི་སངས་རྒྱས་མ་ཕམ་མགོན་པོ་གཙོ་བོར་གྱུར་པ་ལ། ཡུམ་ཆེན་མོ། རི་ཁྲོད་མ། པཎ་ཆེན་དྲི་མེད་བཤེས་གཉེན། ཚེ་དཔག་མེད་སྐུ་གསུམ་འདུས་པ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་རྣམས་སྐུ་ཚད་ཆེ་བར་བཞུགས་པའི་སྟེང་གི་ཆ་ཁོར་མོར་རྡོ་རྗེ་ཐེག་པའི་ལམ་ནས་མཆོག་གི་དངོས་གྲུབ་བརྙེས་པའི་རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི་པོའི་སྟེང༌། སྨྲ་བའི་སེང་གེ་ཕྱོགས་ཀྱི་གླང་པོ་དང༌། དབྱིག་གཉེན་གཉིས་བསྣན་ནས་འཛམ་བུའི་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་མཆོག་གཉིས་ཀྱང་ཚང་བར་བགྱིས་པ་གང་ཞིག་གི་གཙོ་བོ་དང་པོའི་སངས་རྒྱས་རྡོ་རྗེ་འཆང་གིས་བྱས་པ་རྣམས་བྲི་ཆའི་རུས་དང༌། ཚུགས་དང༌། རྣམ་འགྱུར་མི་ཉམས་པའི་བདག་ཉིད་ཅན་དུ་མཐོང་བའི་ཆོས་ལ་གནས་པའོ། །དེ་དང་རྒྱ་འབྲེལ་གཟིམ་ཆུང་དཔལ་ཡོན་ཅན་དང༌། དཔེ་ཁང་གྲུ་འཛིན་གྱི་དབར་དུ་མགོན་ཁང་ཨུ་ཙ་ལར་རྡོ་རྗེ་ཐེག་པའི་བསྟན་སྲུང་ཀུན་གྱི་གཙོ་


JLAZ007_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བོར་གྱུར་ཅིང༌། ཁྱད་པར་སྒྲུབ་གནས་རྟེན་གསུམ་དང་བཅས་པ་བསྐལ་པའི་བར་དུ་བསྐྱང་བའི་དམ་བཅའི་རི་མོ་འོད་གསལ་གྱི་སྣང་ཆ་གསར་པའི་ངོས་སུ་བྲིས་ཤིང༌། ལེགས་ཉེས་སྟངས་འཛིན་གྱི་བྱེད་པོར་ཞལ་གྱིས་བཞེས་པ་དཔལ་སྔགས་ཀྱི་སྲུང་མ། གཟའ་དགེ་བསྙེན་ཆེན་པོ་རཱ་ཧུ་ལ། དམ་ཅན་རྡོ་རྗེ་ལེགས་པ་རྣམས་དང་ཁྱད་པར་སྒྲུབ་སྡེ་འདིའི་དཀོར་ཆ་ལོངས་སྤྱོད་དང་བཅས་པ་གཉེར་དུ་གཏད་ཅིང༌། མེལ་ཚེ་ལ་གཡེལ་བ་མེད་པའི་གཡར་དམ་གཉེན་པོ་དང་དུ་ལེན་པ་ལ་ནོར་འཕྲེང་འཁྲེན་ཅན་ལྟར་པའི་ཕྲིན་ལས་ཀྱིས་མངོན་དུ་སྤྱོད་པ་ཞིང་སྐྱོང་དུར་ཁྲོད་ཀྱི་བདག་མོ་རྣམས་ཀྱི་སྣང་བརྙན་དམ་ཚིག་གཅིག་ཏུ་བསྲེ་ཕྱིར་ཀློང་ཆེན་སྒྱུ་མའི་རྣལ་འབྱོར་གྱི་རོ་མ་ལས་བྱུང་བའི་ཁྲག་ཆེན་གྱིས་བྲིས་ཤིང༌། ཆོ་འཕྲུལ་ཆེན་པོ་ཟད་མི་ཤེས་པའི་རང་བཞིན་དུ་བཞུགས་སོ། །སྒོ་ཁང་གི་ཕྱི་རོལ་དུ་རྟ་མགྲིན་དྲེགས་པ་ཀུན་འདུལ་དང་སྤྱན་རས་གཟིགས་སེང་གེ་སྒྲ། འཇིག་རྟེན་སྐྱོང་བ་ཆེན་པོ་བཞི། ནང་ངོས་སུ་གནས་རྟེན་འདི་ཁོ་ན་ལ་ཆེད་དུ་བརྗོད་པའི་ཀུན་བཟང་འཁོར་ལོ་མཆོད་རྟེན་གྱི་རྣམ་པ་ཅན་རྣམས་བྲིས་ཤིང་དེ་ཀུན་ཀྱང་མོས་པ་མ་བྱོན་གྱི་བར་དུ་བརྟན་པའི་ཆེད་དུ་སྲ་རྩིས་ལེགས་པར་མནན་ནས་དེ་མ་ཐག་པའི་བྱ་བ་ལ་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པ་དང༌། སླད་ནས་ཚོགས་ཆེན་འདུས་པའི་དཀྱིལ་


JLAZ007_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཞལ་ཕྱེས་ནས་དངོས་གཞི་དང༌། སྟ་གོན་ཉིན་ཐ་དད་པའི་རབ་གནས་ལན་གསུམ་གྱིས་མངའ་གསོལ་ནས་རྟེན་སྣང་མཛད་གཞལ་ཡས་ཁང་གི་རང་བཞིན་དུ་བསྒྲུབས་པའི་གཙུག་ཏོར་ནོར་བུའི་ཏོག་དངུལ་སྲང་བརྒྱ་ཕྲག་ཐལ་ངེས་ཀྱི་རྒྱུ་ཚོགས་གསེར་འཕྲུའི་རྣམ་པར་འབར་རོ། །དེ་ལྟར་རྟེན་གཞིའི་གཙུག་ལག་ཁང་གི་རྟོགས་པ་བརྗོད་ནས། ད་ནི་བརྟེན་པ་སྐུ་གསུང་ཐུགས་ཀྱི་རང་བཞིན་ཇི་ལྟར་བསྒྲུབས་པ་ནི། དམ་པའིཆོས་པདྨ་དཀར་པོ་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་ལ་སྤྱོད་པའི་དོན་བྱེད་དོ། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཡོན་ཏན་ནི། འཇིག་རྟེན་གྱི་མངོན་སྤྱོད་ལས་འཕགས་པ། །བསོད་ནམས་དང་ཡེ་ཤེས་དམ་པའི་་ཚོགས་ཀྱི་ཕ་རོལ་ཏུ་ཕྱིན་པས། ཡོན་གྱི་གནས་སུ་བསླུ་བ་མེད་པ། བླ་ན་མ་མཆིས་པ། མཉམ་ཞིང་མཚུངས་པ་མེད་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྟེན་གསར་དུ་བཞེངས་པའམ། སྲིད་ཞུས་ཉམ་ཆུང་བར་བཞུགས་པ་ལ་བསྟི་སྟང་དང་རིམ་གྲོར་བགྱིས་པའི་་ཕན་ཡོན་ནི་དམ་པའི་ཆོས་པདྨ་དཀར་པོ། སའི་སྙིང་པོ་འཁོར་ལོ་བཅུ་པ། ལས་རྣམ་པར་འབྱེད་པའི་མདོ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དང༌། འཕགས་པ་དཀོན་མཆོག་སྤྲིན། ཡོངས་སུ་བསྔོ་བའི་མདོ་ལ་སོགས་པ་


JLAZ007_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱ་ཆེར་གསུངས་ཤིང༌། དེ་སྐད་དུ་སྙིང་རྗེ་པདྨདཀར་པོའི་མདོ་ལས། ཀུན་དགའ་བོ་ང་ལྟ་བུ་གནས། ང་ལྟ་བུ་བསྟེན་ཏེ་ཡོན་ཕུལ་ན་དེའི་བསོད་ནམས་ཀྱི་དཔེ་བྱ་བར་ཡང་སླ་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུར་ཡང༌། སའམ། རྡོ་ཐལ་ལམ། ཤིང་ངམ། རྡོའམ། ར་གན་ནམ། ལྕགས་སམ། གསེར་རམ། དངུལ་ལམ། བཻཌཱུརྱ་འམ། ཤེལ་ལམ། མུ་ཏིག་དམར་པོའམ། རྡོའི་སྙིང་པོའམ། སྤུག་གམ། དུང་ངམ། མན་ཤེལ་ལམ། སྤོས་སམ། རས་སམ། ཤིང་ལེབ་བམ། རྩིག་ངོས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེང་བར་བྱ། དྲལ་བ་གསོ་བར་བྱ་བ་དང༌། གྲུམས་པ་བཅོས་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན། རིགས་དམའ་བ་ཐམས་ཅད་དང༌། སྡིག་པ་བྱེད་པའི་རིགས་རྣམས་དང༌། ལོག་པར་ལྟ་བའི་རིགས་སུ་མི་སྐྱེ། ཡན་ལག་གང་ཡང་མཚང་བར་མི་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང༌། དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན། ལས་དེས་སེམས་ཅན་དམྱལ་བ་མྱོང་བ་ཆུང་ངུ་མྱོང་སྟེ། ཐེག་པ་གསུམ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །དཔེར་ན་མི་ཞིག་མི་གཙང་བས་རེག་པ་ལ་རབ་ཏུ་དག་པར་བཀྲུས་


JLAZ007_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྤོས་ཀྱིས་བྱུགས་ན་དྲི་མི་ཞིམ་པ་དེ་མེད་པར་འགྱུར་རོ། །དེ་བཞིན་དུ་མཚམས་མེད་པ་བྱས་པ་དེའི་སྡིག་པ་ཡང་མེད་པར་འགྱུར་རོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཡང༌། དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ། དེའི་སྐུ་གཟུགས་བྱས་ན་དེའི་སྡིག་པ་དེ་ཇི་ལྟར་མེའི་ཕུང་པོས་མར་འཚིག་སྟེ། དུ་བ་ཡང་མི་མངོན་པ་བཞིན་དུ་དེའི་སྡིག་པ་དེ་ཡང་མི་སྣང་བར་འགྱུར་རོ། །ཞེས་སོ། །དེ་ཡང་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོས་བསྡུས་པའི་གཙོ་འཁོར་རྣམས་ནི། སྟོན་འཁོར་དགོངས་པ་མཉམ་པས་བསོད་ནམས་ཀྱི་ཞིང་དམ་པར་མཆོག་དམན་ཡོད་པ་མ་ཡིན་ཡང༌། གང་ལ་གང་འདུལ་གྱི་རྟེན་ཅིང་འབྲེལ་འབྱུང་གི་རྣམ་པའི་ཆོས་ཇི་ལྟར་འོས་པ་ཡིད་ཀྱིས་ཆོ་གར་བྱ་བའི་ཚེ། ཡེ་ཤེས་འཚོ་རྒྱལ་གྱི་ལུང་བསྟན་རྨི་ལམ་གྱི་ཁང་མཛེས་ཤེལ་ལྟར་དྭངས་པའི་ནང་དུ་ཇི་ལྟར་གསལ་བ་ནི། དབྱངས་ཡིག་དྲག་པོའི་སྒྲས་བསྡུས་པའི་ཡུལ་རིག་པའི་འབྱུང་གནས་ན་བཟོའི་གནས་ལ་ཤིན་ཏུ་བྱང་ཆུབ་པ་ཡིན་ཟེར་བའི་སྐྱེས་བུ་བགོ་བ་དཀར་པོ་དང་ལྡན་པ་གཉིས་བདག་གི་མདུན་དུ་ཁྲོང་གིས་བྱུང་ནས་འདི་སྐད་ཟེར་རོ། །བུམ་ཐང་ཤེས་རབ་ཡུམ་ཆེན་མོས། །འདི་ན་རྗེ་བཙུན་སྒྲོལ་མའི་སྐུ། །བཞེང་བར་བདག་ཟུང་མངགས་པ་ལགས། །ཞེས་ཟེར་བས་སྐད་ཅིག་མའི་རྟོག་པར། །དེང་སང་གནམ་


JLAZ007_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གྲང༌། སྟ་གོན་གང་ཡང་མ་བྱས་བསམ་པའི་ཐོག་ཡང་སྣང་བ་དེ་འགགས། བུད་མེད་ཤས་ཆེ་བའི་སྐྱེ་བོ་མང་པོ་ཁྲོམ་ཚོགས་པ་ལྟར་སྣང་བ་རྣམས་ཀྱི་ཅ་ཅོའི་སྒྲ་ལ། ལྷ་ཁང་བཞེང་པ་ངོ་མཚར་ཆེ། ལྷ་ལྡེམ་བཞེངས་པ་ལས་ནི་བཞུགས་པ་ལེགས། །འགྲོ་བ་སེམས་ཅན་དོན་དུ་ལེགས། །ཞེས་པ་ལ་སོགས་ཚིག་མ་ངེས་པའི་གཏམ་ཅོ་དིར་གྱིས་སྒྲོག་པ་སོགས་ལུང་བསྟན་སྔ་ཕྱིའི་བརྡ་དོན་ནི། སྔོན་གྱི་བསྐབ་པ་ལ་འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་འོད་ཅེས་བྱ་བར་སངས་རྒྱས་རྔ་སྒྲའི་བསྟན་པ་ལ་མཆོག་ཏུ་གུས་པའི་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བ་ཞིག་ཡོད་དེ། དེས་ཤིན་ཏུ་དད་པའི་སྟོབས་ཀྱི་སྟོན་འཁོར་རྣམས་ལ་མཆོད་པར་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚེ། འདི་སྐད་དུ། འདི་ན་སྐྱེས་པ་མེད་ཅིང་བུ་མེད་མེད། །བདག་མེད་གང་ཟག་མེད་ཅིང་རྣམ་རིག་མེད། །ཕོ་མོར་བཏགས་པ་འདི་ནི་ཡ་མ་བརླ། །འཇིག་རྟེན་བློ་ངན་རྣམ་པར་འཁྲུལ་བར་འགྱུར། །ཅེས་བྱ་བ་ལ་སོགས་ཆེད་དུ་བརྗོད་དེ། སྐྱེས་པའི་རྟེན་ལ་བྱང་ཆུབ་འདོད་པ་ནི་མང་གི་བུད་མེད་ཀྱི་ལུས་ཀྱིས་འགྲོ་བའི་དོན་སྤྱོད་པ་ནི་འགའ་ཡང་མེད་དོ། །དེ་བས་ན་འཁོར་བ་མ་སྟོངས་ཀྱི་བར་དུ་བུད་མེད་ཀྱི་གཟུགས་ཀྱིས་འགྲོ་བའི་དོན་བྱའོ། །ཞེས་དམ་བཅས་སོ། །དེ་ནས་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ་


JLAZ007_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྒྱལ་པོའི་ཕོ་བྲང་དུ་གནས་ཤིང༌། འདོད་པའི་ཡོན་ཏན་ལྔ་ལ་ཐབས་མཁས་པས་སྤྱོད་བཞིན་དུ་ཏིང་ངེ་འཛིན་བསྒོམས་པས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང༌། འགྲོ་བ་ཐམས་ཅད་སྒྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྲུབ་བོ། །དེ་ནས་ཉིན་རེ་བཞིན་སྔ་དྲོའི་དུས་ཀྱི་ཚེ་སེམས་ཅན་བྱེ་བ་བརྒྱ་སྟོང་རེ་འཇིག་རྟེན་པའི་སེམས་ལས་བསྒྲལ་ཏེ་བཟོད་པ་ལ་མ་བཀོད་ཀྱི་བར་དུ་ཟས་ཟ་བར་མི་བྱེད་དོ། །ཉི་མ་ཕྱི་དྲོའི་ཚེ་ཡང་དེ་ཙམ་རེ་འགོད་པར་བྱེད་དོ། །དེ་ནས་སྔར་གྱི་མིང་དེ་འགྱུར་ནས་སྒྲོལ་མ་ཞེས་བྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་ལས་སངས་རྒྱས་མང་པོའི་བསྟན་པ་ལ་བྱ་བ་བྱས་ཤིང༌། ད་ལྟ་རྩོད་ལྡན་གྱི་བསྐལ་པའི་མཐར་ཐུག་པར་སེམས་ཅན་ཐམས་ཅད་བསྲུང་ཞིང་འཚེ་བ་མི་བཟད་པ་བཟློག་པ་ལ་ཞི་བའི་མཐུ་དང་ཡང་དག་ལྡན་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཀྱང་བསྟོད་པ་ཉི་ཤུ་རྩ་གཅིག་གིས་ཆེད་དུ་བསྔགས་ལ། དེ་བཞིན་གཤེགས་པ་ཐུབ་པའི་དབང་པོ་སངས་རྒྱས་པའི་མཛད་པ་སྟོན་པའི་ཚེ་བདུད་ཀྱི་དམག་དཔུང་བསམ་གྱིས་མི་ཁྱབ་པ་ལྷགས་པ་ན་སྒྲོལ་མས་བཞད་པ་བརྒྱད་ཀྱིས་བཞད་པར་མཛད་པས་བདུད་རྣམས་མ་ལུས་པ་འགྱེལ་ཞིང་བརྒྱལ་བར་གྱུར་ཅེས་གྲགས་སོ། །རྒྱུ་དེས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་ལྷ་ཡང་རྗེ་བཙུན་སྒྲོལ་མ་ཡིན་ནོ། །དེས་ན་དེང་སང་


JLAZ007_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མའི་དུས་ན་གདོན་དང༌། རོ་ལངས་དང༌། འབྱུང་པོ་དང༌། གནོད་སྦྱིན་མ་རུངས་པའི་གཉེན་པོར་འགྱུར་ཅིང༌། བདུད་དང་འཇིག་རྟེན་མ་ལུས་པ་དབང་དུ་བྱེད་པ་ལ་སོགས་མདོར་ན་རྟེན་འབྲེལ་གྱི་སྒོ་ཆེན་པོར་ལུང་བསྟན་གྱི་བདེན་པས་དབུགས་དབྱུང་ནས་རྗེ་བཙུན་སྒྲོལ་མའི་སྣང་བརྙན་ཐོག་མར་བཞེང་དགོས་པར་རིག་གོ །དེ་ནས་མི་རིང་བའི་ཆར་སྤྱིར་རྡོ་རྗེ་གདན་གྱི་ནམ་མཁའ་ལ་སོགས་པར་རང་བཞིན་གྱིས་བཞུགས་པའི་བསྟན་པའི་བཙས་གསུམ་གྱི་བྱིན་རླབས་དང༌། བདག་ཅག་གི་ལྷག་པའི་བསམ་པ་རྣམ་དག་གི་མཐུ་དང༌། བྱེ་བྲག་མཁའ་འགྲོ་ཆོས་སྐྱོང་གི་ཕྲིན་ལས་གསར་པའི་ལྕགས་ཀྱུས་བཟོ་བོ་མཁས་པ་ཐལ་མོ་དང༌། གདོང་པས་གཞལ་བའི་ཆ་ཚད་ལ་འདྲིས་ཤིང༌། རྣམ་འགྱུར་གྱི་བཟོ་སྒྲོས་བསྒོས་པ་ལ་ཉན་པའི་རྟེན་འབྲེལ་རང་བྱུང་དུ་འགྲིག་པས་མཚན་དཔེའི་སྣང་བརྙན་བསྒྲུབ་པའི་བྱ་བ་ལ་ཇི་ལྟར་ཞུགས་པ་ནི། དཔལ་མགོན་ཀླུ་སྒྲུབ་ཀྱིས། སེམས་བསྐྱེད་སྡོམ་ལྡན་དམ་ཚིག་གཙང༌། །དད་ལྡན་དབང་ཐོབ་ཤེས་རྒྱུད་འབྱོངས། །ལག་གི་འདུ་བྱེད་མཁས་པ་སྟེ། །དེ་བདུན་ལྡན་པས་སྐུ་གཟུགས་བཞེངས། །ཞེས་གསུངས་པ་ལྟར་བཟོ་གནས་རིག་པ་ལ་གོམས་པའི་སྐྱེ་བོ་བཀུག་པའང་རང་བཞིན་གྱིས་དུལ་བ། དགེ་ཚོགས་རིན་


JLAZ007_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་རྟེན་གཞི་དགེ་བསྙེན་གྱི་སྡོམ་པའི་ཆ་ཤས་ལ་བདག་གིར་བྱེད་པར་ཞིག་འདུག་པ། སླར་ཡང་བདག་ཉིད་ཀྱི་དམ་པའི་ཆོས་ཀྱི་གླིང་མོས་སྤྲོ་བ་བསྐྱེད་པས་བློ་ཤིན་ཏུ་ལས་སུ་རུང་བར་གྱུར་པ་ལ། ཐུན་མོང་དུ་གྲགས་པའི་བཟོ་བོ་དང་ལག་ཆ་བྱིན་བརླབས་སྔོན་འགྲོའི་ཆོས་སུ་བྱས་ཞིང་བྱེ་བྲག་རྡོ་རྗེ་ཐེག་པའི་རྟེན་ཁྱད་པར་ཅན་གྱི་བྱ་བ་ལ་འཇུག་ཕྱིར་སེམས་ཅན་དེ་དག་གི་མོས་པ་དང་རྗེས་སུ་མཐུན་པའི་དཀྱིལ་འཁོར་དུ་བུམ་དབང་གི་ཆོ་གས་རྒྱུད་སྨིན་པར་བྱས་ཤིང་བཀྲ་ཤིས་པའི་ཚིག་དང་ལྷའི་རེག་བྱ་བཟང་པོས་ཞལ་བསྲོས་ནས་ཡིད་རབ་ཏུ་དད་བའི་ངང་ནས་ལག་གི་འདུ་བྱེད་སྒྱུ་མ་ལྟ་བུའི་ཆོ་འཕྲུལ་ལ་ཞུགས་སོ། །དེ་ལྟར་ཞུགས་པའི་རྒྱུ་ལ་འབྲས་བུའི་ཆོས་ཉིད་ཇི་ལྟར་གྲུབ་པ་ནི། སྤྱིར་དེ་བཞིན་གཤེགས་པ་རྣམས་ནི་སྤངས་རྟོགས་ཕུན་སུམ་ཚོགས་པར་མཉམ་ཞིང་མཚུངས་པའི་ཕྱིར་ན་བསོད་ནམས་ཀྱི་ཞིང་ལ་མཆོག་དམན་དུ་བལྟ་བའི་གནས་ཡོད་པ་མ་ཡིན་ཡང༌། ད་ནི་སྙིགས་པ་ལྔའི་རྣམ་འགྱུར་ཤིན་ཏུ་བདོ་བས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡང་ལྔ་བརྒྱ་ཕྲག་བཅུའི་མཐར་ལྷུང་དུ་ཉེ་བའི་ཚུལ་བྱམས་པའི་མདོར། སྒྲུབས་ལ་གནས་པ་ནུབ་པར་འགྱུར་བ་གང་ཞེ་ན། བརྩོན་འགྲུས་ཀྱིས་མཐོང་ལམ་གྱི་འབྲས་བུ་བསྒྲུབ་མི་ནུས་ཤིང༌། ཚུལ་ཁྲིམས་ཀྱི་རྩབ་བཞི་སོ་སོར་དག་པ་སྲུང་བ་ཙམ་ཉམས་སུ་ལེན་ཏེ། དེ་ནས་རིམ་པ་རིམ་


JLAZ007_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་སོང་ནས་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཙམ་སྲུང་སྟེ། སྡོམ་པའི་རྩ་བ་བཞི་ཙམ་སྲུང་བའི་དགེ་སློང་སྟོང་ཕྲག་གཅིག་གམ། བརྒྱ་ཕྲག་གཅིག་ཙམ་ཡོད་ན་ཡང་སྒྲུབ་པ་ལ་གནས་པ་ནུབ་པར་གྱུར་པ་མ་ཡིན་ནོ། །དེའི་རྗེས་ལ་དགེ་སློང་གཅིག་ཙམ་ལུས་པ་ཡང་སྡོམ་པ་བཏང་བའམ། ཚེའི་དུས་བྱས་པར་གྱུར་ན་སྒྲུབ་པ་ལ་གནས་པ་ནུབ་པར་གྱུར་པ་ཡིན་ནོ། །ཞེས་པ་མཐོང་ཆོས་སུ་གྱུར་ཅིང༌། རིམ་པས་ལུང་གི་དམ་ཆོས་ཀྱང་ནུབ་པའི་ཚུལ། སྔ་མ་ལས་རྩོད་པའི་དུས་ཀྱི་རྒྱལ་པོ་རྣམས་ཀྱང་ཆོས་ལ་མི་དད། བློན་པོ་རྣམས་ཀྱང་ཆོས་ལ་མི་དད། ཡུལ་འཁོར་དང༌། ལྗོངས་དང༌། ཡུལ་གྱི་མི་རྣམས་ཀྱང་དེའི་རྗེས་སུ་འབྲངས་ནས། མི་རྣམས་ལ་ཆོས་དད་པ་མེད་པར་གྱུར་པས་ལྷ་ཡང་ཆར་ལེགས་པར་མི་འབེབས། འབྲུ་རྣམས་ཀྱང་ལེགས་པར་མི་སྨིན། འབྲུ་རྣམས་ཉུང་བར་གྱུར་ནས་སྤྱིན་པ་པོ་རྣམས་ཀྱང་དགེ་སློང་གི་དགེ་འདུན་རྣམས་ལ་སྦྱིན་པ་བྱེད་མི་ནུས་ཤིང༌། དགེ་སློང་རྣམས་ལ་སྦྱིན་པ་བྱེད་པ་མེད་པས་ཉེ་བར་འཁོར་བ་རྣམས་དང༌། སློབ་མ་རྣམས་འཛིན་མི་ནུས་སོ། །དེ་ནས་རིམ་པ་རིམ་པའི་དུས་སོང་ནས་ལུང་གི་ཆོས་རྣམས་ཉུང་ངུར་འགྱུར་རོ། །ཞེས་པ་ལ་སོགས་པའི་དུས་ཀྱི་རྒུད་པ་ལ་བཤོལ་གདབ་པའི་གང་ཟག་ཆེས་ཆེར་ཉུང་ཞིང༌། སེམས་ཅན་ཐམས་ཅད་ནི་ལས་ཀྱི་ཕྱི་བཞིན་དུ་སོན་པ། ལས་ཀྱི་


JLAZ007_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དབང་ཅན་ཁོ་ནར་གྱུར་པས་མཐར་གྱི་སེར་སྣའི་རྒྱུ་ལས་མུ་གེའི་བསྐལ་པ་དང༌། གཏི་མུག་གི་རྒྱུ་ལས་ནད་ཀྱི་བསྐལ་པ་དང༌། ཞེ་སྡང་གི་རྒྱུ་ལས་མཚོན་གྱི་བསྐལ་པ་སྟེ་བར་བསྐལ་གསུམ་གྱི་མཐར། གདོན་མི་ཟ་བར་འཇིག་རྟེན་གྱི་སྒྲོལ་མར་འབྱོན་པར་འགྱུར་བའི་དེ་བཞིན་གཤེགས་པ་བྱམས་པ་ལེགས་པའི་མཆོག་ཅེས་བྱ་བའི་སངས་རྒྱས་གང་ཞིག་དང་སེམས་ཅན་ཐམས་ཅད་མཇལ་ནས་འབྲས་བུ་ཐོབ་པའི་རྟེན་འབྲེལ་གྱི་སྒོ་འཕར་ཕྱེ་བའི་ཚུལ་སྔ་མ་ལས། མཚོན་གྱི་བསྐལ་པ་ཞག་བདུན་འདས་ནས་དེའི་ཚེ་མི་རིའི་ཕུག་ལ་སོགས་པར་བྲོས་ཏེ། གབ་པ་རྣམས་ཕྱིར་འོངས་ནས་གཅིག་ལ་གཅིག་འཁྱུད་དེ་ངུ་ཞིང་ཕན་པར་སེམས་པས་ཆོས་ཡིད་ལ་བྱེད་ཅིང་སྡོམ་པ་ལྔ་ལེགས་པར་སྲུང་བར་བྱེད་དོ། །དེ་ནས་ལོ་བཅུ་པའི་མི་ལ་བུ་ལོ་ཉི་ཤུ་པ་འབྱུང་བ་ཡིན་ནོ། །དེ་ནས་མི་རྣམས་ཆོས་ལ་ཤིན་ཏུ་ལེགས་པར་དད་དེ་རིམ་གྱིས་ཚེ་རིང་པོར་འཕེལ་ཞིང་ཚེ་ལོ་གྲངས་མེད་པར་འགྱུར་རོ། །དེའི་དུས་སུ་སེམས་ཅན་རྣམས་ལ་རྒས་པ་དང་ཤི་བ་མི་མཐོང་སྟེ། དེར་སེམས་ཅན་རྣམས་ཀྱང་ཆོས་ལ་དད་པ་མེད་པར་གྱུར་ནས་དམྱལ་བའི་སྡུག་བསྔལ་གང་ཡིན་པ་ཡང་མ་ཤེས་ཏེ། ཚེ་ལོ་གྲངས་མེད་པ་ཐུང་ངུར་འགྱུར་ཅིང་རིམ་གྱིས་མར་ལ་འགྲིབས་ཏེ་ཚེ་ལོ་བརྒྱད་ཁྲི་བར་འགྱུར་བ་ཡིན་ནོ། །ཞེས་དང༌། དེའི་དུས་ན་བྱང་ཆུབ་སེམས་དཔའ་བྱམས་


JLAZ007_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་གྲངས་མེད་པའི་བསྐལ་པ་འབུམ་ཕྲག་གཅིག་དང་བཅུ་དྲུག་ཏུ་སྤྱན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྫོགས་ནས་ཐམས་ཅད་སྒྲོལ་བའི་ཚུལ་གྱིས་ཐ་མ་ཉིད་དུ་སྦྱན་པ་ཆེན་པོ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཚོགས་ཐམས་ཅད་མཐར་ཕྱིན་ཅིང་འདི་ནས་དགའ་ལྡན་དུ་མངོན་པར་སྐྱེས་ཏེ། དེའི་དུས་ན་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུའི་ལྷ་ཐམས་ཅད་འོངས་ཏེ་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་སྒྲ་དབྱངས་སྙན་པ་ཆེན་པོ་འབྱིན་ཞིང་མངོན་པར་རྫོགས་པར་འཚང་རྒྱ་བར་གསོལ་ཞེས་བསྐུལ་བར་བྱེད་དོ། །དེ་ནས་གཟིགས་པ་རྣམ་པ་ལྔ་ལ་མངོན་པར་གཟིགས་ཏེ། དགའ་ལྡན་གྱི་ལྷའི་འཁོར་ནས་འོངས་ཏེ་རྒྱལ་པོ་དུང་གི་གྲོང་ཁྱེར་རྒྱལ་མཚན་བློ་གྲོས་སུ་བྲམ་ཟེ་མདུན་ན་འདོན་ཚངས་རབ་ཅེས་བྱ་བའི་བཙུན་མོ་ཚངས་ལྡན་མ་ཞེས་བྱ་བའི་ལྷུམས་སུ་འཇུག་སྟེ། འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་འདར་ཞིང་གཡོ་བར་འགྱུར་རོ། །དེར་ཟླ་བ་བཅུ་སོང་ནས་དྲང་སྲོང་ལྷུང་བའི་རི་དྭགས་རྒྱུ་བའི་གནས་སུ་ཡུམ་ལས་འཁྲུངས་ཏེ། རིམ་གྱིས་ནར་སོན་ནས་རང་གི་བསོད་ནམས་ཀྱི་མཐུ་ལས་ས་འོག་ནས་ནོར་བུ་རིན་པོ་ཆེ་བདུན་ལས་གྲུབ་པའི་ཁང་བཟངས་བཞི་བྱུང་བའི་ནང་དུ་རང་ཉིད་ལྷ་བཞིན་དུ་ལྷ་མོ་ཟླ་བའི་གདོང་ཅན་དང༌། གཞན་ཡང་ལྷ་མོ་ལྟ་བུའི་བུད་མེད་


JLAZ007_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་དང་ལྷན་ཅིག་ཏུ་ལོ་སྟོང་ཕྲག་གཅིག་ཏུ་ལྷའི་ལོངས་སྤྱོད་ལྟ་བུ་བ་བདེ་བར་སྤྱོད་དེ། དེ་ནས་ཐ་མའི་ཞག་ལ་བཙུན་པའི་གཟུགས་ཤིག་མཐོང་ནས་གསེར་གྱི་ཁང་བུར་སེང་གེའི་རྒྱལ་པོ་མི་དགའ་བ་བཞིན་དུ་རིན་པོ་ཆེའི་ཁང་བཟངས་དཔལ་མང་པོ་ཡོད་པ་ལ་མི་དགའ་ཞིང་ངེས་པར་འབྱུང་བ་ཆེན་པོའི་སེམས་བྱུང་སྟེ་འཇིག་རྟེན་འཁོར་ལོ་སྟོང་ཕྲག་བཅུ་ཐམས་ཅད་ཀྱི་ལྷ་རྣམས་ལྷའི་མེ་ཏོག་ལག་ཏུ་ཁྱེར་ནས་འཇིག་རྟེན་གྱི་འཁོར་ལོ་འདིར་འོངས་ཏེ་འཁོད་པར་བྱེད་དོ། །རྒྱལ་པོ་དུང་དང་བཅས་པའི་མི་མང་པོ་ཡང་མེ་ཏོག་དང༌། དྲི་དང༌། སྤོས་ཁྱེར་ཏེ་ཁང་བཟངས་ལ་བསྐོར་ནས་འཁོད་པར་བྱེད་དོ། །ནམ་མཁའི་ལྷ་རྣམས་ཀྱང་ལྷའི་མེ་ཏོག་ལག་ཏུ་ཁྱེར་ནས་ལེགས་སོ་ལེགས་སོ། །ཞེས་འོག་མིན་གྱི་བར་དུ་སྒྲ་ཆེར་སྒྲོག་ཅིང་འཁོད་པར་བྱེད་དོ། །དེ་ནས་རིན་པོ་ཆེའི་ཁང་བཟངས་རྫ་མཁན་གྱི་འཁོར་ལོ་བཞིན་དུ་འཁོར་ཞིང་ནམ་མཁའ་ལ་སོང་ནས་བཅོ་ལྔའི་ཟླ་བ་སྐར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་ཟླ་བའི་གདོང་ཅན་མ་དང༌། གཞན་ཡང་བཙུན་མོའི་ཚོགས་དང་བཅས་པ་ནམ་མཁའ་ལ་འགྲོ་བར་བྱེད་དེ། སེམས་དཔའ་ཆེན་པོ་དེ་དང་ཐབས་ཅིག་ཏུ་འགྲོ་བའི་སེམས་ཡོད་པ་ཐམས་ཅད་ཀྱང་ནམ་མཁའ་ལ་འགྲོ་བར་བྱེད་དོ། །དེ་ནས་ཚངས་པ་ཆེན་པོས་ནི་དཔག་ཚད་གསུམ་ཙམ་ཡོད་པའི་གདུགས་དཀར་པོ་འཛིན་ཞིང་ལྷའི་དབང་པོའི་རྒྱལ་པོས་དུང་འབུད་པར་བྱེད་དོ། །འདི་ལྟར་བསོད་ནམས་ཀྱི་དཔལ་ཆེན་


JLAZ007_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ལྷ་དང་མིས་བསྐོར་བའི་ཁང་བཟངས་དང་བཅས་པས་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་ཉེ་བར་འོངས་ཏེ། དེ་ཇི་ལྟར་ཞེ་ན། ཤིང་སྡོང་ཁྲུ་བརྒྱ་ཉི་ཤུ་སྟེ། །ཡལ་གའང་ཁྲུ་བརྒྱ་ཉི་ཤུའི་སྲིད། །རླུང་གིས་དལ་བུར་བསྐྱོད་པ་ན། །རྨ་བྱའི་གར་གྱིས་གདུགས་ལྟར་སྣང༌། །དུས་ཀུན་ལྷ་ཡི་མེ་ཏོག་ནི། །ཤིན་ཏུ་ལེགས་པར་རྒྱས་པ་ཡང༌། །འཁོར་ལོ་ཙམ་གྱི་ལྟེ་བ་ལ། །གེ་སར་དྲི་བཟང་བྲེ་གང་ཙམ། །རླུང་གིས་ཕྱོགས་བཅུར་བསྐྱོད་པ་ན། །དཔག་ཚང་བཅུ་ནི་དྲི་ཡིས་ཁྱབ། །མེ་ཏོག་ས་ལ་འབབས་པ་ཡང༌། །བྱང་ཆུབ་ཤིང་དྲུང་ཉིད་དུ་གནས། །དེའི་དུས་སུ་ནམ་མཁའ་ལ་འགྲོ་བའི་བྱའི་རིགས་མང་པོ་སྐད་སྙན་པོས་མཆོད་པ་བྱེད་ཅིང་འགྲོ་བར་བྱེད་དོ། །དེ་ལྟར་བྱང་ཆུབ་ཀྱི་ཤིང་ཀླུ་ཤིང་ཉེ་འཁོར་དུ་འོངས་ཏེ་ནམ་མཁའ་ལས་བབས་ནས་ཁང་བཟངས་དེའི་ཉེ་འཁོར་ཡིད་དུ་འཐད་པའི་སྟེང་དེ་ཉིད་དུ་འཁོད་པར་བྱེད་དོ། །དེར་དཔལ་གྱི་ཁང་བཟངས་ཀྱི་ནང་དུ་ཞག་བདུན་དུ་དཀའ་ཐུབ་བྱེད་དོ། །དེ་ནས་ཚངས་པ་ཆེན་པོས་ཕུལ་བ་མཁོ་བའི་ཡོ་བྱད་བླངས་ཏེ་རབ་ཏུ་བྱུང་བར་བྱེད་དོ། །འཁོར་ཐམས་ཅད་ཀྱང་རབ་ཏུ་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། བརྒྱད་ཁྲི་བཞི་སྟོང་གྲངས་སྙེད་ཀྱི། །བྲམ་ཟེ་རིག་བྱེད་རབ་མཁས་པ། །ང་ཡི་རྗེས་སུ་རབ་ཏུ་འབྱུང༌། །འཁོར་རྣམས་ཀུན་ཀྱང་རབ་ཏུ་འབྱུང༌། །དེ་ལྟར་རབ་ཏུ་བྱུང་ནས་ལྷ་མོ་ཟླ་བའི་གདོང་


JLAZ007_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མས་ཕུལ་བའི་འོ་ཐུག་རོ་སྣ་ཚོགས་དང་ལྡན་པ་གསོལ་བར་བྱེད་དོ། །དེའི་དགོངས་ཐུན་ལ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཉེ་བར་འོངས་ཏེ་རྣམ་པར་རྒྱལ་བའི་ཁང་བཟངས་སུ་ཁྲི་བཤམས་པ་ལ་ཤར་གྱི་འཇིག་རྟེན་ལ་མངོན་པར་གཟིགས་ཏེ་བཞུགས་པར་མཛད་དོ། །དེ་ནས་རིམ་གྱིས་ཉི་མའི་སྐྱ་རེངས་ཤར་བའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་མཛོད་དུ་མཛད་དེ་འདི་སྐད་གསུང་བར་འགྱུར་རོ། །འཁོར་བའི་སྐྱེ་བོ་མང་པོར་ནི། །དུག་མེད་པ་ཡི་དོན་གྱི་ཕྱིར། །གནས་བཟང་ཀུན་ཏུ་བཙལ་བྱས་ཀྱང༌། །ཡང་ཡང་སྐྱེ་བའི་སྡུག་བསྔལ་བྱུང༌། །ད་ནི་གནས་བཟང་མཆོག་ཐོབ་པས། །ད་གཟོད་གནས་གཞན་མི་འགྲོ་སྟེ། །དུག་ཁྱིམ་སྡུག་བསྔལ་ཐམས་ཅད་བཅས། །རབ་བཅོམ་ཐོ་བས་བཤིག་པ་ཡིན། །ཉོན་མོངས་དུག་བཅས་འདོད་པ་ཡི། །ཡིད་ནི་རྣམ་པར་དག་པར་བྱས། །འདི་སྐད་ཅེས་གསུངས་ནས་བྱང་ཆུབ་ཀྱི་ཤིང་ལ་ཉེ་བར་གནས་ཏེ་ཞག་བདུན་ཕྲག་བདུན་སོང་བ་དང༌། ཚངས་པས་གསོལ་བ་འདེབས་པ་གསན་ནས་དྲང་སྲོང་ལྷུང་བའི་གནས་སུ་ཕྱིན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་གཤེགས་པའི་ཚེ། ཞབས་ནི་བསྐྱོད་མིན་བསྐྱོད་པ་ཡང༌། །ཤིན་ཏུ་རྒྱས་པའི་པད་སྟེངས་གཤེགས། །འདབ་མ་ཁྲུ་ནི་སུམ་ཅུར་བཅས། །བར་གྱི་འདབ་མ་ཉི་ཤུ་ལྔ། །གེ་སར་ཉི་ཤུའི་ཁྲུ་དང་


JLAZ007_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །ཟེའུ་འབྲུ་ལ་ནི་བཅུ་དྲུག་སྟེ། །གེ་སར་ཁ་དོག་ཤིན་ཏུ་དམར། །མེ་ཏོག་པདྨོ་ཆེན་པོ་འབྱུང༌། །སྟོབས་བཅུ་མངའ་བའི་འོད་ཟེར་རབ་ཏུ་འབར་ཞིང་གསལ་ཏེ་ཉི་མའི་འོད་མི་གསལ་ཞིང་ཉིན་མཚན་བྱེ་བྲག་མེད་པར་འགྱུར་རོ། །དེའི་ཚེ་སྔ་དྲོ་དགོངས་མོ་བྱའི་སྒྲས་ཤེས་པར་བྱེད་པ་དང༌། མེ་ཏོག་རྒྱས་པས་ཀྱང་འཇིག་རྟེན་པ་རྣམས་གོ་བར་བྱེད་དོ། །གང་དང་གང་ན་ཆོས་འཆད་པ་ཡོད་པ་དེ་དང་དེར་ཆོས་ཀྱི་སྒྲ་ཐམས་ཅད་ལ་རབ་ཏུ་གྲགས་ཤིང་འཆད་པར་བྱེད་དོ། །དེའི་ཚེ་བྲམ་ཟེ་བརྒྱད་ཁྲི་བཞི་སྟོང་དང༌། ཚངས་པ་ས་ཡ་ཕྲག་བཅོ་བརྒྱད་ཀྱིས་ཐོག་མར་ཆོས་ཀྱི་བདུད་རྩི་འཐུངས་ཏེ། འདི་ལྟར་བཅོམ་ལྡན་བསོད་ནམས་དང་བྱིན་རླབས་བརྒྱ་ཕྲག་མང་པོ་དང་ལྡན་པ་འོད་ཟེར་ཁ་དོག་སྣ་ཚོགས་པ་འགྱེད་ཅིང༌། བརྒྱ་ཕྲག་མང་པོའི་མཚན་ཅན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་མཉམ་པར་ལྡན་ཞིང་ངོ་མཚར་མང་པོ་མངའ་བ། བརྒྱ་ཕྲག་མང་པོའི་འོད་དེའི་སྐུ་ལས་འབྱུང་བ་ཡིན་ནོ། །ཞེས་དང༌། དེ་ལྟ་བུའི་སངས་རྒྱས་དེ་ནི་དཔེ་མེད་པའི་དཔལ་དང་སངས་རྒྱས་ཀྱི་ཡོན་ཏན་མཐའ་མེད་པ་དང་ལྡན་ཞིང༌། འཇིག་རྟེན་འཁོར་ལོ་སྟོང་ཕྲག་བཅུ་པོ་ཐམས་ཅད་ཀྱི་ལྷ་དང་མིའི་དབུས་སུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་སྐོར་ཞིང་སྟོན་པར་མཛད་པ་ཡིན་ནོ། །དེའི་རྗེས་སུ་ས་ཡ་


JLAZ007_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་གཅིག་གི་ལྷ་དང་མི་རྣམས་འཛིན་པ་མེད་པར་དང་པོ་ཉིད་དུ་ཆོས་ཀྱི་མཆོག་གིས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ། །རྣམ་པར་གྲོལ་བ་མ་ཐོབ་པ་རྣམས་ལྷའི་ཡུལ་དུ་སྐྱེ་བར་འགྱུར་རོ། །འདི་ལྟར་བྱམས་པ་ལེགས་པའི་མཆོག་ཆེན་པོ་དེ་གང་གིས་མི་མཐོང་ཞེ་ན། མ་བསད་པ་དང༌། ཕ་བསད་པ་དང༌། དགྲ་བཅོམ་པ་བསད་པ་དང༌། དགེ་སློང་མ་སུན་ཕྱུང་བ་དང༌། སེར་སྣ་ཆེ་བ་དང༌། རྟག་ཆད་དུ་ངེས་པར་བལྟ་བའི་མུ་སྟེགས་དང༌། འཕགས་པ་རྣམས་ལ་སྨོད་པ་དང༌། གཅེར་བུ་བའི་རིགས་ཅན་རྣམས་ཀྱིས་མི་མཐོང་བ་ཡིན་ནོ། །ཚིགས་སུ་བཅད་པ་སྟོང་ཕྲག་གཅིག་གི་རྒྱན་ཡོད་པའི་ཐམས་ཅད་སྒྲོལ་བའི་སྐྱེས་རབས་ཆེན་པོ་སྟོང་ཕྲག་གསུམ་པ་ཞག་གཅིག་ལ་འཆད་ཅིང་ཉན་པར་བྱེད་པའི་མི་དང༌། མར་མེ་སྟོང་ཕྲག་གཅིག་འབུལ་བ་དང༌། དྲི་བཟང་པོ་མེད་ན་ཡང་མེ་ཏོག་སྟོང་ཕྲག་གཅིག་ཙམ་འབུལ་བ་དང༌། ཨུཏྤལ་སྔོན་པོ་སྟོང་ཕྲག་གཅིག་ཙམ་འབུལ་བ་དང༌། སངས་རྒྱས་ཀྱི་རིང་བསྲེལ་ཡོད་པའི་མཆོད་རྟེན་དང༌། སངས་རྒྱས་ཀྱི་སྐུ་ལ་མཆོད་པ་བྱེད་པ་ཐམས་ཅད་ནི་སངས་རྒྱས་བྱམས་པ་དེ་ཆོས་འཆད་པའི་དུས་སུ་དེའི་དྲུང་དུ་ཆོས་ཀྱི་མཆོག་གིས་རྣམ་པར་གྲོལ་བ་ཐོབ་པ་དང༌། མཐོང་བར་འགྱུར། དེ་མ་ཡིན་པ་སེམས་ཅན་སྤྱིན་པ་གཏོང་བ་དང༌། སྡོམ་པ་


JLAZ007_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ་དང༌། ལྷ་ཁང་བྱེད་པ་དང༌། བྱང་ཆུབ་ཤིང་གི་ས་བོན་བསྐྱེད་པ་དང༌། རིང་བསྲེལ་གྱི་མཆོད་རྟེན་བྱེད་པ་དང༌། བྱང་ཆུབ་ཀྱི་ཤིང་དང་མཆོད་རྟེན་ལ་ཞབས་ཏོག་བྱེད་པ་དང༌། སེམས་ཅན་ལ་ཕན་པའི་ཚལ་བྱེད་པ་དང༌། ཟམ་པ་བྱེད་པ་དང༌། ལམ་འཆོས་པ་དང༌། འགྲོན་པོའི་གནས་ཁང་བྱེད་པ་དང༌། ཆུ་མིག་བྱེད་པ་དང༌། སངས་རྒྱས་ཀྱི་བསྟན་པ་ལ་དད་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཆོས་འདི་དག་ལ་འཆང་བ་ལ་དྲི་དང་མེ་ཏོག་ལ་སོགས་པའི་མཆོད་པ་བྱེད་པ་དང༌། ཁྲི་ལ་བྱི་དོར་བྱེད་ཅིང་ལེགས་པར་ཆོས་ཉན་པ་དང༌། དགེ་འདུན་ལ་བསྙེན་བསྐུར་དམ་པ་བྱེད་པ་དང༌། མ་དང་ཕའི་ཞབས་ཏོག་བྱེད་པ་དང༌། རིགས་ཀྱིས་ཆེ་བ་ལ་གུས་པར་བྱེད་པ་དང༌། སྡོམ་པ་སྲུང་བའི་དུས་སུ་དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང༌། ལྷུང་བཟེད་འབུལ་བ་བྱེད་པ་དང༌། སྟན་སྟེར་བར་བྱེད་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་ཞིང་མཇལ་བ་ཡིན་ནོ། །དེ་ལྟ་བུའི་བསོད་ནམས་མང་པོ་མི་ནུས་ན་ཡང་མེ་ཏོག་སྤར་མོ་རེ་ཙམ་དང༌། མར་མེ་གཅིག་ཙམ་འབུལ་བར་བྱེད་པ་དང༌། གཞན་གྱི་བསོད་ནམས་ལ་རྗེས་སུ་ཡི་རང་བའི་དགེ་བ་བྱེད་པའི་ལྷ་དང་མི་རྣམས་ཀྱིས་དེའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བ་ཡིན་ནོ། །ཡང་དག་པར་རྫོགས་པའི་


JLAZ007_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱམས་པ་དེ་མཐོང་བར་འདོད་པའི་དད་པ་ཡོད་ཅིང་སྦྱིན་པ་གཏོང་བ་དང༌། ཚུལ་ཁྲིམས་སྲུང་བ་དང༌། བསྙེན་གནས་སྒྲུབ་པ་དང༌། དོན་ཡང་དག་པར་སྒོམ་པ་དང༌། དགེ་བའི་ལས་ཤིན་ཏུ་ལེགས་པར་བྱེད་པ་རྣམས་ཀྱིས་ཤིན་ཏུ་ལེགས་པར་མཐོང་བ་ཡིན་ནོ། །ཞེས་བཀའ་སྩལ་ན་བསྐལ་བཟང་གི་འདྲེན་པ་བཞི་པའི་བསྟན་པ་འདིའི་འབྲས་བུའི་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ་ལ་ཉན་ཐོས་རང་ལམ་ནས་དགེ་སྦྱོང་གི་འབྲས་བུ་བཞི་ཡང་མངོན་དུ་མ་བྱས་ལ། ལུང་དང་སྒྲུབ་པའི་དུས་སོ་སོའི་རང་སྐལ་ལྔ་བརྒྱ་ཕྲག་དྲུག་པོར་ཡང་འདུལ་བ་དང༌། མདོ་སྡེ་དང༌། མ་མོའི་སྡེ་སྣོད་ཀྱི་དོན་ལ་ཚུལ་བཞིན་དུ་སྤྱོད་པར་མི་ནུས་ཤིང༌། ཚུལ་ཁྲིམས་ཀྱི་ཕུང་པོ་ལས་ཀྱང་ཉམས་པ། བཅོམ་པ། ལྟུང་བ། ཕམ་པར་གྱུར་པས་ལམ་གྱི་བར་ཆད་དུ་གྱུར་པ་རྣམས་བྱང་གྲོལ་གྱི་ལམ་ལ་བདེ་བར་འགོད་ཅིང༌། ཐར་པའི་གོ་འཕང་ལ་སྐལ་པ་ཆུང་བ་རྣམས་ཀྱང་ལྷའི་འཇིག་རྟེན་དུ་དབུགས་འབྱིན་པ་ལ་མཉམ་ཞིང་མཚུངས་པ་མེད་པའི་སྟོན་པ་ཆེན་པོ་རྗེ་བཙུན་བྱམས་པ་མགོན་པོ་བཞེངས་ཀ་མའམ། བཟང་པོའི་འདུག་སྟངས་ཀྱི་སྣང་བརྙན་སྐྱེས་བུ་དར་ལ་བབ་བའི་ཁྲུ་དང་མཉམ་པའི་ཞལ་ཚད་དེ་སྙེད་ཀྱི་སྲིད་དུ་མངོན་པར་འཕགས་པ་རྟེན་གྱི་གཙོ་བོར་བཞུགས་པ་གང་ཞིག་ཀྱང༌། སྤྲུལ་པའི་སྐུའི་མཚན་བཟང་པོ་


JLAZ007_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན་གྱི་ཕྱིར། མཐོང་ན་མི་མཐུན་པ་མེད་ཅིང༌། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བའི་ཞལ་སྐྱིན་ཅན་བལྟ་བས་ཆོག་མི་ཤེས་པའི་བཟོ་སྒྲོས་ཅན་དུ་བྱོན་ཏོ། །དེའི་གཡས་སུ་བདེ་ལྡན་ཞིང་གི་མགོན་པོ་རྒྱལ་བ་འོད་མཚན་སྟོང་འབར་སྤྲུལ་པ་སྐུའི་བདག་ཉིད་ཅན་དང༌། གཡོན་དུ་སྤྱན་རས་གཟིགས་སེམས་ཉིད་ངལ་བསོ་གཉིས་ཐོག་ཚད་མ། བར་སྟོངས་གཉིས་སུ་ཐུབ་པ་གྲོང་ཁྱེར་མ་དང༌། འཕགས་པ་མིག་མི་འཛུམས་པ་ཁ་སར་པཱ་ཎིའི་བྱི་བྱད་ཅན་གཞོན་ནུ་ལོ་བཅུ་གཉིས་པའི་ལུས་ཚད། ཁྱད་པར་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་ཡིན་པར་ངེས་པའི་མོས་གུས་ཀྱི་ལྕགས་ཀྱུས་ཡེ་ཤེས་སེམས་དཔའ་མངོན་སུམ་དུ་བཀུག་པས་བྱིན་རླབས་ཀྱི་གཟི་བྱིན་མཚུངས་པ་མེད་པའི་ངང་ཚུལ་དབང་པོའི་སྤྱོད་ཡུལ་དུ་བལྟར་མངོན་པའི་རྟེན་ཁྱད་པར་ཅན་གཉིས་ནི། གངས་ཅན་པ་རྣམས་ཀྱི་སྐྱབས་དང༌། རྟེན་དང༌། གླིང་དང༌། མགོན་དང༌། དཔུང་གཉེན་གཅིག་པུ་བར་གྱུར་པ་དཔལ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་སྐུ་ཚབ་རིན་པོ་ཆེ་སྣང་སྲིད་ཟིལ་གནོན་བདུད་དཔུང་འདུལ་བའི་བདག་ཉིད་ཅན་སྐྱེས་བུའི་ལུས་ཚད་ཉིས་འགྱུར་དུ་དཔགས་པ་དང༌། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཡེ་ཤེས་དམ་པའི་རང་གཟུགས་ཡིན་པའི་མངོན་རྟོགས་མཐོང་


JLAZ007_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སུ་རྔོམ་པ་ལ་འཛམ་བུའི་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གམ། མཆོག་བརྒྱད་ཀྱི་དོ་ཟླར་སྤོབས་པས་སྤྲུལ་གཞི་ཕུན་སུམ་ཚོགས་པའི་སྒྲོ་བཏགས་ཙམ་ལ་ལྟོས་མི་འཆའ་ཞིང༌། མ་འོངས་པ་ན་དེ་བཞིན་གཤེགས་པ་རི་རབ་མར་མེའི་རྒྱལ་མཚན་དུ་འཚང་རྒྱ་བའི་ལུང་བསྟན་ཐོབ་པས་སོ་སོ་ཡང་དག་རིག་པ་བཞི་ལ་སྤོབས་པའི་གཏེར་མཛོད་གྲོལ་ནས་དེ་བཞིན་གཤེགས་པའི་གསུང་གི་གསང་བ་རབ་འབྱམས་མཐའ་དག་པ་དང༌། ལམ་བདེན་འདུས་བྱས་པའི་ཕ་རོལ་ཏུ་སོན་པའི་དེ་ཁོ་ན་ཉིད་རང་བཞིན་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར་བ་ལ་གདོད་མའི་སངས་རྒྱས་མངོན་སུམ་པའི་ཞལ་སྐྱིན་རྒྱལ་བ་གཉིས་པ་ཀློང་ཆེན་རབ་འབྱམས་སམ། དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་གཉིས་སོ། །ངེས་པ་ལྔ་ལྡན་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཀུན་གྱི་མོས་པའི་རྟེན་དུ་འཚོ་བའི་ཕྱིར་དུ། ཆོས་དབྱིངས་ཡེ་ཤེས་ཀྱི་འཁོར་འདས་གཉིས་སུ་མེད་པ་ལ་ལོངས་སྤྱོད་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཔེ་ལ་ལོངས་སྤྱོད་པ་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དོན་ལ་ལོངས་སྤྱོད་པ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དབང་པོ་ལ་ལོངས་སྤྱོད་པ་བཅོམ་ལྡན་འདས་སྣང་བ་


JLAZ007_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཆོས་དང་བྲལ་བ་ལ་ལོངས་སྤྱོད་པ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་རྣམས་དང་རྗེ་བཙུན་སྒྲོལ་མ་བཅས་སྤྱིར་ཉན་ཐོས་སྐྱེས་བུའི་ལུས་ཚད་དང༌། དེ་བཞིན་གཤེགས་པ་རྣམས་དེ་ལས་ལྡོག་པ་ཉིད་ཀྱང༌། རྣམ་པར་རང་ཉིད་སྐྱིལ་མོ་ཀྲུང་བཅས་པའི་སྲིད་དང་མཉམ་པའོ། །དེ་རྣམས་ལ་སྐུ་རབ་ཏུ་བྱེད་པའི་གཟུགས་ཀྱི་ཁྱད་པར་ཇི་ལྟར་བཞུགས་པ་ནི། རྟེན་གཙོ་བྱམས་མགོན་དང་བཅས་པའི་དབུས་མ་གསུམ་གྱི་སྲོག་ཤིང་ལ་ཟབ་མོ་ལྟ་བ་དང༌། རྒྱ་ཆེན་སྤྱོད་པའི་བླ་མ་བརྒྱུད་པ་རྣམས་ཀྱི་མཚན་སྔགས། རང་ལུགས་ཤིང་རྟ་རིན་པོ་ཆེ་རྣམ་པ་གསུམ་གྱི་བརྒྱུད་པ་ཇི་བཞིན་ལས་ཀུན་མཁྱེན་ཆེན་པོ་ལ་ཐུག་གི་བར་སྨོས་ནས་རྒྱལ་བསྟན་རིས་མེད་དུ་དར་བ་དང་འཇིག་རྟེན་བདེ་བའི་སྨོན་ལམ་ཤིས་བརྗོད་དང་བཅས་པ། སློབ་དཔོན་སངས་རྒྱས་གཉིས་པའི་སྲོག་ཤིང་ལ་རབ་བཞིན་ཐེག་མཆོག་རྒྱལ་པོའི་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་མཚན་སྔགས་དང༌། གསང་སྔགས་རབ་འབྱམས་ཀྱི་བཀའི་སྡུད་པ་པོ་རིག་འཛིན་རྡོ་རྗེ་ཆོས་ཀྱི་ལྷ་ཚོགས། ཞི་བ་རྡོ་རྗེ་དབྱིངས་དང་ཧེ་རུ་ཀ་དགུ་ཀློང་འབར་བ་དཔལ་ཆེ་མཆོག་བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་རྒྱ་མཚོའི་སྙིང་པོ་ཡོངས་སུ་རྫོགས་པར་བྲིས་སོ། །ཚུལ་དེས་མཚོན་ནས་རྡོ་རྗེ་མི་བསྐྱོད་པར་ཞི་ཁྲོ་སྒྱུ་འཕྲུལ་དང་ཡང་དག་ཐུགས། རིན་ཆེན་འབྱུང་ལྡན་ལ་འཇམ་དཔལ་ཞི་


JLAZ007_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ། སྣང་བ་མཐའ་ཡས་ལ་པདྨ་གསུང༌། དོན་ཡོད་གྲུབ་པ་ལ་ཕུར་པ་ཕྲིན་ལས། རྣམ་པར་སྣང་མཛད་ལ་རིགས་གཞན་གསུམ་བཀོད་པའི་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་མ་ཚང་བ་མེད་པའི་སྙིང་པོ་གཙོ་བོར་བཞུགས་པ་དང༌། རྗེ་བཙུན་མ་སྒྲོལ་མ་ལ་རང་གིས་དམ་བཅས་པའི་གཟུངས་ལེ་ཚན། སྤྱན་རས་གཟིགས་སེང་གེའི་སྒྲ། ལྷ་མོ་འོད་ཟེར་ཅན། རྒྱལ་མཚན་རྩེ་མོའི་གཟུངས་ལ་སོགས་པ་གཙོ་བོར་གྱུར་པའི་རིགས་མང་པོ་ལག་བྲིས་སུ་བསྟར་ཞིང་མྱོང་གྲོལ་ཁྱད་པར་ཅན་དང་དྲི་བཟང་པོས་བསྐུས་པས་དོན་དམ་པར་ཞི་ཁྲོ་རབ་འབྱམས་མ་ལུས་ཤིང་ལུས་པ་མེད་པའི་བདག་ཉིད་ཅན་དུ་བསྒྲུབ་པ་ཡིན་ནོ། །དེ་ལས་ཆོས་སྐུའི་རིང་བསྲེལ་ཇི་ལྟར་བཞུགས་པ་ནི་གཙུག་ཏོར། མཛོད་སྤུ་མགྲིན་པ་ལ་སོགས་པའི་གཟུངས་ཀྱིས་མཚོན་སྐྱེ་མཆེད་བྱིན་གྱིས་བརླབས་པའི་གཟུངས་རྣམས་དམིགས་བསལ་ལྟར་ལས། ཁྱད་པར་གྱི་རྣམ་གྲངས་ནི། རྟེན་གཙོར་བྱམས་པས་དམ་བཅས་པའི་གཟུངས་འབུམ་ཐེར་ལྷག་བཅས། འཇམ་དཔལ་རྩ་རྒྱུད་ལས་ལས་གསུངས་པའི་ཚེ་གཟུངས་འབུམ་ཐེར། ཡིག་དྲུག་འབུམ་ཐེར་གཅིག་དང་ཆིག་ཁྲི། མགོན་པོ་ཚེ་མཐའ་ཡས་པའི་གཟུངས་ཀྱི་རྣམ་གྲངས་བདུན་ཅུ་སྐོར། སྲོག་ཤིང་བརྟན་པ་ཁྲི་ཚར། དྲི་མེད་འོད་ཀྱི་མཆོད་རྟེན་གཟུངས་ཆིག་སྟོང་ལྷག་བཅས། གཟུངས་ཆེན་སྡེ་ལྔ་སོ་སོ་ནས་ཆིག་སྟོང༌། དེ་དག་


JLAZ007_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྩ་སྔགས་དང་ཉེ་སྙིང་གཟུངས་ཐུང་སོགས་བརྒྱ་དང་གསུམ། གུ་རུའི་སྙིང་པོ་འབུམ་ཐེར་གཅིག་དང་སུམ་ཁྲི་ཉིས་སྟོང་ལྔ་བརྒྱ་སྐོར། གསང་བ་འདུས་པ་ལ་སོགས་པའི་རྒྱུད་ཀྱི་རྣམ་གྲངས་སོ་སོ་ནས་ཚར་བཅུ་སྐོར་རོ། །འཁོར་ལོ་སྡོམ་པ་ལ་སོགས་པའི་མ་རྒྱུད་དེ་མཚུངས། ཀུན་རིག་ལ་སོགས་པའི་རྣལ་འབྱོར་རྒྱུད་བཅུ་དྲུག་སྐོར། བྱ་སྤྱོད་གཉིས་ཉི་ཤུ་རྩ་གཅིག་རེ། ཇོ་བོའི་ཐུགས་དམ་ལྷ་བཞི་བརྒྱ་ཕྲག་གཅིག་ལྷག་བཅས། ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་གཟུངས་བརྒྱ་ཕྲག་གཅིག་དང་བཅུ་གསུམ་སྐོར། ཡིག་བརྒྱ་ཁྲི་ཚོ་གཅིག །མི་འཁྲུགས་པའི་གཟུངས། རྟེན་འབྲེལ་སྙིང་པོ། འགྱུར་སྔགས་དང་མདོ་གཟུངས། སུ་པྲ་ཏིཥྛ། སྔགས་མ་དག་པ་དང་གཟུངས་གོང་འོག་འཆོལ་བ་ལ་སོགས་པའི་ཉེས་སྐྱོན་སེལ་ཕྱིར་སྟོད་སྨད་བར་གསུམ་ཀུན་ཏུ་རྒྱུ་བ་རིག་པ་ཕུག་རོན་གྱི་གཟུངས་རྣམས་ཆིག་སྟོང་རེ་དང་ནོར་ལྷ་ཆོས་སྐྱོང་གི་གཟུངས་བརྒྱ་ཕྲག་ལྷག་བཅས་རེ། ཕུན་སུམ་ཚོགས་པ་ལ་སོགས་པའི་བཀྲ་ཤིས་ཀྱི་གཟུངས་རྣམས་འབུལ་ཚུལ་གྱི་ངེས་པ་སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་གཞུང་པཎ་ཆེན་བི་མ་ལ་དང༌། ལོ་ཙཱ་བ་ཅོག་རོ་ཀཱུའི་རྒྱལ་མཚན་གྱིས་བསྒྱུར་བ་དང༌། སློབ་དཔོན་ཛེ་ཏ་རིའི་གཟུངས་འབུལ་གྱི་དཀར་ཆག་གཙོ་བོར་བཟུང༌། མན་ངག་གི་ངེས་པ་གཞན་དག་གིས་ཀྱང་ལེགས་པར་བརྒྱན་ནས་


JLAZ007_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམ་འཆོལ་པ་མེད་པ་དང༌། རྟེན་སོ་སོའི་དབུ་གཙུག་ཏུ་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་རིང་བསྲེལ་ཡུངས་འབྲུ་ལྟ་བུ་རེ་རེ་དང༌། རྟེན་གཙོར་ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གཙོ་བོར་བཞུགས་པའི་གཏེར་བྱོན་གྱི་ཨ་ཐམ་མ་ཁུངས་ལྡན། སྤྱིར་ཆ་མཉམ་གྱི་ཨུ་རྒྱན་ཆེན་པོའི་སྐུ་བེར་བྱི་རུ་སྲུངས་པར་གྲགས་པའི་དུམ་བུ་ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ངོ་མཚར་ཅན་གྱིས་གཙོས་པའི་རྒྱ་བོད་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་ན་བཟའ། བྲམ་ཟེ་དུང་རྣ་དང་རྒྱལ་སྲས་ལྷ་རྗེའི་སྐུ་རུས་ཀྱིས་མཚོན་པའི་གདུང་དང་སྐུ་བལ་གྱི་རིང་བསྲེལ་རྩོད་མེད་ཚོགས་ཆེ་བ་དང༌། པད་གཟུངས་གནོད་སྦྱིན་བང་མཛོད་ཆོ་ག་བཞིན་དུ་འདུ་བྱས་པ་ལ་རབ་གནས་རང་བཞིན་གྱིས་ཆགས་པའི་རྟེན་འབྲེལ་དུ་རྒྱ་བལ་བོད་གསུམ་གྱི་གནས་ཆེན་མཐའ་ཡས་པའི་ས་རྡོ་ཆུ་ཤིང་དང༌། གྲུབ་ཆེན་ཐང་སྟོང་པས་འཛམ་གླིང་ལན་གསུམ་བསྐོར་བའི་ས་སྣ་རྡོ་སྣ་ལ་སོགས་པ་ཡང་འདྲེས་ཤིང་ཆུབ་པར་བྱས་པས་ཤིན་ཏུ་བཀྲ་ཤིས་པ་ཡིན་ནོ། །དེ་ལ་རྒྱལ་བ་སྲས་དང་བཅས་པ་དེ་དག་ནི་རང་བཞིན་གྱིས་མཛེས་པའི་མཚན་དཔེའི་རྒྱན་དང་བཅས་པའི་ཕྱིར་ན། འཇིག་རྟེན་ན་རིན་ཐང་དང་བཅས་པའི་རྒྱན་ཕལ་པ་ལ་ལྟོས་པ་མ་ཡིན་ཡང་གདུལ་བྱའི་ངོས་ནས་བསོད་ནམས་གསོག་པའི་སླད་ཕྲ་རྒྱན་གྱི་མེ་ཏོག་དང་བླ་བྲེ་དཔྱངས་ཤིང་ན་བཟའི་ཁྱད་པར་ཇི་ལྟར་མནབས་པ་ནི། རྟེན་གཙོ་རྗེ་བཙུན་


JLAZ007_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་མགོན་པོའི་དབུ་ཐོག་ཏུ་བུམ་གདན་མ་དམར་པོ་རིན་ཐང་ཅན་གྱི་བླ་བྲེ་ཤམ་ལྡན་དང༌། ལྕམ་གླིང་གཡས་གཡོན་བརྒྱན་བཞི་སྐྱེད་ཁྲ་དུར་ཁའི་གནམ་རྒྱན་འཇའ་ལྡན་གྱིས་བྱེ་བ་ཁེབས། ལིང་དུར་སྨྲིག་གི་སྐུ་ཆོས་དང༌། མཐོངས་བྷུ་ཏ་ལྗང་གུའི་མཐའ་རྡོ་རྗེ་ས་ལམ་དམར་པོས་བྱས་པའི་སྟོད་ལེ། བཟང་གོས་ཚོན་སྤེལ་གྱི་སྐུ་པང་དང་བཅས་པ། སྣང་བ་མཐའ་ཡས་ཀྱི་མཛོད་སྤུར་གྲུ་གཡུ་སྤུས་ལེགས་སྲན་མ་ཙམ་སྟོད་ལེ་གོང་འདྲ་ལས་མཐའ་འཇའ་སྒྲིན་ས་ལམ་དམར་པོའི་ཁྱད་པར། ལིང་དུར་གྱི་སྣམ་སྦྱར་ཚད་ལྡན། སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་མཛོད་སྤུར་གྲུ་དམར་སྤུས་དག་དང༌། དབུ་རྒྱན་སྐྲ་ལྡེམ་ལ་གཙུག་གཡུ་གཅིག །གཡུ་དཀྱུས་ཆེ་ཆུང་བརྒྱད། ནོར་བུ་ཞུམ་མིག་སེན་གང་བ་གཉིས། མུ་ཏིག་བསྟར་བརྒྱུས་དགུ་བཅུ་གོ་བཞི། བྱི་རུ་སྲན་སྤོས་ཙམ་བཞི་བཅུ་ཞེ་གཅིག །དེ་བས་ཆུང་བ་བཅུ་བཞི། ཐུགས་ཀ་ནས་དཔྲལ་གཡུ་ཆེ་བ་དང༌། སྤོས་ཤེལ་ཆུང་ངུ་གཅིག །སྟོད་ལེ་མཐོང་རྒྱན་བཞི་དམར་པོའི་མཐའ་སྨྱུག་ཁ་ཆུ་བྲག་ལས་བྱས་པ་དང༌། ཚོས་ཉིས་མ་སྔོན་པོ་རྒྱ་བྱ་རིས་ཀྱི་སྐུ་པང༌། ལྡེམ་སྐུ་གཉིས་ཀྱི་མཛོད་སྤུ་ཞུམ་མིག་སྲན་སྤོས་ཙམ་རེ། གྲོང་ཁྱེར་མར་བཟང་གོས་སྤྲིན་རིས་མའི་སྐུ་ཆོས། ཁ་སར་པཱ་ཎིར་བཟང་གོས་ཉིས་སྤེལ་གྱི་སྟོད་ལེ་རང་འགྲིག་དང༌། ཊཾ་ག་མ་སེར་


JLAZ007_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྨད་གཡོགས། སློབ་དཔོན་ཆེན་པོར་དངུལ་དཀར་ལས་གྲུབ་པའི་རྒོད་ལྡེམ་དང༌། སྟེགས་བྱི་རུ་ཆེ་ཆུང་ཁམ་བུ་ཙམ། ཐུགས་ཀ་ན་དཔྲལ་གཡུ། མཛོད་སྤུར་གྲུ་གཡུ་ལེགས་ངེས་སྲན་སྤོས་ཙམ། སྐྱིན་ཁབ་མཚལ་ཁའི་སྐུ་བེར་གོང་བ་སྐྱིན་ཁབ་རྒྱ་ཁ་སྟོང་སྐུད་ཀྱི་འཇའ་ལྡན་དང༌། མགུལ་རྒྱན་བྱི་རུས་བསྐོར་བ། རིགས་ལྔའི་སྐྲ་ལྡེམ་སྤྱིར་བྱི་རུ་སྣ་ཚོགས་བརྒྱ་དང་ཉི་ཤུ་རྩ་བརྒྱད། གཡུ་སྣ་ཚོགས་རོ་བཅོ་ལྔ། རིགས་ལྔ་རྣམས་ཀྱི་མཛོད་སྤུར་མུ་ཏིག་སྲན་མ་ཙམ་རེས་མཚོན། མུ་ཏིག་ཆེ་ཆུང་བཅུ་གསུམ། གཡང་ཏྲིའུ་དང༌། ཉ་ལྕིབས་ཀྱི་ཕྲེང་བ་བརྒྱ་རྩ་བརྒྱད༌། གཞན་མ་ན་ཧོ། མུ་མེན། གཡང་ཏྲིའུ། གཙོ་བོ་གཉིས་ལ་མེ་ཤེལ་རེའི་ནོར་བུ་ཏོག་གིས་མཚོན་པའི་ཤེལ་རིགས་སྣ་ཚོགས་ཚོན་སྤེལ་གྱི་རྒྱ་གདུགས། རིགས་ལྔ་སྒྲོལ་མ་དང་བཅས་པས་སྟོད་ལེ་སྨད་ཤམ་ཅོད་པན་ཆ། ཀུན་མཁྱེན་ཆེན་པོར་མཛོད་གོས་སྤྲིན་རིས་མ་སེར་པོའི་སྐུ་བེར་གོང་ལྡན་དང་སྣམ་སྦྱར། རྒྱལ་ཡོལ་བཟང་གོས་དམར་པོ་ཇུས་ལྗང་གི་མཐའ་འཇའ་ཅན། ཁ་དཀར་བཀྲ་ཤིས་ཁ་བཏགས་དང་བཅས་པའོ། །སྐུ་རྒྱུའི་ཁྱད་པར་དང་གཏོང་བ་ཆེན་པོའི་བསམ་སྦྱོར་ཕུན་སུམ་ཚོགས་པས་བསྒྲུབས་པའི་རྟེན་ནི་དྲི་གཙང་ཁང་གི་གཡས་ལོགས་ཀ་སྟར་གསུམ་གྱི་ཆར་དངུལ་སྲང་བདུན་ཅུ་རྩ་ལྔའི་ཡོན་གྱིས་གསར་དུ་བསྐྲུན་པའི་


JLAZ007_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་སྣང་བརྙན་ཐུབ་པ་གྲོང་ཁྱེར་མར་གྲགས་པ་སློབ་པ་ལམ་གྱི་གནས་སྐབས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུའི་བདག་ཉིད་ལ་རྟག་པར་བསྟེན་གོམས་མཛད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞིག་འབྲས་བུའི་གནས་སྐབས་ན་ཁྲི་དྲུག་མགྱོགས་ལྟར་མངོན་པ་དང་བཅས་པའི་སྐུའི་ངོ་བོ་སྟོད་ཧོར་ལི་ཁྲ་དང༌། ཁྲི་རྒྱབ་རྣམས་ལི་དམར་ཕལ་པ་ལས་གྲུབ་པ་ཐམས་ཅད་ཀྱི་སྲིད་དུ་མདའ་ཚད་ལངས་སུ་ཆ་ཞིང་བཟོ་སྒྲོས་ཤིན་ཏུ་གཙང་བའི་གནྡྷོ་ལ་དང་བཅས་པ་གཡས་གཡོན་དུ་དེ་བཞིན་གཤེགས་པའི་གསུང་ལྗོངས་འདིར་འགྱུར་རོ་འཚལ་གངས་ཅན་པ་རྣམས་ཀྱིས་བཀའ་འགྱུར་རིན་པོ་ཆེའི་སྒྲས་བཏགས་པ་པོད་ཆེན་བརྒྱ་ཕྲག་གཅིག་བཞུགས་ཁང་ཀུན་དགའ་ར་བ་དང་རང་འགྲིག་གདོང་ཅོག་ལྔ་དང་བཅས་པ། སྣང་བརྙན་རིན་པོ་ཆེའི་མཛོད་སྤུར་མུ་ཏིག་ནས་རྡོག་ཙམ་པ་རྒྱབ་ཡོལ་གཞི་དཀར་ཚོན་ཁྲ་མ། དབུ་ཐོག་ཏུ་མཐོངས་རྒྱ་གར་ཁ་ཐི་བྱས་པའི་མཐའ་བཟང་གོས་དམར་སེར་སྔོ་ནག་འཇའ་སྤེལ་གྱི་བླ་བྲེ་གཤམ་ལྡན། གཡས་གཡོན་སོ་སོར་མཐོངས་མཛོད་གོས་སྔོ་སྐྱ་འཁོར་བརྒྱད་མ་ལ་བཟང་གོས་དམར་སེར་འཇའ་སྤེལ་གྱི་གནམ་རྒྱན་བྱི་བ་ཁེབས། ལྕམ་གླིང་བར་མ་ལ་མཐོངས་མཛོད་གོས་རྒྱ་ཡིག་མ་སེར་པོ་ཡུག་གི་མཐའ་བཟང་གོས་དམར་པོ་ཡུག་གསུམ་བསྒྲིགས་ཀྱིས་བྱི་བ་ཁེབས་དང༌།


JLAZ007_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སེང་གཡེངས་ཀྱིས་མཚོན་པའི་ལྕམ་གླིང་ཐམས་ཅད་ཀ་ཤི་ཀའི་རས་ལ་རི་མོ་མཁན་གྱིས་ཚོན་རིས་མངོན་པར་བཀྲ་བས་བཅོས་བུར་བྱས་པ་ཤ་སྟག་གོ །མགོན་ཁང་ཨུ་ཙ་ལར་བདག་ཉིད་ལྷའི་གསལ་སྣང་དང་ཆོས་ཉིད་མཉམ་པ་ཆེན་པོའི་ངང་ནས་བསྐྲུན་པའི་མ་མགོན་ལྕམ་དྲལ་གྱི་སྐུ་གཟུགས་སོ་སོའི་བླ་རྡོ་སྲོག་འཁོར་གྱི་ནང་གཟུངས་ཁྱད་པར་ཅན་དང་ལྡན་པ་དང༌། གསུང་རྟེན་ནག་མོ་ཁྲོས་མའི་རྒྱུད་ཆ་ཚང༌། གཏེར་མགོན་གྱི་པོད། ཐུགས་རྟེན་རྟེན་མདོས་མཚན་ཉིད་ཚང་བ། ཡོན་ཏན་ཕྲིན་ལས་ཀྱི་རྟེན་སྦ་དཀར་དངུལ་གྱི་ཟེ་པྲོག་ཅན་ལ་དར་མཚོན་དཔྱངས་པ། ཐོད་རྔ་ལྟག་སྤྲོད། རྐང་གླིང་ཟངས་ཆིངས་ཅན། ཤིང་གི་ཞལ་བསྙན་ལྔ་དང་དམ་ཅན་པར་ཚར་ཞུ། ཧོར་སྦུབ་ཁ་སྒོར་རྒྱུག་ཐོག་ལྟག་བཅས་སྐྱོན་མེད་གཅིག །གསེར་རྔ་མགུལ་བཅས་མེ་མདའ་དམ་ཅན་བླ་ཆགས་མ། སག་ཐག་སྐོར་ཆ་འགྲིག །སྙན་ཤལ་ནང་མཛོད་བསྐང་རྫས་རིས་ཀྱིས་གཙོས་ཁྱོན། རུ་མཚོན་དར་བཅས་གཉིས། ཁ་བཏགས་ཀྱི་བསངས་དར་ཆ། ལྕགས་ཀྱུ། ཏིང་ལྔ་ཚར། ཕྱིའི་གནས་བདག་ནི་སློབ་དཔོན་ཆེན་པོའི་བཀའ་སྡོད་གངས་ཅན་བོད་ཀྱི་ཡུལ་ལྷ་ཆེན་མོ་བཀྲ་ཤིས་ཚེ་རིང་མ་ཞེས་སྒྲུབ་བརྒྱུད་ཀྱི་བསྟན་པ་ལ་གཅིག་ཏུ་མེལ་ཚེ་ཆེ་བའི་མཁའ་འགྲོ་ཆེན་མོ་ལྔས་རང་གིས་མཛད་པའི་མཚན་མ་མཐོང་བ་བཞིན། བླ་རྡོ་སྲོག་འཁོར་


JLAZ007_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བཅའ་ག་མན་ངག་ལྟར་དུ་ལྡན་པའི་སྐུ་མཁར་གཙོ་འཁོར་ལྔ་དང་བཅས་པའང༌། བསྐྲུན་ནས་དམ་ཡེ་གཉིས་མེད་དུ་བརྟན་པར་བྱས་པ་ཡིན་ནོ། །ད་ནི་གང་གིས་མཐོང་ཐོས་དྲན་རེག་མཐའ་དག་ལ་ཐར་པའི་ས་བོན་ཁྱད་པར་ཅན་འཇོག་པའི་ཕྱིར་ལམ་གྱི་གཞི་མདོར་ཡང་བསྒྲུབས་པར་བྱ་བའི་རྟེན་གྱི་མཆོག་ནི་མཆོད་རྟེན་ཡིན་པའི་ཚུལ་ངན་སོང་སྦྱོང་བའི་རྒྱུད་ལ་སོགས་པ་ཐེག་པ་ཆེ་ཆུང་མང་དག་ནས་བཤད་ཅིང༌། འདུལ་བ་ལུང་ལས། སྔོན་འཕགས་ཤཱ་རིའི་བུའི་རིང་བསྲེལ་རྣམས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཁྱེར་ཏེ། རང་གི་ཁྱིམ་གྱི་ནང་གི་མཆོག་མཐོན་པོ་ཞིག་ཏུ་བཞག་སྟེ། དེ་ལ་མཆོད་པ་དང་སྐྱེ་བོའི་ཚོགས་ཆེན་པོ་གཞན་རྣམས་ཀྱིས་ཀྱང་དེར་སོང་སྟེ་མཆོད་དོ། །དུས་རེ་ཞིག་ཁྱིམ་བདག་རི་བོར་ཞིག་ཏུ་བྱ་བ་ཅུང་ཟད་གཅིག་ལ་སྒོ་བཅད་དེ་སོང་བ་དང༌། སྐྱེ་བོའི་ཚོགས་རྣམས་ཀྱིས་མཆོད་པ་བྱ་བ་མ་བྱུང་བར་བདག་ཅག་གི་བསོད་ནམས་ཀྱི་བར་ཆད་བྱས་སོ། །ཞེས་འཕྱ་བ་དེ་ཁྱིམ་བདག་གིས་ཐོས་ནས་བཅོམ་ལྡན་འདས་བདག་གིས་ཤཱ་རིའི་བུའི་མཆོད་རྟེན་ཕྱོགས་སྣ་སྤེལ་ཅན་ཞིག་ཏུ་བགྱིས་ལ་མཆོད་པ་བགྱིད་དུ་སྩོལ་ཅིག །བཀའ་སྩལ་པ་གནང་གི་གྱིས་ཤིག །ཅེས་པ་ལྟར་རོ། །དེའི་དགོས་པའང་འདི་ལྟར་སངས་རྒྱས་ཐམས་ཅད་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཆོས་སྐུའི་རང་བཞིན་ནི་ཐུགས་རྡོ་རྗེའི་གསང་བ་བསམ་གྱིས་མི་ཁྱབ་པ་ཁོ་ན་ཡིན་ལ། དེ་ཉིད་རྟགས་དང་བརྡའི་མཚོན་དཔེས་འགྲོ་བ་ཀུན་གྱི་མིག་སྔ་ན་སྣང་བར་བྱས་པས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེའི་གཞི་རྟེན་དུ་འགྱུར་བ་དང༌། དེ་ལ་བརྟེན་ནས་དགེ་ཚོགས་རིན་པོ་ཆེའི་ཡོན་ཏན་ཐམས་ཅད་


JLAZ007_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འབད་མེད་དུ་འབྱུང་བ་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གང་ན་བཞུགས་པའི་ས་ཕྱོགས་སུ་སྲིད་ཞིའི་དཔལ་འབྱོར་ཐམས་ཅད་བདེ་བླག་ཏུ་འདུ་བ་ཆོས་ཉིད་ཡིན་པ་ལྟར་སངས་རྒྱས་རྣམས་ཀྱི་ཁྱད་པར་གྱི་ཆོས་གང་གིས་མཐོང་བ་དང༌། རེག་པ་དང༌། ཐ་ན་རླུང་གི་རྫི་ཕྱོགས་ཕོག་པ་ཙམ་གྱིས་ཀྱང་འཁོར་བ་མཐའ་ཅན་དུ་བསྙིལ་ཞིང་གནས་སྐབས་ཙམ་དུའང་འཇིག་རྟེན་གྱི་རྒུད་པ་སེལ་བ་དང་བཀྲ་ཤིས་པའི་དགེ་མཚན་མངོན་པར་འདུ་ཞིང་ས་དགྲ་དང་གནོད་སྦྱིན་གདུག་པའི་ཁ་གནོན་དུའང་བསྔགས་པས་ནོར་བུའི་ནང་ནས་དབང་གི་རྒྱལ་པོ་ལྟ་བུར་གྱུར་པ་ནི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་གཟུགས་རྒྱལ་བའི་མཆོད་རྟེན་ཆེན་པོ་ཡིན་པའི་ཚུལ་གསང་བ་འདུས་པ་ལས། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །བཞུགས་གནས་ཕོ་བྲང་ཡིན་པར་བཤད། །ཅེས་སོ། །དེའི་ཕྱིར་མཆོད་རྟེན་བྱང་ཆུབ་མཐོང་གྲོལ་ལམ་བཀྲ་ཤིས་རྣམ་རྒྱལ་དགེ་འཕེལ་ཇི་ལྟར་བཞེངས་པ་ནི། སློབ་དཔོན་ཀླུ་གྲུབ་སྙིང་པོས། མཆོད་རྟེན་གཟུངས་རྣམས་མས་ཡར་གཞུག །ཅེས་གསུངས་པ་ལྟར་དང་པོར་གཟུངས་ཀྱི་བྱ་བ་རྣམས་ཉེར་བསྡོགས་སྔོན་དུ་གྲུབ་དགོས་པའི་ཕྱིར། ནང་བཞུགས་ཀྱི་སྙིང་པོར་རྒྱལ་བ་འོད་མཚན་སྟོང་འབར་གྱི་སྣང་བརྙན་འཕྲུལ་ཆེན་པར་གྱི་སྒྱུ་འཕྲུལ་ལས་བསྒྲུབ་ཕྱིར། བཟོ་བོ་དང་སྐུ་རྒྱུ་བྱིན་བརླབས་ལ་ཞིབ་མོ་རྣམ་པར་འཐག་པའི་བརྩོན་འགྲུས་


JLAZ007_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཀྱི་ལག་ཏུ་བསྟར་ཞིང༌། བདུད་རྩི་སྨན་གྱི་ཕབས་ཀྱིས་བྲན་པའི་འཇིམ་པ་རིན་པོ་ཆེའི་ངོ་བོར་བསྒྲུབས་པ་ལ། སྡོམ་པའི་ཚུལ་ཁྲིམས་ལ་ལེགས་པར་གནས་ཤིང་བསྐྱེད་རྫོགས་ལ་མོས་པས་དཔྱོད་པའི་གང་ཟག་གསུམ་གྱིས་ཟླ་བ་གཉིས་སུ་ཉེ་བའི་ཁོངས་སུ་སྐུ་རྐྱང་པ་འབུམ་ཐེར་གཅིག་དང་ལྔ་སྟོང་བརྒལ་བ་གྲུབ་བོ། །དེ་ལྟར་གྲུབ་པ་ལ་སྦྱངས་ཁྲུས་སྔོན་དུ་འགྲོ་བས་མགོན་པོ་ཚེ་མཐའ་ཡས་པའི་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་ཆོ་ག་ཉུང་ངུ་ལ་བརྟེན་པའི་རབ་ཏུ་གནས་པ་ཡང་བགྱིས་སོ། །དེའང་མཆོད་རྟེན་གྱི་ནང་གཟུངས་ཀྱི་གཙོ་བོ་སྲོག་ཤིང་དང་ཡུངས་འབྲུ་ལྟ་བུའི་རིང་བསྲེས་ཡིན་པའི་ཚུལ་འཕགས་པ་རྨད་དུ་བྱུང་བའི་མདོར། ཀུན་དགའ་བོ་འཛམ་བུའི་གླིང་ཡང་ལྟ་ཞོག །ཤར་གྱི་ལུས་འཕགས་གླིང་ཡང་ལྟ་ཞོག །ནུབ་ཀྱི་བ་གླང་སྤྱོད་ཀྱང་ལྟ་ཞོག །བྱང་གི་སྒྲ་མི་སྙན་ཡང་ལྟ་ཞོག །ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ཡང་ལྟ་ཞོག །ཀུན་དགའ་བོ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས་


JLAZ007_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་སྐྱུ་རུ་རའི་འབྲུ་ཙམ་དུ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏོ། །རྒྱ་ཤུག་གི་ལོ་མ་ཙམ་གྱིས་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་བསོད་ནམས་ཆེའོ། །ཞེས་སོ། །དེའི་ཕྱིར་སྲོག་ཤིང་བརྟན་པར་བྱ་བ་དང༌། ཆོས་སྐུའི་རིང་བསྲེལ་གཟུངས་སྔགས་རྣམས་ཀྱི་ངོ་བོ་ཆོས་དཀོན་མཆོག་གི་རང་བཞིན་ནི་ཡི་གེའི་སྦྱོར་བ་ལ་རག་ལུས་པ་སྙན་གྱི་གོང་རྒྱན་དུ། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་བགྱི། །ཞེས་བསྔགས་པའི་ཕྱིར་དེའི་རྣམ་པར་འགྱུར་བ་ལ། འཇམ་པའི་དབྱངས་ཐུ་མི་སཾ་བྷོ་ཊའི་བཞེད་པས་མཚོན་བྱ་དོན་གྱི་ཚིག་ལ་སུམ་རྟགས་ལ་སོགས་པའི་ངེས་པས་བརྡ་དག་སྡེབ་སྦྱོར་གྱི་རང་བཞིན་ཕྲ་ཞིབ་དང༌། མཚོན་བྱེད་དཔེའི་ཡི་གེ་ལ་མཚན་ཉིད་གདོན་པ་བཅུ། གཅེས་སོ་བརྒྱད། མགོ་དང༌། དཔུང་པ་དང༌། ཟག་མཆུ་དང༌། ཡར་འཐེན་དང༌། མར་འཐེན་དང༌། མིག་བུ་སྟེ། རེ་རེ་ལའང་གསུམ་ཚན་གསུམ་གྱིས་བྱེ་བྲག་ཕྱེ་བའི་ཆོས་ཉི་ཤུ་རྩ་གཅིག་དང༌། རྣ་རུའི་ཆོས་གསུམ། འགྲེང་བུའི་ཆོས་གསུམ།


JLAZ007_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གི་གུའི་ཆོས་གསུམ། ར་བཏགས་ཀྱི་ཆོས་གཉིས། ཡ་བཏགས་ཀྱི་ཆོས་གསུམ་སྟེ་བུ་ཆོས་བཅུ་དྲུག་དང༌། སྤྱིའི་ཆོས་གསུམ་སྦོ་དང་བཅས་པ་སྟེ་རགས་པར་ཆོས་བཞི་བཅུའི་མཚན་ཉིད་ཅན་དང་ཞིབ་པར་ཐིག་གི་ཆས་ཕྲ་མོར་བྱས་པའི་ཚུལ་སྔོན་གྱི་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱི་རྒྱུན་ཕྱི་མཐར་བྱཉྫནའི་རིང་ལུགས་འཛིན་པ་རྣམས་ཀྱི་ཕུལ་དུ་གྱུར་པ་ཁྱུང་པོ་གཡུ་ཁྲིས་ཐིག་རིས་སུ་བཏབ་པ་ལ། མཁས་མཆོག་རོང་པོས་ལྷན་ཐབས་ཀྱི་དག་སྦྱོར་མཛད་པའི་ལེགས་པར་བཤད་པ་གང་གི་གཞུང་ལུགས་ལ་རང་བཞིན་གྱི་བག་ཆགས་དཀར་བ་རང་ཉིད་ཀྱིས་སྲོག་ཤིང་རྣམས་ཀྱི་གཙོ་བྱས། གནོད་སྦྱིན་བང་མཛོད་ཀྱི་རྒྱབ་བརྟེན་དུ་བླ་མ་དགོངས་པ་འདུས་པ་དང༌། རྟ་མཆོག་རོལ་པ་ལྟོ་སྦྱར་བའི་ཁྱད་པར་གྱི་མན་ངག །དགེ་འདུན་གྱི་སྡེ་གསོ་བ། གསང་སྔགས་ཀྱི་ཐེག་པ་སྤེལ་བ། རྒྱལ་པོའི་མངའ་ཐང་བསྐྱེད་པ། སྐྱེ་བོའི་འདུ་ཚོགས་རྒྱས་པ། ཡ་རབས་ཀྱི་རིགས་བརྒྱུད་སྤེལ་བ། ཟབ་མོའི་ཆོས་བརྒྱུད་སྤེལ་བ། ཚེ་དང་ཡེ་ཤེས་རྒྱས་པ། ནོར་དང་ལོངས་སྤྱོད་སྤེལ་བ། དགྲ་ལྷའི་མཐུ་རྩལ་གསོ་བ་ལྷ་ཀླུའི་འཁོན་སེལ་བ། སྙན་ཅིང་གྲགས་པ་སྤེལ་བ། སའི་བཅུད་གསོ་བ། ཡུལ་གྱི་ནད་ཡམས་གཅོད་པ། དུས་ཀྱི་འཁྲུག་པ་ཞི་བ། གཞན་གྱི་བྱད་ཁ་བསྡམ་པ། རྦོད་གཏོང་དམིགས་ཁ་བསྒྱུར་བ། ཤི་སྒབ་གཅོད་པ། སྲི་ཀེག་སྒྲོལ་བ། སྡིག་


JLAZ007_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལོག་ཤེས་བསྒྱུར་བ། ཡུལ་གྱི་ཀླུ་བྲན་གསོ་བ། སྤྱི་ཆིངས་འབྱུང་བ་དཔལ་བསྐྱེད་དེ། སྣོད་བཅུད་ཀྱི་ལེགས་ཚོགས་སྤེལ་བའི་འཁོར་ལོ་ཉི་ཤུ་རྩ་གཅིག་མན་ངག་གི་གནད་དང་ལྡན་པའི་རྩིབས་དང་མུ་ཁྱུད་ཀྱི་ཟ་མ་ཏོག་ཏུ་འཕྲུལ་ཡིག་གསེར་གྱི་པ་ཏྲའི་ཕྲ་ཚོམ་བཀོད་པའི་སྦྱོར་བ་ལ་ཞུགས་སོ། །གང་གི་ཚེ་གྲོགས་ཉེ་བར་འཁོད་པ་རྣམས་ལ་རྣམ་པར་ཤེས་པ་ལས་སུ་མི་རུང་བ་སོ་སོའི་སྐྱེ་བོའི་མཚན་ཉིད་ཡིན་ཕྱིར་ཡིད་གཞུངས་པར་ནན་ཏན་གྱིས་བསྐུལ་ནས་དངོས་གཞིའི་གཟུངས་ཀྱི་བྱ་བ་རྣམས་ཤོག་བུ་བཅུ་ལྟེབ་བརྒྱ་ཕྲག་གཉིས་ལ་འཕྲུལ་ཆེན་བར་གྱི་ཆོ་འཕྲུལ་ལས་ལེགས་པར་བསྒྲུབས་ནས་དྲི་བཟང་བསྐུ་བ་དང༌། མུ་འཐུད་པ་དང་བསྒྲིལ་བ་ཡན་ཆད་ལོ་བཏུབ་ཏུ་མ་སོང་བ་གཟུངས་འབུལ་གྱི་གཞུང་ལྟར་ཉེ་བར་བསྡོགས་སོ། །དེ་ནས་དངོས་གཞི་ཇི་ལྟར་བརྩམས་པའི་དུས་ངེས་པ་ནི། རྒྱལ་བ་བུ་རམ་ཤིང་པའི་འཁྲུངས་ལོ་དང་གཤེགས་ལོ་སོགས་ལ་རྒྱ་བལ་ཁ་ཆེའི་པཎྜི་ཏ་མང་པོ་ཞལ་མི་འཆམ་པ་འདུག་ཀྱང༌། དེ་ཐམས་ཅད་དཔལ་དུས་ཀྱི་འཁོར་ལོའི་ཞག་གསུམ་རྣམ་གཞག་གི་ཆོ་གར་བརྟེན་པའི་དུས་ཚིགས་རྟག་པའི་འགྲོས་ཅན་གྱི་གཏན་ཚིགས་དང༌། རྒྱལ་བའི་གསུང་རབ་ཀྱི་ལུང་དོན་རྒྱ་མཚོ་ལྟོ་སྦྱར་བའི་དཔྱད་པ་གསུམ་གྱི་སྲང་ལ་ལེགས་པར་བཏེག་པའི་ལམ་དྲང་པོ་ནས་ཕྱིན་པར། བདག་ཅག་གི་སྟོན་


JLAZ007_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲག་པོ་ལྕགས་སྤྲེའུ་ས་ག་ཟླ་བའི་བཟང་པོ་གཉིས་པའི་ཚེས་བདུན་གྱི་ཟླ་སྐར་རྒྱལ་ལ་བབ་པའི་དུས་ན་མངལ་གྱི་སྒྲིབ་པ་དང་བྲལ་བར་སྐུ་བལྟམས་ནས་ཟླ་བའི་ཕུང་པོ་དུས་མིག་༢༧༢༦འཁོར་ལོའི་ནར་སོན་པ། ཤར་ཕྱོགས་ཏང་ཀུན་རྒྱལ་པོའི་ཁབ་ཏུ་ཡི་ཡིའུ། སྲོག་གི་ཟུངས་གནམ་ལྕགས་ཞུན་མའི་རང་བཞིན་དུ་ལྕི་ཞིང་འཐས་ལ། ལུས་ལ་དལ་འགྲོའི་ཁམས་ཀྱིས་བརླན་པ། དབང་ཐང་ལྗོན་པའི་ཡ་ལད་གོས་སུ་མནབས་ཤིང༌། རླུང་རྟ་ཚངས་པའི་རལ་ཀླུང་སྐ་རགས་སུ་བཅིངས་ནས་ནམ་མཁའ་ལྡིང་གི་བཞིན་རས་རྔམ་པས་གངས་ཅན་པ་རྣམས་ཤིང་མོ་བྱ་ལོར་གླེང་ཞིང་བདག་ཉིད་སུམ་ཅུ་རྩ་བདུན་པའི་ལོ། འབྱུང་རྩིས་གླིང་དགུའི་དབུས་ན་གཅིག་དཀར་འཚོ་ཞིང་འབྱུང་བ་སུམ་ལྡན་ཁ་རལ་གྱི་ལོ་དྲང་སྲོང་ལྷའི་བླ་མའི་ཀླུངས་སུ་གྱུར་པ་ལས། ཉིན་མོར་བྱེད་པ་ངལ་བསོས་བུས་ཉེ་བར་བསྲུངས་པའི་ཕྱོགས་ག་ལ་བ་དེར་མངོན་པར་རྒྱུ་བས་དཀར་པོའི་ཕྱོགས་ཀྱི་བྱ་བ་ལས་ཀྱི་འཁོར་ལོ་དགེ་ལེགས་སྟེར་བའི་གནས་སྐབས་ཞག་གི་ཕུང་པོ་བཅུ་གཉིས་ལས་ས་གས་ཉ་བའི་ཟླ་བ། དུས་བཞིའི་འཁོར་ལོ་དཔྱིད་ཟླ་ཐ་ཆུང་ལ་བབས་པ། ཡར་ངོ་སྔོན་འགྲོ་ཉིན་བྱེད་དབང་པོ་གླང་གི་ཁྱིམ་ན་སྤྱོད་པའི་དུས། གཙུག་ན་ཟླ་བ་དང་དུས་ཀྱི་འཁོར་ལོ་སོ་སོའི་ལུགས་ཀྱི་ཚེས་ལ་འཆར་བའི་དབྱངས་དང་གསལ་བྱེད། འབྱུང་བ་ལྔ། ཚེས་གྲངས་དར་གུད།


JLAZ007_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་ཡོན་ཏན། སྤར་སྨེ། གཟའ་སྐར་འཕྲོད་ཆེ་ཆུང༌། དུས་སྦྱོར་གྱི་ཏཱརྐ་ལ། བྱེད་པ་མཐའ་དག་དགེ་ལེགས་ཀྱི་སྦྱོར་བ་ལ་གཅིག་ཏུ་རྩེ་ཞིང༌། འདྲེན་པ་ཟས་གཙང་སྲས་པོ་ཡུམ་སྒྱུ་འཕྲུལ་མའི་ལྷུམས་ཀྱི་པདྨོ་ལས་རྣམ་པར་གྲོལ་བའི་བཟང་པོའི་དུས་ཆེན་གྱི་ཉིན། མདུན་ངོས་ས་གཞི་ལག་མཐིལ་ལྟར་མཉམ་པའི་ངོས་ཡངས་པར་ས་བརྟག་པ་དང༌། བླང་བ་དང༌། སྦྱང་བ་དང༌། གཟུང་བ་དང༌། བསྲུང་བ་ལ་སོགས་པ་སའི་ཆོ་ག་རྣམས་སྔོན་དུ་བཏང་ཞིང་ཞི་བའི་སྦྱིན་བསྲེག་གིས་ས་གཞི་ལས་སུ་རུང་བར་བྱས་ནས་རང་ལུགས་ཀྱི་ཐིག་རྩ་སོར་བཞག་སྟེ་མཆོད་རྟེན་བྱང་ཆུབ་མཐོང་གྲོལ་བཞེང་བའི་བྱ་བ་ལ་ཞུགས་སོ། །སྤྱིར་མངའ་རིས་ལ་དབང་བ་ཕལ་ཆེད་རང་ཞབས་པ་རྣམས་འཚོ་བའི་ཟས་སྐོམ་ཚུན་ཆོད་རྒྱགས་ཕྱེ་རང་ཁུར་གྱི་ཁྲལ་ལ་བརྟེན་པའི་འུ་ལག་གི་སྦྱོར་བས་རྒྱུ་སོང་གི་འབྲས་བུ་ལ་བརྟག་ཏུ་མེད་པར་ས་རྡོའི་ཕུང་པོས་ཇི་མི་སྙམ་པའི་ལམ་སྲོལ་གྱིས་བསྒྲུབས་པ་ནི། རྣམ་པར་དགེ་བའི་ལས་ལྟར་སྣང་ཡང་གཞན་རྒྱུད་མནར་སྤྱོད་ཀྱི་སྡུག་བསྔལ་ལ་སྤྱོད་ཅིང་རྒྱུ་དེས་རང་རང་གི་དགེ་ཚོགས་ཀྱང་ལས་དཀར་ལ་རྣམ་སྨིན་གནག་པ་འདི་ནི་ཤིན་ཏུའང་བག་ཚ་བའི་གནས་སུ་མཐོང་ངོ༌། །དེའི་ཕྱིར་དཀོན་མཆོག་གསུམ་རྗེས་སུ་དྲན་པ་ལས། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་


JLAZ007_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ། ཞེས་པས་མཚོན་ཏེ་ནང་པ་སངས་རྒྱས་པའི་བྱ་བ་ལ་ཆོས་བརྒྱད་བྱ་བའི་སྒྲ་མི་འཇུག་པའི་ཕྱིར་སྔར་གནས་རྟེན་གྱི་གཞི་བཟུང་བ་ཚུན་ཆོད་ནས་རིགས་པ་མ་ཡིན་པའི་གནས་ལ་ཞིབ་མོར་དཔྱད་ནས་གང་གིས་དང་བ་སྟོན་པ་དེ་དག་བཟའ་བཏུང་གི་འཚོ་བ་གྱ་ནོམ་པས་ཡིད་རབ་ཏུ་དགའ་བར་བྱས་རྗེས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཞན་ལ་གཞན་བསྐུལ་འདེབས་མཁས་ཤིང༌། །མ་བཅོལ་ཕན་པར་བྱེད་པའི་ངག །གུས་པས་སྤྱི་བོར་བླང་བྱ་སྟེ། །རྟག་ཏུ་ཀུན་གྱི་སྒྲོན་མེར་འགྱུར། །ཞེས་པ་ལྟར་བརྩམ་པར་བྱ་བའི་ལས་གང་ཡིན་པ་གཞན་གྱི་ཁུར་དུ་མི་འགྲོ་བའི་རྒྱུ་ནི་སྐྱེ་བོ་ཞོ་ཤས་འཚོ་བ་རྣམས་ཀྱི་གཉའ་བ་ན་ཁུར་དུ་ལྕི་བའི་ས་རྡོའི་ལས་མཐའ་ཡུན་ཐུང་ངུ་ལ་ལྟོས་པའི་ཕྱིར་དང༌། བདག་ཅག་ནི་མངའ་རིས་རྒྱ་ཆེན་པོ་ལ་བཙན་པོའི་ལུང་གིས་རང་གིར་བགྱིད་པ་ཡང་མ་ཡིན་ལ། གཏོང་བ་ཉམ་ཆུང་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་རློམ་སེམས་དགེ་བར་སྒོམ་པ་ཡང་མ་ཡིན་པས། ནང་གཟུངས་ཚོགས་ཆེ་ཞིང་ཁྱད་པར་འཕགས་པས་ཕྱུར་བུ་དགང་ཐུབ་པ་དང༌། གཞིའི་གོ་ཡུལ་ལ་དཔགས་པའི་རྒྱ་ཁྱོན་འཚམས་པ་ཡིད་ལ་གཞག་ཅིང༌། དེ་ཡང་མཉེན་ཞིང་ཡི་གར་འཇུག་པའི་ལུང་འཇམ་པོས་ཐོག་མཐའ་བར་གསུམ་གྱི་ལས་བྱེད་པ་རྣམས་ཡི་རངས་


JLAZ007_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པར་བགྱིས་པས་གླུ་གར་དང་རྩེད་འཇོའི་ངང་ལས་དོན་དུ་གཉེར་བ་གང་ཞིག་མིག་འཕྲུལ་ལྟར་གྲུབ་བོ། །དེ་ལྟར་གྲུབ་ནས་ཀྱང་དེ་མ་ཐག་པའི་ཚེས་བཅོ་ལྔའི་དུས་ཆེན་གསུམ་འཛོམ་ཉིན་དམིགས་བསལ་མཆོད་རྟེན་གྱི་རབ་གནས་རིན་པོ་ཆེའི་དྲྭ་བ་ལ་བརྟེན་ནས་རབ་ཏུ་གནས་བྱའི་ཡེ་ཤེས་ཀྱི་ངོ་བོ་བདག་ཉིད་ཀྱིས་ཇི་ལྟར་རྟོགས་པ་བཞིན་བཞུགས་པ་ཡིན་ནོ། །གཟུངས་ཀྱི་ངེས་པ་ཇི་ལྟར་བཞུགས་པ་ནི། སེང་ཁྲིའི་ཆར་གནོད་སྦྱིན་བང་མཛོད་སྲིད་པའི་ཕུན་ཚོགས་ཀྱི་དཀོར་ཆས་གཏམས་པའི་གཏེར་བུམ་ལྔ་དང༌། དེའི་རྒྱབ་བརྟེན་ཡིད་བཞིན་ནོར་བུ་ལྟ་བུའི་འཁོར་ལོ་ཉི་ཤུ་རྩ་གཅིག་གོ་རིམ་མ་འཆོལ་བར་རྟེན་འབྲེལ་གྱི་བཅའ་གའི་གནད་དང་བཅས་འདུ་བགྱིས་ཤིང༌། སྲོག་ཤིང་ལ་ཐེག་མཆོག་རྫོགས་པ་ཆེན་པོའི་རིག་འཛིན་བརྒྱུད་པའི་མཚན་སྔགས་དང་སངས་རྒྱས་སྲས་གཅིག རྒྱུད་སྡེ་སྒྱུ་འཕྲུལ་དང་མདོ་སེམས། སྒྲུབ་སྡེ་བཀའ་བརྒྱད་ཀྱིས་མཚོན་པའི་ཡི་དམ་ཞི་ཁྲོའི་སྙིང་པོ་དང༌། ཡི་དམ་ཆོས་སྐྱོང་གི་གཟུངས་དང་བཅས་པའི་བར་མཚམས་ཀུན་ཏུ་དམིགས་བསལ་སྲོག་ཤིང་བརྟན་པའི་སྔགས་ཅི་མང་འདོད་གསོལ་དང་བཅས་པ་བྲིས་ཤིང༌། དམ་རྫས་ཁྱད་པར་ཅན་གྱིས་བྱུགས་པ་ལ་མདོ་སྒྱུ་སེམས་གསུམ་ལ་སོགས་པའི་སྔ་འགྱུར་གྱི་རྒྱུད་སྡེ་རབ་འབྱམས། བདེ་ཀྱེ་གསང་གསུམ་དང་དུས་ཀྱི་འཁོར་


JLAZ007_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་མཚོན་ཕྱིན་ཆད་བོད་དུ་གསང་སྔགས་འགྱུར་རོ་འཚལ་གྱི་རྩ་སྔགས་དང་ཉེ་སྙིང༌། གཟུངས་ཆེན་སྡེ་ལྔས་མཚོན་མདོ་གཟུངས་ཀྱི་རིགས་གཏོས་ཆེ་བ། ཡིག་དྲུག་དང་རྡོ་རྗེའི་བླ་མའི་སྙིང་པོ་ཁྲི་ཕྲག་ཏུ་ལངས་པ། རྩེར་དེ་བཞེན་གཤེགས་པའི་ཡུངས་འབྲུ་ལྟ་བུའི་རིང་བསྲེལ། བྲེ་མགུལ་དུ་བདེ་སྟོང་ཆེན་པོའི་རིལ་བུ་ཨ་རྒྱ་ཅན། བུམ་པའི་ནང་དུ་སྐུ་རྟེན་ལྗོན་དམར་ལས་གྲུབ་པའི་རྗེ་བཙུན་འཇམ་དཔལ་དབྱངས། ལྷོ་ལི་ལས་གྲུབ་པའི་ཨོ་རྒྱན་ཆེན་པོ། སྨན་འདམ་གྱི་ཇོ་བོ་རྗེདང༌། ཀུན་མཁྱེན་ཆེན་པོ། གསུང་རྟེན་རྡོ་རྗེ་གཅོད་པ། གཏེར་བྱོན་གྱི་ཤོག་སེར་ངོ་མཚར་ཅན་རྣམས་གྲངས་བདུན། ཐུགས་རྟེན་བྱང་ཆེན་མཆོད་རྟེན། ཡོན་ཏན་གྱི་རྟེན་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ན་བཟའ་དང༌། སྐུ་བལ་གྱི་རིང་བསྲེལ་རིན་པོ་ཆེའི་ཟ་མ་ཏོག་ཏུ་གཏམས་པ། ཕྲིན་ལས་ཀྱི་རྟེན་ཕུར་པ་བྱིན་ཅན་རྣམས་མཆོད་རྟེན་གྱི་གཟུངས་གཞུག་བྱ་བའི་རིམ་པ་སློབ་དཔོན་ཛེ་ཏ་རིའི་རྒྱ་གཞུང་སོར་བཞག་ནས་སྲོག་ཤིང་གི་ངོས་ལ་སྟེང་འོག་མ་འཆོལ་བར་དཔྱངས་པ་གང་ཞིག །དགེ་བཅུའི་སྟེང་ནས་དྲང་པོར་བསྲངས་ཏེ་དྲི་མེད་རྣམ་གཉིས་ཀྱི་སྒོ་ནས་སྲོག་ཤིང་བརྟན་པའི་ཆོ་ག་མཁན་པོ་ཞི་བ་འཚོའི་ལུགས་ལྟར་མངའ་གསོལ་བའི་ཚེ། མེ་ཏོག་གི་ཆར་བཟུང་དུ་བཏུབ་པ་ཁོལ་བུར་བབས་ཤིང༌། སྣང་སྲིད་མ་ལུས་


JLAZ007_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་པའི་མཆོད་སྡོང་ཉག་གཅིག་ཏུ་རྫོགས་པའི་དག་པ་རབ་འབྱམས་ཀྱི་སྣང་བ་ལའང་སྤྱོད་དོ། །དེ་དག་གི་སྟེང་འོག་བར་མཚམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་མགོན་པོ་ཚེ་མཐའ་ཡས་པའི་སྣང་བརྙན་འབུམ་ཐེར་ལྷག་བཅས་ཀྱི་འཕྱུར་བུར་གཏམས་ཤིང༌། རྟེན་འབྲེལ་དེ་དག་ལས་འགྲོ་བ་སུ་ཞིག་བསྟི་སྟང་དང་རིམ་གྲོ། བསྐོར་བ་བྱས་པ་རྣམས་གནས་སྐབས་སུ་ཚེ་རིང་ཞིང༌། ཡོན་དུ་སྦྱོར་བའི་ཆབ་སྲིད་བརྟན་པ་དང༌། མཐར་ཐུག་བདེ་བ་ཅན་གྱི་ཞིང་ཁམས་བླ་ན་མེད་པར་དབུགས་དབྱུང་བའི་ལུང་བསྟན་ཐོབ་པ་ཡིན་ལ། ཁྱད་པར་དུ་ཕྱི་ནང་གི་རྟེན་བཞེང་པའི་བྱ་བ་ལ་སྒོ་གསུམ་གྱི་འབྲེལ་བ་ཐོགས་པ་ཡན་ཆོད་དོན་ཆེན་པོ་དང་ལྡན་པའི་ཚུལ་ལས་རྣམ་པར་འབྱེད་པའི་མདོར། བྲམ་ཟེ་ཁྱེའུ་ནེ་ཙོ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པའི་ཕན་ཡོན་བཅོ་བརྒྱད་ཡོད་དེ། བཅོ་བརྒྱད་པོ་གང་ཞེ་ན། རྒྱལ་པོའི་ཁྱིམ་དུ་སྐྱེ་བ་དང༌། གཟུགས་བཟང་བ་དང༌། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང༌། རྟེན་དུ་འགྱུར་བ་དང༌། ཕྱོགས་བཅུར་བརྗོད་པ་དང༌། སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེན་པོར་མངོན་དུ་འབྱུང་བར་འདོད་པ་དང༌། ལྷ་དང་མིས་མཆོད་པར་འགྱུར་བ་དང༌། ནོར་མང་པོ་དང་ལྡན་པར་འགྱུར་བ་དང༌། ཚེ་དང་ལྡན་པར་འགྱུར་བ་དང༌། ལུས་རྡོ་རྗེའི་ཚོགས་ལྟར་འགྱུར་བ་དང༌།


JLAZ007_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་སྟེ། བཅོ་བརྒྱད་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པའི་ཕན་ཡོན་ཡིན་ནོ། །ཞེས་སོ། །མདོར་ན་གངས་རིའི་ཁྲོད་འདི་སྔོན་ཆད་མི་ཁོམ་པའི་གནས་རིགས་ཆེན་པོར་གྱུར་ལས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཀའ་དྲིན་ལ་སངས་རྒྱས་ཀྱི་བསྟན་པ་དར་བའི་མཐུས་ཆོས་དང་ཆོས་ཀྱི་གང་ཟག་ཡོད་ཅིང་བླུན་པོ་བ་ལང་རྫི་བོ་ལྟ་བུས་ཀྱང་དགེ་སྡིག་གི་གཏམ་ཅོལ་ཙམ་སྒྲོག་པར་ཤེས་ན། འཁོར་བ་དང་ངན་སོང་གི་འཇིག་པས་སྐྲག་ནས་རེ་བའི་ཡུལ་དཀོན་མཆོག་ཏུ་ཤེས་པ་རྣམས་ཀྱིས་གནས་རྟེན་འདི་དག་ལ་རིམ་གྲོ་བསྐྱེད་ནས་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་སུ་ཤེས་པར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །དེ་ལྟར་བྱས་པ་ལ་བསོད་ནམས་ཀྱི་ཁྱད་པར་ཇི་ལྟ་བུ་ཐོབ་ན་རྒྱལ་བ་དངོས་ལ་བསྙེན་བཀུར་བྱས་པ་དང་མཉམ་པའི་ཚུལ་དྲང་སྲོང་རྒྱས་པས་ཞུས་པ་ལས། དྲང་སྲོང་ཆེན་པོ་གང་ལ་ལ་ཞིག །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང༌། ད་ལྟ་བཞུགས་པ་ལ་མཆོད་པ་བྱེད་པ་དེའི་ཕན་ཡོན་རྣམས་ནི་མཚུངས། མཉམ་ཞིང་འདྲའོ། །ཞེས་ང་འཆད་དོ། །དེ་ཅིའི་ཕྱིར་ན། དེ་བཞིན་གཤེགས་པ་


JLAZ007_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཆེ་བ་མིན་གྱི། གཟུགས་ཀྱི་སྐུས་རབ་ཏུ་ཆེ་བ་ཡིན་པའི་ཕྱིར་རོ། །གང་ལ་ལ་ཞིག་ང་འདུག་པའམ། ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་ན་སེམས་མཚུངས་པའི་ཕྱིར་འདི་གཉིས་ལ་བསོད་ནམས་ཀྱི་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །ཞེས་སོ། །དེ་ལྟ་བུའི་དགེ་ཚོགས་རིན་པོ་ཆེའི་ཕུང་པོ་སྒྲུབ་པའི་བྱ་བ་མཐར་མ་ཕྱིན་པ་དེ་སྲིད་དུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པས་དབྱིངས་ནས་དགྱེས་པའི་ཡེ་ཤེས་ཀྱི་སྤྱན་རས་འགོག་ཏུ་མེད་པ་གཟིགས་པས། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་སྤྲུལ་པ་དང་བཅས་པ་ལེགས་པའི་དཔལ་ལ་སྡང་བ་ཐམས་ཅད་བསླུ་བྲིད་ཀྱི་གོམ་པ་གྱ་གྱུར་འདོར་ཞིང་རྒྱུ་བའི་སྐབས་བཅད་པས་ཞི་བ་དང་བདེ་ལེགས་ཆེན་པོའི་ངང་ནས་རྩོམ་པའི་བྱ་བ་གང་ཡིན་པ་མཐར་ཕྱིན་ཏོ། །དེ་ལྟར་མཐར་ཕྱིན་ནས་ཀྱང་རྒྱུད་ལས། ཆོ་ག་དང་ནི་ནུས་པ་ཡི། །བརྟག་པ་ལས་གསུངས་ཚུལ་ལེགས་པ། །དེས་བྱས་བསོད་ནམས་ཆེ་བ་ཡིན། །ཞེས་དང༌། སློབ་དཔོན་ཆེན་པོས། ཕྱི་རབས་རྟེན་གསུམ་བཞེང་པ་རྣམས། །གྲུབ་དང་རབ་གནས་དུས་མཉམ་བྱ། །ཞེས་གསུངས་པ་ལྟར་དེ་མ་ཐག་པའི་གནས་སྐབས་སུ་བླ་མ་རིག་འཛིན་ཀུན་འདུས། སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཡོངས་རྫོགས་འདུས་པའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་ནས་དངོས་སྟ་ཉིན་གཉིས་མའི་


JLAZ007_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་དང༌། སླད་མའི་ཆར་ཕྱི་ནང་གི་རྟེན་གསུམ་ཡོངས་རྫོགས་ཚར་ཕྱིན་པ་ན་ལྷག་གནས་ནན་ཏན་ནི་རྟེན་བཞེངས་ཀྱི་དོན་པོ་ཡིན་པས་རབ་ཏུ་གནས་པའི་བྱ་བ་ལ་དགེ་ལེགས་ཀྱི་འབྲས་བུ་སྟེར་བའི་གཟའ་སྐར་བྱེད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་རབ་གནས་ཀྱི་ཆོ་གའི་ཡན་ལག་མ་ཚང་བ་མེད་པ་བཀྲ་ཤིས་རྒྱ་མཚོ་ལ་བརྟེན་ནས་སྟ་གོན་གྱི་ཆོས་ཡོངས་སུ་རྫོགས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁའ་ལ་བཞུགས་སུ་གསོལ་བ་ལ། དམ་ཚིག་གི་རྟེན་གཙུག་ཏོར་འཁོར་ལོས་སྒྱུར་བའི་དབྱིངས་སུ་བསྲུང་པའི་ཀུན་རྫོབ་དཔེའི་ཆོས་དར་སེར་དགབ་པའི་ཆོ་ག་ཡན་ཆད་ཚང་བར་བགྱིས་ཤིང༌། སང་ནངས་པར་མཆོད་པའི་སྤྲིན་རྒྱ་ཆེན་པོ་དང་བཅས་ཏེ་བཅོམ་ལྡན་འདས་ཐུབ་པའི་དབང་པོས་སུམ་ཅུ་རྩ་གསུམ་དུ་དབྱར་གནས་ཤིང་ཡུམ་གྱི་དྲིན་ལེན་བསབས་ནས་གྲོང་ཁྱེར་གསལ་ལྡན་དུ་ལྷ་ལས་བབས་པའི་དུས་ཀྱི་འགྱུར་བ་ཁྱད་པར་ཅན་དང༌། རྟེན་འབྲེལ་གྱི་ཆོས་ཉིད་མཆོག་ཏུ་དགེ་བའི་དུས་ཚོད་ལ་བབ་པ་ན་གཞི་ཀུན་ཁྱབ་ཆེན་པོ། ལམ་བསྐྱེད་རྫོགས་ཟུང་འཇུག འབྲས་བུ་ལྷུན་གྲུབ་ཆེན་པོའི་གནད་གསུམ་གྱི་མཚན་ཉིད་རྫོགས་པའི་ཆོ་གའི་སྦྱོར་བས་བརྟེན་པ་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དམ་ཚིག་གི་གཟུགས་བརྙན་ལ་གཉིས་སུ་མེད་པར་བསྟིམ་པའི་ཚེ། སངས་རྒྱས་ཐམས་ཅད་མངོན་སུམ་པར་


JLAZ007_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ནོ་སྙམ་པའི་མོས་གུས་ཀྱི་གདུང་བ་དྲག་པོ་དང༌། དེ་དག་ཀྱང་རང་གདངས་འགག་པ་མེད་པའི་རྩལ་དུ་ཤར་བས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། སྒྱུ་མ་ལྟ་བུའི་རྩལ་སྣང་མིག་འཕྲུལ་ལྟར་གཡོ་བ་གསུམ་ཕྲུགས་གཅིག་ཏུ་ཚོགས་པའི་དག་པ་རབ་འབྱམས་ཀྱི་སྣང་བས་འོག་མིན་ཆེན་པོའི་ཞིང་ཁམས་ཕྲ་རབ་ཀྱི་རྡུལ་དང་མཉམ་པ་ཡང་བློ་མཚོའི་སྤྱོད་ཡུལ་དུ་སྣང་བ་སྙམ་བྱེད་པའི་རང་སྣང་ལ་རང་གིར་སྤྱོད་དོ། །དེ་ལྟར་དུ་གྱུར་པའི་སྐད་ཅིག་མ་གཉིས་པ་ལ་རབ་ཏུ་གནས་བྱ་གནས་བྱེད་ཀྱི་རྟོག་ཚོགས་མ་ལུས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དགོངས་པ་དང་རོ་གཅིག་པ་ནི་དོན་དམ་པའི་རབ་གནས་ཡིན་ཏེ། རྒྱུད་ལས། བསྙེན་རྫོགས་རྟགས་ལྡན་རྣལ་འབྱོར་པས། །གཟིགས་པས་རབ་ཏུ་གནས་པ་ཆགས། །ཕྱི་ནང་སྣང་སྲིད་སྣོད་བཅུད་ཀུན། །ཡེ་ནས་ཆོས་སྐུའི་ངོ་བོར་གནས། །དེར་གཤེགས་དབྱིངས་ལས་མ་གཡོས་ན། །རྣམ་དག་རྟེན་མཆོག་བླ་ན་མེད། །ཅེས་བཤད་པའི་ཕྱིར་རོ། །འདི་ལྟ་བུའི་རབ་གནས་ཕན་ཡོན་གྱི་ངེས་པ་ཡང་རྒྱུད་ལས། རྟེན་དེ་གང་དུ་བཞུགས་ཀྱང་ནི། །འཁོར་དང་ལོངས་སྤྱོད་སྤྲིན་བཞིན་འདུ། །བུ་ཚ་རིགས་བརྒྱུད་ཤིན་ཏུ་འཕེལ། །སྙན་དང་གྲགས་པ་མཁའ་ལྟར་ཁྱབ། །བསམ་གཏན་ཏིང་འཛིན་འཕེལ་བ་དང༌། །འགྲོ་དོན་མང་པོར་བྱེད་པར་ནུས། །བདེ་གཤེགས་


JLAZ007_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་སྤྱོད་ཡུལ་གཅིག །ཅེས་འདོམས་སོ། །དེའི་ཚེ་མཐའ་རྒྱས་ཀྱི་རིམ་པ་ཡང་རབ་ཏུ་གནས་པའི་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནས་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་བཟོ་གནས་རིག་པ་ལ་གོམས་པ་དག་ནི་མདུན་འཇོག་གྱ་ནོམས་པས་ཚིམ་པར་བྱ་དགོས་པའི་ཡུལ་དུ་གསུངས་པ་ལྟར༌། ལས་འདི་སྒྲུབ་པའི་རིང་ལ་བཟའ་བཏུང་ཕུན་སུམ་ཚོགས་པ་དང་སྟོན་མོའི་བྱེ་བྲག་གིས་ཚིམ་པར་བྱས་ཤིང་མཐར་བྱས་པ་དྲིན་དུ་གཟོ་བའི་ཕྱིར་ཡོན་གྱི་རྣམ་གྲངས་ཤིན་ཏུ་རྒྱས་ཤིང་སྨར་བ་དག་གིས་མགུ་བར་བགྱིས་ལ། རྒྱུད་ལས། དེ་རྗེས་བུ་སློབ་ཡོན་བདག་ལ། །བུམ་དབང་བཀྲ་ཤིས་རྫས་བཞི་དང༌། །སྣ་བདུན་རྫས་བརྒྱད་དབང་བསྐུར་བྱ། །ཚོགས་འཁོར་བཟང་པོས་ཞལ་ཡང་བསྲོ། །བཀྲ་ཤིས་སྐྱིད་པའི་ལྷ་བྲོ་བྱ། །ཞེས་པ་ལྟར་ཡོན་བདག་བསྐོ་བཞག་དང་རྗེས་སུ་འབྲེལ་བར་མཆོད་པ་དང་སྣང་གསལ་གྱི་རྒྱུན་བར་མི་འཆད་དུ་འཛུགས་པས་མཚོན་དགེ་ཚོགས་མཐའ་རྒྱས་ཀྱི་ཕྲིན་ལས་རྣམས་གཏོང་བ་ཕུལ་དུ་ཕྱིན་པའི་སྙིང་སྟོབས་ལ་བདག་གིར་བྱས་ཏེ་སྟོབས་བཅུ་མངའ་བའི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པ་དང༌། འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་ཀྱི་མཛའ་ན་མོ་


JLAZ007_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་དུ་འགུགས་པའི་ཕོ་ཉར་མངགས་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས། རི་དབང་རྩེ་ན་སྲིད་པའི་ཟློས་གར་མ་བསྒྱུར་ཞིང༌། །དྲང་སྲོང་ཁྲོས་པའི་དམོད་པའི་བདེན་པས་བཏབ་མིན་པར། །བསྟན་ལ་སྲི་ཞུའི་མིག་སྟོང་བགྲད་པའི་སྙིང་སྟོབས་དང༌། །རྣམ་ཐར་འདི་ཀོ་དམ་པའི་ཚལ་ན་ཤིན་ཏུ་སྙན། །དཀར་པོའི་ལས་འདི་དོན་ལྡན་ཕ་རོལ་ཏུ། །ཕྱིན་པའི་སྣང་ཚུལ་མིག་འཕྲུལ་ལྟ་བུ་ལ། །མེ་ཏོག་མདའ་ཅན་དེ་ཡང་མགོ་རྨོངས་ནས། །ཚུལ་མིན་བརྩམས་པའི་བགྱི་བ་རིང་དུ་བཏང༌། །རྒྱ་ཆེའི་གཏོང་བ་ཚེ་འདིའི་སོ་ནམས་ཆེད་དུ་མིན། །སྙིང་སྟོབས་བསྐྱེད་པ་ཁྱིམ་གྱི་བདེ་འབྱོར་དོན་དུ་མིན། །བསྟན་དང་སྟོན་པའི་ཡོན་ཏན་དྲན་ནས་རི་མོར་བྱས། །དེ་ཕྱིར་འདི་ ན་རངས་པར་མི་འགྱུར་འགའ་ཡང་མེད། །འོན་ཀྱང་ལྔ་བརྒྱ་ཐ་མའི་སེམས་ཅན་བློ་ནི་ཤིན་ཏུ་མི་བསྲུན་པས། །འདི་ཡི་གནས་རྟེན་དཀོར་ཆའི་ཚོགས་དང་མཆོད་པའི་རྟེན་གྱུར་ཕྲ་མོ་ལའང༌། །ལོག་པར་བསྒྲུབ་ཅིང་ཁ་ན་མ་ཐོའི་བློ་ངན་འཆང་བ་གང་ཡིན་པ། །དེ་ཡི་སྙིང་ཁྲག་ཁྱབ་འཇུག་ཆེན་པོས་ཐང་ལ་འཕོ་ཞིག་ས་མ་ཡ།། །།གཏམ་ཚོགས་ལེའུ་བཞི་བཅུ་པའོ།། །།


previousགཏམ་ཚོགས་ལེའུ་བཞི་བཅུ་པ། པདྨ་འོད་གསལ་ཐེག་མཆོག་གླིང་རྟེན་དང་བརྟེན་པར་བཅས་པའི་གཏམ་ནོར་བུའི་དོ་ཤལ།next