Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཞེ་གཅིག་པ། གཙང་རུ་ལག་རྒྱལ་བྱེད་ཚལ་ལམ་གསང་སྔགས་ཐེག་མཆོག་གླིང་གི་གཏམ་དད་པའི་གེ་སར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཞེ་གཅིག་པ། གཙང་རུ་ལག་རྒྱལ་བྱེད་ཚལ་ལམ་གསང་སྔགས་ཐེག་མཆོག་གླིང་གི་གཏམ་དད་པའི་གེ་སར།next

གཏམ་ཚོགས་ལེའུ་ཞེ་གཅིག་པ། གཙང་རུ་ལག་རྒྱལ་བྱེད་ཚལ་ལམ་གསང་སྔགས་ཐེག་མཆོག་གླིང་གི་གཏམ་དད་པའི་གེ་སར།


JLAZ007_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་རུ་ལག་རྒྱལ་བྱེད་ཚལ་ལམ་གསང་སྔགས་ཐེག་མཆོག་གླིང་གི་གཏམ། དད་པའི་གེ་སར་ཞེས་བྱ་བ། སློབ་དཔོན་དགའ་རབ་རྡོ་རྗེ་ལ་ཕྱག་འཚལ་ལོ། །རིན་ཆེན་གསུམ་ཡང་ཐ་དད་མིན་ཞེས་པདྨའི་གེ་སར་ལ་ཆས་པ། །རྩ་ཅན་གྲོང་ནས་མངོན་པར་གཤེགས་དེའི་དེ་མ་ཐག་པའི་སྒྱུ་འཕྲུལ་ནི། །རྣམ་བྱང་ཡོངས་རྫོགས་ལྷུན་གྲུབ་རིག་འཛིན་འཇའ་ལུས་རྡོ་རྗེའི་ཞལ་སྐྱིན་ཅན། །དུས་གསུམ་སངས་རྒྱས་པདྨ་སྐྱེས་དེར་དངོས་པོ་ཀུན་གྱི་ཕྱག་གིས་བཏུད། །དེ་ལ་དབྱིངས་གདོད་མའི་ངང་ནས་སངས་རྒྱས་ཆོས་ཀྱི་སྐུའི་ཕྲིན་ལས་ཚད་མེད་པས་ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔ་གང་ཆེན་མཚོའི་ཞིང་ཁམས་རྒྱ་མཚོའི་བཀོད་པ་ལས། རྣམ་པར་སྣང་མཛད་ཆེན་པོའི་ཕྱག་གི་པདྨའི་ཕྲུམ་ཕྲུམ་ལ་ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་པའི་ཐུགས་ཀའི་ཐད་དྲང་བཅུ་གསུམ་པ་མི་མཇེད་འཇིག་རྟེན་གྱི་ནང་ཚན་ལྷོ་རྒྱལ་འཛམ་བུའི་གླིང་འདིར་བསྐལ་བཟང་རྣམ་འདྲེན་བཞི་པ་དམ་པ་ཏོག་དཀར་པོའི་རྣམ་འཕྲུལ་ལས་བདག་ཅག་གི་སྟོན་པར་གཟིགས་པ་ལྔས་བཞེས་ཏེ། ལྟ་སྤྱོད་ཕྱིན་ཅི་ལོག་ཏུ་སྨྲ་བའི་མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་བརྒྱད་ཚར་བཅད། མཛད་པ་བཅུ་གཉིས་ཀྱི་ཁོངས་སུ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། ཁྱད་པར་འོག་མིན་དང༌། ཨོ་རྒྱན། ཤམྦྷ་ལ། ལྷ་གནས་གསུམ་ལ་སོགས་པར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་གྲངས་ཀྱིས་མི་ཐུག་པར་གསུངས་


JLAZ007_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། མདོ་སྔགས་ཀྱི་བསྟན་པ་དེ་དག་ཀྱང་གཏད་རབས་བདུན་དང༌། རྒྱུན་དྲུག །མཆོག་བརྒྱད། སློབ་དཔོན་དགའ་རབ་རྡོ་རྗེ། རིག་འཛིན་རྣམ་བརྒྱད། གྲུབ་ཐོབ་བརྒྱད་ཅུ་ལ་སོགས་པས་ཆེས་ཆེར་བལྟར་མངོན་པ་དང་མི་མངོན་པའི་ཚུལ་གཉིས་ཀྱིས་བསྐྱངས་པ་ལས། རྡོ་རྗེ་གདན་གྱི་ནམ་མཁའ་ལ་སོགས་པར་བཞུགས་པའི་བསྟན་པའི་བཙས་གསུམ་གྱི་བྱིན་རླབས་ལས། གངས་རིའི་ཁྲོད་འདིར་རྒྱལ་བའི་ཕྲིན་ལས་དར་བའི་དུས་ལ་བབས་པ་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ། ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་རྒྱལ་པོ་ཛའི་ཆོས་ཆར་དང་ཐོག་མཉམ་པར་སྤང་སྐོང་ཕྱག་བརྒྱ་པ་ལ་སོགས་པ་བབས་ཏེ་དམ་པའི་ཆོས་ཀྱི་དབུ་བརྙེས། མདོ་སྡེ་པདྨ་དཀར་པོ་ནས་ལུང་བསྟན་གྱི་བདེན་པའི་རྔ་བོ་ཆེ་བསྒྲགས་པ་བཞིན་འཕགས་པ་མིག་མི་འཛུམས་པའི་ཐོར་ཚུགས་ལ་ཐོད་ཀྱིས་བསྒྲིབས་པ་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་རིང་ལ་བསྟན་པ་དམ་པའི་ཆོས་ཀྱི་སྲོལ་བཏོད། མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་བཞེངས་ནས་ས་གཞི་བཀྲ་ཤིས་པར་མཛད། རྗེ་བཙུན་འཇམ་དཔལ་དབྱངས་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆོ་འཕྲུལ་དུ་བཞུགས་པ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་མཁན་སློབ་རྣམ་གཉིས་སྤྱན་དྲངས་ཏེ། སའི་


JLAZ007_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་མཛད། དཔལ་ཨཽཌི་ཡ་ནའི་སློབ་དཔོན་ཆེན་པོས་འབྱོན་ལམ་དུ་མང་ཡུལ་གྱི་རི་བོ་དཔལ་འབར་ཕན་ཚུན་བརྗེས་པ་སོགས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྟན། བོད་ཀྱི་འདྲེ་སྲིན་གདུག་པའི་བརླང་སྤྱོད་རྩུབ་མོ་སྤ་བཀོངས་ནས་ཕྱག་རྒྱ་གཉེན་པོའི་ཟིལ་འོག་ཏུ་མནན། བསམ་ཡས་ཀྱི་གསེག་མ་ནེ་སེང་དུ་བསྒྱུར། ཟུང་མཁར་ནས་ཕུ་ཆུའི་རྒྱུན་ཆེན་པོ་བཏོན། ལྷ་སྲིན་རྣམས་ལས་ལ་བཀོལ་ཏེ། ཨོ་ཏནྟ་པུ་རི་གངས་རིའི་ཁྲོད་དུ་ཕྲུ་མ་བཏབ་པ་ལྟ་བུ་ལ་འོག་མིན་རྣམ་མཛེས་ཆེན་པོའི་གཟི་བྱིན་ཡང་བསྣན་ཏེ། དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། འཕགས་པའི་ཡུལ་ནས་པཎྜིཏ་བརྒྱ་རྩ་བརྒྱད་དང༌། ཐུན་མོང་དང་ཐུན་མོངས་མ་ཡིན་པའི་དམ་ཆོས་སྣང་བའི་སྒོ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། བཻ་རོ་ཅེན་དང༌། སྐ་ཅོག་ཞང་གསུམ། རྨ་གཉགས་གནུབས་གསུམ་ལ་སོགས་པས་ལོ་ཙཱ་བ་མཛད་དེ། མདོ་སྡགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུར་བསྒྱུར། མཁན་ཆེན་ལ་སད་མི་བདུན་གྱིས་རབ་ཏུ་བྱུང་སྟེ་དམ་པའི་ཆོས་འདུལ་བ་དང༌། བཤད་གྲ་སྒོམ་གྲའི་བསྟན་པ་བཙུགས། སློབ་དཔོན་ཆེན་པོ་དང༌། བི་མ་ལ་མི་ཏྲ་དང༌། སངས་རྒྱས་གསང་བ་ལ་སོགས་པས། ཨོ་རྒྱན་དང༌། ཤམྦྷ་ལ་དང༌། འགྲོ་ལྡིང་གི་ཡུལ་ལ་སོགས་པ་ནས། རིག་པ་འཛིན་


JLAZ007_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡེ་སྣོད་ཀྱི་ཉིང་ཁུར་གྱུར་པ་མང་དག་སྤྱན་དྲངས་ཤིང་དར་བར་མཛད་པས། ཕྱིས་ཇོ་བོ་ཨ་ཏི་ཤས་ཀྱང་སྔོན་ཆད་བོད་དུ་བྱུང་བའི་བསྟན་པ་ཙམ་རྒྱ་གར་དུའང་མ་དར། ཞེས་དང༌། དཀོར་མཛོད་ཀྱི་རྒྱ་དཔེ་གཟིགས་ནས་མདོ་སྔགས་ཀྱི་ཆོས་ལ་ཁོ་བོས་མི་ཤེས་བྱ་བ་མེད། རྒྱ་གར་དུ་ནམ་མཁའ་ནས་མཁའ་འགྲོ་མས་བསྟན་པའང་བསམ་གྱིས་མི་ཁྱབ་སྟེ། སྔར་མ་མཐོང་མ་ཐོས་པའི་རྒྱ་དཔེ་མང་པོ་འདི་ན་སྣང་བ་སློབ་དཔོན་པདྨས་མཁའ་འགྲོའི་གསང་མཛོད་ནས་བླངས་པ་ཡིན་མཆི་གསུངས་ནས་ཐུགས་རྒྱལ་ཆག །བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་བ་ཕུལ། གསང་བའི་བདག་པོའི་སྒྱུ་འཕྲུལ་མངའ་བདག་རལ་པ་ཅན་གྱི་རིང་ལ་གསུང་རབ་རྣམས་ལ་སྐད་གསར་བཅད་ཀྱིས་དག་ཐེར་མཛད་ཅིང་སྐར་ཆུང་རྡོ་རྗེ་དབྱིངས་དང༌། འོན་ཅང་རྡོའི་གཙུག་ལག་ཁང་བཞེངས། དགེ་འདུན་རེ་ལ་མི་ཁྱིམ་བདུན་བདུན་ཕུལ་ཞིང་བསྟན་པ་དར་རྒྱས་སུ་མཛད་པ་སོགས་ཆོས་ཀྱི་རྒྱལ་པོ་མེས་དབོན་གསུམ་གྱི་ཐུགས་བསྐྱེད་ལས། གངས་རིའི་ཁྲོད་འདིར་རྒྱལ་བསྟན་གྱི་སྣང་བྱེད་ཆེན་པོས་ཁྱབ་པར་མཛད་པ་ལ་ལྷ་མ་ཡིན་གྱི་འཇུག་པ་ཅན་གླང་དར་མ་འུ་དུམ་བཙན་གྱི་བྱེད་པ་ལས་དམ་པའི་ཆོས་འདུལ་བའི་བསྟན་པ་ལ་བར་ཆོད་ཆེན་པོ་བྱུང་ཡང༌། རིག་པ་འཛིན་པའི་སྡེ་སྣོད་རྣམས་ཁྱིམ་དང༌། རི་སུལ་ན་གནས་པའི་རིག་སྔགས་འཆང་བ་རྣམས་ཀྱིས་བཟུང་ཞིང༌། དཀོན་མཆོག་


JLAZ007_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རྟེན་ལ་བསྟི་སྟང་དང་གཅེས་སྤྲས་ཀྱིས་བསྲུངས་པས་དར་ནུབ་ཆེར་མ་བྱུང་ལ། མི་རིང་བར་པཎྜིཏ་སྨྲྀ་ཏི། དཔལ་མར་མེ་མཛད་དང༌། མ་བྱོན་སངས་རྒྱས་གསུམ་པ་ཁ་ཆེའི་བསོད་སྙོམས་པ་ཆེན་པོ་སོགས་རིམ་པར་བྱོན་ཅིང༌། སངས་རྒྱས་ཀྱི་ཕྲིན་ལས་ཚད་མེད་པས་བོད་འདིར་ཡང་མཁས་པ་དང་གྲུབ་པའི་སྐྱེས་བུ་དམ་པ་མང་དུ་བྱུང་བས་མདོ་སྡགས་རར་སའི་བསྟན་པ་ལ་ཕྲིན་ལས་རྒྱ་ཆེན་བྱུང་ཞིང་དེ་ཐམས་ཅད་ཀྱང་རང་ས་རང་ས་ན་བདེན་པ། དངོས་དང་བརྒྱུད་ནས་བསྟན་པ་དང་སེམས་ཅན་ལ་ཕན་པ་ཤ་སྟག་པས་འདོར་ལེན་བྱ་བའི་གནས་མ་ཡིན་ཡང༌། སེམས་ཅན་གྱི་ལས་སྣང་ནི་བསམ་གྱིས་མི་ཁྱབ་པས་ཀུན་འབྱུང་བ་ཅན་གྱི་ཉེར་ལེན་ལས། རྟོག་གེས་དྲེགས་པ་དང༌། བདེན་ཞེན་ཕྱོགས་གཅིག་པ་དང༌། ཆོས་མིག་རྡུལ་བྲལ་གྱིས་གཏིང་མ་ཕྱིན་པས། སྔོན་ཆད་བསྟན་པའི་སྣང་བྱེད་དང༌། ཆོས་ཀྱི་ལམ་སྲོལ་ལ་འདྲིས་ཆུང་བས་ལོ་པཎ་སྐད་བརྡ་ལ་བྱང་ཆུབ་མ་ཆུབ་ཀྱིས་བྱེ་བྲག་ལ་མ་དམིགས་པང་ཕྱིས་འགྱུར་བཅོས་ཤིང་བཅོས་པ་དག་ལ་གསར་ངས་ཀྱིས་དང་འགྱུར་རང་སར་གནས་པ་ལ་རྙོག་མ་ཅན་དུ་དབྱེན་འཆོས་པའི་བདེན་བྲལ་གྱི་རིག་པ་འཛིན་པའི་གཉེན་པོར། རྒྱལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་བསྟན་པའི་སྣང་བྱེད་ཆེན་པོ་གསར་དུ་བྱོན་པ་ལ་འདི་སྐད་ཅེས། འཛམ་གླིང་མཛེས་པའི་


JLAZ007_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དྲུག་མཆོག་གཉིས་དང༌། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང༌། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས། །འཁོར་འདས་ཆོས་སྐུར་རྫོགས་པའི་ཀློང་ཆེན་པ། །དྲི་མེད་འདོ་ཟེར་སྟོན་པ་གཉིས་པ་ཡིན། །གངས་ཁྲོད་ལྟ་བ་མཐའ་དག་གཞན་དབང་དུ། །ཐལ་འགྱུར་མཚོན་ཆ་རྣོན་པོས་སྨ་དབབ་པའི། །ཕས་རྒོལ་རང་ཉིད་རྟག་ཆད་གྲུབ་མཐའ་རུ། །འགོད་བྱེད་བསྟན་པའི་ཉི་མ་མ་ཤར་ན། །སྔོན་བྱོན་མཆོག་གཟིགས་མང་པོས་བསྐལ་ངན་བྱས། །འཁོར་ལོ་བར་མཐའི་ལྡེམ་དགོངས་གཉིས་འཐུང་སྣས། །རྣམ་པར་དཀྲུགས་པའི་གྲུབ་མཐའ་གསར་བུའི་ཡིད། །རྟོག་གེའི་གཞན་དབང་གྱུར་པ་འཇིག་རྟེན་ན། །རྣམ་པར་རིག་ཅིང་ལྡན་པ་སངས་རྒྱས་ཀྱི། །ཡེ་ཤེས་མངོན་སུམ་མཐོང་བ་ཁྱོད་ཀྱིས་བཀྲལ། །ཚིག་ཚོགས་དབུ་བའི་ཐ་སྙད་སྲུང་བས་ཀྱང༌། །ཁྱོད་གསུང་ཡོན་ཏན་རྫོགས་པའི་དཔལ་མཐོང་ནས། །མ་ནོར་ལམ་མཆོག་དགག་པ་རྩུབ་མོའི་ངག །ཁ་ཡི་སྲང་མདོར་འཁྱམས་ལ་སྐྲག་གྱུར་ཏེ། །འགྱོད་པའི་རྣལ་འཕྲུལ་སློང་བ་མཐོང་བའི་ཆོས། །གང་ལས་ཐུབ་བསྟན་སྐབས་གསུམ་དབང་པོའི་གྲོང༌། །ཀློག་པའི་བརྟུལ་ཞུགས་འཛིན་པར་འདོད་པ་ཀུན། །དོན་འདི་གཉེར་བྱར་བགྱིད་ན་སྔ་འགྱུར་བར། །ཁས་འཆེ་ཡང་དག་ལམ་ལས་ཕྱིར་ཕྱོགས་ཀུན། །རྣམ་ཤེས་ཕ་རོལ་སོང་


JLAZ007_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐྱེས་བུ་ཡིན། །ཞེས་སོ། །དེ་བཞིན་དུ་གངས་རིའི་ཁྲོད་འདིར་རྒྱལ་བསྟན་མགྲོན་པོར་འབོད་པའི་རྩ་ལག་ནི་ཐོག་མཐའ་བར་གསུམ་དུ། ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམ་གསུམ་གྱི་ཐུགས་བསྐྱེད་དང༌། སྨོན་པའི་སྟོབས་ཤུགས་ཁོ་ན་ལ་རག་ལས་པའི་ཕྱིར་ན། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སླར་ཡང་ངུར་སྨྲིག་འཆང་བའི་ཚུལ་གྱིས་བོད་ཆེན་པོའི་རྒྱལ་ཐབས་ཀྱི་ཁྲི་ལ་འཛེགས་པ་ངག་དབང་བློ་བཟང་རྒྱ་མཚོའི་སྡེས་གསར་རྙིང་གི་བསྟན་པ་ཉེ་འཁོར་མེད་པའི་གནས་ལ་སྦྱར་བའི་དགོངས་པ་རྫོགས་ཕྱིར། གང་གིས་སྲས་ཀྱི་ཐུ་བོ་ལྷ་སྲས་མུ་ནེ་བཙན་པོའི་སྐྱེ་བ་བཅུ་བདུན་པ་པཎྜི་ཏ་སངས་རྒྱས་རྒྱ་མཚོས་རབ་ཉི་མེ་བྱི་ལོ་འོག་མིན་གསང་སྔགས་ཐེག་མཆོག་གླིང་གི་འདུས་པའི་སྡེ་འདི་གསར་དུ་བཙུགས། དགེ་འདུན་བརྒྱ་དང་སུམ་ཅུ་སྐོར་འཚོ་བས་མི་བྲེལ་བའི་མཆོད་གཞིས་དང་སྒྲུབ་མཆོད་ཀྱི་ཆ་རྐྱེན་སོགས་བླ་ནས་སྦྱར་ཏེ་དམ་པའི་ཆོས་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་དང༌། རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཀྱི་གཞུང་ལམ་ཉམས་སུ་ལེན་ཞིང༌། བསྟན་སྲིད་དང་སེམས་ཅན་བདེ་ཐབས་ཀྱི་ཕྲིན་ལས་རབ་འབྱམས་ཀྱི་ཕྱག་བཞེས། ཚེས་བཅུའི་གར་འཆམས། རྡོ་རྗེ་གཞོན་ནུའི་རྩ་འཆམས་སོགས་གོང་མ་ལྔ་པའི་དགོངས་བཞེད་བཞིན་བཙུགས། མཁན་པོར་ཕན་བདེ་


JLAZ007_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་གླིང་པ་རིག་པའི་རྒྱ་མཚོ་བསྐོས། ཆོས་སྤྱོད་བཅུ་དང་ལྷག་པའི་ལྷའི་བསྙེན་སྒྲུབ། དུས་དང་དུས་སུ་ཐེག་པ་ཆེན་པོའི་གསོ་སྦྱོང་སོགས་ཚོགས་གཉིས་ཀྱི་ཡོན་ཏན་ཡར་འཕེལ་དུ་གྱུར་པའི་སྐབས་ཤིག །བདུད་སྡིག་ཏོ་ཅན་ཀླ་ཀློའི་བརྟུལ་ཞུགས་ལ་ཞེན་པ་ཇུན་གརྟི་པས་བོད་ཀྱི་མངའ་རིས་ལ་མཐོ་བཙམས་ཤིང༌། རྡོ་རྗེ་ཐེག་པའི་རིང་ལུགས་ཕྲ་མེན་གྱི་རིག་པས་བཅོམ་ནས་བལྟར་མི་མངོན་པའི་གནས་སུ་སྦྱར་ཡང༌། དབང་ཕྱོགས་གོང་མའི་དཔུང་ཆེན་གྱིས་དགྲ་སྟའི་དུམ་བུའི་ཚེར་མ་མིང་གི་ལྷག་མར་བྱས་པས་གོང་མ་ལྔ་པའི་ཐུགས་བསྐྱེད་སྟོབས་སུ་གྱུར་ཏེ་རིང་ལུགས་ཉམས་པ་སོར་ཆུད། དགོན་འདི་གའི་གྲ་རིགས་པེ་ཅིང་ནང་སོ་བློ་བསམ་གྱིས་ལྷག་བསམ་དང་རྒྱུ་ཚོགས་ཆུད་མི་འཛའ་བའི་བདག་པོའི་རྐྱེན་རྒྱལ་བསྟན་ལ་གུས་པ་ཅན་ཇུན་ཝང་བསོད་ནམས་སྟོབས་རྒྱས་ཀྱིས་མཛད་དེ་གཙུག་ལག་ཁང་མ་ལག་དང་བཅས་སྔར་བཞིན་འབྱོངས། རིམ་པས་མཁན་པོ་དགེ་འདུན་བཀྲ་ཤིས་ཀྱིས་ལི་མ་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ། མཁན་པོ་ནམ་མཁའ་བསྟན་སྐྱོང་གིས་ཁུར་མཛད་དེ་གསེར་ཟངས་ཀྱི་རྒྱལ་མཚན་བཞི་དང༌། རྣམ་བཅུ་རི་དྭགས་ཆོས་འཁོར། སྤེན་བད་ཞིག་གསོས། མེ་སྲོང་གནས་ཀྱི་གསེར་འཕྲུ། དེ་རྗེས་མཁན་པོ་ཨོ་རྒྱན་དཔལ་མགོན་གྱི་ལས་ཐོག་སྐབས་སྡེ་


JLAZ007_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ལ་བཀའ་དྲིན་ཆེ་བ་ལྷ་སྲས་སངས་རྒྱས་རྒྱ་མཚོ་ནས་མཁན་ཐོག་རིམ་བྱོན་ཀུན་དགའ་དཔལ་བཟང་ཡན་གྱིས་སྒྲིབ་གཉིས་སྦྱང་ཕྱིར་སེང་གཡེང་ཀ་རིང་གཉིས་ཀྱི་ཐོག་བཤུབ་འབུབས་ཀྱི་ཞིག་གསོ་དང༌། གསེང་གཡེང་ཕྱི་ནང་གི་ལྡེབས་བྲིས་ཤིང་རྩི། བཟང་གོས་ཀྱི་གནས་རྒྱན་སོགས་སྤྱིར་རྒྱུ་སོང་དངུལ་ཐོག་ཏུ་ཕབ་པར་དངུལ་སྲང་བརྒྱ་ཕྲག་བཞི་དང་བརྒྱད་ཅུ་ཐམ་པ། མཁན་པོ་རང་ཉིད་དང༌། སྡེ་རྙིང་བྱམས་པ་བསྟན་འཛིན་ཅན་གྱིས་ལག་འདོན་དང་བཅས་བྱ་བ་ལེགས་པ་ཚར་ཕྱིན་པའི་དེ་མ་ཐག་པར༌། མཁན་པོ་འདི་ཉིད་ནས་ལྷག་བསམ་རྣམ་དག་གིས་དགེ་འདུན་བྱིངས་ལ་ཁུར་དུ་འགྲོ་བའི་རིགས་གཏན་ནས་མེད་པས་རིག་འཛིན་འཇིགས་མེད་གླིང་པ་སྤྱན་དྲངས་ཏེ། ཐོག་མར་གཙུག་ལག་ཁང་ཕྱི་ནང་གི་རྟེན་བརྟེན་པ་ཐམས་ཅད་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒོ་ནས་སྟ་གོན་དང་དངོས་གཞི་ཉིན་གཉིས་པ་རབ་ཏུ་གནས་པའི་ཆོ་ག་ཤིན་ཏུ་རྒྱས་པ་བཀྲ་ཤིས་རྒྱ་མཚོའི་གཞུང་བཞིན་དང༌། དེ་ནས་ཚོགས་པ་བྱིངས་སྨིན་གྲོལ་གྱི་གདམས་པས་རྒྱུད་གྲོལ་བར་མཛད་པའི་ཐོག་མར། ཚེ་དཔག་མེད་སྐུ་གསུམ་འདུས་པ་དང༌། དྭངས་མ་བཅུད་འདྲེན་གྱི་དབང་གིས་སྒོ་ཕྱེ་སྟེ། བཀའ་བརྒྱད་བདེ་གསང་གཉིས་དང༌། ཕུར་


JLAZ007_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱུད་ལུགས། སྙིང་ཐིག་ཡ་བཞི། བཀའ་མ་སྒྱུ་འཕྲུལ་རྒྱ་ཅན་བྱིངས་ཆེ། བླ་མ་གསང་འདུས། ཐུགས་སྒྲུབ། དབྱིངས་སྒྲོལ། ཚེ་བདག །ལོག་ཏྲི། ཉང་གཏེར་ཁྲོས་ནག་དཔལ་ལྡན་དམག་ཟོར་མ་སོགས་དབང་ཀ་ཉི་ཤུ་སྐོར་དང༌། ཁྱད་པར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་བླ་རྫོགས་ཐུགས་གསུམ་གྱི་དབང་ཀ་ཡོངས་རྫོགས་ཀྱིས་རྒྱུད་སྨིན་པར་བྱས་ཏེ། སྙིང་ཐིག་ཡ་བཞི་དང༌། རྒྱལ་བ་གཉིས་པའི་མཛོད་བདུན་གྱི་དགོངས་པ་གཅིག་ཏུ་བསྡུས་པའི་ཁྲིད་གཞུང་མ་བུ་གསུམ་གྱིས་གྲོལ་བྱེད་ཀྱི་གདམས་པའི་སྔོན་འགྲོའི་ཁོངས་སུ། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་གཉིས་ཀྱི་གཞུང་ལུགས་ཟུང་དུ་འཇུག་པའི་སྨོན་འཇུག་གི་སེམས་བསྐྱེད་ལ་བརྟེན་པའི་བྱང་སྡོམ་འབོག་ཆོག་གི་དུས་དཀོན་མཆོག་ལ་མཆོད་པ་རྒྱས་པ་དང༌། ལུག་སུམ་ཅུ་སོ་གསུམ་གྱི་སྲོག་བསླུ། དངོས་གཞིའི་ཐོག་མར། བཀའ་མ་སྒྱུ་འཕྲུལ་ཞི་ཁྲོ་དང༌། ཕུར་པ་རྒྱུད་ལུགས། གཏེར་མ་བཀའ་བརྒྱད་བདེ་གསང་གཉིས་ཀྱི་གཞུང་ལུགས་ལ་བརྟེན་པའི་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྤྱོང་ཞིང༌། དག་རྫོགས་སྨིན་གསུམ་གྱི་སྦྱང་གཞི་སྦྱོང་བྱེད་ཚང་བས། རིགས་འཛིན་བཞིའི་གྲུབ་མཐའ་སྙོག་ཚུལ་བསྐྱེད་རིམ་གྱི་བཤད་པ་རྒྱས་པ་དང༌། མཚན་བཅས་མཚན་མེད་ཀྱི་རྫོགས་རིམ་སྤྱི་དང། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཁྲེགས་ཆོད།


JLAZ007_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་རྒལ། བར་དོ། འབྲས་བུ་དང་བཅས་བའི་སྨིན་ཁྲིད་རྒྱས་པ། རྒྱབ་རྟེན་རྒྱུད་བཅུ་བདུན་གྱི་ལུང་དང༌། རྒྱུད་འབུམ་ཡོངས་རྫོགས་ཀྱི་བཀའ་གཏད་སོགས་ལུང་གི་ཆོས་འཁོར་ཟླ་བ་གསུམ་ལ་ཉེ་བ་བསྐོར། སྔ་འགྱུར་བཀའ་མའི་བསྟན་པ་ཉམས་པ་གསོ་ཕྱིར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་གསང་བ་སྙིང་པོ་ཞི་བ་དང༌། ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་པཎ་ཆེན་བི་མ་ལ་དང༌། སངས་རྒྱས་གསང་བའི་རྒྱ་གཞུང་སོར་གནས་ལ་ལྷན་ཐབས་སྦྱར་བ་དང༌། ཕུར་པ་རྒྱུད་ལུགས་ཀྱི་སྒྲུབ་མཆོད་ཀྱི་རྒྱུན་བདག་ཉིང་ནས་བཙུགས་ཤིང༌། དེའི་མཆོད་ཐེབས་སུ་དངུལ་སྲང་བརྒྱ་དང་ལྔ་བཅུ་སྦྱར་བ་སོགས་མདོར་ན་བདག་ཅག་དཔོན་སློབ་ཐམས་ཅད་ནས་བསྟན་པའི་བྱ་བ་ཁུར་དུ་བླངས་པ་འདི་དག་གི་རྒྱུན་མི་ནུབ་པའི་བྱ་བ་ལས་ཀྱི་འཁོར་ལོ་ཕྱིན་ཆད་པ་རྣམས་ཀྱིས་ཀྱང་བདག་གིར་མཛད་པ་དང༌། དེ་ལྟར་གྱི་དགེ་བའི་རྩ་བ་ཡང་གནས་སྐབས་སུ་བསྟན་པ་དར་ཞིང་སེམས་ཅན་གྱི་བདེ་སྐྱིད་ལ་ཕན་པ་དང༌། མཐར་ཐུག་ཕ་མ་འགྲོ་དྲུག་གི་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་བྱང་གྲོལ་བདེ་ཆེན་གྱི་ས་ལ་འཁོད་པའི་རྒྱུར་བསྔོ་བའི་མཐུན་འགྱུར་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་གསོལ་བ་ཡིན་ནོ། །གཏམ་ཚོགས་ལེའུ་ཞེ་གཅིག་པའོ།། །།


previousགཏམ་ཚོགས་ལེའུ་ཞེ་གཅིག་པ། གཙང་རུ་ལག་རྒྱལ་བྱེད་ཚལ་ལམ་གསང་སྔགས་ཐེག་མཆོག་གླིང་གི་གཏམ་དད་པའི་གེ་སར།next