Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཞེ་གསུམ་པ། ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ཏུ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་པར་དུ་བཞེངས་པའི་དུས་ཞུ་ཆེན་པ་རྣམ་གཉིས་ལ་སྐབས་དབྱེ་བའི་གཏམ་དྲང་སྲོང་གི་རྔ་སྒྲ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཞེ་གསུམ་པ། ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ཏུ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་པར་དུ་བཞེངས་པའི་དུས་ཞུ་ཆེན་པ་རྣམ་གཉིས་ལ་སྐབས་དབྱེ་བའི་གཏམ་དྲང་སྲོང་གི་རྔ་སྒྲ།next

གཏམ་ཚོགས་ལེའུ་ཞེ་གསུམ་པ། ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ཏུ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་པར་དུ་བཞེངས་པའི་དུས་ཞུ་ཆེན་པ་རྣམ་གཉིས་ལ་སྐབས་དབྱེ་བའི་གཏམ་དྲང་སྲོང་གི་རྔ་སྒྲ།


JLAZ007_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ཏུ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་པར་དུ་བཞེངས་པའི་དུས་ཞུ་ཆེན་པ་རྣམ་གཉིས་ལ་སྐབས་དབྱེ་བའི་གཏམ་དྲང་སྲོང་གི་རྔ་སྒྲ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །རྣམ་པ་ཐམས་ཅད་མཁྱེན་ཡང་རྣམ་མི་རྟོག །སྒྲ་ཚིག་བརྗོད་པ་བྲལ་བཞིན་བདེན་གཉིས་གསུང༌། །རྣམ་སྣང་གང་ཆེན་


JLAZ007_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཡི་ཐུགས་གསུང་སྐུའི། །མི་ཟད་རྒྱན་གྱི་འཁོར་ལོ་ཆེན་པོར་འདུད། །དེ་ལ་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་བསྟི་སྟང་བླ་ལྷག་ཏུ་མཛད་ནས་མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱས་སུ་མཛད་པ་ལས། གསང་སྔགས་ནང་གི་རྒྱུད་རྣམས་ནི་གཞུང་རང་ངོ་ནས་གསང་བ་ཡིན་པས་ལྐོག་ཆོས་འབའ་ཞིག་ཏུ་བསྒྱུར། སྤྲུལ་པའི་རྒྱལ་པོ་གསང་བ་སྲུང་བ་ལ་ཐུགས་སྒམ་པས་ཁྱབ་གདལ་དུ་མི་སྒྲོག་པའི་བཀས་བཅད་དེ། རིང་དུ་སྦས་པའི་ངང་ལ་སྒྲ་སྦྱོར་བམ་པོ་གཉིས་པས་སྐབས་དབྱེ་བའི་སྐད་གསར་བཅད་ཀྱིས་དག་ཐེར་ཀྱང་མ་ཕོག །འདི་ལྟར་འཇིག་རྟེན་གྱི་བཟོ་གནས་ཙམ་ལའང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམ་རིག་བཟོ་བ་ཆོས་ཉིད་ཡིན་པས། གསར་མ་རྣམས་ནི་ཆོས་ཀྱི་ལམ་སྲོལ་ཆེས་དར་ནས་དཔྱད་ཞུས་ལ་རང་བྱན་ཆུད་པའི་དུས་བསྒྱུར་ཞིང༌། རིམ་གྱིས་བརྡ་དག་སྡེབ་སྦྱོར་གྱི་གནས་དང༌། ཚིག་ལ་གྲིམས་པ་དག་གིས་ཡང་ནས་ཡང་དུ་བཅོས་ཤིང་བཅོས་པ་དང་མི་འདྲ་ཡང༌། དུས་འཁོར་ལས། ཡུལ་གྱི་སྐད་ཀྱིས་ཆོས་གོ་ན། །བསྟན་བཅོས་སྐད་ཀྱིས་ཅི་ཞིག་བྱ། །ཞེས་པའི་དོན་ལ་མི་སེམས་པ་དག་གིས། །རྒྱ་གར་དུ་ཉན་ཐོས་པ་རྣམས་ཀྱི་སྤྱིར་ཐེག་པ་ཆེན་པོ་


JLAZ007_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལོག་དང༌། སྒོས་གསང་སྔགས་བཀའ་མ་ཡིན་ཟེར་བ་ལྟར། ཚིག་གི་ཆ་ལ་དཔྱད་བཟོད་མི་བཟོད་ཙམ་དང༌། རང་ཉིད་ཀྱི་རྟོག་གེ་ལས་ལྐོག་ཏུ་གྱུར་པའི་རྡོ་རྗེའི་གནས་ཆེན་པོ་རྣམས་ལ་བསྟིང་ཚིག་འབྱམ་ཡིག་སོགས་ཀྱིས་རྒྱལ་བའི་བསྟན་པ་ལ་དབྱེན་བཅོས་མོད་དེ། སྔོན་གྱི་ལོ་ཙཱ་བ་རྣམས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསྟན་པའི་ལམ་སྲོལ་བཏོད་པའི་ཚེ་སྨོན་ལམ་གྱི་མཐུས་སྤྲུལ་པ་འབའ་ཞིག་ཡིན་པས་བྱིན་རླབས་ཀྱི་ཚན་ཁ་གཞན་དང་མི་མཉམ་པས་རྙིང་རྒྱུད་བཀའ་གཉན། འཚུབས་ཆེ་ཟེར་ཞིང༌། དམག་འཁྲུག་དང་ནད་ཡམས་སོགས་འཇིག་རྟེན་གྱི་རྒུད་པ་ཆེན་པོ་སྟོབས་སུ་གྱུར་པའི་ཚེ་ཕྲ་མ་སྔ་བཙན་ཆོས་ཀྱི་དབྱིངས་སུ་དེངས་ནས་ཀློག་ཁྲོལ་དང་བསྟི་སྟང་གིས་སྐབས་དབྱེ་བ་མཐོང་ཆོས་སུ་གྱུར་པ་ནི་བྱིན་རླབས་མ་ཉམས་པའི་རང་རྟགས་ཡིན་ནོ། །དེའི་རྒྱུའང་བཤད་སྒྲུབ་བྱེད་པའི་ཆོས་དེ་བཀའ་རྩོད་མེད་ཡིན་དུ་ཟིན་ཀྱང༌། དེ་ཡུལ་སྣ་ཚོགས་པའི་སྐད་དང་མཐུན་པར་བསྒྱུར་ཞིང་བཅོས་དགོས་པས། སྒྱུར་བྱེད་གང་ཞིག་དོན་འགྱུར་གྱི་དབྱིངས་འཇལ་བ་ལ་རྨོངས་ནས། དཔེར་ན་ཐང་སྟོང་རྒྱལ་པོ་ལ་ཐང་ཁུག་སྟོང་པའི་སྐད་ཤན་སྦྱར་བ་ལྟ་བུ་དང༌། ཁྱད་པར་བྱང་ཆུབ་ཀྱི་སེམས་གཉིས་དང༌། བསྐྱེད་རྫོགས་ལ་རྣལ་དུ་མ་འབྱོར་པས་


JLAZ007_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ལ་བདེན་ཚིག་མ་གྲུབ་པ་དང༌། དམ་ཉམས་འདྲེས་ཁྱེར་གྱིས་སེལ་ཞུགས་པ་དང༌། བདེན་པ་མ་མཐོང་བའི་སོ་སོ་སྐྱེ་བོས་བཅོས་ཤིང་བཅོས་པ་དག་ནི་རེ་ཞིག་ཚིག་གི་ཆ་ལ་དཔྱད་བཟོད་པ་བྱུང་ཡང༌། དོན་གྱི་བྱིན་རླབས་ཞུད་པའི་ཕྱིར་རོ། །དེ་ལྟ་ནའང་རྣམ་པར་ཤེས་པ་ལས་སུ་མི་རུང་བ་སེམས་ཅན་གྱི་ཆོས་ཉིད་ཡིན་པས་ཡི་གེ་བའི་བསླད་སྐྱོན་དང༌། ཞུས་དག་ཧོལ་རྒྱུགས། ཁྱད་པར་དཔེ་རྙིང་རྣམས་ཐོག་སྔས་པས་བརྡ་དག་གྱ་ཚོམ་མང་དུ་སྣང་བ་ལ་ནི་ད་ལམ་ཞུ་ཆེན་པ་རྣམས་གཉིས་སྒྲ་རིག་དང༌། སུམ་རྟགས་ལ་འདྲིས་པས་སྔོན་འཇུག་དང་ས་མཐའ་ཐལ་བ་དང༌། ཧོལ་རྒྱུགས་འགའ་ཤས་ལས་གཞན་མ་སྔོན་མ་རྣམས་ལས་དག་ངེས་བྱུང་འདུག་པས་རྗེས་སུ་ཡི་རང༌། གོ་དཀའ་བའི་ཆ་ནས་ཐེ་ཚོམ་གྱིས་ཁྲམ་རྟགས་ཕོག་པ་རྣམས་ལ་དཔེར་ན། ཁ་པའི་ཤོག་གྲངས། ༢༥༦ལྟ་བ་གཞུང་མེད་ཚིག་ལས་འདས། །ཞེས་པའི་གཞུང་སྒྲ་ནི་ངོ་བོ་ཉིད་མེད་པའི་དོན་ཡིན་པས་མཚོན་རང་སར་བཞག་ཆོག་པ་ཡང་རེ་མང་དང༌། ཡི་གེ་ནོར་བ་དག་ནི་བཅོས་པའི་ཤོག་ཁྲ་ཟུར་གསལ་ལྟར་རོ། །དེ་ཡང་ཐོག་སྔས་པས་ལོ་པཎ་གཉིས་སྐད་བརྡ་མ་འཕྲོད་པ་དང༌། གནའ་སྐད་དང༌། ཡུལ་སྐད་སྣ་ཚོགས་དང༌། བྲིས་ནོར་རྒྱུན་འབྱམས་དང༌། རིང་ལུགས་སྔོན་དར་གྱི་ཤན་ཤོར་བ་སོགས་དཔྱོད་མི་བཟོད་པའི་


JLAZ007_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལ་ནི་སྔ་ཕྱི་ཐམས་ཅད་ཀྱི་ཚིག་འགྲོས་ལ་ཞིབ་མོར་དཔྱད་པའི་དོན་ཞུས་དགོས་གྲས་ཡིན་འདུག་ཀྱང༌། ད་ནི་རང་ཉིད་འདྲེན་བྱེད་ལྡོངས་པས་དེར་ཟད་དོ། །དེ་ལས་གཞན་པའི་རྒྱུད་དཀྲུགས། ལུང་གཅུས། མན་ངག་གབ་པའི་གནས་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་རྒྱུ་འབྲས་གོ་ལྡོག་ནས་དགོངས་པ་ལུང་སྟོན་ལྟར་བཤད་པ་ལ་དཔལ་འཛིན་གྱིས་དངོས་བསྟན་དུ་གོ་བའི་ལོག་རྟོགས་ལྟ་བུའོ། །རྒྱུ་འབྲས་ལ་ཟློ་བའི་རྡོ་རྗེའི་གསང་ཚིག་ཆེན་པོ་རྣམས་ནི་མཐའ་དྲུག་དང་ཚུལ་བཞིས་དཔྱོད་པའི་གནས་དང༌། སྔགས་ལའང་ལེགས་སྦྱར་གྱི་ཁྲོད་དུ་ར་མ་ལུག་འདྲེས་པའི་ཡིག་སྐྱོན་འདུག་ན་མ་གཏོགས། གཞན་མི་མ་ཡིན་དང༌། འགྲོ་ལྡིང་དང༌། ཀླ་ཀློ་ལ་སོགས་པའི་བརྡ་སྐད་འདྲེས་པ་ནི་དཔྱད་དཀའ་ཡང༌། ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་བདལ་སྣང༌། །ཞེས་བ་ལྟར་སངས་རྒྱས་ཀྱི་གསུང་ནི་རྣམ་པ་ཐམས་ཅད་ལ། སྒྲ་སྙན་གྱི་ཚིག་བཞིན་དུ་ཉན་པ་པོའི་རྣམ་རིག་དང༌། མཐུན་པར་འཆར་བས་གསང་སྔགས་མོས་པས་འགྲུབ་པའི་ཚུལ་ཡང་ས་པཎ་དང་འདར་ཕྱར་པའི་གཏམ་རྒྱུད་ཀྱིས་ཤེས་ལ། མདོར་ན་གསུང་རབ་ཀྱི་དོན་རྟོན་པ་བཞི་ལྡན་གྱིས་འཇལ་བའི་དེ་ཁོ་ན་ཉིད་ལྷོངས་སུ་མ་གྱུར་ན། རྟོག་གེའི་རིག་པ་ནི་རྣམ་པར་འཁྱམ་པའི་ཆོས་ཅན་ཏེ། དེ་སྐད་དུ་


JLAZ007_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་རིན་པོ་ཆེ་ནས། གསང་སྔགས་ཀྱི་ངོ་བོ་དེ་ནི་གང་གི་བློ་ཞིབ་པ། ཆེས་ཞིབ་པ། ཤིན་ཏུ་ཟབ་པ། ཆེས་ཟབ་པས་བལྟ་བར་བྱའོ། །གང་ལ་ལ་དག་ཆོས་ཐམས་ཅད་ལ། མུ་དང་གཏིང་དང༌། མཐའ་དང་དབུས་འཚོལ་བ་ཡོད་དེ། དེ་དག་ནི་བློ་ཟབ་པ་ཆེས་ཟབ་པ་ཞེས་མི་བྱ་ཡི། ཐུག་པ་ཉིད་དུ་ཐུག་པ་ཞེས་བྱའོ། །ཞེས་གསུངས་པས་ན་ཐོག་མར་སྒྲ་ཚད་ལ་སོགས་པ་རྟོག་གེའི་རིག་པས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ཞིབ་པ་དང༌། ཆེས་ཞིབ་པར་བརྟགས་ལ། མཐར་གྱི་དེ་བཞིན་གཤེགས་པའི་བསྟན་པ་ནི་ཆོས་ཉིད་དང་མི་འགལ་བ་ཆོས་སུ་གཟུང་བར་རྗེས་སུ་འདོམས་པ་ཡིན་པས་ཤིན་ཏུ་ཟབ་པའི་བློས། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། །རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའི་ཕྱོགས་གཟུང་བར་བྱའོ། །ཞེས་པའང་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །གཏམ་ཚོགས་ལེའུ་ཞེ་གསུམ་པའོ།། །།


previousགཏམ་ཚོགས་ལེའུ་ཞེ་གསུམ་པ། ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ཏུ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་པར་དུ་བཞེངས་པའི་དུས་ཞུ་ཆེན་པ་རྣམ་གཉིས་ལ་སྐབས་དབྱེ་བའི་གཏམ་དྲང་སྲོང་གི་རྔ་སྒྲ།next