Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཞེ་གཉིས་པ། མཆོ་སྣར་རྒྱུད་འབུམ་བཞེངས་པའི་གཏམ་ཀ་ལནྟ་ཀའི་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཞེ་གཉིས་པ། མཆོ་སྣར་རྒྱུད་འབུམ་བཞེངས་པའི་གཏམ་ཀ་ལནྟ་ཀའི་རྒྱན།next

གཏམ་ཚོགས་ལེའུ་ཞེ་གཉིས་པ། མཆོ་སྣར་རྒྱུད་འབུམ་བཞེངས་པའི་གཏམ་ཀ་ལནྟ་ཀའི་རྒྱན།


JLAZ007_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མཆོ་སྣར་རྒྱུད་འབུམ་བཞེངས་པའི་གཏམ་ཀ་ལནྟ་ཀའི་རྒྱན་ཅེས་བྱ་བ། འཇམ་དཔལ་དཀར་པོ་ལ་ཕྱག་འཚལ་ལོ། །རི་མོ་གཡས་སུ་འཁྱིལ་བའི་བཀྲ་ཤིས་དུང༌། །ལེགས་བྱས་སྤུངས་པ་ཟླུམ་པའི་ངོ་མཚར་དབྱངས། །སྐྱེ་བ་ལྔ་པའི་མཆུ་སྒྲོས་ལ་ཆགས་པའི། །གཏམ་གྱི་ངང་ཚུལ་གསར་པ་འདི་ལོངས་ཤིག །དེ་ལ་གྲོང་ཁྱེར་ཆེན་པོ་མ་ག་དྷཱ་རྡོ་རྗེའི་གདན་ནས་བྱང་ཕྱོགས་སུ་དཔག་ཚད་མང་པོར་ཐལ་པ་རི་ཁ་བ་ཅན་གྱི་མུ་ཁྱུད་བུམ་ཐང་དགེ་གནས་སྐྱེར་ཆུའི་གཙུག་ལག་ཁང་དང་རིང་པོ་མ་ཡིན་པ་ན། དཔལ་སངས་རྒྱས་གཉིས་པ་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་པའི་སྐུ་རྗེས་བྲག་སོགས་རྟེན་དང་བརྟེན་པའི་དགེ་མཚན་གྱིས་ཤིས་པར་ཡང་བྱས་ལ། འཕགས་ཡུལ་གྱི་པཎྜི་ཏ་ནགས་ཀྱི་རིན་ཆེན་དང༌། གངས་ཅན་མཁས་པའི་དབང་པོ་རྒྱལ་སྲས་དྲི་མེད་འོད་ཟེར་ལ་སོགས་སྐྱེས་བུ་དམ་པ་དུ་མས་སྐལ་བ་མཆོག་རྣམས་གདུལ་བྱར་མཛད་པ་ལྷོ་མོན་ཁ་བཞིའམ། ལྷོ་ཕྱོགས་རི་བྲག་པའི་གྲོང་ཁྱེར་ན་ཡུལ་དབུས་གཙང་རུ་བཞིའི་ཆ་དང༌། གྲུ་གུའི་ཡུལ་ལ་སོགས་པ་རིས་ཐ་དད་པའི་སྐྱེ་དགུ་མང་པོ་རང་གིར་འཚོ་བ་ལས། ཟུར་དགོན་བླ་མར་གྲགས་པའི་སྡེ་ཚན་གཅིག་པ་ཞིག་ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམ་གསུམ་གྱིས་རིང་དུ་བསྐྱངས་པའི་མངའ་རིས་ལ་སྐྱབས་སུ་དོང་ནས་ཉང་སྟོད་རྩེ་དགུའི་གྲོང་ཁྱེར་ན་དཔྱ་དང་ཁྲལ་གྱིས་འཚོ་བའི་རྗེའུ་རིགས་ཀྱི་བརྟུལ་ཞུགས་ལ་གནས་པའི་ཆོ་འབྲང་ཅན། སེ་ན་


JLAZ007_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་བ་ཇོ་ལྷ་ཁང་པ་གཅེན་པདྨ་བསྟན་སྐྱོང་དང༌། གཅུང་རྗེ་དྲུང་རྡོ་རྗེ་སྙིང་པོས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པའི་བཙས་དང་རང་རང་གི་ཚོགས་གསོག་སྒྲིབ་སྦྱོང་ལ་དམིགས། ཁ་བའི་ལྗོངས་འདི་སྔོན་མ་སངས་སྤུན་དགུས་བཟུང་བའི་དུས་ཡུལ་ན་བུན་གྱིས་གཏིབས་པ་མཚོ་དང་འཁྲུལ་པ་སྐྱེས་ཤིང༌། གང་དང་ཉེ་བའི་སར་བྲག་རིའི་བ་གམ་བརྩེགས་པའི་སྣ་ཞིག་མཐོང་བ་ལས་མཚོ་སྣར་གྲགས་པའམ། བྱང་ན་ནེ་ར་གཡུ་མཚོ། ལྷོ་ན་སྐྱེར་ཆེན་གཡུ་མཚོ་གཉིས་ཀྱི་སྣེ་མོར་གྱུར་པས་དེའི་སྐད་དུ་གྲགས་པའི་ཡུལ་མོན་བོད་ཀྱི་མཚམས། སྦས་ཡུལ་སྐྱེད་མོ་ལྗོངས་སམ། ཤར་ལ་འགོ་ཡུལ་གསུམ་ས་གཞི་གསེར་གྱི་ཡོལ་གོ་འདྲ་བའི་བྱང་ཕྱོགས་ན་རྫོགས་པའི་སངས་རྒྱས་མཚོ་སྐྱེས་རྡོ་རྗེའི་སྐུའི་གནས་དོམ་ཚང༌། ཤར་ན་གསུང་གི་གནས་གཟིག་ཚང། ལྷོ་ནུབ་ན་ཐུགས་ཀྱི་གནས་སྟག་ཚང༌། ལྷོ་ན་ཡོན་ཏན་གྱི་གནས་སྒོམ་པ་ཕུག །ཆུ་མགོ་ན་ཕྲིན་ལས་ཀྱི་གནས་དཀར་པོ་ཟངས་རྣམས་མངའ་རིས་སུ་འབྲེལ་བའི་ལྗོངས། འཕགས་པ་ལག་ན་མྱུ་གུ་རེ་ཞིག་ན་གསང་བ་སྔགས་ཀྱི་རྡོ་རྗེའི་བརྟུལ་ཞུགས་ལ་རྩེན་པས་སྐུའི་སྐྱོ་སངས་སེམས་དཔའ་སེམས་མའི་ཚོགས་དང་བཅས་པའི་མཛད་པའི་སྒྱུ་འཕྲུལ་ལ་ཆགས་པའི་ཚེ། ལྷ་བུ་མི་གྲིབ་ཀྱིས་མྱོས་པའི་རིགས་སུ་བལྟམས་པ་བློ་བཟང་


JLAZ007_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཚངས་དབྱངས་རྒྱ་མཚོ་གཞོན་ནུ་རོལ་རྩེད་ལ་རྩེན་པའི་གནས་སུ། མཚམས་ཀྱི་སྤྲིན་པ་བླ་གོས་སུ་དཔྱངས་པ་གཉིས་སྐྱེས་དབང་པོའི་ལོར་ཇི་སྐད་དུ་མདོ་དགོངས་འདུ་ལས། ལང་ཀའི་བདག་པོ་གཟུགས་བརྙན་གྱི་སྤྲུལ་པ་ནི་ཐ་དད་དེ། གསུང་གི་གཟུགས་བརྙན་ནི་ཡི་གེར་སྣང་བ་ཡིན་ལ། ཡི་གེའི་སྤྲུལ་པ་ནི་འདི་ལྟ་སྟེ། མིང་དང༌། བྱུང་ཚུལ་དང༌། གཟུགས་དང༌། རང་བཞིན་དང༌། སྒྲ་དང༌། ལས་དང༌། སྒོ་དང༌། རྣམ་གྲངས་དང༌། ཡི་གེའི་གཞི་རྣམས་ཀྱིས་དེ་ཁོ་ན་ཉིད་གསང་བ་དམ་པ་དེ་མཐོང་ཞིང་ཤེས་པར་གྱུར་ཏོ། །དེས་ཆོས་ཐམས་ཅད་ལ་མཁས་ཤིང་གྲོལ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པ་བླ་ན་མཚུངས་པ་མེད་པ་དེའི་གྲུབ་པའི་མཐའི་དོན་གྱི་སྙིང་པོ་ནི་ཟབ་མོ་ངེས་པའི་དོན་འབའ་ཞིག་ལ་གཞོལ་བར་བྱེད། འབབ་པར་བྱེད་པས་སེམས་ཅན་མང་པོ་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་ཆེན་པོར་བདེ་བླག་ཉིད་དུ་སོན་པར་བྱེད་པ་ནི་གསང་བ་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་ཁོ་ནའི་ཁྱད་ཆོས་ཡིན་ལ། དེའི་ནང་ཚན་ལས་ཀྱང་སྐལ་པ་མཆོག་གི་གདུལ་བྱ་གང་ཡིན་པ་རྣམས་དུས་རིང་པོ་ལ་ཡིད་སྨོན་བྲལ་པས་མིག་འཕུལ་ལྟར་གདོད་མའི་མགོན་པོའི་གོ་འཕང་ལ་སྦྱོར་བ་ནང་རྒྱུད་སྡེ་གསུམ་མམ། ཡོ་ག་གསུམ་དུ་གྲགས་པའི་ངེས་འབྱེད་ཀྱིས་བསྡུས་པའི་རྒྱུད་


JLAZ007_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་རིན་པོ་ཆེ་པོ་ཏི་ཉི་ཤུ་རྩ་ལྔ་དཀར་ཆག་དང་བཅས་པ། གངས་ཅན་འདི་ན་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་གྲུབ་པའི་མཐའ་དོན་བཟང་པོ། ཚིག་འབྲུ་བཟང་པོ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པའི་ལམ་བཟང་པོ་གང་ཡིན་པ་སྨྲ་བའི་གནས་ལ་འཇམ་པའི་གཞོན་ནུའི་བློ་གྲོས་ཐོབ་ནས། འཇིག་ཚོགས་ལ་བལྟ་བའི་རི་བོ་ཉི་ཤུ་པོ་ལུང་དང་རིག་པའི་ཞོ་འཐུང་རུས་པའི་རྡོ་རྗེས་རྣམ་པར་འཇོམས་པས་གངས་ཅན་མཁས་པའི་དབང་པོ་དཔལ་བསམ་ཡས་པ་ཞེས་སྨྲ་བའི་ཉི་མ་ཐམས་ཅད་ཀྱི་འདུན་སར་གྲགས་ལ། སྐྱེས་བུ་དམ་པ་འདིའི་གསུང་རབ་ཀྱི་བརྗོད་བྱ་དང་རྗོད་བྱེད་གཉིས་ཀས་ཟབ་པ་དང་རྒྱ་ཆེ་བའི་གནས་ལ་གཞན་དྲིང་མི་འཇོག་པ་སྨོས་ཅི་འཚལ་གྱི། བསྟན་བཅོས་གཞན་དག་ཐ་སྙད་ཀྱི་རིག་པའི་མཐའ་གཅིག་གི་སྒོར་ལྷུང་བའམ། མཐའ་དྲུག་ཚུལ་བཞིའི་གོ་པ་འཇོག་བཞིན་དུ། མིང་དང༌། ཚིག་དང༌། ཡི་གེའི་བརྗོད་པའི་གནས་ལ་ལྟོས་གྲུབ་ཀྱི་གྲུབ་མཐའ་རང་རྒྱུད་པར་ཁས་བླངས་ནས་སངས་རྒྱས་ཀྱི་ཕྲིན་ལས་ཚད་མེད་པས་གདུལ་བྱ་ཐབས་ཀྱིས་འདུལ་བའི་བཀའ་གསང་གི་ངེས་པ་ཟབ་པ་དང་རྒྱ་ཆེ་བའི་གནས་འགའ་དང་འགའ་ལ་བཟང་པོར་འདུ་ཤེས། འགའ་དང་འགའ་ལ་ངན་པར་འདུ་ཤེས་པའི་འགལ་འབྲེལ་གྱི་ཐལ་འགྱུར་མངོན་སུམ་པར་བཀོད་པས་ཆོས་སྤོང་


JLAZ007_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སྤྲོ་བཞིན་དུ་འཇུག་པ་དག་ལས་འཕགས་པའི་བློ་གྲོས་དཀྱིལ་པོ་ཆེས་ཐ་གྲུ་ཡངས་པས་སོ་སོ་ཡང་དག་རིག་པ་བཞིའི་གྲོང་ཁྱེར་ག་ལ་བར་བདེ་བླག་ཉིད་དུ་སོན་པའི་ཚུལ་ཡང་བླ་ན་མེད་པའི་རྒྱུད་སྡེ་རིན་པོ་ཆེ་ནས། གསང་སྔགས་ཀྱི་ངོ་བོ་དེ་ནི་གང་གི་བློ་ཞིབ་པ། ཆེས་ཞིབ་པ། ཤིན་ཏུ་ཟབ་པ། ཆེས་ཟབ་པས་བལྟ་བར་བྱའོ། །ཞེས་དང༌། ཆེས་ཟབ་པ་ནི་གང་ཞེ་ན། གང་ལ་ལ་དག །ཆོས་ཐམས་ཅད་ལ་མུ་དང༌། གཏིང་དང༌། མཐའ་དང༌། དབུས་འཚོལ་བ་དག་ཡོད་དེ། དེ་དག་ནི་བློ་ཟབ་པ་ཆེས་ཟབ་པ་ཞེས་མི་བྱ་ཡི། ཐུག་པ་ཉིད་དུ་ཐུག་པ་ཞེས་བྱའོ། །གང་འཁྲུལ་པ་དག་སྨིག་རྒྱུ་ལ་ཆུར་འདུ་ཤེས་ཏེ་སྙེག་པའམ། ལྗོངས་པ་དག་ནམ་མཁའི་མཐའ་འཚོལ་བ་བཞིན། ཆོས་ཐམས་ཅད་ཀྱི་མུ་དང༌། གཏེང་དང༌། མཐའ་དང༌། དབུས་བཙལ་བས་ཀྱང་མི་རྙེད་ལ་དབྱེ་བར་ཡང་མེད་དོ། །ལངྐའི་བདག་པོ་འོན་ཏང་ཆོས་ཐམས་ཅད་ལ་མུ་དང་གཏིང་མེད་ལ། མཐའ་དང་དབུས་མེད་པར་ཆུབ་པ་གང་ཡིན་པ་དེ་ནི་བློ་ཟབ་པ། ཆེས་ཟབ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ནི་རྟོག་དཔྱོད་དང་བྲལ་བའོ། །ཞེས་བསམ་གྱིས་མི་ཁྱབ་པ་འཕགས་པའི་བློ་གྲོས་ཀྱི་མཐུས་གངས་ཁྲོད་འདི་ན་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་གཙུག་ཏོར་གྱི་རྩེ་མོར་འགོངས་པ་རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའི་གསུང་རབ་ངལ་བསོ་སྐོར་གསུམ་རྩ་འགྲེལ་སྡེ་ཚན་བཅོ་ལྔ་དང༌། མཛོད་བདུན་མ་བུ་ཆ་ལག་དང་བཅས་པ་དཔལ་གསང་བའི་སྙིང་པོའི་རྒྱ་བོད་ཀྱི་


JLAZ007_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་མཐའ་ཡས་པའི་དབུས་ན་དོ་ཟླར་འོས་པ་སྤངས་པ་ཕྱོགས་བཅུ་མུན་སེལ་ཉི་ཟླའི་སྤྲིན་གྱི་སྣང་བ་དང་བཅས་པ་པོ་ཏི་བརྒྱད། གཏེར་ཆོས་ཀུན་གྱི་རྒྱལ་པོ་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་ཁོ་མཐིང་ལྷ་ཁང་ནས་སྤྱན་དྲངས་པ་བཀའ་བརྒྱད་བདེ་འདུས་པོ་ཏི་བདུན་བཅས་ཁྱོན་ཀུན་ར་གཅིག་གི་གྲོང་ཁྱེར་ལ་པོ་ཏི་གྲ་མཚུངས་བཞི་བཅུ་ཐམ་པ། མཆོད་ཐེབས་དངུལ་སྲང་ལྔ་བཅུ། འབྲུ་རུའི་ཁལ་བཞི་བརྒྱ་བཅས་ཀྱི་བེད་ཐོག་དང༌། རུ་གཉིས་བརྒྱ་སྐོར་གྱི་དཀར་ཕུད་ནས་འབུལ་རྒྱུ་རང་རེ་མི་མུ་བརྒྱུད་པ་དང་བཅས་པའི་བསོད་ནམས་དམ་པའི་རྟེན་དུ་དམ་བཅའ་བ་ཡིན་ནོ་གསུངས་ནས། ཁོ་བོ་ཅག་ལ་རབ་གནས་ཀྱི་རྗེས་འབྲེལ་དུ་བསྔོ་སྨོན་གྱི་མཐུན་འགྱུར་བྱེད་པར་བསྐུལ་མ་མཛད་པ་ཡིན་པས། རྗེས་འཇུག་ཕྱི་རབས་པ་རྣམས་ནས་ཀྱང༌། སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྲས་བརྒྱུད་རྣམས་ཀྱིས་ཡབ་མེས་དམ་པའི་རྣམ་ཐར་བཟང་པོ་ལ་དྲན་པ་ཉེ་བར་བཞག་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་འཛིན་དང་བཅས་པ་ལ་ཤིན་ཏུ་གུས་ཤིང་སྲི་ཞུ་བླ་ལྷག་ཏུ་ནི་སྐྱེད། འཇིག་རྟེན་གྱི་འཕྲལ་ཡུན་མ་ལུས་པའི་རྒུད་པ་སེལ་བ་ལ་གཅིག་ཏུ་བརྩོན་པའི་སྙིང་སྟོབས་མ་སྨད་པ་བཞིན། ཡ་རབས་དྲ་མའི་ངང་ཚུལ་བཟང་པོས་བསྡུ་བའི་


JLAZ007_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་བཞི་ལ་ཡོངས་སུ་སྤྱད་ནས་བསོད་ནམས་དམ་པའི་ཡུལ་ལ་ཤིན་ཏུ་འདུན་ཞིང༌། བདག་ཉིད་ལ་བྱང་ཆུབ་མི་ཟད་པའི་ས་བོན་བསྐྲུན་པའི་རྣམ་པར་དཀར་བ་འདི་ལྟ་བུ་རྗེས་སུ་ཡི་རང་བ་བསྒོམས་ཤིང་མཆོད་པའི་རྒྱུན་དང་སྲི་ཞུ་མི་ལྷོད་པ་དམ་ཚིག་ཏུ་བལྟས་ནས་རང་རང་ཡང་བསོད་ནམས་དམ་པའི་ཡུལ་ལ་མཆོག་ཏུ་འདུན་པ་དང༌། དེ་ལྟ་བུའི་དགེ་བའི་རྩ་བ་ཡང་འཕགས་པ་ལག་ན་རལ་གྲི་དང༌། སེམས་དཔའ་ཀུན་ཏུ་བཟང་པོའི་དམ་པ་གསུམ་དང༌། བཟང་པོ་བཞི་ལྡན་གྱི་བསྔོ་བ་དམ་པའི་ལམ་སྲོལ་མ་སྨད་པའི་ཤིང་རྟ་མཆོག་ལ་བཞོན་པའི་རྗེས་འབྲེལ་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་བཅུ་ཕྲག་བཅུའི་དངོས་པོ་ལ་ལོངས་སྤྱོད་པའི་སྨོན་ལམ་གྱི་རིམ་པ་ནི། ཞེས་པ་ནས་སྐྱེས་རབས་བརྒྱ་པའི་སྨོན་ལམ་མུ་མཐུད་པ་དཀར་ཆག་ཆེན་མོའི་གཤམ་ལ་བྲིས་སོ། །གཏམ་ཚོགས་ལེའུ་ཞེ་གཉིས་པའོ།། །།


previousགཏམ་ཚོགས་ལེའུ་ཞེ་གཉིས་པ། མཆོ་སྣར་རྒྱུད་འབུམ་བཞེངས་པའི་གཏམ་ཀ་ལནྟ་ཀའི་རྒྱན།next