Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཞེ་དྲུག་པ། མཆོད་སྦྱིན་གྱི་གཏམ་འཕྲུལ་དགའི་རོལ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཞེ་དྲུག་པ། མཆོད་སྦྱིན་གྱི་གཏམ་འཕྲུལ་དགའི་རོལ་མོ།next

གཏམ་ཚོགས་ལེའུ་ཞེ་དྲུག་པ། མཆོད་སྦྱིན་གྱི་གཏམ་འཕྲུལ་དགའི་རོལ་མོ།


JLAZ007_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་གྱི་གཏམ་འཕྲུལ་དགའི་རོལ་མོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ལ་གནས་སྐབས་སུ་མངོན་པར་མཐོ་བ་དང༌། མཐར་ཐུག་ངེས་པར་ལེགས་པའི་ཡོན་ཏན་ཐོབ་པའི་རྒྱུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ལས་གཞན་མེད་པས་བདག་ཅག་གི་སྟོན་པས་ཀྱང་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་རྣམ་པ་གཉིས་ལ་བརྟེན་གོམས་མཛད་པ་ཡིན་ནོ། །དེ་ལ་འདིར་བསོད་ནམས་ཀྱི་གཏམ་ཅུང་ཟད་བརྗོད་ན། རྒྱུ་འབྲས་སྔ་ཕྱིར་སྨིན་པའི་ལམ་ལ་བསོད་ནམས་ཀྱི་ཚོགས་ཁོ་ནས་ཆོད་ཆེ་བས། ཚོགས་བསག་པའི་སྒོ་ཐམས་ཅད་ཀྱང་ཡན་ལག་བདུན་དུ་བསྡུས་པའི་ཕྱིར་ན་སེམས་སྟོབས་ཆེན་པོས་དེ་དག་ལ་རྒྱུན་ཆགས་སུ་བསླབས་པས་བསྐལ་པ་གྲངས་མེད་ཀྱི་ཚོགས་ཀྱང་མྱུར་བོར་འདུམས་པ་ཡོད་དེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་བཞིན་ནོ། །དེའི་ནང་གསེས་ཡན་ལག་གཉིས་པ་མཆོད་པའི་གཏམ་ཅུང་ཟད་བརྗོད་ན། འཇུག་པའི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའང་ལྷག་པར་དུ་བསླབ་པའི་སྒོ་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་གཏོང་བ་དང༌།


JLAZ007_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་པ་ཆེན་པོ་དང༌། ཤིན་ཏུ་གཏོང་བ་གསུམ་ལས། གསུམ་ཀའི་མཐར་ཐུག་གཏོང་སེམས་གོམས་པ་ལ་ལྟོས་པས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་དཀོན་མཆོག་གི་ཕྱོགས་སུ་བསྔོ་བ་ནི་མཆོད་པའི་ཁྱད་པར་དམ་པ་ཡིན་ནོ། །དེ་ལ་བླ་ན་ཡོད་པའི་མཆོད་པ་དང༌། བླ་ན་མེད་པའི་མཆོད་པ་གཉིས་ལས། དང་པོ་ནི། སེར་སྣ་དང་འཇུར་བུས་མ་བཅིངས་པར་སྙིང་ཐག་པ་ནས་གཏོང་སེམས་ལ་སྤྲོ་བ་འཇུག་པའི་བློས་མཆོད་པའི་རྒྱུ་ཚོགས་གཙང་ཞིང་དག་པ་སྟེ། རྩམ་པ་བཟང་ཤོས་དང༌། མར་ཁ་འཇམ་ལྟ་བུ་རང་ཉིད་ཡིད་དུ་འོང་བའི་མཐར་ཐུག་པ་དེ་དཀོན་མཆོག་ལ་འབུལ་བ་ལས། དེང་སང་མཆོད་ཡུལ་བསླུ་བའི་བསམ་པ་ཅན་དག་གིས་ངན་ངོན་དཀོན་མཆོག་ལ་འབུལ་ཞིང༌། དེ་ཡང་མར་བཅུད་རང་གི་འཐུངས་ནས་ཇ་ཞག་དཀར་མེ་ལ་འབུལ་བ་ལྟ་བུ་མི་བྱའོ། །འོན་ཀྱང་དབང་ཐང་ཆུང་ངུར་གྱུར་པ་དག་གིས་རང་དབང་གིས་མཆོད་པའི་རྫས་རྔོ་མ་ཐོགས་ནས་གཞན་གྱིས་རང་ལ་བྱིན་པ་ལྟ་བུ་ནས་དེ་ལྟར་བགྱིས་ན་མི་རུང་བའང་མ་ཡིན་ཏེ། དགེ་སྡིག་ནི་ཀུན་སློང་བཟང་ངན་གྱི་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་བཞིན་དུ་གཡོས་བྱ་དུས་ཀྱང་བཤོས་བུ་འཆོས་སླ་བའི་བསམ་པས་མཆོད་ཟན་སླ་མོ་མི་བྱ་སྟེ། ཇོ་བོས། བོད་རྣམས་ཕྱུག་པོ་མི་ཡོང། གཏོར་ཟན་སླ་མོར་བྱེད་པ་འདུག་གསུངས་


JLAZ007_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཚོན་རང་ཉིད་བཟར་རུང་ཙམ་བྱ། དཀོན་མཆོག་གསུམ་ལ་བསྔོས་ཀྱང་རོ་མ་རང་དབང་ཅན་ཡིན་སྙམ་པ་སྦྱིན་པ་འཇུར་གོས་ཅན་མ་ཡིན་པ་དང༌། གང་ལ་བརྟེན་ནས་ཕྱིན་ཆད་རྒྱུན་ཆད་པའི་དགག་བྱ་མེད་ན་མཆོད་རོ་ཡང་ངན་སློང་ལ་སྟེར་བ་ཁོ་ན་ལེགས་ཏེ། བདག་ནི་ཡོངས་སུ་མ་གཏང་ན། །སྡུག་བསྔལ་སྤང་བར་མི་ནུས་ཏེ། །ཇི་ལྟར་མེ་ནི་མ་གཏང་ན། །བསྲེག་པ་སྤང་བར་ཡོངས་མི་ནུས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྔོན་གྱི་བླ་མ་དམ་པ་ཁ་ཅིག་གིས་རྩམ་ཁལ་སྟོང་ཕྲག་ལངས་པའི་བཤོས་བུ་རི་ངོགས་སུ་དོར་བའི་རྣམ་ཐར་དྲན་པར་བྱས་ནས་བརྐམ་ཆགས་འཇིག་པ་ལ་བསླབ་བོ། །དེ་ཡང་ཡུལ་གཉེན་པོ་ལ་འབུལ་བའི་འདུ་ཤེས་ཀྱིས་གཙང་ཞིང་དངོས་དག་ལ་བཀོད་པས་ཁྱད་པར་འཕགས་པར་བཞེངས་ནས་བཤམ་ཚུལ་ཡང་དེ་ལྟར་བྱེད་པ་ནི། བཀོད་པས་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི་ཞེས་པ་ལྟར་རོ། །དེ་ཡང་བཀོད་པ་ཞེས་པའི་སྒྲ་ནི། ཀླུ་སྒྲུབ་དང་རྒྱན་བཟང་པོས། འདིར་བཀོད་པའི་སྒྲ་ནི་ཚོགས་པའི་རྣམ་གྲངས་ཡིན་ཏེ། ལྷ་དང་མི་རྣམས་ཀྱི་ལྷ་རྫས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་རྣམས་ཀྱིས་རྒྱལ་བ་ཐམས་ཅད་ལ་མཆོད་པར་བགྱིའོ་ཞེས་འབྱུང་ངོ། །ཡང་རྣམ་པ་


JLAZ007_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ན་ཤཱཀྱ་བཤེས་གཉེན་གྱིས། བཀོད་པ་ནི། ཁང་བཟངས་དང༌། ཡང་ཐོག་དང༌། ལྷ་ཁང་དང༌། ལྷ་ཁང་བུམ་པ་ཅན་དང༌། གཙང་ཁང་ཕྱུར་བུའི་བྱེ་བྲག་ལ་སོགས་པ་སྟེ། ཙན་དན་ལ་སོགས་པ་ལ་བྱས་པ་ནས་སོ་ཕག་ལ་སོགས་པ་ལས་བྱས་པའི་བར་རྣམ་པ་དེ་དག་ཐམས་ཅད་ཀྱིས་སོ་ཞེས་པ་ལྟར་རོ། །དེ་ཡང་བཤམ་ཚུལ་གྱི་སྒོ་ནས་བཀོད་པའི་ཁྱད་པར་བརྗོད་ན། མཆོད་སྟེགས་རིམ་པ་བཞི་པའམ་ལྔ་པ་བྱས་ལ་ཡར་ཐོག་ནས་རིམ་པར་མཆོད་ཡོན་སོགས་བཤམས་ལ། འོན་ཀྱང་སྣང་གསལ་ནི་ཞུགས་ཀྱིས་གནོད་པ་ཆེ་བས་ཡང་ཐོག་གམ་ཞལ་ཟས་དང་ཉེ་བ་མ་ཡིན་པའི་དམའ་སར་བཤམ་པ་ལེགས་ལ། དེ་ཡང་སྟོང་མཆོད་ལྟ་བུར་མཆོད་པ་ལྔ་ཚར་བརྒྱ་ཕྲག་རེ་ཤོང་བའི་མཆོད་སྟེགས་བཅུ་ཐམ་པ་འདུ་བྱས་ནས་བཤམས་པ་ལེགས་སོ། །ཡང་དཀྱིལ་འཁོར་ལ་སྐོར་མཆོད་ཀྱིས་མཚོན་སྔགས་ལུགས་ཀྱི་ཆོ་གའི་མཆོད་མགོ་བལྟ་ཕྱོགས་ལ་ཟེར་སྒྲོས་ཙམ་དུ་ཕ་རྒྱུད་མ་རྒྱུད་དང༌། སྔགས་གསར་རྙིང་དང༌། ཆོས་བོན་གྱི་རྣམ་དབྱེར་བཏགས་པ་སྣ་ཚོགས་འདུག་ཀྱང༌། རྟོག་བཟོ་ཙམ་ལས་རྒྱུ་མཚན་ཆེར་མི་སྣང་ལ། ཕར་ཕྱིན་དྲུག་གིས་མཚོན། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ངོ་བོ་ཉིད་དུ་གནས་པའི་དོན་དང་སྦྱར་ན། མཆོད་པའི་རྫས་རྣམས་ནི་ཐབས་དང༌། སྣང་བ་དང༌།


JLAZ007_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ཆ་སྟེ་བླ་ན་ཡོད་པའི་མཆོད་པ་ཡིན་ལ། འབུལ་བའི་ཡུལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ཟག་པ་ཟད་པ། རྣམ་པར་གྲོལ་བ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཤེས་རབ་ཀྱི་ཆར་བཞུགས་པ་ལ། བླ་ན་ཡོད་པའི་མཆོད་པ་དེ་ཡང་ཆོས་ཀྱི་ཕྱག་རྒྱ་ཆེན་པོའི་ཕྱོགས་སུ་བསྔོ་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོར་གཡོན་ཕྱོགས་ཤེས་རབ་ཀྱི་ཕྱོགས་ལ་མཆོད་མགོ་བཏོད་པ་ལེགས་པ་ཡིན་ནོ་ཞེས་རྒྱལ་བའི་དགོངས་བརྒྱུད་ལས་འབྱུང་ངོ། །དེ་ལ་དངོས་བསྟན་ཉེར་སྤྱོད་ལྔ་ལས་མེད་ཀྱང་ཡིད་ཀྱིས་སྤྲུལ་པའི་ཆ་ནས་ཕལ་པོ་ཆེའི་ཡན་ལག་བདུན་པ་ལས། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །ཞེས་པའི་ཤློ་ཀ་གཉིས་དང༌། གཞན་ཡང་དབང་པོ་དྲུག་ལ་འདོད་པའི་ཡོན་ཏན་དུ་འཆར་བའི་བརྟན་གཡོའི་དངོས་པོ་མཐའ་དག་བློས་བླངས་ཏེ་འབུལ་ཚུལ་ནི་སྤྱོད་འཇུག་དང༌། སྒྱུ་འཕྲུལ་དྲ་བ་སོགས་ནས་བཤད་པ་བཞིན་ནོ། །གཉིས་པ་བླ་ན་མེད་པའི་མཆོད་པ་ནི། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་མང་པོ་ལ་དབང་ཐོབ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་རོལ་པ་ལས་བྱུང་བའི་མཆོད་པའི་ཕྱག་རྒྱ་ཆེན་པོ་སྟེ། དེ་ལས་གོང་དུ་གྱུར་པའི་མཆོད་པ་མེད་པས་བླ་ན་མེད་པ་ཞེས་བྱ་སྟེ། ཆོས་ཀྱི་མཆོད་པ་གོང་ན་མེད་པའོ། །དེ་སྐད་དུ་དཀོན་བརྩེགས་ལས།


JLAZ007_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་དམ་པ་ཆོས་ཀྱི་མཆོད་པ་ནི་མཆོད་པ་ཐམས་ཅད་ཀྱི་ནང་ན་མཆོག་གོ །ཞེས་དང། རིགས་ཀྱི་བུ་ཆོས་ཀྱི་མཆོད་པ་ནི་གང་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་ཟབ་མོར་སྣང་བ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ། རྟོགས་པར་དཀའ་བ། མངོན་པར་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། ཕྲ་བ། ཞིབ་པ། མི་དམིགས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ནང་དུ་གཏོགས་པ། གཟུངས་དང་མདོ་སྡེའི་རྒྱལ་པོའི་ཕྱག་རྒྱས་བཏབ་པ་ཕྱིར་མི་ལྡོག་པའི་འཁོར་ལོ་སྟོན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བྱུང་བ། འཛིན་པ་རྣམས་ཡོངས་སུ་མ་གཟུང་བ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལྡན་པ། བྱང་ཆུབ་ཀྱི་ཡན་ལག་སྒྲུབ་པར་གཏོགས་པ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་འཇུག་པ། བྱམས་པ་ཆེན་པོ་སྟོན་པ། བདུད་ཀྱི་ལྟ་བར་གྱུར་པ་ཐམས་ཅད་མེད་པ། རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པ། བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་མི་བྱེད་པ་དང༌། མ་སྐྱེས་པ་དང༌། མ་བྱུང་བ་དང་ལྡན་པ། བྱང་ཆུབ་ཀྱི་སྙིང་པོ་སྒྲུབ་པ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་


JLAZ007_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོའི་དབང་པོ་རྣམས་ཀྱིས་རབ་ཏུ་བསྟོད་ཅིང་བསྔགས་པ། དམ་པའི་ཆོས་ཀྱི་རིགས་རྒྱུན་མི་གཅོད་པ། ཆོས་ཀྱི་མཛོད་འཛིན་པ། ཆོས་ཀྱི་མཆོད་པའི་མཆོག་ལ་ཞུགས་པ། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པར་སྟོན་པ། ཡང་དག་པའི་དོན་གྱི་ཆོས་སོ་སོར་ཡང་དག་པར་རིག་པ་ལ་འཇུག་པ། ཆོས་ཀྱི་མདོ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་ལས་ངེས་པར་འབྱུང་བ། སེར་སྣ་ཅན་དང༌། ཚུལ་ཁྲིམས་འཆལ་བ་དང༌། གནོད་སེམས་ཅན་དང༌། ལེ་ལོ་ཅན་དང༌། བརྗེད་ངས་པ་དང༌། ཤེས་རབ་འཆལ་བ། སྤ་འགོང་བ། ཕས་ཀྱི་རྒོལ་བ་དང༌། ལྟ་བ་ངན་པ་དང༌། དམིགས་པ་ལ་མངོན་པར་ཞེན་པ་ཐམས་ཅད་སྤོང་བར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ། འཁོར་བའི་ཕྱོགས་ཀྱི་གཉེན་པོ། མྱ་ངན་ལས་འདས་པའི་བདེ་བ་ཡང་དག་པར་སྟོན་པ། དེ་ལྟ་བུའི་མདོ་སྡེ་རྣམས་ཡང་དག་པར་སྟོན་པ་དང༌། འཆང་བ་དང༌། སོ་སོར་རྟོག་པ་དང། དམ་པའི་ཆོས་ཀུན་སྡུད་པ་དེ་ནི་ཆོས་ཀྱི་མཆོད་པ་ཞེས་བྱའོ། །ཞེས་དང༌། ལྷའི་དབང་


JLAZ007_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་ལྟ་བས་ན་ང་ལ་ཟང་ཟིང་གིས་མ་མཆོད་པར་ཆོས་ཀྱི་མཆོད་པས་མཆོད་ཅིག ང་ལ་ཟང་ཟིང་གིས་བསྟི་སྟང་མ་བྱེད་པར་ཆོས་ཀྱི་བསྟི་སྟང་གིས་རི་མོར་གྱིས་ཤིག ཅེས་སོ། །དེ་ལྟ་མོད་ཀྱིས་ཚོགས་སྦྱོར་གྱི་ལམ་པའི་བྱང་ཆུབ་སེམས་དཔའ་དང་སོ་སོ་སྐྱེ་བོས་ནི་ཆོས་ཀྱི་མཆོད་པ་བསྒྲུབ་པར་མི་ནུས་པས་ཟང་ཟིང་གི་མཆོད་པ་ཁོ་ན་ལ་བརྩོན་པར་བྱ་ཞིང༌། དེ་ལྟར་བརྩོན་པའི་ཚེ་ཡང་མཆོད་པའི་སྤྲིན་གྱི་གཟུངས་འདོན་པ་དང་ཕན་ཡོན་ཤེས་པར་བྱ་བ་ནི། རྒྱ་གར་སྐད་དུ། པཱུ་ཛ་མེ་གྷ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། མཆོད་པའི་སྤྲིན་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ན་མོརཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏ་ཡ། ཡརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ་མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་ཎྚོདྱ་སྭཱ་ཧཱ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོདྷི་མནྚོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨ་བ་ར་ཎ། བི་ཤྭ་དྷ་ན་བཛྲེ་སྭཱ་ཧཱ། གཟུངས་སྔགས་འདིའི་ཆོ་ག་ནི་འདི་ཡིན་ཏེ། དྲན་པ་ཙམ་གྱི་མོད་ལ་ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་གང་གཱའི་རྡུལ་ཕྲ་རབ་སྙེད་ལ་མཆོད་པ་བྱས་པར་འགྱུར་ཅིང་ཞབས་ལ་ཕྱག་བྱས་པར་འགྱུར་རོ། །མེ་ཏོག་དང༌། བདུག་པ་དང༌། སྤོས་དང༌། མེ་ཏོག་ཕྲེང་བ་དང༌། བྱུག་པ་དང༌།


JLAZ007_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་མ་དང༌། ཆོས་གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་ཐམས་ཅད་དང༌། གདན་དང༌། གདིང་བ་དང༌། ན་བཟའ་དང༌། སྤྱན་གཟིགས་དང༌། བཤོས་གཙང་ལ་སོགས་པ་དང༌། རྒྱན་དང༌། ལྷབ་ལྷུབ་ཐམས་ཅད་ཀྱིས་མཆོད་པ་བྱས་པར་འགྱུར་རོ། །སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་ཅིང༌། །དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བས་ཡང་དག་པར་དབུགས་འབྱིན་པར་འགྱུར་རོ། །ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང༌། ལག་ན་རྡོ་རྗེ་ལ་སོགས་པ་གསང་བའི་བདག་པོ་དང་བཅས་པ་རྣམས་དང༌། རྒྱལ་པོ་ཆེན་པོ་བཞི་རྣམས་ཕྱི་བཞིན་ཡང་དག་པར་འབྲང་ཞིང༌། བསྲུང་བ་དང༌། བསྐྱབ་པ་དང༌། སྦེད་པར་བྱེད་དོ། །འདི་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། ཡོན་ཏན་གྱི་ཁྱད་པར་འདི་དག་ནི་མ་བསྒྲུབས་པར་ལན་ཅིག་དྲན་པ་ཙམ་གྱིས་ཐོབ་པར་འགྱུར་རོ། །མཆོད་པའི་སྤྲིན་ཞེས་བྱ་བའི་གཟུངས་རྫོགས་སོ། །ཞེས་པས་མཚོན་ལ། རྒྱས་པར་ཟབ་མོའི་མདོ་སྡེ་རྣམས་དང་སྐྱེས་རབས་དག་ལས་ཤེས་པར་བྱའོ། །ཞེས་པའང་མདོ་ཁམས་རྫོགས་ཆེན་སྤྲུལ་པའི་སྐུ་རིན་པོ་ཆེའི་གསུང་ངོར་རིག་འཛིན་འཇིགས་མེད་གླིང་པས་སོ། །གཏམ་ཚོགས་ལེའུ་ཞེ་དྲུག་པའོ།། །།


previousགཏམ་ཚོགས་ལེའུ་ཞེ་དྲུག་པ། མཆོད་སྦྱིན་གྱི་གཏམ་འཕྲུལ་དགའི་རོལ་མོ།next