Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཞེ་ལྔ་པ། བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ཀྱི་ཐིག་གི་གཏམ་བྱང་ཆུབ་ལྗོན་ཤིང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཞེ་ལྔ་པ། བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ཀྱི་ཐིག་གི་གཏམ་བྱང་ཆུབ་ལྗོན་ཤིང་།next

གཏམ་ཚོགས་ལེའུ་ཞེ་ལྔ་པ། བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ཀྱི་ཐིག་གི་གཏམ་བྱང་ཆུབ་ལྗོན་ཤིང་།


JLAZ007_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ཀྱི་ཐིག་གི་གཏམ། བྱང་ཆུབ་ལྗོན་ཤིང་ཞེས་བྱ་བ། བདུད་བཞི་གཡུལ་ལས་རྣམ་རྒྱལ་རྒྱལ་བ་དེའི། །སྤངས་རྟོགས་ནམ་མཁའི་མཐས་ཀྱང་མི་ཐུག་པ། །རྟགས་དང་བརྡ་ཡིས་མཚོན་དཔེས་ཆོས་སྐུའི་གཟུགས། །འགྲོ་འདིའི་བསོད་ནམས་ཤིང་རྟས་འདྲེན་ཕྱིར་བཀོད། །དེ་ལ་སྤྱིར་དེ་བཞིན་གཤེགས་པའི་རིང་བསྲེལ་དང་སྐུ་གདུང་གི་སྣོད་དུ་གྱུར་པ་ནི་བསམ་གྱིས་མི་ཁྱབ་ཅིང༌། འཕགས་པའི་ཡུལ་དུ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་སོགས་ཀྱིས་མཆོད་རྟེན་ཆེན་པོ་བརྒྱད་དུ་གསུངས་ཤིང་བསྟོད་པ་མཛད་པ་རྣམས་མདོ་རྐྱུད་གང་ལས་གསུངས་ན། ཤེར་ཕྱིན་གྱི་མདོ་ལས། རིན་ཆེན་སྣ་བདུན་ལས་བྱས་པའི་མཆོད་རྟེན་བརྒྱད་རྒྱར་ནི་དཔག་ཚད་ཕྱེད། འཕང་དུ་ནི་དཔག་ཚད་ཙམ་པ་ཤ་སྟག་གོ །ཞེས་དང༌། དེ་བཞིན་དུ་དམ་པའི་ཆོས་པདྨ་དཀར་པོ། སྙིང་རྗེ་པད་དཀར་སོགས་ནས་ཀྱང་རྒྱ་ཁྱོན་དེ་དང་ཕྱོགས་མཚུངས་པར་བཤད་ཅིང༌། མདོ་


JLAZ007_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མངས་སོགས་ལས་རྣམ་པ་དུ་མ་གསུངས་པས་མཐའ་གཅིག་ཏུའང་མི་འཛིན་ཏེ། གནས་ནི་ཐུན་མོང་ཡོངས་སུ་གྲགས་པའི་གྲོང་ཁྱེར་སེར་སྐྱར་སྐུ་བལྟམས་པའི་ཚེ་པདྨ་སྤུངས་པ་ནས་བཟུང་རིམ་པར་ཤཱཀྱ་ཐུབ་པའི་མཆོད་རྟེན་བརྒྱད་དུ་གྲགས་པ་དང༌། གཞན་ཡང་། དངོས་གྲུབ་འབྱུང་བ་ཞེས་བདུད་རྩི་མཆོག་གི་རྒྱུད་ལས། རོ་ཡི་སྲུང་མ་ཆེན་མོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ །མཆོད་རྟེན་བརྒྱད་དུ་རྣམ་པར་བཞག །དེ་དག་བརྟེན་གནས་ཆེན་པོ་ཡང༌། །མཆོད་རྟེན་བརྒྱད་དུ་རྣམ་པར་བཞག །ཅེས་སྔོན་གྱི་ཚེ་དཔལ་ཆེན་པོས་དྲགས་པོ་བཏུལ་བའི་ཚེ་ཡུལ་བརྒྱད་ཀྱི་རོ་གླིང་དུ། མ་མོ་བརྒྱད་ཀྱི་རྟེན་གནས་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད་དུ་གྲུབ་པ་ནི། མ་ག་དྷཱར་བདེ་བྱེད། སིངྒ་ལར་ཏ་ལ་ལ། བལ་པོར་བྱ་ཁྲི་ཁ་ཤོར། སེང་གེ་གླིང་དུ་དགེའུ་དོན། ལི་ཡུལ་དུ་གོམ་ས་ལ་གནྡྷཱ། ཁ་ཆེར་ཀན་ཀ །ཟ་ཧོར་དུ་བདེ་སྤྱོད་གཞོན་ནུའི་མཆོད་རྟེན་ཏེ་རྣམ་པ་བརྒྱད་དུ་བསྟན་ཞིང༌། སྐུ་ལུས་ཀྱི་ཚད་ལྟར་བཤད་པ་ནི་དུས་འཁོར་ལས། གསང་བའི་ཆུ་སྐྱེས་མཛོད་སྤུའི་མཐའ་ཡིས་མཆོག་གི་རྒྱལ་བའི་བདག་པོའི་མཆོད་རྟེན་དཔངས་ཀྱི་ཚད། །དེ་ཡི་ཕྱེད་ཀྱི་གདན་གྱི་རྒྱ་སྟེ་ས་གཞི་ཤིན་ཏུ་མཉམ་པ་དེ་ཡི་སུམ་ཆས་ཕྱོགས་


JLAZ007_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་རྣམས། །ཕྱེད་དང་གཉིས་མཐར་ཕྱིར་འབུར་ཆུ་སྐྱེས་ཐུགས་ཀར་གནས་པའི་ཁོར་ཡུག་གདན་གྱི་ཚད་ཀྱི་ཟླུམ་པོའོ། །གཞི་དང་མཉམ་པའི་པདྨའི་མཐའ་ཡིས་ཆེས་དམན་ཁོག་པ་དེའི་ཕྱོགས་ཆ་ཡིས་ཀྱང་མགྲིན་པའོ། །གདན་ཕྱེད་ཆ་ཡིས་གདོང་སྟེགས་ས་གཞི་ཤིན་ཏུ་མཉམ་པ་དེ་ཡི་སུམ་ཆས་ཕྱོགས་ཆའོ་གསང་བ་ཡི། །ཆུ་སྐྱེས་དག་ལས་ཕྱེད་ཆས་ཉི་མས་གདན་གྱི་དཔངས་ཀྱི་ཚད་དེ་ཤིན་ཏུ་མཉམ་པར་ཡང་འདི་འགྱུར། །གདན་ནས་པདྨའི་མངོན་མཚམས་ཐུགས་ཀར་གནས་པའི་ཁོར་ཡུག་མཐའ་དང་དེ་ནས་མགྲིན་པའི་རྩ་བའོ། །དེ་ནས་གདོང་གི་མཐར་ནི་དེ་བཞིན་ཆུ་གཏེར་ཕྱེད་ཆས་དུས་དང་རིག་བྱེད་རྣམས་ཀྱི་དུམ་བུ་གསུམ། །གདན་ལས་རིག་བྱེད་ཀྱི་ནི་པདྨ་ཐུགས་ཀར་གནས་པའི་ཁོར་ཡུག་མགྲིན་པའི་ཚད་ཀྱང་དེ་བཞིན་ཏེ། །ཕྱེད་བཅས་བརྒྱད་ཀྱི་གདོང་པའི་ཚད་དང་དེ་ཡི་སྟེང་དུ་གདུགས་ཀྱི་ཕྲེང་བར་འགྱུར་རོ་མི་ཡི་དབང༌། །མཛོད་སྤུ་མཚམས་ནས་དཔྲལ་བ་དག་དང་སྤྱི་བོ་དེ་ནས་འདིར་ནི་གཙུག་ཏོར་དག་གི་མཐར་ཐུག་འདི། །དེ་ལྟར་ངེས་པར་འཇིག་རྟེན་ཁམས་འདི་མཐའ་དག་རྒྱལ་བའི་སྐུ་སྟེ་འཁོར་ལོ་མཆོད་རྟེན་རང་བཞིན་ནོ། །ཞེས་གསང་གནས་ནས་གཙུག་ཏོར་གྱི་བར་དང༌། མཆོད་རྟེན་གྱི་བུམ་གདན་པདྨ་ཡན་ཆད་ནས་ཆར་ཁེབས་མན་ཆད་འཇིག་རྟེན་གྱི་ཁམས་དཔག་ཚད་


JLAZ007_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་བཞི་པ་རྣམས་ཕྱི་ནང་གཞན་གསུམ་གྱི་རྣམ་བཞག་དང་ཆོས་མཚུངས་པར་དག་པ་སྦྱོར་ཞིང༌། དེ་ཡང་པདྨ་ཡན་གྱི་དཔངས་ཕྱེད་ཆ་ལ་རྒྱའི་ཚད་དུ་གསུངས་སོ། །རང་བཞིན་ལྷུན་གྱིས་གྲུབ་པ་ལྟར་ན། རྡོ་རྗེ་བཀོད་པའི་རྒྱུད་ལས། འདོད་ཁམས་དབང་གི་རི་བོ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་ཅན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །སྐུ་གདུང་ཆེན་པོར་རྒྱུན་དུ་གནས། །ཞེས་སོ། །ད་ནི་མཆོད་རྟེན་དངོས་ཀྱི་སྐུ་ཚད་ལ་དུས་འཁོར་ནས་བཤད་པའི་མགུལ་པ་ཐུང་བ་དང༌། །དྲི་མེད་འགྲེལ་པ་ནས་བཤད་པའི་མགྲིན་རིང་གཉིས་ལས། ཕྱི་མ་བྱད་ལེགས་ཤིང་མཁས་པ་བུ་སྟོན་སོགས་ཀྱང་དེ་ལྟར་འཆད་ལ། འོན་ཀྱང་མི་དབང་སངས་རྒྱས་རྒྱ་མཚོས་བུ་སྟོན་རིན་པོ་ཆེ་དང༌། སྟག་ལོ་སྤྲུལ་སྐུ། ཕྲང་ཁབ་སོགས་ཀྱིས་མཛད་པར་ཡང་མཛེས་ཆ་བཙལ་བས་ཅུང་ཟད་སྐྱོན་རེ་མཐོང༌། ཞེས་གསུངས་པའང་མད་པར་གདའ་སྟེ། བུ་ལུགས་རི་མོས་བྲིས་ན་ཤིན་ཏུ་སྦྱང་ཞིང་བྱད་ལེགས་པ་འདྲ་བ་ལ། འབུར་དུ་གྲུབ་ཚེ་ཅུང་ཟད་ཀྲོང་བ་ཞིག་དང༌། གཞན་རྣམས་ལའང་སྔ་མའི་འཕྲོར་བྲག་ནག་པ་སོགས་མཁས་པ་ཇི་སྙེད་ཀྱི་རང་རང་གིས་བཞེད་པ་རིགས་མི་འདྲ་ཞིང་དེང་སང་ཤས་ཆེ་བ་སྤྲུལ་སྐུ་ང་ལ་གཟིགས་དང༌། སྟག་ཚང་ལོ་ཙ་བའི་ཐིག་ཆ་འབེབས་པ་


JLAZ007_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མང་ནའང་མཛེས་བཙལ་བ་ལས་བཤད་ཁུངས་དང་སྦྱོར་རྒྱུ་རང་དཀའ་ཞིང་སྟག་ལོའི་དེར་བྲེ་སྟན་ཞེང་ཆུང་ལ་ཆོས་འཁོར་བཅུ་གསུམ་དཔངས་དམས་ཤིང་ཞེང་ཆེས་པ་དང༌། བདེ་ཆེན་དཔངས་མཐོ་ཞིང་དཀྱུས་ཐུང་བ་དང༌། བད་ཆུང་དེ་བས་ཀྱང་ཐུང་ཞིང་དགེ་བཅུ་དང་བང་རིམ་ཐུང་བས་ཀྲོང་བ་འདྲ་བ། བྲང་ཁ་བའི་དེར་ནི་ཆོས་འཁོར་བཅུ་གསུམ་ཞིང་ཆེ་ཞིང་དཔངས་མཐོས་པ་དགེ་བཅུ་ནས་བང་རིམ་གསུམ་ཞིང་ཆུང་ཞིང་ས་འཛིན་རྒྱ་ཆེས་པ་ནས་ཅུང་ཟད་བསྐུམ་པ་བཅས་སྐྱོན་ཀུན་སྤངས་པའི་ཁུལ་གྱིས་འདི་བཞིན་དུ་བཏབ་ལ། ཞེས་གསུངས་པའི་མཆོད་རྟེན་གྱི་བྱད་དབྱིབས་ལ་ཞིབ་མོར་དཔྱད། གཙུག་ལག་ཕྲེང་བའི་ལུགས་བཞིན་སྣ་ཚོགས་རང་གྲོལ་གྱིས་མཛད་པའི་ཐིག་ཆ་ཧ་ཅང་ཞེང་ཆེས་པ་སོགས་ཀྱི་རྣམ་གཞག་ལས་ལྡོག་པར་བྱས། རང་ངོར་དགེ་བཅུ་ཡན་ནས་ཆོས་འཁོར་མན་ལ་སྐུ་གཟུགས་ཀྱི་ཚད་རགས་པ་མཚོན་པ་དོན་ལ་གནས་པ། ཆུ་ཞིང་གབ་པའི་ངོས་ནས་རང་གི་སྣང་ཆའི་རྟེན་འབྲེལ་གྱི་འཆར་སྒོ་དང་ཡང་བསྟུན་གྱིན་བཤད་པར་བྱ་བ་ནི། དང་པོ་ཁོད་སྙོམས་ས་གཞིའི་སྟེང༌། །ཚངས་ཐིག་དྲང་པོ་ཉིད་དུ་བཏབ། །བྱ་རྗེས་ཀྱིས་བཙལ་བསྣོལ་ཐིག་དང༌། །ཟུར་ཐིག་གཉིས་པོ་ལེགས་པར་གདབ། །མཆོད་རྟེན་སྐུ་ཚད་ལ་དཔགས་པའི། །རེ་ཁཱ་གྲུ་བཞི་ཁམ་འཆུས་པར། །ཆ་


JLAZ007_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བཅུ་རུ་བགོས་པ་ཡི། །རེ་རེའང་ཆ་ཕྲན་བཞི་བཞིར་དབྱེ། །ཆ་ཕྲན་བཞི་བཅུ་ཐམ་པ་འབྱུང༌། །བུམ་པ་མན་གྱི་ཐིག་ཡིན་ནོ། །དེ་སྟེང་བྲེ་ཆོས་ཏོག་ལ་སོགས། །བྱ་ཕྱིར་ཚངས་པའི་གཡས་དང་གཡོན། །ཆ་ཆེན་རེ་རེ་བསྐྱེད་པ་ཡི། །དཔངས་སུ་ཆ་ཆེན་ཕྱེད་དང་བདུན། །ཀུན་ཀྱང་ཆ་ཕྲན་བཞི་བཞིར་དབྱེ། །དེ་ནས་བྲི་ཐིག་ལ་མཚོན་ན། །རེ་ཁཱས་དབྱེ་བ་འདི་ལྟ་སྟེ། །དང་པོ་ས་འཛིན་དཔངས་ལ་གསུམ། །ཞིང་དུ་ཚངས་ཐིག་གཡས་གཡོན་དུ། །ཆ་ཕྲན་ཉི་ཤུ་ཉི་ཤུའོ། །ཐེམ་སྐས་གཉིས་ལ་དཔངས་རེ་རེ། །ཞིང་དུ་བཅུ་བདུན་བཅོ་ལྔ་དོར། །སེང་ཁྲི་དཔངས་བརྒྱད་ཞིང་བཅུ་གསུམ། །བ་གམ་འཛིན་བྱེད་གཉིས་པོ་ནི། །དཔངས་སུ་ཆ་ཕྲན་རེ་རེ་ལ། །ཞིང་ཕྱེད་བཅུ་བཞི་བཅུ་བཞིའོ། །བ་གམ་དཔངས་གཉིས་ཞིང་བཅོ་ལྔ། །དགེ་བཅུ་དཔངས་གཅིག་ཞིང་བཅུ་གསུམ། །བང་རིམ་བཞི་པོ་མས་ཡར་རིམ། །དཔངས་སུ་ཆ་ཕྲན་གཉིས་གཉིས་ལ། །ཞིང་དུ་ཉི་མ་དྲག་པོ་དང༌། །ཕྱོགས་དང་སྲིན་པོ་ཕྱེད་ཆའི་ཚད། །བུམ་གདན་དཔངས་གཅིག་ཞིང་ཕྱེད་དགུ། །མཛེས་ཆའི་དབང་གིས་པདྨའི་དབྱིབས། །བྱེད་ན་ལྟག་སྤྲོད་ཚུལ་དུ་བྱ། །བུམ་དཔངས་ཆ་ཕྲན་བཅུ་གསུམ་ལ། །རྩ་བའི་ཞིང་ལ་ཆ་ཆུང་བརྒྱད། །གྱེན་དུ་ཇེ་འཕེལ་ཆ་ཕྲན་བཅུའི། །མཚམས་བུམ་པའི་སྨད་ནས་ཡར་ཇེ་འཕེལ་དང་ཞིང་ཆེས་ནས་ཞུམ་པ་གཉིས་ཀྱི་མཚམས་ཐིག་གིས་བཅད་པ་ལྟ་བུའི་ཟུར་ཐོན་པའི་བཙན་ཐབས་རང་མི་བྱེད་པར། ཚ་གྲང་འགྲིགས་པ་ལ་ཅུང་ཟད་ལྡིར་སྟབས་སུ་བྱས་པས་བུམ་དབྱིབས་


JLAZ007_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་འོང༌། ནས་ལྡིར་གྱི་ཞིང་ཚད་ལ། །ཆ་ཕྲན་བཅུ་ཐམ་བཅུ་ཐམ་མོ། །བུམ་སྟོང་གྱེན་ཞུམ་ཆ་ཕྲན་གསུམ། །བུམ་པའི་སྟེང་རྒྱ་ཆ་ཕྲན་བརྒྱད། །དེ་ནས་བྲེ་མགུལ་དཔངས་ཚད་ལ། །ཆ་ཆུང་ཕྱེད་གཉིས་ཞེང་ལ་གཉིས། །བྲེ་སྟན་དཔངས་ལ་ཆ་ཕྲན་ཕྱེད། །ཞིང་དུ་ཕྱེད་དང་གསུམ་ཡིན་ལ། །བྲེ་དངོས་དཔངས་ལ་ཆ་ཕྲན་གཉིས། །ཞེང་དུ་ཆ་ཕྲན་གསུམ་གསུམ་མོ། །གདུགས་འདེགས་དཔངས་ལ་ཆ་ཆུང་གཅིག །ཞིང་དུ་རྩ་བར་ཆ་ཆུང་ངོ། །རྩེ་མོར་ཆ་ཆུང་ཕྱེད་དང་གསུམ། །པདྨའི་དབྱིབས་དོད་མཛེས་པར་བྱ། །དེ་སྟེང་ཆོས་ཀྱི་འཁོར་ལོ་ནི། །འོག་གཞི་གདུགས་འདེགས་པདྨའི་སྟེང༌། །ཚངས་ཐིག་གཡས་གཡོན་ཆ་ཕྲན་གསུམ། །དཔངས་ལ་ཆ་ཕྲན་བཅུ་གསུམ་པའི། །རྩེ་མོའི་ཞིང་ཚད་ཆ་ཕྲན་རེའི། །མཚམས་སུ་ཡས་མས་ཐིག་བཟུང་ནས། །བཏབ་པས་ཆོས་འཁོར་ཕྱི་དབྱིབས་འགྲུབ། །དེ་ལས་ཆ་ཕྲན་བཞི་ཆ་གཅིག །ནང་དུ་སྟོད་སྨད་མཉམ་པར་བསྐུམ། །བཏབ་པས་མོ་འཁོར་བར་ཉག་རྟོགས། །དེ་ནས་ཆོས་འཁོར་དང་ངས་ཚད་ནི། །བཅུ་གསུམ་རེ་རེའི་སྟེང་དུ་ཡང༌། །རང་རང་བཞི་ཆའི་སྒོས་ཐིག་གདབ། །ཆ་གསུམ་གདུགས་སམ་ཕོ་འཁོར་དང༌། །ཆ་གཅིག་མོ་འཁོར་དག་ཏུ་བཞེད། །དེ་སྟེང་ཐུགས་རྗེ་མདོ་གཟུངས་ནི། །རྩ་བའི་ཞེང་ནི་གཡས་གཡོན་དུ། །གསུམ་ཆས་དམན་པའི་ཆ་ཕྲན་རེ། །དཔངས་སུ་ཆ་ཕྲན་གཅིག་གཡེལ་བའི། །སྟེང་རྒྱ་ཆ་ཕྲན་རེ་རེ་ནི། །ཚངས་པའི་གཡས་གཡོན་དག་ཏུའོ། །དབྱིབས་ནི་ཨུཏྤལ་


JLAZ007_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཕྱེ་བཞིན། །བརྒྱད་དང་བཅུ་དྲུག་སུལ་ལྡན་བྱ། །གདུགས་དཔངས་ཆ་ཆུང་ཕྱེད་གྱེན་འཕགས། །འབྲེལ་བའི་ཤམ་བུའམ་ཟ་ར་ཚགས། །ཆ་ཕྲན་གཅིག་སྟེ་ཁྱོན་ཕྱེད་གཉིས། །སྟེང་རྒྱ་ཆ་ལྟག་སྤྲོད་མཚོན། ཕྲན་ཕྱེད་གཉིས་ལ། །ཟུར་དུ་འཕྱང་བའི་ཤང་ཁའི་རྒྱ། །ཆ་ཕྲན་བཞི་རེ་དྲ་བ་དང༌། །དྲ་ཕྱེད་སོགས་ཀྱིས་མཛེས་པར་བྱ། །གདུགས་ཁེབས་ཆ་ཕྲན་གཅིག་གི་དཔངས། །རྩ་བ་གདུགས་དང་ལྟགསྤྲོད་མཉམ། །སྟེང་རྒྱ་ཆ་ཕྲན་གསུམ་དུ་གཡེལ། །ཟླ་ཕྱེད་དཔངས་ལ་ཆ་ཕྱེད་གཉིས། །རྩེ་གཉིས་བགྲོད་པ་ཚངས་ཐིག་ནས། །གཡས་གཡོན་ཆ་ཕྲན་གཉིས་སུ་དོར། །ཉི་མ་ཟླུམ་འཁོར་ཆ་ཕྱེད་གསུམ། །ཏོག་རྒྱ་ཆ་ཕྲན་གཅིག་ཉིད་ལ། །དཔངས་སུ་ཕྱེད་གཉིས་ཕྱུར་བུར་བྱ། །ཀུན་ལ་ཚོན་ཐོབ་བཤད་ན་ཡང༌། །མཆན་གྱིས་རྣམ་པར་གསལ་བར་བསྟན། །དེ་ལྟར་བྱང་ཆུབ་ཆེན་པོའམ། །བདུད་འདུལ་མཆོད་རྟེན་ཞེས་གྲགས་པ། །གཟུགས་ཅན་སྙིང་པོ་ལ་སོགས་པས། །ཐུབ་དབང་བྱང་ཆུབ་ཤིང་དྲུང་དེར། །མངོན་པར་སངས་རྒྱས་དུས་སུ་བཞེངས། །ཆ་ཚད་འདི་ཡིས་གཞི་བཟུང་ལ། །གཞན་རྣམས་བདུན་པོའི་རྣམ་འགྱུར་ནི། ༈ །པདྨ་སྤུངས་པར་གྲགས་པའམ། །བདེ་གཤེགས་འབྱུང་བའི་མཆོད་རྟེན་ནི། །བང་རིམ་བཞི་པོ་ཟླུམ་པོ་ལ། །བདྨ་དང་ནི་འཁོར་ལོས་སྤྲས། །སེར་སྐྱར་བཀྲ་ཤིས་ལུམྦིའི་ཚལ། །བལྟམས་ཚེ་ཟས་གཙང་སོགས་ཀྱིས་བཞེངས། ༈ །ཆོས་འཁོར་བཀྲ་ཤིས་སྒོ་མང་ནི། །བང་རིམ་བཞི་


JLAZ007_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབུས་དག་ཏུ། །རང་རང་སུམ་ཆའི་གློ་འབུར་ལ། །ཕྱོགས་རེ་སྒོ་ནི་བཞི་བཞི་འམ། །བརྒྱད་དང་བཅུ་གཉིས་བཅུ་དྲུག་ཏུ། །བྱེད་པ་བདེན་བཞི་རྣམ་ཐར་བརྒྱད། །རྟེན་འབྲེལ་བཅུ་གཉིས་སྟོང་པ་ཉིད། །བཅུ་དྲུག་མཚོན་པ་ལྔ་སྡེ་ཡིས། །གྲོང་ཁྱེར་ཝཱའ་རཱ་ན་སི་དེར། །ཐུབ་པས་ཆོས་འཁོར་བསྐོར་ཚེ་བཞེངས། ༈ །ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་ནི། །བང་རིམ་བཞི་པོ་རང་རང་གི །སུམ་ཆའི་དབུས་མ་འབུར་དུ་དོད། །མུ་སྟེགས་ཕམ་པར་མཛད་པའི་ཚེ། །གཉེན་ཡོད་ཛཱེ་ཏའི་ཚལ་ཆེན་པོར། །ལི་ཙཱ་བྱི་ཡིས་བཞེངས་པའོ། ༈ །ལྷ་བབ་མཆོད་རྟེན་ཞེས་གྲགས་པར། །བང་རིམ་བཞི་པོ་རང་རང་གི །སུམ་ཆ་གློ་འབུར་གྱིས་བརྒྱན་པའི། །དབུས་ན་ཐེམ་སྐས་བྱས་པའོ། །ལྷ་གནས་ཡུམ་ལ་ཆོས་གསུངས་ཤིང༌། །དབྱར་གནས་སྔ་དྲོ་དགག་དབྱེ་མཛད། །ཕྱི་དྲོ་མི་ཡུལ་གསལ་ལྡན་དུ། །བབས་ཚེ་དེ་དག་རྣམས་ཀྱིས་བཞེངས། ༈ །དགེ་འདུན་དབྱེན་འདུམས་མཆོད་རྟེན་ནི། །བང་རིམ་བཞི་པོའི་ཟུར་བཞི་ནས། །མཉམ་པར་བཅད་པས་ཟུར་བརྒྱད་དང༌། །ལོག་བརྒྱད་མཛེས་པ་ལྷས་སྦྱིན་གྱིས། །དགེ་འདུན་དབྱེན་བྱས་མཆོག་ཟུང་གིས། །བསྡུམས་ཚེ་འོད་མའི་ཚལ་གྱི་གྲོང༌། །མ་གཱ་དྷཱ་པས་བཞེངས་པར་གྲགས། ༈ །མྱ་ངན་འདས་པའི་མཆོད་རྟེན་ནི། །སྤྲོས་པ་དབྱིངས་སུ་ཞི་བའི་བརྡར། །


JLAZ007_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བང་རིམ་བཞི་པོ་སྤངས་བྱས་ཏེ། །རྨང་དགེའི་སྟེང་དུ་བུམ་གདན་བཞག །འོན་ཀྱང་བང་རིམ་བཞི་པོའི་དཔངས། །བུམ་པ་དང་ནི་ཆོས་འཁོར་དེ་བཞིན་གཤེགས་པའི་རྣམ་པའི་མཆོད་རྟེན་ལ་ཆོས་འཁོར་ཉུང་མཐའ་བཅུ་གསུམ་དུ་བཞགས་པ་ཡིན་གྱི། གཞན་ནི་ཅི་མང་བ་ཐོབ་བར་བཤད་པ་བཞིན། མི་འགྱུར་ལྷུན་གྱིས་གྲུབ་པའི་ཕྱོགས་བཞིའི་མཆོད་རྟེན་ལའང་དེ་ལྟར་དུ་སྣང་བ། བྱེ་བྲག་ཏུ་འདིར་ནི་འདུལ་བ་ལུང་གི་དོན་འོག་ཏུ་འཆད་མ་ཐག་པའི་ལུང་གིས་མི་གནོད་པར་ཞིང་འདིའི་མཛད་པ་བརྟུལ་བ་ལྟར་སྣང་ཡང་དོན་ལ་ཞིང་ཁམས་དཔག་ཏུ་མེད་པ་ཉིད་དུ། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་པ་ལྟར་ཆོས་ཀྱི་འཁོར་ལོ་བསམ་ཀྱིས་མི་ཁྱབ་པ་བསྐོར་བའི་དུས་ཡིན་པའི་བརྡ་སྟོན་ཕྱིར་སྟོང་པ་ཉིད་བཅུ་དྲུག་མཚོན་པའི་ཆོས་ཀྱི་འཁོར་ལོ་བྱའོ། །ལ། །ན་སྤར་ལུས་ཚད་མཉམ་བྱས་ན། །དཔྱད་བཟོད་དོན་དུ་མི་འགལ་བར། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་སྨྲ། །གྱད་ཡུལ་གྲོང་ཁྱེར་རྩ་ཅན་དུ། །མྱ་ངན་འདས་ཚེ་གྱད་ཀྱིས་བཞེངས། ༈ །སྐུ་ཚེ་བྱིན་བརླབས་མཆོད་རྟེན་ནི། །རྨང་རྟེན་ཟླུམ་མོར་བྱས་པའི་སྟེང༌། །བང་རིམ་བཞི་པོ་གསུམ་ལ་བཟླུམ། །ཀུན་ཀྱང་ཟླུམ་པོར་བྱས་པ་ལ། །རང་རང་སུམ་ཆའི་ཁ་བད་མཛེས། །བུམ་ནང་གཙུག་ཏོར་རྣམ་རྒྱལ་བཞུགས། །རྣམ་རྒྱལ་མཆོད་རྟེན་ཞེས་ཀྱང་གྲགས། །ཡངས་པ་ཅན་དུ་ཙུནྡའི་ངོར། །སྐུ་ཚེ་ཟླ་བ་གསུམ་


JLAZ007_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བསྲིངས་ཚེ། །གྲོང་ཁྱེར་དེའམ་ཁ་ཅིག་ཏུ། །ལྷ་ཡིས་བརྩིགས་པ་དག་ཏུ་འདོད། །དེ་ལྟར་མཆོད་རྟེན་རྣམ་གཞག་ལ། །ཟླུམ་པོའི་དབྱིབས་སུ་བྱས་པ་ཀུན། །སྤྲོས་པའི་མཚན་མ་ཉེར་ཞིའི་དོན། །གྲུ་བཞིའི་དབྱིབས་སུ་བྱས་པ་ནི། །སྤངས་རྟོགས་ཡོན་ཏན་རྫོགས་པའི་བརྡ། །དགེ་བཅུ་ཐར་པའི་རྨང་རྟེན་ཡིན། །བང་རིམ་བཞི་པོ་རིམ་པ་བཞིན། །དྲན་པ་ཉེར་གཞག་ཡང་དག་སྤོང༌། །རྫུ་འཕྲུལ་རྐང་པ་དབང་པོ་ལྔ། །བུམ་ལྡན་སྟོབས་ལྔ་བུམ་པ་ནི། །བྱང་ཆུབ་ཡན་ལག་བདུན་དུ་མཚོན། །བྲེ་ནི་འཕགས་ལམ་ཡན་ལག་བརྒྱད། །ཤེས་བཅུ་སྟོབས་བཅུ་མ་འདྲེས་པའི། །དྲན་པ་ཉེར་གཞག་གསུམ་རིམ་བཞིན། །སྲོག་ཤིང་འཁོར་ལོ་བཅུ་གསུམ་མཚོན། །ཐུགས་རྗེས་སྐྱོབ་པ་ཆར་ཁེབས་གདུགས། །ཉི་ཟླ་འཇིག་རྟེན་མུན་སེལ་འོད། །ཏོག་ནི་འགྲན་ཟླ་བྲལ་བའི་རྟགས། །བརྡ་དོན་མཚུངས་པར་མདོ་རྒྱུད་ནས། །གསུངས་པ་བཞིན་དུ་མཁས་པས་དཔྱད། །རྒྱུ་ནི་རབ་ལ་རིན་པོ་ཆེ། །འབྲིང་དུ་སྨན་སྤོས་ཤིང་ལ་སོགས། །ཐ་མ་ས་རྡོ་ཇི་ལྟར་ཡང༌། །ཆེ་བ་དཔག་ཚད་རྒྱང་གྲགས་ནས། །ཆུང་ཚད་སྐྱུ་རུ་ར་ཙམ་པར། །སྡིག་དང་མ་འདྲེས་བརྩོན་པས་བཞེངས། །ཆ་ཚད་གཟུངས་དང་རབ་གནས་སོགས། །ནན་ཏན་འབད་པའི་བསོད་ནམས་ནི། །མདོ་སྙིང་རྗེ་པད་དཀར་སོགས་


JLAZ007_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀུན་ནས་རྒྱ་ཆེར་གསུངས། །དེ་ལྟར་བདེ་བར་གཤེགས་པའི་རྣམ་པ་ཐམས་ཅད་པའི་མཆོད་རྟེན་བཤད་ནས་ཞར་ལ་ཐེག་པ་སོ་སོའི་གང་ཟག་དང་བསྟུན་པའི་མཆོད་རྟེན་གྱི་རང་བཞིན་བསྟན་ནས་བླང་དོར་གྱི་གནས་གསལ་བར་བྱ་བ་ནི། འདུལ་པ་ལུང་ལས། སྔོན་འཕགས་པ་ཤཱ་རིའི་བུའི་རིང་བསྲེལ་རྣམས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཁྱེར་ཏེ། རང་གི་ཁྱིམ་གྱི་ནང་གི་མཆོག་མཐོན་པོ་ཞིག་ཏུ་བཞག་སྟེ། དེ་ལ་མཆོད་པ་དང༌། སྐྱེ་བོའི་ཚོགས་ཆེན་པོ་གཞན་རྣམས་ཀྱིས་ཀྱང་དེར་སོང་སྟེ་མཆོད་དོ། །དུས་རེ་ཞིག་ཁྱིམ་བདག་རི་བོར་ཞིག་ཏུ་བྱ་བ་ཅུང་ཟད་ཅིག་ལ་སྒོ་བཅད་དེ་སོང་བ་དང༌། སྐྱེ་བོའི་ཚོགས་རྣམས་ཀྱིས་མཆོད་པ་བྱ་བ་མ་བྱུང་བར་བདག་ཅག་གི་བསོད་ནམས་ཀྱི་བར་ཆད་བྱས་སོ་ཞེས་འཕྱ་བ་དེ་ཁྱིམ་བདག་གིས་ཐོས་ནས་བཅོམ་ལྡན་འདས་ལ་བདག་གིས་ཤཱ་རིའི་བུའི་མཆོད་རྟེན་ཕྱོགས་སྣ་སྤེལ་ཅན་ཞིག་ཏུ་བགྱིས་ལ་མཆོད་པ་བགྱིད་དུ་སྩོལ་ཅིག །བཀའ་སྩལ་པ། གནང་གིས་གྱིས་ཤིག །ཇི་ལྟར་བྱ་བ་མི་ཤེས་ནས་ཞུས་པ། བཀའ་སྩལ་པ། རིམ་གྱིས་བང་རིམ་བཞི་བྱས་ལ་དེ་ནས་བུམ་རྟེན་བྱའོ། །དེ་ནས་བུམ་པ་དང༌། བྲེ་དང༌། སྲོག་ཤིང་དང༌། གདུགས་གཅིག་དང་


JLAZ007_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང༌། གསུམ་དང༌། བཞི་བྱ་བ་ནས་བཅུ་གསུམ་གྱི་བར་བྱ་ཞིང་ཆར་ཁེབས་དག་ཀྱང་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱི་མཆོད་རྟེན་དེ་ལྟ་བུ་བྱའོ་གསུངས་པ་དང༌། དེས་ཅི་འཕགས་པ་ཤཱ་རིའི་བུ་འབའ་ཞིག་ལ་མཆོད་རྟེན་དེ་ལྟ་བུ་བྱའམ། འོན་ཏེ་འཕགས་པ་ཐམས་ཅད་ལ་བྱ་མི་ཤེས་ནས། སྐབས་དེར་བཅོམ་ལྡན་འདས་ལ་དགེ་སློང་དེ་དག་གིས་གསོལ་པ། བཀའ་སྩལ་པ། ཁྱིམ་བདག་རེ་ཞིག་དེ་བཞིན་གཤེགས་པའི་མཆོད་རྟེན་ནི་རྣམ་པ་ཐམས་ཅད་རྫོགས་པར་བྱའོ། །རང་སངས་རྒྱས་ཀྱི་ནི་ཆར་ཁེབས་མི་གཞག་པར་བྱའོ། །དགྲ་བཅོམ་པ་ནི་གདུགས་བཞིའོ། །ཕྱིར་མི་འོང་བ་ནི་གདུགས་གསུམ་མོ། །ཕྱིར་འོང་བ་ནི་གཉིས་སོ། །རྒྱུན་དུ་ཞུགས་པ་ནི་གཅིག་གོ །སོ་སོ་སྐྱེ་བོ་དགེ་བ་རྣམས་ནི་བྱི་བོར་བྱའོ། །ཞེས་ཆོས་འཁོར་ལ་གདུགས་དང༌། གདུགས་ལ་ཆར་ཁེབས་སུ་བཏགས་ནས་མཆོག་དམན་གྱི་རྣམ་པར་བཞག་པའང་ཤེས་དགོས་ལ། གཞན་ཡང་ཉན་ཐོས་ལ་ཆོས་གོས་བཞི་ལྟབ་ཀྱི་སྟེང་དུ་ལྷུང་བཟེད་ཁ་སྦུབ་པ་ལ་འཁར་གསིལ་བཙུགས་པ་ལྟ་བུ་དང༌། རང་རྒྱལ་ལ་རྨང་གྲུ་བཞིའི་སྟེང་དུ་ངོས་གྲུ་བཞི་བང་རིམ་ཟླུམ་པོ། བང་རིམ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པ་ཅན་དང༌། བྱང་ཆུབ་སེམས་དཔའ་ལ་དཔལ་མགོན་ཀླུ་སྒྲུབ་ཀྱིས། ལྷུང་བཟེད་ཁ་སྦུབ་པ་ལྟ་བུ་བུམ་


JLAZ007_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟླུམ་པོ་དང༌། ཁང་བུ་ལྟ་བུ་དང༌། རྒྱལ་མཚན་ལྟ་བུའི་མཆོད་རྟེན་བརྒྱད་ལ་སོགས་པའི་རྣམ་གཞག་ཡོད་དེ། དེང་སང་སྙིགས་མའི་དུས་འདིར་སྤངས་རྟོགས་ཀྱི་རྒྱུད་ཚོད་དང་སྦྱར་བའི་བྱེ་བྲག་མི་ཕྱེད་བཞིན་དུ་འཇིག་རྟེན་གྲགས་རྗེས་འབྲང་བའི་མཆོག་དང༌། ཕུལ་དུ་བསོད་ནམས་ཀྱི་མཐུས་རློམ་པ་མཐའ་དག་གིས་གསེར་དངུལ་ལ་སོགས་འབྱོར་སྟོབས་ཀྱི་གྱ་ནོམ་པས་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་རྫོགས་པའི་མཆོད་རྟེན་དུ་བྱས་ནས་ཐལ་སོལ་དུས་པ་དང་བཅས་པའི་སྣོད་དུ་བྱེད་པ་ནི་འོད་སྲུངས་རྫོགས་བྱེད་ཀྱི་གཏམ་རྒྱུད་དང་རྗེས་སུ་མཐུན་པར་གང་ལ་དམིགས་པ་དེའི་བསོད་ནམས་དང་དགེ་བའི་གེགས་རླབས་པོ་ཆེར་འགྱུར་བའང་ཤེས་པར་བྱའོ། །འོ་ན་གསང་སྔགས་ལྟར་ན་རྡོ་རྗེ་སློབ་དཔོན་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་ཡིན་པས་སོ་ཞེ་ན། རང་ངོའི་གདུལ་བྱ་འདུལ་བྱེད་ལ་ལྟོས་ན་དེ་ལྟར་ཡིན་པས་གསོལ་བ་ཡང་དེ་ཁོ་ན་ལྟར་འདེབས་དགོས་ལ། རྣམ་པ་ཐམས་ཅད་དུ་དེའི་རྒྱུད་ལ་ཡོད་པའི་སྤངས་རྟོགས་ཀྱི་ན་ཚོད་ལ་དཔྱད་དུ་མེད་ན། འོད་སྲུངས་རྫོགས་བྱེད་ཀྱང་མུ་སྟེགས་རང་ངོན་ཁོ་པའི་ལུགས་ཀྱི་སྤགས་རྟོགས་མཐར་ཕྱིན་པ་ཞིག་ཡིན་པ་ལ་ཅིས་བསྙོན། དེ་ཡང་ཁ་ཅིག་དེ་ལྟ་ན་རྒྱུད་བླ་མ་ལ་སོགས་ནས་ལམ་ལྔའི་ཡོན་ཏན་གྱི་ལམ་


JLAZ007_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་བཤད་པའི་ས་དང་པོའི་ཡོན་ཏན་མངོན་དུ་གྱུར་ཡང་སྲིད་མཐའ་ཙམ་ན་དེང་སང་གི་དུས་ན་འདི་ལྟ་བུ་གནས་མ་ཡིན་ནོ་སྙམས་དུ་དོགས་པ་ཡང་མི་བྱ་སྟེ། བླ་ན་མེད་པའི་ཐེག་པའི་རང་ངོ་ནས་གཞལ་ན་ཐུན་མོང་གི་སྣང་བའི་ལམ་རྟགས་དྲང་དོན་གྱི་བཤད་པ་ཙམ་ཡིན་གྱི། ཏིང་ངེ་འཛིན་གྱི་ངོས་ནས་སྒོམ་ལམ་ནོན་པའི་གང་ཟག་གཅིག་ལ་སྣང་བའི་རྟགས་ངོས་ནས་གཞིག་ཚེ་ཚོགས་ལམ་ཆེན་པོ་ཡང་ནོན་པར་མི་འདུག་ནའང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་འཁོར་འདས་ཀུན་གྱི་མཚང་རིག་ཅིང༌། དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་པ་ལས་ལྷག་པའི་སངས་རྒྱས་གུད་ན་མེད་པས་དེ་ལྟ་བུའི་སྤངས་རྟོགས་ལ་ཚད་གཞག་པར་བྱ་སྟེ། དཔེར་ན་འཛམ་བུའི་གླིང་གི་རྒྱན་དྲུག་མཆོག་གཉིས་དང༌། བོད་ཡུལ་གྱི་ཤིང་རྟ་ཆེན་པོ་ཀློང་ཆེན་རབ་འབྱམས་རྒྱལ་བ་གཉིས་པར་གཞག་པ་ལྟ་བུའོ་ཞེས་འདོམས་སོ། །དེ་ལྟར་རྒྱལ་བ་ཀུན་གྱི་ཆོས་སྐུའི་རྟེན་ཆེན་པོའི་བསྒྲུབ་ཚུལ་རྣམ་པར་གཞག་པ་དང་བཅས་པ་རང་གཞན་གྱི་བསོད་ནམས་གསོག་པའི་སླད་དུ་ཚེ་རིང་ལྗོངས་བྱང་ཆུབ་ལྗོན་པའི་ཚལ་དུ་རྒྱལ་བ་འོད་མཚན་སྟོང་འབར་གྱི་སྣང་བརྙན་འབུམ་ཐེར་གཅིག་དང་ལྔ་སྟོང་རྒལ་བས་མཚོན་བླ་ན་མེད་པའི་ནང་གཟུགས་ཀྱིས་ཕྱུར་བུར་བལྟམས་པའི་མཆོད་རྟེན་བྱང་ཆུབ་མཐོང་གྲོལ་བཞེངས་པའི་ཚེ་རྫོགས་ཆེན་པ་མཁྱེན་བརྩེའི་འོད་ཟེར་གྱིས་པདྨ་འོད་གླིང་འཁོར་ལོ་ཚོགས་ཆེན་གྱི་གནས་སུ་སྦྱར་བའོ། །གཏམ་ཚོགས་ལེའུ་ཞེ་ལྔ་པའོ།། །།


previousགཏམ་ཚོགས་ལེའུ་ཞེ་ལྔ་པ། བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ཀྱི་ཐིག་གི་གཏམ་བྱང་ཆུབ་ལྗོན་ཤིང་།next