Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཞེ་བཞི་པ། མཆོད་རྟེན་བཀྲ་ཤིས་འོད་འབར་གྱི་གཏམ། རྙོག་མ་བགྲུངས་པའི་ཀེ་ཏ་ཀ
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཞེ་བཞི་པ། མཆོད་རྟེན་བཀྲ་ཤིས་འོད་འབར་གྱི་གཏམ། རྙོག་མ་བགྲུངས་པའི་ཀེ་ཏ་ཀnext

གཏམ་ཚོགས་ལེའུ་ཞེ་བཞི་པ། མཆོད་རྟེན་བཀྲ་ཤིས་འོད་འབར་གྱི་གཏམ། རྙོག་མ་བགྲུངས་པའི་ཀེ་ཏ་ཀ


JLAZ007_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་བཀྲ་ཤིས་འོད་འབར་གྱི་གཏམ། རྙོག་མ་བགྲུངས་པའི་ཀེ་ཏ་ཀ་ཞེས་བྱ་བ། བཞད་པ་བརྒྱད་ལྡན་ལ་ན་མོ། །རྒྱལ་བ་རྣམས་ཀྱི་ཕྲིན་ལས་ཚད་མེད་པ། །སྐྱེས་བུ་དམ་པའི་ཐུགས་དང་རོ་གཅིག་ལ། །གཞན་ཕན་རྒྱ་མཚོ་བཟོ་གནས་སྤྲུལ་པའི་སྐུ། །འགྲོ་བའི་དོན་མཛད་མཆོད་སྡོང་ཆེན་པོར་འདུད། །དེ་ལ་དཔལ་བསམ་ཡས་མི་


JLAZ007_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོའི་ཤར་ཕྱོགས། གློ་དོན་སྟེངས་མཆོད་རྟེན་ཞེས་གྲགས་པའི་ལོ་རྒྱུས་ཅུང་ཟད་བརྗོད་ན། བོད་ཁ་བ་ཅན་འདི་རིགས་གསུམ་མགོན་པོས་འདུལ་ཞིང་ཡིན་པས་འཕགས་པ་སྤྱན་རས་གཟིགས་རྒྱལ་པོའི་ཚུལ་དུ་བསྟན་པ་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོས་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད། འཇམ་དཔལ་དབྱངས་ཁྲི་སྲོང་ལྡེའུ་བཙན་གྱིས་རིང་ལ་ཤིན་ཏུའང་དར་རྒྱས་སུ་མཛད། གསང་བའི་བདག་པོའི་རྣམ་འཕྲུལ་མངའ་བདག་རལ་པ་ཅན་གྱི་རིང་ལ་གསུང་རབ་ལ་དག་ཐེར་གྱིས་ཞབས་ཏོག་བསྒྲུབས། དེ་ནས་བསྟན་པ་ཕྱི་དར་ལས་ཇོ་བོའི་སློབ་བརྒྱུད་བཀའ་གདམས་ཀྱི་བསྟན་པ་དར་བའི་དུས་རེ་ཞིག་ན། དགེ་བཤེས་སྟོན་པའི་སློབ་མ་སྤྱན་སྔ་ཚུལ་ཁྲིམས་འབར་ཞེས་བྱ་བ་སྔོན་གྱི་བག་ཆགས་ལས་གཞོན་ནུ་ནས་སཾ་སྐྲྀ་ཏའི་སྐད་ལ་བྱང་ཞིང༌། བོད་དུ་སྔ་ཕྱིར་འགྱུར་བའི་གསང་སྔགས་ཀྱི་ཆོས་ལ་འདི་མི་མཁྱེན་བྱ་བ་མེད་པས། སློབ་དཔོན་ཀླུ་སྒྲུབ་ཀྱི་རིམ་ལྔ་ལ་བརྟེན་ནས་ཆོས་ཉིད་ཀྱི་བདེན་པ་གཟིགས་པས་ཆོས་སྐྱོང་བྲན་དུ་འཁོལ་བ་ཞིག་བྱུང༌། རྒྱ་མ་འཁྲི་སྒང་བཟིང་མོ་དགོན་ཀྱང་འདིས་བཏབ་ཟེར། ཁོང་གིས་ཇོ་བོའི་པད་སྤུངས་ལ་དཔེ་མཛད་ནས་རིན་པོ་ཆེ་ལས་གྲུབ་པའི་པད་སྤུངས་ཤིན་ཏུ་མང་བ་བཞེངས་པའི་ནང་ནས་


JLAZ007_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་མཆོག་ཏུ་གྱུར་པ་ནི་དཔལ་གློ་དོན་སྟེངས་ཀྱི་མཆོད་རྟེན་བཀྲ་ཤིས་འོད་འབར་འདི་ཡིན་ཏེ། དེ་ཡང་ལྷ་མོ་དབྱངས་ཅན་མ་དང༌། རྗེ་བཙུན་མ་སྒྲོལ་མས་ལུང་བསྟན་ནས་རྒྱ་གར་དུའང་བྱོན། བླ་མ་རྡོ་རྗེ་གདན་པ་དང་མཇལ། དེས་ཀྱང་ཡི་དམ་གྱི་ལྷ་ཡིན་པར་ལུང་བསྟན་ཞིང་དབྱངས་ཅན་མའི་རྗེས་གནང་མཛད། འདི་སྒྲུབས་ཤིག་པར་ལུང་བསྟན། སླར་བོད་དུ་བྱོན་ནས་དབྱངས་ཅན་མ་བསྒྲུབས་པས། ཨ་ཙ་ར་ལྔ་བྱུང་བ་རྣམས་ཀྱིས་རིན་པོ་ཆེའི་ཕུང་པོ་ཕུལ། དེ་ལ་མཆོད་རྟེན་བཞེང་བར་དགོངས་པ་གཏད་པའི་ཚེ་མ་ཇོ་ཆོས་དཔོན་སོགས་ཀྱིས་ཞབས་ཏོག་དང་སྦྱིན་བདག་བྱས། མཆོད་རྟེན་བཞེང་བའི་ཁུར་དགེ་སློང་རྩ་ནང་པ་ལ་ཕོག་ནས་ས་དཔྱད་གཟིགས་ཏེ་ཀླུ་དགའ་བོ་གནས་པའི་རྡོ་རུས་སྦལ་འདྲ་བའི་སྟེང་དུ་བཞེངས་ཤིག་པར་ལུང་བསྟན་ནས་ས་འདུལ་དང་རབ་གནས་བླ་མ་ཉིད་ནས་མཛད། དེར་ལྷ་ཁང་རི་རབ་འདྲ་བ་ཞིག་བཞེངས། མཆོད་རྟེན་ལུགས་ས་མཁང་བོ་ཤོངས་ཀྱི་སྒོར་མོ་ཀླུངས་སུ་བྱས། བཟོ་བོ་ཡང་མཚོན་བྱེད་ཙམ་དང༌། མཆོད་རྟེན་ཡང་ཞག་བདུན་ལ་བཞེངས་ཚར་བས་རང་བྱོན་ཡིན་པར་གྲགས་ཤིང༌། དུས་དེར་ས་གཡོས་ཐེངས་ལྔ་བྱུང༌། ཕྱག་རྡོར་གཏུམ་པོའི་སྐུ་ལུགས་གཅིག་མ་ཁྲུ་གང་པ་དང༌། སངས་རྒྱས་ཀྱི་རིང་བསྲེལ་ཕུལ་གང༌། འབྲོམ་གྱི་དབུ་སྐྲ། ཁམས་


JLAZ007_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་ཉིད་རྒྱ་མཚོའི་རིང་བསྲེལ་སྲན་དཀར་ཙམ་པ་བརྒྱད། ཆོས་གོས་ཉི་ཟེར་མ། ཆོས་སྐུའི་རིང་བསྲེལ་མང་པོ་དང་བཅས་པ་ནང་གཟུངས་སུ་བཞུགས། གཙུག་ལག་ཁང་དུ་མཆོད་རྟེན་གདན་འདྲེན་པའི་ཚེ་ཡོན་བདག་གི་གྲལ་ན་དབྱངས་ཅན་མའི་སྤྲུལ་པ་ཁམས་མོ་ཞིག་ལ་བུ་གསུམ་ཡོད་པའི་ཆེ་བ་ལ་བཀྲ་ཤིས། འབྲིང་པོ་ལ་འོད་འབར། ཆུང་བ་ལ་དོན་ལྡན་ཟེར་བ། བླ་མའི་ཞལ་ནས་ཨ་མ་ཁྱོད་མགོ་ཡོན་ཡོན་དུ་མ་སྡོད་པར་བཀྲ་ཤིས། འོད་འབར། དོན་ལྡན་ཁྲིད་ཤོག་གསུངས་པས་མཁའ་འགྲོ་སྡེ་ལྔས་འཇའ་ལས་ལ་གདན་དྲངས་ཏེ་ལྷ་ཁང་དུ་ཚེགས་མེད་དུ་གདན་འདྲོངས། མིང་ཡང་བཀྲ་ཤིས་འོད་འབར་དུ་གྲགས། རབ་གནས་ཀྱི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཐིམ། ཨོ་རྒྱན་གྱི་བསྒྲུབས་གནས་ནས་འཇའ་ཟུག་པ་དང༌། མཆོད་རྟེན་ལ་དབུ་ཐོག་ཏུ་འཇའ་གུར་ཕུབ་པ་ཀུན་གྱིས་མཐོང༌། ཡེ་ཤེས་བཞུགས་པའི་རྟགས་སུ་བདེ་དྲོད་རྒྱུན་མ་ཆད་པར་བཞུགས། སྟེང་ནས་མཆོད་པའི་ལྷ་མོས་མཆོད། རྒྱལ་ཆེན་སྡེ་བཞི་དང༌། དཔལ་ལྡན་ལྷ་མོས་གཉེར་ཁ་བྱེད་པས་ཡུལ་དེར་སྡེ་བརྒྱད་ཀྱི་གནོད་པ་ཉུང་ཞིང་སུ་ཞིག་གིས་མཇལ་བ་དང་ཕྱག་བསྐོར་བྱས་པས་བྱིན་རླབས་འཇུག་ཅིང་གཟའ་ཀླུ་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས། ཕྱོགས་བཞི་ན་མི་འགྱུར་བའི་གཟེར་བཞི་ཡོད་པའི་རྟེན་འབྲེལ་གྱིས་ཧོར་དམག་གི་གནོད་པས་ཀྱང་མི་


JLAZ007_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས། མདུན་ན་མཆོད་རྟེན་པདྨ་སྤུངས་པའི་ནང་གཟུགས་རིན་པོ་ཆེའི་ཏོག་དང༌། ཀླུ་འབུམ་བརྒྱ་རྩ། རིན་ཆེན་སྣ། རྒྱ་གར་གྱི་ས་སྣ་ཆུ་སྣ། ཧོར་བཟློག་གི་འཁོར་ལོ་བཅས་བཞུགས་པས་བྱིན་རླབས་ཆེ། དེ་ལྟར་སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ནི་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ཚད་མེད་པ་ལས་སེམས་ཅན་གྱི་དོན་དུ་སྣང་ཞིང་སྤྲུལ་པས། གཞན་དོན་རླབས་པོ་ཆེ་མཛད་པས་མཐོང་ཐོས་དྲན་རེག་ཐམས་ཅད་ལ་དངོས་དང་བརྒྱུད་ནས་བྱང་གྲོལ་གྱི་ས་བོན་འཇོག་པའི་འབྲེལ་ཚད་དོན་ལྡན་ཡིན་པའི་ཕྱིར། འདི་དག་ལ་བསྟི་སྟང་དང༌། བསྙེན་བཀུར་བགྱིས་ན་སངས་རྒྱས་དངོས་ལ་མཆོད་པ་དང་ཕན་ཡོན་མཚུངས་པའི་ཚུལ་སྟོན་པས་འཕགས་པ་འཇམ་དཔལ་ལ་བཀའ་སྩལ་པ། ད་ལྟ་ང་ལ་མཆོད་པ་དང༌། །མ་འོངས་གཟུགས་བརྙན་མཆོད་པ་གཉིས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །ཞེས་གསུངས་པ་ལ་ངེས་ཤེས་ཁྱད་པར་ཅན་དང༌། ཆོས་སྣང་བའི་སྒོ་དད་པ་བླ་ལྷག་ཏུ་བསྐྱེད་ནས་ཕ་མར་གྱུར་པའི་སེམས་ཅན་རྣམས་ཀྱི་དོན་དུ་དམིགས་ནས་ཡན་ལག་བདུན་པས་སྣ་དྲངས་ཏེ། ཕྱག་མཆོད་དང༌། བསྐོར་བ་སྨོན་ལམ་གྱི་རིམ་པ་རྒྱ་ཆེན་པོ་མཛད་འཚལ། ཞེས་པའང་རབ་བྱུང་གྲྭ་ཚང་གི་མཁན་པོ་རིན་ཆེན་བསམ་འགྲུབ་ཀྱི་གསུང་ངོར་གནས་ཡིག་ཧྲུལ་པོའི་ངག་བགྲོས་འདོད་


JLAZ007_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྣམས་ལ་སྔོན་གྱི་དེབ་ཐེར། རྩོད་མེད་ནས་བྱི་དོར་བྱས་ཏེ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་དངུལ་དཀར་གྱི་འཕགས་པ་རིན་པོ་ཆེ་བསམ་ཡས་སུ་མངའ་གསོལ་དང་ཆབ་གཅིག་རབ་གནས་ལ་ལྷགས་པའི་ཚེ། གོང་མའི་གདན་ས་དགོན་པས་ཕུག་ཏུ་བྲིས་པའོ། །གཏམ་ཚོགས་ལེའུ་ཞེ་བཞི་པའོ།། །།


previousགཏམ་ཚོགས་ལེའུ་ཞེ་བཞི་པ། མཆོད་རྟེན་བཀྲ་ཤིས་འོད་འབར་གྱི་གཏམ། རྙོག་མ་བགྲུངས་པའི་ཀེ་ཏ་ཀnext