Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ང་གཉིས་པ། རི་བོང་ཤིན་ཏུ་བརྟན་པའི་གཏམ་བྲག་རིའི་མགུལ་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ང་གཉིས་པ། རི་བོང་ཤིན་ཏུ་བརྟན་པའི་གཏམ་བྲག་རིའི་མགུལ་རྒྱན།next

གཏམ་ཚོགས་ལེའུ་ང་གཉིས་པ། རི་བོང་ཤིན་ཏུ་བརྟན་པའི་གཏམ་བྲག་རིའི་མགུལ་རྒྱན།


JLAZ007_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོང་ཤིན་ཏུ་བརྟན་པའི་གཏམ་བྲག་རིའི་མགུལ་རྒྱན་ཅེས་བྱ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྨད་དུ་བྱུང་བ་ལ་ཕྱག་འཚལ་ལོ། །ནགས་ཚལ་དྲ་བས་བརྒྱན་པ་བྱ་བ་ན། །རྒྱུད་ལ་བྱང་ཆུབ་སེམས་མཆོག་རྨད་བྱུང་བའི། །རི་བོང་ཁྱོ་ཤུག་ཟུང་ཞིག་ཡོད་པར་གྱུར། །དེ་དང་ཉེ་བར་སྤྱོད་པ་རྗེས་མཐུན་པའི། །ལྷའི་བྱ་དྲིལ་བུའི་སྒྲ་ཅན་ཁྱུ་ཞིག་གནས། །དེ་དག་རིགས་དང་རིགས་མིན་འདྲེས་གྱུར་ཀྱང༌། །ཕན་ཚུན་གཅིག་ལ་གཅིག་གནོད་སེམས་བྲལ་ཞིང༌། །དམ་པའི་མཛའ་གཅུགས་བཞིན་དུ་བརྩེ་བར་བྱེད། །རེ་ཞིག་ན་ཆར་སྤྲིན་ཤིན་ཏུ་སྟུག་པོས་སྨན་ལྗོངས་དེ་ཉམས་མི་དགའ་


JLAZ007_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མུན་སྲོས་པ་ལྟར་གྱུར་པ་ན། གསའ་གདུག་པ་ཅན་ཞིག་ཕ་ཝང་གི་རྩ་བ་ལ་འཁྲིལ་ཞིང་ཆོམ་རྐུན་གྱི་བརྟུལ་ཞུགས་ལ་རབ་ཏུ་གོམས་པས། རི་བོང་ཅིག་ཤོས་དེ་ཉམ་ཉེས་པར་བྱས་སོ། །དེའི་མདོ་ལ་ལྷའི་བྱ་ཚོགས་རྣམས་ཀྱང་ཤིན་ཏུ་འདྲོགས་པར་གྱུར་ཏེ། ཁྱུས་འཚོ་བའི་བརྟན་པ་ནི་རབ་ཏུ་བྲལ་ནས་ཡུད་ཙམ་ཉིད་ལ་ཕྱོགས་དང་ཕྱོགས་སུ་བྱེར་ཏོ། །རྒྱུ་དེས་ནགས་ཚལ་དེ་ལ་གནས་པའི་འདབ་ཆགས་ཐམས་ཅད་ཀྱང་ཡིད་མི་བདེ་བར་གྱུར་ནས་ཅ་ཅོའི་སྒྲ་ཆེན་པོ་བསྒྲགས་པས། བྲག་རི་དེའི་བ་གམ་མཐོན་པོ་ལ་གནས་པའི་བྱ་རྒོད་ཞི་བའི་དབང་པོ་ཞེས་བྱ་བ་ཡང་བོས་པ་ལྟར་སོང་ནས་རི་བོང་བྱ་ཆུབ་སེམས་དཔའ་ཤིན་ཏུ་བརྟན་པའི་མདུན་སར་འོངས་ནས་དེའི་རྒྱུ་དྲིས་སོ། །དེས་དེ་ལ་སྔོན་གྱི་ལོ་རྒྱུས་བསྙད་པས་ཞི་བའི་དབང་པོ་དེ་ཡང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་པས་སྨྲས་པ། ཀྱེ་མ་མ་ལ་སྙིང་རྗེ་བ། །རི་དྭགས་བརྒྱ་ཚོགས་སྟོང་ཚོགས་ཀྱང༌། །རི་བོང་ཁྱོད་ལས་ཉམས་ཆུང་བ། །མྱུར་དུ་འབྲོས་པའི་མཐུ་ཡང་མེད། །མཐའ་ལ་བགྲོད་པའི་རྩལ་ཡང་མེད། །ཡིད་དུ་གཅུགས་པའི་མཆིས་འབྲང་ལ། །གཅན་གཟན་གདུག་པས་སྐབས་བཙལ་བས། །སྡུག་བསྔལ་ཞགས་པས་མ་བཅིངས་སམ། །ཟུག་རྔུའི་ཚེར་མས་མ་བསྣད་དམ། །གལ་ཏེ་བདག་གི་


JLAZ007_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས་ནུས་ན། །ཁྱོད་ལུས་ཁུར་དུ་བཟོད་པ་ཡིས། །དམ་བཅའ་རབ་ཏུ་བརྟན་བྱས་ནས། །བྲག་རིའི་བ་གམ་མཐོན་པོ་ལ། །སྐད་ཅིག་ཡུད་ལ་གཤེགས་ནུས་ཀྱི། །འཚེ་བ་བྲལ་བའི་སྐྱབས་སྦྱིན་ནོ། །སྤྲོའམ་མི་སྤྲོ་ཁྱོད་ཅིག་སོམས། །ཞེས་སྨྲས་ནས་གཤོགས་པ་ས་ལ་འབྱར་བ་བཞིན་དུ་འདུག་གོ །དེ་ལ་རི་བོང་ཤིན་ཏུ་བརྟན་པས་སྨྲས་པ། །འདབ་ཆགས་བརྒྱ་ཚོགས་སྟོང་ཚོགས་ཀྱང༌། །སྲོག་ལ་མི་འཚེའི་ལྷག་བསམ་ཅན། །ཁྱོད་ལས་མེད་པར་ངེས་རྙེད་པས། །སྐྱབས་སུ་རུང་བར་ཡིད་ཆེས་ཀྱང༌། །སྲིད་པ་ལས་ཀྱིས་བསྐོས་པ་ཡི། །ཡུལ་ལ་བདག་གིར་མ་བཟུང་ན། །བྲག་རི་མཐོ་ཡང་གཡངས་ས་འཇིགས། །འཚེ་བ་མེད་ཀྱང་ཟས་ཀྱིས་ཕོངས། །ཞེས་སྨྲས་ནས་ཞི་བའི་དབང་པོ་ཡང་ཤེས་རབ་ཀྱིས་མ་ཟིན་པའི་སྙིང་རྗེས་གཞན་ལ་མི་ཕན་པར་རྟོགས་ནས་ལྗོན་ཤིང་གེལ་བ་ས་ལས་འཕར་བ་ལྟ་བུའི་སྟབས་ཀྱིས་རང་གནས་སུ་དེངས་སོ། །དེར་རེ་ཞིག་ན་ལྷའི་བྱ་ཚོགས་དག་ཀྱང་འདུས་པར་གྱུར་ནས་སྨྲས་པ། །གྲོགས་པོ་ཉམ་ཉེས་གྱུར་པའི་ཚེ། །བདག་ཅག་རྣམས་ཀྱང་གཏོལ་མེད་པས། །སེམས་ལ་བཀལ་བའི་ཁུར་གྱི་མཐུ། །ལུས་ཀྱི་ནུས་པས་མ་ཐེག་གོ །ཀྱེ་མ་མ་ལ་བདག་ཅག་རྣམས། །གླང་ཆེན་


JLAZ007_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་ཐལ་མོ་ཡིས། །བསྣུན་པའི་སེང་གེ་ཡིན་ན་རུང༌། །གཅན་གཟན་ཕལ་ཡང་སྐྲག་འགྱུར་བའི། །ནགས་ཀྱི་སྟག་མོ་ཡིན་ན་རུང༌། །ཀུན་གྱི་མཐུ་སྟོབས་རབ་གནོན་པའི། །ནམ་མཁའ་ལྡིང་དབང་ཡིན་ན་རུང༌། །ངེས་པར་བདག་ཅག་ཉམ་ཆུང་བས། །དགྲ་ལ་རྒོལ་བའི་མཐུ་མེད་དོ། །ཞེས་རང་ཅག་མཐུ་ཆུང་བ་ལ་ཀུན་ནས་ཞུམ་པའི་ཆོ་ངེ་འདོན་པར་གྱུར་པ་ལ། རི་བོར་ཤིན་ཏུ་བརྟན་པས་སྨྲས་པ། གསོན་དང་གྲོགས་ཀྱི་དམ་པ་རྣམས། །ཤེས་རབ་མཐུ་ཡིས་མ་ཟིན་ན། །སྙིང་རྗེ་ཆེ་ཡང་གཞན་ཕན་དཀའ། །ཞེ་བའི་དབང་པོའི་ངང་ཚུལ་སོམས། །བཟོད་པ་དགྲ་ལ་མ་བསྒོམས་ན། །གཞན་དུ་བཟོད་པའི་ཡུལ་མེད་ཅིང༌། །དཔའ་ཞིང་རྟུལ་ཕོད་ལྡན་པས་ཀྱང༌། །བདག་གཞན་གཉིས་ལ་ལྷན་ཅིག་འཛོམས། །དེ་ཀུན་བདག་མེད་རྟོགས་པ་ཡི། །ལྟ་བའི་རྩི་ཡིས་མ་ཟིན་ན། །འགྲོ་བའི་སྡུག་བསྔལ་ཐུབ་རྣམས་ཀྱི། །ཕྱག་གིས་བསལ་ཡང་མི་སེལ་ཏོ། །ཞེས་སྨྲས་པས་ལྷའི་བྱ་དེ་དག་ལ་ལ་ནི་འདུན་པའི་དད་པ་ཐོབ། ལ་ལ་ནི་དང་བའི་དད་པ་ཐོབ་ཅིང༌། རི་བོང་དེ་བྱང་ཆུབ་སེམས་དཔའ་བློ་གྲོས་དང་ལྡན་པར་རྟོགས་ནས་སླར་དྲིས་པ། ཤེས་རབ་དང་ནི་སྙིང་རྗེ་དང༌། །བདག་མེད་རྟོགས་པའི་ཁྱད་པར་གང༌། །དེ་དང་དེ་ཡི་ཡོན་ཏན་


JLAZ007_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །བདག་ཅག་རྣམས་ལ་བཤད་དུ་གསོལ། །ཞེས་གསོལ་བས། རི་བོང་བྱང་ཆུབ་སེམས་དཔའ་ན་རེ། ཀྱེ་གྲོགས་པོ་དག་དགོངས་ཤིག །ཀུན་དཀྲིས་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ཞིག་ན་ཕྱུག་པོ་བཟའ་བསྡོངས་གཉིས་ལ་བུ་རབ་རྨོངས་དང༌། རབ་དྲེད་དང༌། རབ་གསལ་ཞེས་བྱ་བ་གསུམ་ཡོད་པ་ལས། དང་པོ་ནི་ཤིན་ཏུ་བླུན་པའོ། །བར་པ་ནི་རྒོད་ཅིང་གཏུམ་པའོ། །ཐ་ཆུང་ནི་དབང་པོ་གསལ་བའོ། །དེ་གསུམ་ཀ་ལ་རིགས་ཀྱི་ཆོ་ག་མཐུན་པའི་ཁྱིམ་ཐབ་བཅོས་ཏེ་གནས་པ་ལས། ཕུ་བོ་བླུན་པོ་ནི་རང་བཞིན་གྱིས་ཁོལ་པོར་གྱུར་ཏོ། །ཆུང་བ་གཉིས་ཁྱིམ་གྱི་འདུ་འཛི་ལ་བགྲོ་བ་ན་བློ་གྲོས་ཤིན་ཏུ་ཐ་དད་པས་མི་མཛའ་བར་གྱུར་པ་ལ་རབ་དྲེད་ཀྱིས་བསམས་པ། བདག་གིས་གཞོན་ནུ་རབ་གསལ་འདི་དྲག་ཤུལ་གྱི་ཆོ་གས་ཁྱིམ་ནས་བསྐྲད་པར་ནུས་ཀྱིས། དེ་ལྟར་བསྐྲད་ན་ཕུ་བོ་ནི་བླུན། གཞན་དོ་ཟླར་གྱུར་པ་ནི་འགའ་ཡང་མེད་པས་བདག་ཉིད་རང་དབང་ཅན་དུ་འགྱུར་རོ་སྙམ་ནས་རྒོལ་བའི་སྟ་གོན་སྣ་ཚོགས་རྩོམ་མོ། །བུ་ཐ་ཆུང་གིས་ཀྱང་དེའི་སེམས་ཤེས་ནས་ཇོ་ཇོ་བདག་ལ་མི་དགྱེས་པར་མ་མཛད་ཅིག །བདག་ནི་ངེས་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། བཟོད་པའི་དཀའ་ཐུབ་བསྟེན་པར་བྱའོ། །ཞེས་སྨྲས་པས་ཁོ་ཤིན་ཏུ་དགའ་སྟེ་ཅི་བདེར་


JLAZ007_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ངོ༌། །དེ་ནས་རབ་གསལ་འཐོན་པའི་ལམ་ཀ་ན་རང་གི་ཕུ་བོ་བླུན་པོ་ནི་ནགས་ཚལ་ཆེན་པོ་ཞིག་གི་མཐའ་ནས་མེ་སྦར། བདག་ཉིད་ནགས་ཀྱི་དབུས་ན་མགོ་གཏུམས་ཏེ་མེའི་དྲོད་ལ་ཆགས་པའི་ཚུལ་གྱིས་གནས་པ་མཐོང་ངོ༌། །མཐོང་ནས་ཀྱང་དེས་སྨྲས་པ། ཀྱེ་མ་འཇིག་རྟེན་བླུན་པོ་རྣམས། །ཡུན་དུ་ཕུང་བར་མི་ཤེས་པར། །ཕྲལ་གྱི་བདེ་བ་ལྷུར་ལེན་པ། །ལྐུགས་པས་ནགས་ལ་མེ་སྦར་འདྲ། །ཞེས་སྨྲས་པས་རབ་རྨོངས་ལངས་ཏེ་ཕྱོགས་ཀུན་ཏུ་བལྟས་ནས་ད་དུང་རབ་གསལ་ལ་ཁྲེལ་དགོད་བྱེད་དོ། །མི་མཁས་མཁས་པར་རློམ་པ་རྣམས། །ཆོས་དང་མཐུན་པའི་བྱ་བ་ལ། །བྱ་བ་མིན་ཞེས་རབ་བསྒྲགས་ནས། །བདག་ཉིད་ལོག་པའི་ལམ་དུ་འཇུག །དེ་ནས་རབ་གསལ་འབྲོག་དགོན་པ་ཆེན་པོ་ན་གནས་པའི་དྲང་སྲོང་ཡང་དག་སྡོམ་ལ་ཚངས་པར་སྤྱད་ནས་གང་ཟག་གི་བདག་མེད་ནི་ཡང་དག་པར་ཁོང་དུ་ཆུད། ཆོས་ཀྱི་བདག་མེད་ལའང་བློ་གྲོས་ཀྱིས་འཇུག་པ་ཤིན་ཏུ་གསལ་བར་གྱུར་པའི་ཚེ། རབ་དྲེད་ཀྱི་སྤྱོད་པ་ནི་བྱ་བ་མང་བ། ལོག་པའི་བློ་གྲོས་ཤིན་ཏུ་ཐལ་ལ་རྒོད་ཅིང་གཏུམ་པས་རང་གི་ཁྱིམ་ཤིན་ཏུ་ཕྱུག་པ་དེ་ཡང་སྤྲང་པོའི་བྲང་ཁང་དུ་ཡུད་ཙམ་ལ་གནས་གྱུར་ཏོ། །དེར་ཁོ་ཀུན་ནས་ཀུན་ཏུ་ཡོངས་སུ་འཁྱམས་པ་ལས་ཅི་ཞིག་ན་


JLAZ007_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གཅུང་རབ་གསལ་གྱིས་མཐོང་ནས་སྨྲས་པ། ལྐུགས་པས་ནགས་ལ་མེ་སྦར་བའི། །བླང་དོར་མཐོང་ཆོས་ལ་གནས་ཀྱང༌། །ད་དུང་གཏན་ཚིགས་མ་ཡིན་འཛིན། །ཕ་ཁྱིམ་སྤྲང་པོར་སོང་བའི་མིས། །ད་ཙམ་ཁེ་དང་ཉེས་དམིགས་ཀྱི། །སྐྱོན་ཡོན་བྱེ་བྲག་ཆ་ཕྱེད་ཀྱང༌། །ད་དུང་ཐལ་ཟིན་ལྡོག་ཏུ་མེད། །འདི་ཡང་ཤེས་རབ་འཆལ་བ་སྟེ། །འཇིག་རྟེན་འདིའམ་གཞན་དག་ན། །བློ་གྲོས་ཆེན་པོར་བསྙེམས་པ་རྣམས། །སྤྱོན་པའི་ངང་ཚུལ་མི་འཛིན་ཏེ། །ང་དང་ཁྱོད་ཀྱིས་ཁྱད་པར་ལྟོས། །ཞེས་སྨྲས་པས་ཁོ་ཁྲོས་ཏེ་སླར་ཡང་སྤྲང་པོའི་བརྟུལ་ཞུགས་ཉིད་ལས་རྔོན་པའི་ལས་ཐབས་འཛིན་པས་འཆི་ཁར་བསྡུས་འཇོམས་ཀྱི་སྣང་བ་མངོན་སུམ་དུ་ཤར་བ་ཞིག་བྱུང་ངོ༌། །ཤེས་རབ་ལོག་པའི་ལམ་ཞུགས་ན། །ནགས་ཚལ་མེ་ཡིས་ཚིག་པ་བཞིན། །རྣམ་རྟོག་རླུང་གི་བཞོན་པ་ཅན། །དེ་ཡང་དེ་ཡི་བདུད་དུ་འགྱུར། །ཀྱེ་ལྷའི་བྱ་ཚོགས། བུ་ལྐུགས་པ་ནི་མི་ལུས་ཙམ་པོ་བའོ། །བར་པ་རབ་དྲེད་ནི་མི་ལུས་བྱུར་པོ་ཆེའོ། ཐ་ཆུང་རབ་གསལ་ནི་མི་ལུས་རིན་པོ་ཆེའོ། །དོན་འདིས་འཇིག་རྟེན་ཐམས་ཅད་ཀྱི་རྣམ་འབྱེད་དང་ཤེས་རབ་ཀྱི་ཁྱད་པར་ལེགས་པར་ཤེས་སོ། །ཞེས་སྨྲས་པས་ལྷའི་བྱ་ཚོགས་དེ་དག་ཀྱང་བདག་ཅག་དང་བཅས་པའི་འཇིག་རྟེན་ཕལ་མོ་ཆེ་བླང་དོར་གྱི་གནས་ལ་ཤིན་དུ་ལྡོངས་པའི་


JLAZ007_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་བ་ཤ་སྟག་གོ་སྙམ་ནས་གསོལ་པ། ཀྱེ་ཧོ། །བྱང་ཆུབ་སེམས་དཔའ་རི་བོང་ནི། །བློ་གྲོས་མཆོག་གི་གཏེར་གྲོལ་པའི། །གྲགས་པ་འཇིག་རྟེན་ལ་གསལ་ཕྱིར། །གཟུགས་བརྙན་ཟླ་བའི་ཁོང་ན་འདྲ་གསལ། །སྤོབས་པ་བསམ་གྱིས་མི་ཁྱབ་པས། །རྣ་བའི་གདེངས་ཀ་ཀུན་ཏུ་མཐོ། །ངན་འགྲོའི་ལམ་ངན་རབ་བཅད་པས། །ཐུར་ལ་འགྲོ་བ་མཁས་མ་ཡིན། །ས་ལམ་གོང་ནས་གོང་སྤྱོད་པས། །རི་དབང་རྩེར་བགྲོད་བརྟུལ་ཞུགས་མྱུར། །ད་ནི་སྟོང་ཉིད་སྙིང་རྗེ་ལས། །བརྩམས་པའི་ཆོས་མཆོག་བསྟན་དུ་གསོལ། །དེ་སྐད་ཞུས་པས་རི་བོང་ནི། །ཆོས་སྐུའི་འདུག་སྟངས་ལ་གོམས་པའི། །སྟབས་ལས་གཡོ་བ་མེད་བཞིན་དུ། །ཀྱེ་ཉོན་བདག་ཅག་ནགས་ཁྲོད་དུ། །གནས་པ་གཅིག་པུའི་བསོད་ནམས་ཀྱང༌། །བསམ་གྱིས་མི་ཁྱབ་བརྗོད་མི་ལང༌། །ནགས་ནི་རྒྱལ་བས་རབ་ཏུ་བསྔགས། །ནགས་ན་ཚོང་དང་སོ་ནམ་མེད། །དེ་བཞིན་འདུ་འཛིའི་རྣམ་གཡེང་མེད། །སྡིག་པའི་གྲོགས་ཀྱང་ཡོད་མ་ཡིན། །བྱིས་པའི་ཚོགས་ནི་ཤིན་དུ་ཉུང༌། །མཐོང་ན་དགའ་བའི་ལྗཽན་ཤིང་དང༌། །རིག་ན་འཇམ་པའི་ཤིང་བལ་དང༌། །ཟོས་ན་བདའ་བའི་མྱུ་གུ་སོགས། རྩོལ་དང་འཐབ་ལ་མ་ལྟོས་པའི། །འདོད་པའི་ཡོན་ཏན་དཔག་དུ་མེད། །དེ་ན་འདུ་འཛི་རགས་


JLAZ007_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །སྤྱོད་པ་སྣ་ཚོགས་ཡོད་མིན་ན། །འཐབ་དང་རྩོད་པ་ག་ལ་ཞིག །བཏང་སྙོམས་ཆེན་པོར་ངང་གིས་གནས། །རིགས་མཐུན་ཕན་ཚུན་མི་འཚེ་བ། །བྱམས་པ་ཉིད་དེ་ཅིག་ཤོས་ལ། །འགལ་རྐྱེན་བྱུང་ན་ལྷག་པར་དུ། །གདུང་བ་དེ་ནི་སྙིང་རྗེ་སྟེ། །སུ་དག་ཕུན་སུམ་ཚོགས་གྱུར་ཀྱང༌། །ཕྲག་དོག་མེད་པས་དགའ་བའོ། །འདི་ལྟར་ཚངས་པའི་གནས་པ་བཞིས། །རང་བཞིན་དུལ་བ་དེ་དག་ཀྱང༌། །ངོ་བོ་སྡོང་པ་ཉིད་དང་ནི། །ངང་མདངས་སྙིང་རྗེ་ཆེན་པོ་གཉིས། །ཟུང་དུ་ཆུད་པར་མ་གྱུར་ན། །བྱང་ཆུབ་ལམ་དུ་ཅི་ཕྱིར་འགྲོ། མོས་པས་སྤྱོད་པའི་སེམས་བསྐྱེད་ཀྱི། །གཙོ་བོ་ཕྱོགས་རིས་བྲལ་བ་ཡིན། །སྦྱོར་བ་དེ་ཡི་རྗེས་འབྲེལ་དུ། །གདོང་དང་ཡོངས་སུ་གཏོང་བ་དང༌། །ཤིན་ཏུ་གདོང་བ་ཆེན་པོ་སྟེ། །དང་པོས་ཟས་དང་ལོངས་སྤྱོད་གདོང༌། །གཉིས་པས་བུ་དང་ཆུང་མའང་གཏོང༌། གསུམ་པས་ལུས་སྲོག་གཏོང་བ་སྟེ། །སྦྱིན་པས་ཕ་རོལ་ཕྱིན་ལ་བསླབ། །རང་ཉིད་ཉེས་སྤྱོད་སྡོམ་བྱེད་ཅིང༌། །གཞན་དག་ཀྱང་ནི་དེ་ལ་སྦྱོར། །དགེ་ཆོས་རྒྱ་མཚོ་ལྟ་བུར་སྡུད། །སེམས་ཅན་དོན་ལ་རྣམ་པ་ཀུན། །ལྷག་པར་སེམས་པ་ཚུལ་ཁྲིམས་ཡིན། །གཞན་གྱི་གནོད་པ་ཟོད་བྱ་ཞིང༌། །ཆོས་ཕྱིར་


JLAZ007_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་སྤྱད་བཟོད་པ་དང༌། །ཟབ་མོའི་དོན་ལ་མི་སྐྲག་པའི། །བཟོད་པའི་གོ་ཆ་བརྟན་པར་བགོ །བསམ་དང་སྦྱོར་བ་ཐམས་ཅད་ནས། །དགེ་ཚོགས་རྒྱ་མཚོར་འཇུག་པ་ལ། །ཞུམ་དང་ཆོག་ཤེས་མེད་པ་ཡི། །བརྩོན་འགྲུས་སྟོབས་ཀྱིས་རང་ལ་བསྐུལ། །ནགས་ཁྲོད་དབེན་པར་བདེར་གནས་ཤིང༌། །སྤྱན་དང་མངོན་ཤེས་ལ་སོགས་པའི། ཡོན་ཏན་ཁྱད་པར་ཅན་གྱི་མཛོད། བསམ་གཏན་དོན་ལ་རྩེ་གཅིག་གཞོལ། ཀུན་རྫོབ་དང་ནི་དོན་དམ་གྱི། བདེན་གཉིས་ཚུལ་བཞིན་མ་ཕྱེད་ན། གཞན་དོན་བསྒྲུབ་པར་མི་ནུས་པས། ཐོད་བསམ་སྒོམ་པའི་ཤེས་རབ་བསྐྱེད། ལྷག་བསམ་དག་པའི་སེམས་བསྐྱེད་ལ། མཐོང་ལམ་རྣམ་པར་མི་རྟོག་པའི། ཡེ་ཤེས་ཡོངས་སུ་རྫོགས་པས་ན། གང་ཟག་རྫོགས་པ་ཆེན་པོ་ཞེས། རང་བྱུང་རྡོ་རྗེའི་གྲུབ་པའི་མཐའ། སྒྲིབ་པ་སྤངས་པའི་སེམས་བསྐྱེད་ནི། ས་བཅུ་ལམ་ལྔའི་ཡོན་ཏན་ཏེ། མི་སློབ་ལམ་གྱི་ངོ་བོ་ཡིན། བློ་ཟད་ཆོས་ཟད་ཆེན་པོའི་དབྱིངས། མྱ་ངན་འདས་པའི་འབྲས་བུའོ། །ཞེས་སྨྲས་པས་དེ་དག་གི་ནང་ནས་ལྷའི་བྱ་ཐོད་པའི་རྔ་སྒྲ་ཅན་ཞེས་བྱ་བ་ཡིད་ཆོས་ཀྱི་དད་པ་ཐོབ་ནས་དྲིས་པ། དད་པ་ཐོབ་པ་མང་ལགས་ཏེ། ཡིད་ཆེས་ཐོབ་པ་ཤིན་ཏུ་ཉུང༌།


JLAZ007_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྟོབས་ཆེ་བ་མང་ལགས་ཏེ། རི་བོང་ལྟ་བུའི་སྐྱེ་བུ་ཉུང༌། །འབྱོར་བ་ཆེ་བ་མང་ལགས་ཏེ། །འཕགས་པའི་ནོར་བདུན་ཤིན་ཏུ་ཉུང༌། རྐང་སྟེགས་མཐོ་བ་མང་ལགས་ཏེ། །རྟོགས་པ་མཐོ་བ་ཤིན་ཏུ་ཉུང༌། །སྒྲུང་དང་གཏམ་རྒྱུད་མང་ལགས་ཏེ། །ཆོས་ཀྱི་དོན་ཡོད་ཤོན་ཏུ་ཉུང༌། །ད་ནི་ལྷ་ཡི་བྱ་ཚོགས་ལ། །དོན་གྱི་ཞལ་ལུང་དེས་འཚལ་གྱི། །སྣང་བ་རྐྱེན་གྱིས་བསྒྱུར་བ་ལས། །ལྡོག་ཐབས་རེ་ཞིག་བཤད་དུ་གསོལ། །དེ་སྐད་ཞུས་པས་སླར་སྨྲས་པ། ཀྱེ་ཧོ་འདི་ན་སྒྱུ་མ་མཁན། །བཟང་པོ་ལས་ཀྱང་ལྷག་པར་དུ། །མིག་འཕྲུལ་མཁས་པའི་སྒྱུ་མ་ནི། །དབང་པོ་དྲུག་གི་རྣམ་ཤེས་དང། །ཡུལ་རྣམས་ཕན་ཚུན་ཕྲད་ལས་བསླུ། །སྐྱེ་བོ་ཕལ་ལ་སྨོས་ཅི་འཚལ། །དེ་དག་ཤིན་ཏུ་སྙིང་རྗེའི་ཡུལ། །གྲུབ་པའི་མཐའ་ཡིས་བློ་བསྒྱུར་བའི། །སྐྱེས་བུ་རྣམས་ཀྱིས་འདི་མཁྱེན་འཚལ། །དང་པོ་ཁྱིམ་ཆུང་ནས་བྱུང་སྟེ། །གཙུག་ལག་ཁང་ལ་ཁྱིམ་ཆེན་གྱི། །འདུ་ཤེས་ཞུགས་པ་དེ་དག་ནི། །སྡེ་སྣོད་ལེགས་པར་ཤས་ན་ཡང༌། །འདོད་པའི་གདོན་ཆེན་མ་རུངས་པ། སེར་སྣའི་སྡང་མིག་གཡོ་བ་ཅན། །ང་རྒྱལ་དཔུང་ཚོགས་ཁྲིད་པ་དེས། །རབ་ཏུ་བཅོམ་ནས་དམྱལ་བར་འགྲོ། །དེ་བཞིན་ནགས་


JLAZ007_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ན་གནས་གྱུར་ཀྱང༌། །དེ་ལ་བརྟེན་ནས་ཐོབ་པ་ཡི། །རྙེད་པས་ང་རྒྱལ་འཕེལ་གྱུར་ན། །བཀུར་སྟིས་རབ་ཏུ་རྒྱག་བྱས་ནས། །ཉམས་དང་རྟོགས་པའི་ཡོན་ཏན་རྣམས། །ན་བུན་བཞིན་དུ་སླར་ལ་དེངས། །སྤངས་རྟོགས་ཡོན་ཏན་མཐར་ཕྱིན་ནས། །འགྲོ་དོན་དུས་ལ་བབ་པ་ཡི། །དམ་པ་རྣམས་ཀྱི་བསོད་ནམས་དང༌། །ཁྱིམ་བདག་ཆེན་པོའི་འབྱོར་པ་ལ། །དོ་ཟླའི་སྤོབས་ངན་རྙེད་གྱུར་ནས། །གསོག་དང་བསྲུང་དང་གཟི་བརྗིད་ཀྱི། བྱ་བ་མང་པོས་རྣམ་པར་འཁྱམ། །གང་ན་སྐྱེས་བུ་མཆོག་རྣམས་ཀྱིས། །རྒོལ་ངན་འཇོམས་པའི་ཐོས་པ་དང༌། །ཆོས་དང་ཆོས་མིན་རབ་འབྱེད་པའི། །བསམ་བྱུང་ཤེས་རབ་རལ་གྲི་དང༌། །དངུལ་ཆུ་ས་ལ་འདྲིལ་བའམ། །རྨ་བྱས་བཙན་དུག་རོ་མྱོང་ལྟར། །འདོད་ཡོན་ལྔ་ལ་རབ་སྤྱད་ཀྱང༌། །རྣམ་ཤེས་ལས་འདས་ཡེ་ཤེས་ནི། །དེ་ཡིས་འཆིང་བར་མི་ནུས་པའི། །སྒོམ་པའི་ཤེས་རབ་རྣམ་པ་གསུམ། །རང་གི་རྒྱུད་ལ་གནས་མི་གནས། །ཁྱད་པར་ཁྱིམ་གྱི་འབྱོར་པ་ནི། །བསོད་ནམས་མ་ཡིན་ལས་གྲུབ་ཅིང༌། །དེབས་བདག་ཀྱང་ཁྱིམ་པའམ། །དེ་ལས་ལྡོག་པ་གང་ཡིན་པའི། །རྟོག་དཔྱོད་མེད་ན་ལྟར་སྣང་གི །མངོན་པའི་ང་རྒྱལ་དམ་པོས་འཆིང༌། །དེ་བཞིན་སྔོན་གྱི་དམ་པ་ཡི། །མངའ་


JLAZ007_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་དང་ནི་གདན་ཁྲི་ལ། །སྦྱིན་སོགས་འབྲས་བུ་གནས་སྲིད་པ། །དེ་ལ་བརྟག་དཔྱད་བྲལ་བའི་བློས། །སྤྱོད་ཡུལ་མཉམ་པ་ཉིད་སྤྱོད་ན། །དེ་ཡང་ཤིན་ཏུ་ཉམས་འགྱུར་ཏེ། །འབུམ་ཕྲག་རི་བའི་གོས་བཟང་དང༌། །ཁང་བུ་བརྩེགས་པ་ལྔ་བརྒྱ་རྣམས། །ལྡན་གྲོལ་བརྟུལ་ཞུགས་ཅན་རྣམས་ལས། །གཞན་དུ་རྒྱལ་བས་གནང་བ་མེད། །དེ་ཕྱིར་གང་ལས་གང་བྱུང་བའི། །རྟེན་ཅིང་འབྲེལ་འབྱུང་ཆོས་རྣམས་དང༌། །རྒྱུ་འབྲས་བསླུ་བ་མེད་པ་ལ། །ངེས་པ་ཤིན་ཏུ་བརྟན་པར་བྱ། །ཉེས་རྣམས་ཀུན་གྱི་འབྱུང་གནས་ཆེ། །ཁྱིམ་ལས་རྟག་ཏུ་བྱོལ་བར་བྱ། །བླང་དོར་ཤིན་ཏུ་ལོག་པ་ཡི། །བྱིས་པའི་གྲོགས་ལས་འབྲོས་པར་བྱ། །ཆོས་ཀྱིས་དྲེད་པའི་སྐྱེ་བོ་ནི། །སྡིག་གྲོགས་ཡིན་པས་འཇིགས་པར་བྱ། །འདུ་འཛིའི་ཉེས་དམིགས་བསམ་བྱས་ནས། ནགས་ཁྲོད་དམ་པར་འགྲོ་བར་བྱ། འགྲོགས་པ་ཙམ་གྱིས་དོན་ཡོད་པའི། དགེ་བའི་བཤེས་གཉེན་བསྟེན་པར་བྱ། །སྡིག་པ་ཆེན་པོའི་སྒོ་ཡིན་པས། །ལོང་གཏམ་ཟིལ་གྱིས་གནོན་པར་བྱ། །བསོད་ནམས་ཕྱགས་མས་འདེད་པ་ཡི། །བསམ་ངན་རྒྱ་ཡིས་འདེབས་པར་བྱ། །ཡུད་ལ་སྨྱོན་པར་འགྱུར་པ་ཡི། །ཆང་ནི་རྟག་ཏུ་སྤང་


JLAZ007_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། །དགེ་དང་ཉམས་རྟོགས་འགྲིབ་གྱུར་པའི། །ལོག་འཚོ་ལྔ་ལ་བདར་བར་བྱ། །ཤ་ནི་སྡིག་པའི་ཟས་ཡིན་པས། །གསད་པའི་འཇིགས་པ་དྲན་པར་བྱ། །མདོར་ན་མང་དུ་སྨོས་ཅི་དགོས། །རྟག་ཏུ་འཆི་བ་དྲན་བྱ་ཞིང༌། །དུག་ལྔའི་རྣམ་རྟོག་ཅི་ཤར་ཡང༌། །ཤེས་བཞིན་དྲན་པས་ཁྲེལ་འདེབས་ཤིང༌། །ལུང་མ་བསྟན་གྱི་རྣམ་རྟོག་ཀུན། །ལྷག་མཐོང་རིག་པས་སྤ་བཀོང་ན། །སྟོང་ཉིད་སྙིད་རྗེའི་སྙིང་པོ་ཅན། །ཡེ་ཤེས་ཆེན་པོར་སྟོབས་འབར་བས། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ། །འགྲོ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་སྐད་སྨྲས་པས་ལྷའི་བྱ་ཚོགས། །ཁྱིམ་གྱིས་སྤྲོ་བ་རབ་ཏུ་ཉམས། །ཐུབ་ཆོད་ནུས་པ་མན་ཆད་ནས། །འཇག་མའི་སྲིན་བུ་ཡན་ཆོད་དུ། །ཀུན་ལ་འཚེ་བའི་བློ་སྤངས་ནས། །དམ་པའི་དཀའ་ཐུབ་མཆོག་ལ་སྤྱོད། །བྱམས་དང་སྙིང་རྗེ་ཆེ་བ་དང༌། །མཁས་ཤིང་ནུས་པ་བརྟན་པ་ནི། །བྱང་ཆུབ་སེམས་དཔའི་ཁྱད་ཆོས་ཏེ། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་བྱས་པ་ཤེས་པའི་དྲིན། །ཡང་ནས་ཡང་དུ་གཟོ་བ་ནི། ཡ་རབས་རྣམས་ཀྱི་ཡོན་ཏན་ཡིན། དེ་སྐད་ཟེར་ནས་ལྷའི་བྱ་ཚོགས། །ནགས་ཁྲོད་མཆོག་ལ་དེངས་པར་གྱུར། །རི་བོང་ཤིན་ཏུ་བརྟན་པའི་རྟོགས་པ་བརྗོད་པ་བྲག་རིའི་མགུལ་


JLAZ007_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཞེས་བྱ་བ། དཔལ་གྱི་བསམ་ཡས་མཆིམས་ཕུའི་བྲག་དམར་རིང་མོ་ཅན་གྱི་ནགས་ཁྲོད་དུ། རྒྱལ་བའི་དབང་པོ་དྲི་མེད་འོད་ཟེར་གྱི་བྱིན་རླབས་ལས་སྣང་སྲིད་བརྡ་རྒྱུད་ཆེན་བོར་ཤར་བའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །གཏམ་ཚོགས་ལེའུ་ང་གཉིས་པའོ།། །།


previousགཏམ་ཚོགས་ལེའུ་ང་གཉིས་པ། རི་བོང་ཤིན་ཏུ་བརྟན་པའི་གཏམ་བྲག་རིའི་མགུལ་རྒྱན།next