Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཞེ་བརྒྱད་པ། དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་གཏམ་རྣམ་མཁྱེན་ལམ་བཟང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཞེ་བརྒྱད་པ། དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་གཏམ་རྣམ་མཁྱེན་ལམ་བཟང་།next

གཏམ་ཚོགས་ལེའུ་ཞེ་བརྒྱད་པ། དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་གཏམ་རྣམ་མཁྱེན་ལམ་བཟང་།


JLAZ007_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་གཏམ་རྣམ་མཁྱེན་ལམ་བཟང་ཞེས་བྱ་བ། ཚོགས་གཉིས་རྒྱ་མཚོའི་སྤྲིན་ལས་ལེགས་འོང་ཞིང༌། །རྣམ་གྲོལ་ཐུགས་རྗེའི་ཆར་གྱི་སྙིང་པོ་ཅན། །རྨད་བྱུང་སངས་རྒྱས་སྟོང་གི་རྒྱུ་སྐར་དབུས། །ཉི་ཟླ་ལྟར་མཛེས་ཤཱཀྱའི་རྒྱལ་དེ་མཆོད། །སྲིད་མཚོར་དུབ་པའི་བརྟུལ་ཞུགས་སྤངས་ན་ཡང༌། །ཞིབ་ཕྱོགས་གཅིག་མྱ་ངན་འདའ་མིན་པ། །ཟུང་འཇུག་ཨ་ཝ་དྡཱུ་ཏི་འོད་ཀྱི་སྐུ། །མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་བསམས་ཀྱིས་དད། །ཐོས་བསམ་རྟོག་པའི་དྲྭ་པར་འཐུམས་མིན་ཡང༌། །ཡེ་གྲོལ་རྣམ་ཀུན་མཆོག་ལྡན་སྟོང་ཉིད་རྩལ། །འཆད་རྩོད་རྩོམ་པའི་འཁོར་ལོར་ལྷུན་རྫོགས་པས། །ཡོན་བཤད་རྣམ་མཁྱེན་ལམ་བཟང་འདི་ན་སྤེལ། །འགའ་ཞིག་གིས་རྒྱུ་དངོས་ཕུན་སུམ་ཚོགས་པ་བསྟབས་ཏེ་བསྔོ་བ་ཞིག་ཐུགས་ལ་འདོགས་པ་ཞུ་ཞེས་གསོལ་བ་བཏབ་པའི་ཚེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་


JLAZ007_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་ལས། ཡོན་གྱི་བདག་པོ་རྣམས་ཀྱིས་དགེ་བ་བསོད་ནམས་ཀྱི་ལས་འདི་ལྟར་དུ་བསགས་པ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་བསྔོ་བའི་ཡོན་བཤད་ཅུང་ཟད་ཅིག་སྙན་དུ་གསོལ་ན། འགྲོ་བའི་བླ་མ་ཤཱཀྱ་སེང་གེས། སྦྱིན་པ་པོས་ལེགས་པར་སྦྱིན། ལེན་པ་པོས་ལེགས་པར་བླངས། ཡོན་བཤད་བསྔོ་བ་བྱས། ཞེས་གསུངས་པ་ལྟར་ཡོན་གྱི་བདག་པོས་ཀྱང་མ་དག་པའི་དྲི་མ་བརྒྱད་སྤང་དགོས་ཏེ། དེ་ཉིད་མདོར་བསྡུ་ན། རང་དོན་ལ་རྟོག་པ་འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་པ་རྒྱང་བསྲིངས་ནས་གཞན་དོན་སྙིང་ལ་བཅངས་པ་ཞིག་གལ་ཆེ་བར་སྣང་ལ། ཚུལ་དེ་ལྟ་བུ་ལ་ནི་སེམས་བསྐྱེད་ཀྱི་འཕེན་པས་རང་དོན་ཤུགས་ཀྱིས་འགྲུབ་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ནུས་མཐུ་ཡིན་ཏེ། ཚངས་པ་ཁྱད་པར་སེམས་ཀྱི་མདོ་ལས། ལི་ཙྪ་བཱི་དྲ་བ་ཅན་གྱི་འོད་སྟོན་པས་བྱང་ཆུབ་ཏུ་ལུང་བསྟན་པ་ན། དེས་བདག་བྱང་ཆུབ་ཏུ་མི་རྟོག་འཚང་རྒྱ་བར་འདོད་པ་མེད་ན་ཅིའི་སླད་དུ་ལུང་སྟོན། བཀའ་བསྩལ་པ། དཔེར་ན་མི་ཞིག་གིས་མེ་ཆེན་པོ་སྦར་ཏེ། རྩྭ་དང་ཤིང་དང་སྦར་སྦུར་དག་འཛུད་པར་བྱེད་ཅིང་འཛིག་པར་མ་གྱུར་ཅིག་ཅེས་ཟེར་ན་འཚིག་


JLAZ007_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་རམ། གསོལ་བ། དེ་ནི་མ་ལགས་ཏེ་འཚིག་པར་འགྱུར་རོ། །བཀའ་བསྩལ་པ། དེ་བཞིན་དུ་དགེ་བའི་རྩ་བ་རྒྱ་ཆེར་བསགས་ཏེ་བྱང་ཆུབ་མི་དམིགས་མི་འདོད་ན་ཡང་བྱང་ཆུབ་དམ་པ་ཐོབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་འདི་ལྟར་སྦྱིན་དང་བདེ་གཤེགས་མཆོད་པ་ལ་སོགས་དགེ་བའི་རྩ་བ་བགྱིས་པ་དེ་དག་ཡུལ་གཉན་པོ་ལ་ཁོང་ཁྲོ་ལ་སོགས་པའི་ནུས་པས་བར་མ་དོར་ཆུད་ཟ་བ་ལས་ལྡོག་ཅིང་རྒྱ་ཆེར་འཕེལ་བར་བྱ་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བ་འདི་ནི་ནང་པ་སངས་རྒྱས་པའི་ཁྱད་ཆོས་ཁོ་ན་ལས། ཕྱི་རོལ་མུ་སྟེགས་བྱེད་སོགས་ལ་མིང་ཙམ་ཡང་མ་གྲགས་པའི་ཕྱིར། བསོད་ནམས་བྱ་བའི་ཚོགས་ཆེན་གང༌། །སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །ཐུབ་དབང་ཁྱོད་ཀྱིས་གང་གསུངས་པ། །དེ་བཞིན་བསྟན་བཅོས་ལས་མ་བཤད། །ཅེས་བཅོམ་ལྡན་འདས་ལ་ཁྱད་པར་དུ་འཕགས་པའི་སྒོ་ནས་བསྟོད་པའི་རྣམ་གྲངས་སུའང་བསྔགས་པ་ཡིན་ནོ། །དེ་ཡང་འདི་ལྟར་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱི་དགེ་བ་ཞེས་གདོད་མ་ནས་ལྷུན་གྱིས་གྲུབ་པའི་ཚུལ་ནི་སེམས་ཀྱི་རང་བཞིན་རྣམ་པར་ཐར་པའི་སྒོ་གསུམ་ལྡན་གྱི་རྣམ་རོལ་ཆེན་པོར་ཡེ་བཞུགས་དེ་ཉིད་བྲལ་བྱའི་དྲི་མ་ལས་གྲོལ་ཏེ་ཡིན་ཚུལ་ཇི་བཞིན་པ་མངོན་དུ་གྱུར་པ་ལས་སངས་རྒྱས་པའི་


JLAZ007_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་འཇོག་པའི་ཕྱིར། དེ་ཉིད་འདུས་མ་བྱས་ཀྱི་དགེ་བ་འཁོར་གསུམ་ཡོངས་དག་ཡིན་ཏེ་དེ་སྐད་དུ། ཆུ་དང་མེ་ཤེལ་ནོར་བུ་དག །ཡོངས་སུ་དག་པའི་མཚན་ཉིད་ཅན། །ཉི་ཟླའི་ཟེར་གྱིས་འཕོག་པ་ན། །དེ་དག་རང་གི་ཡོན་ཏན་འབྱིན། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །བདེ་གཤེགས་སྙིང་པོའི་ཁམས་དགེ་བ། །ཟག་མེད་ཡོན་ཏན་ལྡན་པ་དེ། །རྟོགས་པར་གྱུར་ན་ཡོན་ཏན་འབྱིན། །ཞེས་སོ། །དེའི་ཕྱིར་ལམ་གྱི་གནས་སྐབས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་མཐའ་དག་གི་གཙོ་བོ་ཡིན་ཞིང༌། དེ་ལ་མཉམ་བཞག་དང་འབྲེལ་མ་འབྲེལ་གྱི་སྒོ་ནས་མཆོག་དམན་གྱི་ཁྱད་པར་བཞག་པ་སེམས་ཅན་ལ་དམིགས་ནས་ཡོངས་སུ་བསྡོ་བ་དང༌། ཆོས་ཙམ་ལ་དམིགས་ནས་ཡོངས་སུ་བསྔོ་བ་དང༌། དམིགས་པ་མེད་པའི་ངང་ནས་ཡོངས་སུ་བསྔོ་བ་སྟེ་གསུམ་དུ་གྲགས་པ་ལས། ཆེས་མཆོག་ཏུ་གྱུར་པ་ནི་འཁོར་གསུམ་ཡོངས་དག་གི་བསྔོ་བ་ཡིན་ཏེ། མངོན་རྟོགས་རྒྱུན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡིས་བྱེད་པ་མཆོག་ཡིན་ཏེ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཞེས་གསུངས་ལ། དེ་ཡང་སོ་སོ་སྐྱེ་བོ་རྣམས་དང༌། བྱང་ཆུབ་སེམས་དཔའ་ཚོགས་སྦྱོར་གྱི་ལམ་ལ་གནས་པ་རྣམས་


JLAZ007_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགེ་བའི་རྩ་བ་རྣམས་ནི་དམིགས་ཡུལ་སེམས་ཅན་དང༌། བདག་འཛིན་པ་དང་བཅས་ཏེ་བསྔོ་ལ། བྱང་སེམས་འཕགས་པ་རྣམས་ཀྱི་རྗེས་ཐོབ་ཀྱི་གནས་སྐབས་སུ་སྒྱུ་མ་དང་རྨི་ལམ་ལྟ་བུའི་ངང་ནས་བསྔོ་བ་དང༌། དེ་དག་གི་མཉམ་གཞག་དང་རྫོགས་པའི་སངས་རྒྱས་རྣམས་ཀྱི་ངོར་ཆོས་དབྱིངས་འདུས་མ་བྱས་པའི་ངང་དུ་བསྔོ་བར་བྱེད་པ་ལས། མདོར་བསྡུ་ན། སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། མཇུག་རྣམ་མཁྱེན་རྫོགས་བྱང་དུ་བསྔོ་བ་སྟེ་དམ་པ་གསུམ་གྱིས་ཟིན་དགོས་པ་ནི་དགེ་རྩ་ཐམས་ཅད་ཀྱི་ཕྱི་མོར་གྲུབ་ལ། དེ་ལས་བསྔོ་བ་ཞེས་པའི་སྒྲ་དོན་ནི་དངོས་གྲུབ་གནས་སྐབས་སྒྱུར་བ་ལ་བརྗོད་པ་ཡིན་ཞིང༌། དབྱེ་ན་གང་དུ་བསྔོ་བའི་ཡུལ། གང་ཞིག་བསྔོ་བའི་དངོས་པོ་འམ་རྒྱུ། གང་གི་ཆེད་དུ་བྱ་བ། བསྔོ་དགོས་ཚུལ་ཕན་ཡོན་དང་བཅས་བཞི་ཡོད་པ་ལས། དང་པོ་ཡུལ་ནི། དམིགས་པ་མེད་པའི་སེམས་བསྐྱེད་ཀྱི་རྩིས་མ་ཟིན་ཅིང༌། རང་དོན་ཞི་བ་དེ་ཙམ་དོན་དུ་གཉེར་བ་ཐེག་དམན་ཉན་རང་གི་སར་མ་ཡིན་ཏེ། ཤེར་ཕྱིན་ཡུམ་ལས། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་བསྔོར་མི་འཇུག་པའོ། །ཞེས་དང༌། དེ་བཞིན་དུ་ཚངས་དབང་


JLAZ007_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བྱིན་འཁོར་ལོས་སྒྱུར་པའི་རྒྱལ་པོ་དང༌། ཁམས་ཀྱི་རྒྱལ་ཕྲན། འཁོར་དང་ལོངས་སྤྱོད་ཁེ་གྲགས་ལ་སོགས་སྲིད་པའི་ཕུན་ཚོགས་ཀྱི་སླད་དུ་ནི་དེ་བས་ཀྱང་མ་ཡིན་ཏེ། རྒྱལ་བ་བུ་རམ་ཤིང་པས་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབས་པའི་ཚེ་རྒྱལ་སྲིད་ཡུལ་ཁམས་ལུས་དང་ལོངས་སྤྱོད་ལ་སོགས་གཅེས་དགུ་མཐའ་དག་ཕངས་མེད་དུ་སྦྱིན་པའི་ཚེ་ཡང༌། སྦྱིན་པ་འདི་ཡིས་བདག་ནི་ནམ་དུ་ཡང༌། །མཐོ་རིས་འདོད་དང་རྒྱལ་སྲིད་ཕྱིར་མ་ཡིན། །འགྲན་ཕྱིར་མ་ཡིན་གྲགས་པ་བསྒྲུབ་ཕྱིར་མིན། །བླ་མེད་བྱང་ཆུབ་ཁོ་ནའི་ཕྱིར་བགྱིའོ། །ཞེས་བྱང་ཆུབ་ཆེན་པོའི་བསྔོ་རྒྱུར་མཛད་པའི་རྗེས་སུ་འཇུག་པར་བྱ་ལ། དེ་ཡང་ཚུལ་འདིར་བསྔོ་བ་དང༌། སེམས་བསྐྱེད་སྨོན་ལམ་རྣམས་ངོ་བོ་གཅིག་པར་ལ་བཟླ་བ་དང༌། ཡིན་མིན་མུ་བཞིར་དབྱེ་བ་སོགས་རྣམ་གྲངས་ཐ་དད་དེ། ཀུན་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རྩིས་ཟིན་པ་ཞིག་གཅེས་ཏེ། ཇི་སྐད་དུ། རྒྱལ་བ་སྲས་བཅས་ཡོན་ཏན་ཅི་མཆིས་པ། །དེ་ཀུན་བྱང་ཆུབ་སེམས་ཀྱི་མཐུར་ལྟོས་ཤིག །སེམས་བསྐྱེད་རིན་ཆེན་ཐོགས་པའི་རྒྱལ་བའི་སྲས། །ཁམས་གསུམ་ཀུན་ཏུ་འགྲོ་ཡང་ཉམ་ང་མེད། །ཡིད་བཞིན་རྒྱལ་པོ་ལྟ་བུར་འདོད་དགུ་འབྱུང༌། །ཞེས་གསུངས་


JLAZ007_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་རོ། །གཉིས་པ་བསྔོ་རྒྱུ་ནི། ཡུལ་གོང་མ་ལ་མཆོད་པ། འོག་མ་ལ་སྦྱིན་པ་སོགས་མདོར་ན་བསྡུ་བའི་དངོས་པོ་བཞི། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་བསོད་ནམས་དང་ཡེ་ཤེས་ཀྱི་སྒོ་ནས་ཚོགས་གཉིས་བསགས་པ་མཐའ་དག་ཡིན་ལ། དེ་ལའང་ཞིང༌། བསམ་པ། དངོས་པོ་སྟེ་གསུམ་ཀ་རྣམ་པར་དག་པ་ཕུན་སུམ་ཚོགས་པའི་དགེ་ཆེན་དུ་གླེང་བ་ལས། ཞིང་གི་ཁྱད་པར་ཅུང་ཟད་དབྱེ་ན། ཡོན་ཏན་གྱི་ཞིང་དང༌། ཕན་ཡོན་གྱི་ཞིང་སྟེ་རྣམ་གྲངས་གཉིས་སུ་འདུ་བ་ལས། ཐེག་དམན་ནས་ཡུལ་གོང་མ་གཙོ་ཆེ་བར་བཤད་ཅིང་དེ་ཡང་མཆོག་ཏུ་གྱུར་པ་ནི་དཀོན་མཆོག་གསུམ་སྟེ་མདོ་ལས། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་སྐྱོབ་པ་མེད། །དགེ་འདུན་འདྲ་བའི་ཞིང་ས་མེད། །དེ་ཕྱིར་གསུམ་ལ་དབུལ་བར་བྱ། །ཞེས་གསུངས་ཤིང་དེ་དག་གི་ནང་ཚན་ལས་ཀྱང་དངོས་སུ་ལོངས་སྤྱོད་པའི་ཁྱད་པར་གྱི་དགེ་འདུན་ཁོ་ན་ཁྱད་པར་དུ་བསྟན་ཏེ་མདོ་དགེ་རྒྱས་ལས། ཆོས་རྣམས་ཀུན་གྱི་གཏེར་ཡིན་ཕྱིར། །རྣམ་པའི་སྒོ་ནི་རྣམ་འབྱེད་པ། །དགེ་འདུན་ཞེས་ནི་བྱ་བ་སྟེ། །དགེ་འདུན་ལ་ནི་ཀུན་གྱིས་བྱིན། །ཞེས་སོ། །འདིར་ཐེག་པ་ཆེན་པོའི་ལུགས་ཀྱིས་ཡུལ་བཟང་བ་ལས་དམན་པ་ཉིད་གཅེས་པར་འཛིན་ཏེ་


JLAZ007_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས། །རང་ལ་རེ་དང་བཤེས་མེད་དང༌། །ནད་པ་དང་ནི་མ་ནུས་པ། །རྒས་ཤིང་འཁོགས་དང་དབང་པོ་ཉམས། །དབུལ་ཕོངས་བཀྲེས་དང་མུ་ཏོ་བ། །བྱང་ཆུབ་སེམས་ལྡན་རྣམས་ཀྱིས་ནི། །མགོན་མེད་དེ་དག་དང་དུ་བླང༌། །ཞེས་གཞན་གྱིས་སྤངས་ཤིང་བཤེས་དང་བྲལ་བ་རྣམས་དང་དུ་བླང་བར་གསུངས་མོད། ཐེག་པ་དེ་དག་གིས་ཕྱོགས་ཙམ་མི་མཚོན་པ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའི་སྒོ་ནས་ཁྱད་པར་དུ་གྱུར་པ་གསང་ཆེན་རྡོ་རྗེའི་ཐེག་པ་ནས་ནི་ཞིང་གི་མཆོག་རྡོ་རྗེ་སློབ་དཔོན་དུ་གསུངས་ཏེ། དཔལ་གསང་བའི་སྙིང་པོ་ལས། བུ་དང་ཆུང་མ་ནོར་གྱི་དབྱིག །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཞེས་སོ། །བསམ་པ་ནི། བྱང་ཆུབ་སེམས་དཔའི་ས་ལས། བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང་ཚིགས་སུ་བཅད་པའི་ཕྱིར་སྦྱིན་པར་མི་བྱེད། གཞན་དང་འགྲན་པའི་ཕྱིར་སྦྱིན་པར་མི་བྱེད། དབུལ་པོར་འགྱུར་དུ་དོགས་པའི་འཇིགས་པས་སྦྱིན་པར་མི་བྱེད། བརྒྱ་བྱིན་དང་འཁོར་ལོས་སྒྱུར་བ་ཉིད་དང༌། དབང་ཕྱུག་ལ་བརྟེན་ཞིང་སྦྱིན་པ་བྱིན་པར་མི་བྱེད་དོ། །འབྲས་བུ་ལ་བལྟ་ཞིང་སྦྱིན་པ་བྱིན་པར་མི་བྱེད་དོ། །སྦྱིན་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁོ་ན་ཉིད་དུ་བསྔོ་བར་བྱེད་དོ། །ཞེས་གསུངས་པས་མཚོན་ཏེ་དགེ་བའི་རྩ་བ་ཐམས་ཅད་ལ་རང་ཉིད་བླ་ན་མེད་པའི་བྱང་ཆུབ་


JLAZ007_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ནས་སེམས་ཅན་གཞན་དག་ཀྱང་བྱང་ཆུབ་ལ་འགོད་པར་འདོད་པ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དང༌། རང་དང་སེམས་ཅན་ལྷན་ཅིག་པར་ཐར་པ་འདོད་པ་མཉན་པ་ལྟ་བུའི་སེམས་བསྐྱེད་དང༌། རང་དོན་ལ་རྟོག་པ་མེད་པར་སེམས་ཅན་གཞན་ཁོ་ནའི་དོན་བསྒྲུབ་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་སོགས་ཀྱིས་ཟིན་པར་གཅེས་པ་ཡིན་ནོ། །དེ་བཞིན་དུ་དངོས་པོའང་དངོས་དང་བརྒྱུད་ནས་གཞན་ལ་གནོད་པའི་རྒྱུར་འགྲོ་བ་སྲོག་གཅོད་དང་མ་སྦྱིན་ལེན་སོགས་མི་དགེ་བས་བསྒྲུབས་པ་མཐའ་དག་ནི་སྤང་བྱ་ཡིན་ཏེ། མདོ་ལས། དངོས་པོ་བརྐུས་འཕྲོགས་དཀོར་ཟས་དང༌། །གཞན་ལ་གནོད་པ་མ་ཡིན་པ། །རབ་ཏུ་གཅེས་དང་ཡིད་འོང་རྫས། །མཁོ་བར་གྱུར་ན་མཆོག་ཡིན་ནོ། །ཞེས་དང༌། སྡིག་དང་དུག་དང་ལོག་འཚོའི་རྫས། །མཚོན་ཆ་ལ་སོགས་མ་འདྲེས་པ། །ཞེས་གསུངས་པའི་སྐྱོན་ཐམས་ཅད་དང་བྲལ་ཞིང༌། ཆོས་དང་ཟང་ཟིང་མི་འཇིགས་པའི་སྦྱིན་པ་སྟེ་སྦྱིན་པ་རྣམ་པ་གསུམ་གྱིས་ཐོག་དྲངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག །དེ་དག་སོ་སོའི་ལྡོག་ཕྱོགས་དང་བྲལ་བ་ཞིག་དགོས་པ་ལགས། གསུམ་པ་གང་གི་ཆེད་དུ་བྱ་བ་ནི། སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང༌། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་གསུངས་པ་ལྟར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་


JLAZ007_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་པའི་དྲིན་ཆེན་ཤ་སྟག་ཡིན་པས་དེ་ཐམས་ཅད་ལ་བརྩེ་བ་ཆེན་པོ་བསྐྱེད་དེ། ཀུན་གྱི་དོན་དུ་ཉེ་རིང་མེད་པར་བསྔོ་ལ། དེ་ལྟར་བསྔོས་པས་སེམས་ཅན་གྱི་ཁམས་ལ་ཚད་མེད་པས་བསོད་ནམས་ཀྱང་ཚད་མེད་པར་འགྱུར་ཏེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས་སོ། །བཞི་པ་བསྔོ་དགོས་ཚུལ་ཕན་ཡོན་དང་བཅས་པ་བསྟན་ནས་བསྔོ་བ་དངོས་ལ་འཇུག་པ་ནི། འདི་ལྟར་ཟག་པ་དང་བཅས་པའི་དགེ་བའི་རྩ་བ་རྒྱ་མཚོ་ལྟ་བུ་ཡོད་ཀྱང་དེ་ཉིད་བསྔོ་བ་རྣམ་དག་གིས་རྒྱས་མ་ཐེབས་ན་ཡུལ་གཉན་པོ་ལ་ཁོང་ཁྲོ་སྐྱེས་པའམ། འཛད་པའི་རྒྱུ་བཞི་སོགས་ཀྱི་བསོད་ནམས་ཆ་མཐུན་གྱི་དགེ་འབྲས་ལན་ཅིག་སྨིན་ནས་ཟད་པར་འགྱུར་བའི་ཆོས་ཅན་དུ་གསུང་རབ་མང་པོ་ནས་བཤད་ཅིང་དེ་སྐད་དུ་པཎ་ཆེན་བི་མ་ལས་ཀྱང༌། འདུས་བྱས་དངོས་པོའི་ནོར་རྫས་ལ། །འཕགས་མཆོག་བསྔོ་བས་མ་ཟིན་ན། །བསགས་པའི་ཐ་མ་འཛད་པར་ངེས། །ཞེས་གསུངས་ལ་བསྔོ་བ་དམ་པས་ཟིན་པ་ནི་ནམ་ཡང་ཆུད་ཟོས་པར་མི་འགྱུར་ཏེ། བློ་གྲོས་རྒྱ་མཚོའི་མདོར། འདི་ལྟ་སྟེ་དཔེར་ན། རི་སུལ་ཆེན་པོ་ཞིག་ན་ཤིང་ཞིག་སྐྱེས་པར་གྱུར་པ་ལ་མི་ཞིག་གིས་རྩ་བ་ནས་གཅད་པར་བརྩམས་ན་ས་ཆོད་མ་ཐག་ཏུ་གང་དུ་ཡོ་བའི་ཕྱོགས་


JLAZ007_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འགྱེལ་བ་ལས་གཞན་དུ་མི་སྲིད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡུན་རིང་པོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་ཞིང༌། དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པས། ཐེག་པ་གཞན་དུ་མི་ལྟུང་ཞིང༌། མཉམ་པར་བཞག་ཀྱང་རུང་མ་གཞག་ཀྱང་རུང་སྟེ། བྱང་ཆུབ་ཀྱི་ལམ་རྣམས་ཡོངས་སུ་རྫོགས་ཤིང་ཐམས་ཅད་མཁྱེན་པ་ཉིད་མྱུར་དུ་མི་ཐོབ་མི་འགྱུར་བར་མི་སྲིད་དོ། །ཞེས་དང༌། སློབ་དཔོན་དགའ་རབ་རྡོ་རྗེས། དངོས་པོ་རྫས་དང་ཡོ་བྱད་ལ། །ཡང་དག་བསྔོ་བས་རྒྱས་ཐེབས་ན། །འགྲོ་ཀུན་ཐར་པའི་ལམ་མཆོག་སྟོན། །ཞེས་སོ། །ད་ནི་ཇི་ལྟར་བསྔོ་བའི་ཐབས་སམ། བདེན་ཚིག་གི་ནུས་པས་བསྒྱུར་བའི་ཚུལ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་མཁས་པ་ནི་སྦྱིན་པ་ཉུང་དུ་ཡང་མང་པོར་བྱེད་དེ། ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་དོ། །ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་དོ། །བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་དོ། །ཞེས་གསུངས་པས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་བྲི་གང་འཕོ་འགྱུར་དང་བྲལ་བའི་མཉམ་གཞག་ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་བསྔོ་བྱ་སྔོ་བྱེད་ལ་སོགས་པའི་སྤྲོས་པའི་མཚན་མ་མི་


JLAZ007_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཀྱང༌། རྗེས་ཐོབ་ཤེས་རབ་ཀྱི་སྣང་ཆར་སྒྱུ་མ་དང་ཆུ་ཟླའི་རྣམ་རོལ་གྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཤེས་པའི་ཚུལ་གྱིས་བསྔོ་བའི་མཐུན་འགྱུར་ཞིག་ཐུགས་ལ་འདོགས་པར་ཞུ། འདི་ནས་བསྔོ་བའི་དཔང་པོ་གསལ་ཚུལ་བྱེ་བྲག་བྱེད་པར་བྱ་ཞིང་བསྔོ་བ་དངོས་ལ་འཇུག་གོ །མཇུག་ཏུ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཞེས་སོགས་ཤཱོ་ཀ་གཅིག་པོ་ངེས་པར་བརྗོད་པ་ལ་དོན་ཆེན་པོ་ཡོད་དེ། དེ་ལྟ་བུའི་བསྔོ་བའི་ཚུལ་རྒྱས་པར་མི་ཤེས་པ་རྣམས་སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་མོས་པས་བསླབས་པས་དོན་ལྡན་དུ་འགྱུར་ཏེ། སྔོན་དེ་བཞིན་གཤེགས་པ་བརྩོན་འགྲུས་མཐས་ཡས་ཆོས་ཐམས་ཅད་ལ་ངེས་པར་སྟོན་པའི་ཏིང་ངེ་འཛིན་སྟོན་པའི་ཚེ། རྒྱལ་པོ་བསོད་ནམས་མེ་ཏོག་བུ་དང་བཙུན་མོ་དང་བཅས་པ་རྣམས་ཀྱིས་བདག་ཅག་གིས་ཚུལ་འདི་མི་ཤེས་མོད་ཀྱི་འོན་ཀྱང་རྗེས་སུ་ཡི་རང་བར་བྱའོ་ཞེས། དགེ་བ་ལ་རྗེས་སུ་ཡི་རང་བར་བྱས་པས་བསོད་ནམས་དཔག་མེད་ཐོབ་པའི་ལོ་རྒྱུས་ལྟར་རོ། །དེ་ཡང་རྒྱ་གར་འཕགས་པའི་ཡུལ་སོགས་སུ་ནི་བསྔོ་བ་སྦྱིན་བདག་གིས་བགྱིད་ཅིང༌། ཡུལ་བླ་མའམ་དགེ་འདུན་ལ་སོགས་པས་དཔང་པོའི་ཚུལ་གྱིས་དེ་བཞིན་དུ་འགྲུབ་པའི་མཐུན་འགྱུར་མཛད་པ་ཡིན་མོད་ཀྱང༌། དེང་སང་སྦྱིན་བདག་གིས་མི་ཤེས་པའི་དབང་དུ་བྱས་ནས་མཁན་སློབ་རྣམས་ཀྱིས་བསྔོ་བ་བྱེད་པ་འདི་


JLAZ007_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་བོད་དུ་དར་བ་ཡིན་ནོ། །དེ་ལྟར་བསྔོ་བའི་ཡོན་བཤད་ཉུང་དུར་བསྡུས་པ་རྣམ་མཁྱེན་ལམ་བཟང་ཞེས་བྱ་བ་འདི་ནི་རྒྱལ་དབང་པདྨའི་དོན་གྱི་རྒྱལ་ཚབ་ཐེག་པ་མཐའ་དག་ལ་གཞན་དྲིང་མི་འཇོག་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་ཐམས་ཅད་མཁྱེན་པ་པྲཛྙཱར་སྨིའི་ཞབས་སེན་ཟླ་རིས་གསར་བས་བྱིན་གྱིས་བརླབས་པའི་སེང་གེའི་ཁྲི་ལ་རྣམ་པར་འགྱིང་བའི་སྤྲུལ་པའི་སྐུ་པདྨ་ཆོས་འབྱོར་རྒྱ་མཚོའི་བཀས་བསྐུལ་པ་ལས། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་མཁྱེན་བརྩེའི་འོད་ཟེར་གྱིས་འོད་གསལ་གཉུག་མའི་ཕོ་བྲང་པདྨ་འོད་གླིང་དུ་སྦྱར་བའོ། །གཏམ་ཚོགས་ལེའུ་ཞེ་བརྒྱད་པའོ།། །།


previousགཏམ་ཚོགས་ལེའུ་ཞེ་བརྒྱད་པ། དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་གཏམ་རྣམ་མཁྱེན་ལམ་བཟང་།next