Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཞེ་བདུན་པ། མཎྜལ་གྱི་གཏམ་བསོན་ནམས་སྤྲིན་ཕུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཞེ་བདུན་པ། མཎྜལ་གྱི་གཏམ་བསོན་ནམས་སྤྲིན་ཕུང་།next

གཏམ་ཚོགས་ལེའུ་ཞེ་བདུན་པ། མཎྜལ་གྱི་གཏམ་བསོན་ནམས་སྤྲིན་ཕུང་།


JLAZ007_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་གྱི་གཏམ་བསོན་ནམས་སྤྲིན་ཕུང་ཞེས་བྱ་བ། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་ངོ་བོ་སྟོང་པ་ཉིད། །སྟོང་ཉིད་རྣམ་ཀུན་མཆོག་ལྡན་གདོད་མའི་དངོས། །ཟུང་འཇུག་བློ་འདས་ཆེན་པོར་ཕྱག་བགྱོའོ། །དེ་ཡང་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་གཤེགས་ཤུལ་ལམ་ལྔར་གྲགས་པ་ལས། ཐོས་བསམ་དང་བསོད་ནམས་ཀྱི་ཚོགས་ལ་རྒྱ་ཆེར་སྤྱོད་པས་ཚོགས་ལམ་གྱི་རྣམ་གྲངས་སུ་འདུ་བའི་མཎྜལ་གྱི་རྣམ་པར་གཞག་པ་ཅུང་ཟད་ཅིག་བརྗོད་ན། སྤྱིར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞི་ལམ་འབྲས་གསུམ་གྱི་ངོ་བོར་བཞུགས་པ་ལས། གཞི་ནི་སེམས་ཅན་གྱི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་འཁོར་འདས་ལམ་གསུམ་གྱི་འཆར་གཞིར་གྲུབ་ཅིང༌། དེ་ཉིད་ཚོགས་གཉིས་ཀྱི་འཕེན་པས་བསྐྱེད་བསྲིངས་ཏེ་སྤངས་རྟོགས་ཀྱི་ཕྲིན་ལས་མཐར་ཕྱིན་པ་ལ་མངོན་པར་སངས་རྒྱས་པའི་མིང་དུ་འགྲུབ་སྟེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཀུན་གཞི་དྲི་མེད་བསོད་ནམས་ཀྱིས། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །དེ་ཉིད་རྟོགས་ནས་མཐོང་བ་ནི། །རྣལ་འབྱོར་འཇིགས་མེད་རྣལ་འབྱོར་རོ། །ཞེས་སོ། །


JLAZ007_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་འབྲས་བུ་དག་པ་ཉིས་ལྡན་གྱི་གོ་འཕང་མངོན་དུ་བྱེད་པ་ལ་ལམ་གྱི་དུས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟུང་འབྲེལ་དུ་བསག་པ་ཐབས་ཀྱི་མཐར་ཕྱིན་པ་ཡིན་ཏེ། དཔལ་མགོན་དབྱིག་གཉེན་གྱི་ཚོགས་ཀྱི་གཏམ་ལས། དེ་ལྟར་བསོད་ནམས་ཡེ་ཤེས་ཀྱི། །རང་བཞིན་ཆུ་བོས་འགེངས་པ་དག །འགྲོ་བའི་ཐར་ལམ་གཅིག་ཏུ་མཁས། །བྱང་ཆུབ་ལག་པའི་མཐིལ་ན་གནས། །ཞེས་སོ། །དེ་ཡང་འདི་ལྟར་བསོད་ནམས་ཀྱི་ཚོགས་བསག་པ་མཐའ་དག་ཡན་ལག་བདུན་གྱི་ཁོངས་སུ་བསྡུ་བ་ལས། ཐུན་མོང་མ་ཡིན་པའི་ལམ་གྱི་སྟེགས་སུ་གྱུར་པ་ནི་ཞིང་ཁམས་ཀྱི་མཆོད་སྤྲིན་ཡིན་ལ། རྒྱུན་ལས། སངས་རྒྱས་ཞིང་ཁམས་ཐམས་ཅད་ལ། །སྟོང་གསུམ་ཞིང་ཁམས་མ་ལུས་པ། །འདོད་པའི་ཡོན་ཏན་བརྒྱན་པ་ཡིས། །མཆོད་ན་སངས་རྒྱས་ཡེ་ཤེས་རྫོགས། །ཞེས་སོ། །དེ་ཡང་སྤྱིར་དགེ་བ་བསོད་ནམས་ཀྱི་ལས་མཐའ་དག་ལ་སྦྱོར་བ་བྱང་ཆུབ་ཀྱི་སེམས། དངོས་གཞི་དམིགས་པ་མེད་པ། མཇུག་བྱང་ཆུབ་ཏུ་བསྔོ་བ་སྟེ། དམ་པ་གསུམ་གྱིས་ཟིན་པ་གཞི་རྟེན་དུ་བྱས་ནས་མཎྜལ་གྱི་ཆོ་ག་དངོས་ལ། སྒྲ་དོན་འགྲེལ་བ། དག་པ་སྦྱོར་བ། ཚུལ་ལམ་རྣམ་པ་བརྗོད་པ་དང་གསུམ་དུ་ངེས་པ་ལས། སྒྲ་དོན་ནི། ཕྱི་མཚན་ཉིད་ཀྱི་ཐེག་པ་ལྟར་ན། མཎྜ་སྟེ་སྙིང་པོའམ་


JLAZ007_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར། ལ་ནི་ལེན་ཞིང་འཛིན་པ་སྟེ། འགོག་ལམ་གྱི་བདེན་པ་དམ་པ་ཆོས་ཀྱི་རྒྱལ་སྲིད་བསྒྲུབ་པའི་སྙིང་པོའམ། གཞི་འཛིན་པའི་སླད་དུ་བསོད་ནམས་ཀྱི་བགྱི་བ་རླབས་པོ་ཆེ་བསགས་ཏེ་མངོན་མཐོའི་དཔལ་ཡོན་སྦྱིན་པའི་ཉེ་རྒྱུར་འགྱུར་བས་དེ་སྐད་དུ་གྲགས་ལ། ནང་གསང་སྡགས་འབྲས་བུའི་ཐེག་པ་ལྟར་བརྗོད་ན། ཡེ་ཤེས་ཐིག་ལེ་ལས། མ་ཡི་ཡིག་འབྲུ་འདབ་མར་བརྗོད། །ཎ་ཡི་ཡིག་འབྲུ་ལྟེ་བར་དྲན། །ཌ་ཡི་ཡིག་འབྲུ་གེ་སར་དག །ལ་ཡི་ཡིག་འབྲུ་དེ་དེ་ལྟ། །ཞེས་ཕྱི་ལྟར་དུ་ཆུ་སྐྱེས་ཀྱི་གེ་སར། ནང་ལྟར་དུ་རྡོ་རྗེ་བཙུན་མོའི་མཁའ་ཀློང༌། གསང་བ་ལྟར་དུ་ཡུལ་དེ་ལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་རྡོ་རྗེས་རོལ་པས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་གསལ་དབུ་མ་ཆེན་པོའི་སྦུབས་སུ། གཟུང་འཛིན་རོ་རྐྱང་གི་ལས་རླུང་དབང་དུ་བསྡུས་པས། འཆིང་བྱེད་རྩའི་མདུད་པ་ཉི་ཤུ་རྩ་གཅིག་ལ་སོགས་པ་བཙན་ཐབས་སུ་བཀྲོལ་ནས། ས་བཅུ་དང༌། ལམ་ལྔའི་ཡོན་ཏན་མངོན་དུ་གྱུར་ཏེ་སྡུག་བསྔལ་མཐའ་དག་དབྱིངས་སུ་ཟད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ལ་སྦྱོར་བས་དཀྱིལ་འཁོར་དུ་གདགས་པ་ཡིན་ཏེ། དེ་སྐད་དུ་རྒྱུད་ལས། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། །རང་རིག་མཐའ་དབུས་མེད་


JLAZ007_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཞེས་སོ། །དག་སྦྱོར་ནི་སྤྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་ནི་ཆོས་ཐམས་ཅད་ཀྱི་གཞིའམ་དངོས་པོ། ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས། རྒྱལ་སྲས་རྣམས་ཀྱི་སྤྱོད་པའི་མཆོག་དམ་པར་བསྟན་ཏེ་བཤེས་སྤྲིང་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང༌། །དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན། །འདི་དག་རྒྱལ་མཛོད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོ་མཛོད། །ཅེས་འདི་ལྟར་ཆོས་དང༌། ཟང་ཟིང༌། མི་འཇིགས་པ་སྟེ། སྦྱིན་པ་རྣམ་པ་གསུམ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅད་དོན་བྱེད་དེ་ཚུལ་ཁྲིམས་རྣམ་པ་གསུམ། གནོད་པ་ལ་ཇི་སྙམ་པ་མི་མཇེད་པའི་བཟོད་པ། ཆོས་ཕྱིར་དཀའ་བའི་ལས་མཐའ་དག་བཟོད་པ། སྟོང་ཉིད་ཟབ་མོ་ལ་མི་སྐྲག་པ་སྟེ་བཟོད་པ་རྣམ་པ་གསུམ། ཕུལ་བྱུང་གི་བསམ་པ་བརྟན་པ་གོ་ཆའི་བརྩོན་འགྲུས། གཞན་དོན་ལ་སྐྱོ་དུབ་མེད་པ་སྦྱོར་བའི་བརྩོན་འགྲུས། དེ་ལས་མི་ལྡོག །མི་ངལ། ཆོག་པར་མི་འཛིན་མངོན་པར་སྤྲོ་བའི་བརྩོན་འགྲུས་ཏེ་བརྩོན་འགྲུས་རྣམ་པ་གསུམ། བསམ་གཏན་གྱི་གཟུགས་མེད་དང་ཆ་མཐུན་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན། ཚོགས་སྦྱོར་གྱི་ཏིང་ངེ་


JLAZ007_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལམ་དུ་བྱེད་པ་དོན་རབ་འབྱེད་པའི་བསམ་གཏན། ཟག་མེད་ཀྱི་ཆོས་ཉིད་ལ་འཇུག་པ་དེ་བཞིན་ཉིད་དམིགས་ཀྱི་བསམ་གཏན་རྣམ་པ་གསུམ། མང་དུ་ཐོས་པ་ལུང་གི་ཡོན་ཏན། ལུང་དོན་རིག་པས་འབྱེད་པའི་བསམ་པ། ཡིན་ཚུལ་སེམས་ཐོག་ཏུ་འབེབས་པའི་སྒོམ་པ་སྟེ་ཤེས་རབ་རྣམ་པ་གསུམ། དེ་དག་སོ་སོའི་མི་མཐུན་ཕྱོགས་ཀྱི་སྐྱོན་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་ནི། འདི་མཎྜལ་གྱི་དྲིའི་ཐིག་ལེ་བསྐུ་བ་ནས་བཟུང་སྟེ་ཚོམ་བུ་ཡོངས་སུ་རྫོགས་པའི་བར་ལ་ཚང་བ་ཡིན་ཏེ་མཎྜལ་གྱི་མདོ་ལས། བ་ལྕི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཞེས་གསུངས་པ་ལྟར་རོ། །ཚུལ་ལམ་རྣམ་པ་ནི། མངོན་པ་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷར་བཅས། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་


JLAZ007_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་ནང་ཚན་སྟོང་གསུམ་མི་མཇེད་ཀྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོངས་སུ་རྫོགས་པའི་ས་གཞི་ཐམས་ཅན་དན་ལ་སོགས་དྲི་བཟང་པོའི་བདུག་པས་བྱུགས་ཤིང༌། མེ་ཏོག་སིལ་མ་དང་རིན་པོ་ཆེས་རྣམ་པར་བཀྲམ་པའི་གོ་མཚམས་རྣམས་སུ། རིན་པོ་ཆེའི་རི་བོ་ལ་སོགས་པ་བཞི། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲིད་ལ་འོས་པའི་རིན་པོ་ཆེ་རྣམ་པ་བདུན། སྒེག་སོགས་བརྒྱད། ཉི་ཟླའི་སྣང་བྱེད། རིན་པོ་ཆེའི་གདུགས། ཕྱོགས་མཐའ་དག་ལས་རྒྱལ་བའི་རྒྱལ་མཚན། དེ་དག་ཀྱང་རྒྱ་ཆེར་རོལ་པ་དང༌། དྲན་པ་ཉེར་གཞག །མངོན་པར་འབྱུང་བའི་མདོ་སོགས་ནས་བཤད་པའི་ཡོན་ཏན་གྱི་ཕུང་པོས་རྣམ་པར་དཀྲིགས་ཤིང༌། རང་རང་ལ་མངའ་བའི་ཡོན་ཏན་ཆ་མཐུན་གྱི་ལོངས་སྤྱོད་ཉི་ཟེར་ལ་རྡུལ་ཕྲན་འཁྲིགས་པ་ལྟར་འཕྲོ་བའི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུའང༌། ཇི་ལྟ་བའི་མཎྜལ་རྡུལ་སྙེད་དུ་འཕྲོ་བས་ནམ་མཁའི་ཁམས་ཡོངས་སུ་བཀང་བ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་ཆེན་པོར་བསྟབས་པ་ཐུན་མོང་ཕྱིའི་མཎྜལ། ནང་ལྟར་དུ་ཚོགས་དྲུག་ཡུལ་གྱི་འཆར་སྒོ་ལ་རྟོགས་པ་ཐམས་ཅད་གསེར་གྱི་ས་གཞི། ས་གཞིས་ཡུལ་ཁང་སོགས་མདོར་ནས་སྲིད་པའི་ཕུན་ཚོགས་བདག་གིར་བཟུང་བ་མཐའ་དག་རི་རབ་གླིང་བཞི།


JLAZ007_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་སྐར་ཁུང་སོགས་སྣང་བའི་ཆ་ཐམས་ཅད་ཉི་ཟླ། དེའི་ཁོངས་སུ་གནས་པའི་ཕ་མ། བུ་ཚ། མཛའ་གྲོགས། འཁོར་གཡོགས་སོགས་མདོར་ན་ཡིད་ཀྱིས་གཅེས་དགུར་བཟུང་བ་ཐམས་ཅད་འདོད་པའི་ཡོན་ཏན་ལྔའི་རང་བཞིན་དུ་བརྒྱན་ནས་ཆགས་མེད་ཞེན་བྲལ་དུ་བསྟབས་པ་དང༌། གསང་བ་ལྟར་དུ་བདག་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་ཁམས་དྲུག་ལྡན་གྱི་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དབང་ལྡ་དང་རྣམ་ཤེས་ཚོགས་བརྒྱད་རྟེན་དང་བརྟེན་པར་བཅས་པ་མཐའ་དག་ཕྱི་ལྟར་དུ་གླིང་བཞི་རི་རབ་ཀྱི་བཀོད་པ། ནང་ལྟར་དུ་མ་བཅོས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོའི་རྣམ་རོལ་དུ་བསྟབས་པ་དང༌། གཞན་ཡང་སྤྲུལ་སྐུའི་མཎྜལ་ཚངས་ཆེན་གྱི་ཞིང་ཁམས་རྣམ་པར་སྣང་མཛད་རིགས་ལྔ་གང་ཆེན་མཚོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ། ལོངས་སྐུའི་མཎྜལ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཡེ་ཤེས་ལྔའི་རྣམ་རོལ། ཆོས་སྐུའི་མཎྜལ་སྐྱེ་འགག་གནས་གསུམ་གྱི་ངོ་བོས་སྟོང་པའི་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་ལམ་གསུམ་གྱི་རྟོག་ཚོགས་དུ་མ་རོ་གཅིག་གི་ཚོམ་བུར་བཀོད་པ། དེ་ཁོ་ན་ཉིད་ཀྱི་མཎྜལ་གདོད་མ་ཉིད་ནས་སྤྲོས་པའི་མཐའ་ལ་མི་གནས་པ་ཡེ་གྲོལ་བློ་འདས་


JLAZ007_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་རྫོགས་པ་ཆེན་པོའི་རྣམ་རོལ་དུ་ཤར་བ་སྟེ། མདོར་ན་ཚུལ་དེ་ལྟ་བུའི་རང་བཞིན་དང་བྱེ་བྲག་ཕྱེད་པས་དབུལ་བ་སྟེ་དེའི་ཕྱིར་མཚོ་སྐྱེས་རྡོ་རྗེས། ལྷ་དང་བླ་མ་ནམ་དྲན་དུས་ཉིད་དང༌། །ཚོགས་པ་རྒྱ་མཚོའི་དབུས་དང་ཆོས་འཕེལ་ཚེ། །ཆོས་སྤྱོད་ཀུན་གྱི་སྙིང་པོ་མཎྜལ་དབུལ། །ཞེས་གསུངས་པ་ལྟར། འབུལ་ཡུལ་དམིགས་བསལ་ལ་བསྒྱུར་ཁ་འདི་ནས་བྱེད། ཞིང་ཁམས་འབུལ་བ་ཞུ། ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ། སོགས་བརྗོད། ཚོམ་བུ་འགོད་ལུགས་ནི་བླ་མ་དགོངས་འདུས་ཀྱི་ཆོ་གའི་རྣམ་བཤད་དུ་གསལ་བར་བྲིས་ཡོད་དོ། །འདིར་སྨྲས་པ། འཆད་དང་རྩོམ་པའི་བརྟུལ་ཞུགས་ཉི་མའི་གཟིས། །རྨོངས་དང་མ་རིག་མུན་པ་སངས་གྱུར་ཀྱང༌། །ལྔ་བརྒྱ་ཐ་མའི་མཁའ་ཀློང་འཁྲིགས་པའི་ཚེ། །རང་དོན་ཞི་པའི་ཏིང་འཛིན་སྒོམ་ལ་དགའ། །དེ་ལྟ་ན་ཡང་དཔལ་གྱི་རི་བོའི་སྤོར། །སྔ་འགྱུར་བསྟན་པ་འཛིན་པའི་མཆོག་སྤྲུལ་དེའི། །བཀའ་མཆིད་གནྡྷ་རྦ་ཡི་གླིང་བུའི་སྒྲས། །སྒྱུ་མའི་རྣལ་འབྱོར་སྒྱུ་མར་གཡེངས་སུ་བཅུག །གལ་ཆུང་ཆོས་ལ་བྱེད་པའི་ཡུལ་དུས་དེར། །ལུང་དང་རྟོགས་པའི་གཟི་བྱིན་ཉམས་ན་ཡང༌། །འཆོས་སྐྱོབ་དོན་དང་ལྡན་པའི་བསྟན་བཅོས་ཀུན། །


JLAZ007_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ལ་འབྲས་བུ་མེད་པར་མ་ཡིན་ནོ། །ཞེས་པའང་རི་སུལ་མྱུལ་པའི་རྣལ་འབྱོར་པ་མཁྱེན་བརྩེའི་འོད་ཟེར་གྱིས་གྲུབ་པའི་བསྟི་གནས་ཚེ་རིང་ལྗོངས་ཀྱི་གནས་ཁང་པདྨ་འོད་གླིང་དུ་སྦྱར་བའོ། །གཏམ་ཚོགས་ལེའུ་ཞེ་བདུན་པའོ།། །།


previousགཏམ་ཚོགས་ལེའུ་ཞེ་བདུན་པ། མཎྜལ་གྱི་གཏམ་བསོན་ནམས་སྤྲིན་ཕུང་།next